Nitartha Digital Library
Tibetan
གདམས་ངག་མཛོད།

2 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
 
  
  
གདམས་ངག་མཛོད་པོད་བཅོ་བརྒྱད་པ།  ཁྲིད་བརྒྱའི་སྔོན་འགྲོ་ཐུན་མོང་བ།
  
  
  
  
  
 
  
  


2 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousགདམས་ངག་མཛོད་པོད་བཅོ་བརྒྱད་པ། ཁྲིད་བརྒྱའི་སྔོན་འགྲོ་ཐུན་མོང་བ།next

གདམས་ངག་མཛོད་པོད་བཅོ་བརྒྱད་པ།
ཁྲིད་བརྒྱའི་སྔོན་འགྲོ་ཐུན་མོང་བ།


LT27_Page_059A
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་བརྒྱའི་སྔོན་འགྲོ་ཐུན་མོང་བ་བཞུགས་སོ། །


LT27_Page_059B
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །མང་ཉུང་མཐའ་སྤངས་བརྒྱ་དང་བརྒྱད་ཀྱི་གྲངས། །གྲངས་བཞིན་ཇི་སྙེད་གོ་རིམ་ལེགས་བརྒྱུས་པ། །པཱ་ར་མི་ཏའི་གནས་ལུགས་གསལ་བའི་ཆ། །ཆ་ཙམ་བསྡུས་པའི་ཐུན་མོང་སྔོན་འགྲོ་འབྲི། །དེ་ཡང་ཁྲིད་བརྒྱ་མ་ལུས་པའི་ཐུན་མོང་གི་སྔོན་དུ་འགྲོ་བའི་གནད་བསྡུས་ནི། སྐྱབས་གནས་ཐམས་ཅད་བླ་མར་འདུས་ཤིང༌། དེ་ཡང་རྩ་བའི་བླ་མ་དང་ངོ་བོ་གཅིག་པར་མོས་ཏེ། རང་གི་རྙེད་དཀའི་དལ་འབྱོར་ཐོབ་པ་དོན་དང་ལྡན་པར་བསམས་ནས་དེ་ཉིད་ཀྱང་ཡུན་རིང་མི་གནས་པའི་འཆི་བ་མི་རྟག་པའི་ཚུལ་ལ་དཔྱད་པས། འདུས་བྱས་འཇིག་པའི་ཆོས་ཅན་གྱིས་ཡིད་འབྱུང་སྐྱོ་ཤས་ལྷག་པར་སྐྱེ་ཞིང༌། འཇིག་རྟེན་ཆོས་བརྒྱད་ཚེ་འདིའི་ཚེ་ཐབས་དོན་གཉེར་རྨི་ལམ་དུ་ཡང་མི་འབྱུང་བའི་དྲན་ཤེས་ཉིད། ཉམས་ལེན་གྱི་སྙིང་པོར་དྲིལ་ནས་འཁྲུལ་ངོར། ལས་བྱེད་པ་པོ་དང༌། རྣམ་སྨིན་མྱོང་བ་པོ་གཅིག་ཏུ་འཛིན་པའི་ལྷན་སྐྱེས་ཀྱི་ང་བདག་འདུལ་བ་གཙོ་བོར་བྱས་ཏེ། དཀར་ནག་གི་ལས་འབྲས་མི་བསླུ་བར་ངེས་པ་བརྟན་པོས་དགེ་སྡིག་གི་བླང་དོར་ཕྲ་མོ་ཡང་ཁྱད་གསོད་མེད་པར་རྗེས་


LT27_Page_060A
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྒྲུབས་པ་སྐྱེས་བུ་ཆུང་ངུའི་ཉམས་ལེན་ལ་འབད་ཅིང༌། ཟག་བཅས་ཀྱི་བདེ་བ་འཁོར་པའི་ཕུན་ཚོགས་ཐམས་ཅད་སྡུག་བསྔལ་ཕྱིར་བཅོས་ཀྱི་བདེ་བའི་གཟུགས་བརྙན་ཙམ་དུ་ཐག་བཅད་ནས་འཁོར་བ་མཐའ་དག་ལ་ངེས་པར་འབྱུང་བའི་བསམ་པས། གང་བླངས་པའི་རང་རྒྱུད་ལ་ཡོད་པའི་ཚུལ་ཁྲིམས་ཀྱིས་གཞི་བཟུང་བའི་ཐོས་བསམ་སྒོམ་གསུམ་གྱིས་རྒྱལ་བའི་གསུང་རབ་མ་ལུས་པ་ལ་ཕྱོགས་དང་རིས་སུ་མ་བཅད་པའི་ནན་ཏན་རྗེས་སྒྲུབ་སྐྱེས་བུ་འབྲིང་གི་ཉམས་སུ་བླང་བྱ་ལྟར་སྒྲུབ་ཅིང༌། མཐར་མཁའ་ཁྱབ་ཀྱི་འགྲོ་བ་དྲིན་ཅན་གྱི་ཕ་མར་ཤེས་པའི་བྱམས་བརྩེ་བསྐྱེད་པས་བདག་པས་གཞན་གཅེས་ཀྱི་ལྷག་བསམ། ཅི་བྱེད་གཞན་དོན་ཁོ་ནར་འགྱུར་བའི་ཀུན་རྫོབ་བྱང་སེམས་དང༌། འཁོར་འདས་ཀྱི་ཆོས་ཐམས་ཅད་དཔྱད་ངོར་ཚུགས་ཐུབ་ཀྱི་རང་བཞིན་ཅུང་ཟད་ཀྱང་མེད་པར་རྟོགས་པའི་མཉམ་བཞག་ནམ་མཁའ་ལྟ་བུ། གང་སྣང་སྒྱུ་མའི་གཟུགས་བརྙན་བཞིན་དུ་སྣང་ལ་རང་བཞིན་མེད་པར་རྟོགས་པའི་རྗེས་ཐོབ་སྒྱུ་འདྲའི་ངང་ནས་བཟླས་སྒོམ་འགྲོ་འཆག་ཉལ་འདུག་ཐམས་ཅད་དུ་ཉམས་སུ་ལེན་པ་སྐྱེས་བུ་ཆེན་པོའི་ལམ་རྫོགས་ཀྱི་བར། ནན་


LT27_Page_060B
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་རྗེས་སྒྲུབ་ཀྱི་ལྷུར་ལེན་པའོ། །ལ་ལའི་ཀུན༷་རྟོག་ཞེ་འདོད་དག༷འི། །འཆིང་གྲོལ༷་མཆོ༷ག་དམན་ཁུར་བླངས་པའི། །གླེགས་བམ་ཤོག་གྲངས་ཉུང་འདོམ་འདི། །བློ་གྲོས་མཁའ་འདྲའི་མཚོན་དཔེའོ། །མངྒ་ལཾ། །དགེའོ། །


previousགདམས་ངག་མཛོད་པོད་བཅོ་བརྒྱད་པ། ཁྲིད་བརྒྱའི་སྔོན་འགྲོ་ཐུན་མོང་བ།next