Nitartha Digital Library
Tibetan
གདམས་ངག་མཛོད།

2 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
 
  
  
  
གདམས་ངག་མཛོད་པོད་བཅོ་བརྒྱད་པ།  ཁྲིད་བརྒྱའི་སྔོན་འགྲོ་ཐུན་མོང་མ་ཡིན་པ།
  
  
  
  
 
  
  


2 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousགདམས་ངག་མཛོད་པོད་བཅོ་བརྒྱད་པ། ཁྲིད་བརྒྱའི་སྔོན་འགྲོ་ཐུན་མོང་མ་ཡིན་པ།next

གདམས་ངག་མཛོད་པོད་བཅོ་བརྒྱད་པ།
ཁྲིད་བརྒྱའི་སྔོན་འགྲོ་ཐུན་མོང་མ་ཡིན་པ།


LT27_Page_061A
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་བརྒྱའི་སྔོན་འགྲོ་ཐུན་མོང་མ་ཡིན་པ་བཞུགས་སོ། །


LT27_Page_061B
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷི། །བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །ཟབ་ཁྲིད་མ་འདྲེས་བརྒྱ་མཐར་བརྒྱད་ཀྱི་གྲངས། །ཕྲེང་དུ་བསྒྲིགས་པའི་འཇུག་སྒོ་རྣམ་གཉིས་ལས། །ཐུན་མོང་སྔར་བཤད་ཐུན་མོང་མ་ཡིན་པའི། །ལག་ཁྲིད་གསལ་བར་སྟོན་པ་འདི་ལྟར་རོ། །དེ་ཡང་སྤྱིའི་སྔོན་འགྲོས་རྒྱུད་སྦྱངས་གོང་ལྟར་བྱས་མཐར། གནས་ཁང་དག་པའི་ཞིང་དུ་མོས་བཞིན་པས། །ངག་ཏུ་ཡང༌། ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང༌། །ལག་མཐིལ་ལྟར་མཉམ་བཻཌཱུརྻའི། །རང་བཞིན་བཟང་པོར་གནས་གྱུར་ཅིག །དེ་ཉིད་ཀྱི་དབུས་སུ་འདོད་དགུ་འབྱུང་བའི་དཔག་བསམ་ལྗོན་ཤིང་ལོ་འབྲས་རྒྱས་པའི་སྟེང་དུ། ངོ་བོ་དངོས་གྲུབ་མ་ལུས་པའི་འབྱུང་གནས། རྣམ་པ་རྩ་བརྒྱུད་ཀྱི་བླ་མ་མཁའ་ཁྱབ། ངོ་བོ་རང་གི་ལས་བསགས་པའི་ལྷ། རྣམ་པ་རྒྱུད་སྡེ་བཞི་དང་འབྲེལ་པའི་ཡི་དམ། ངོ་བོ་སྐྱེ་མེད་ཆོས་སྐུ། རྣམ་པ་ལོངས་སྤྲུལ་གྱི་སངས་རྒྱས། ངོ་བོ་འགོག་པའི་བདེན་པ། རྣམ་པ་མདོ་རྒྱུད་ཀྱི་གླེགས་བམ། ངོ་བོ་སར་བཞུགས་ཀྱི་


LT27_Page_062A
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ། རྣམ་པ་རྒྱལ་སྲས་བྱང་སེམས། ངོ་བོ་སྟོབས་བཅུའི་བདེན་པ། རྣམ་པ་ཆོས་སྐྱོང་སྲུང་མའི་ཚོགས་སྤྲིན་འཐིབས་པ་བཞིན་དུ་བསམས་ལ། རང་དང་མཚུངས་པར། ངོ་བོ་དྲིན་ཅན་ཕ་མ། རྣམ་པ་འགྲོ་དྲུག་གི་སེམས་ཅན་རྣམས་ལུས་ངག་ཡིད་གསུམ་གུས་པས་སྐྱབས་སུ་འགྲོ་བར་དམིགས་ཏེ། ངག་ཏུ། གུ་རུ་ཤ་ར་ཎཾ་གཙྪ་མི། བུདྡྷ་ཤ་ར་ཎཾ་གཙྪ་མི། དྷརྨ་ཤ་ར་ཎཾ་གཙྪ་མི། སཾ་གྷ་ཤ་ར་ཎཾ་གཙྪ་མི། མཎྜལ་ལ་དེ་ཝ་ཤ་ར་ཎཾ་གཙྪ་མི། དྷརྨ་པཱ་ལ་ཤ་ར་ཎཾ་གཙྪ་མི། བརྒྱ་སྟོང་དུ་བཟླས་བརྗོད་བྱ་ཞིང༌། སྔར་ལྟར་སེམས་ཅན་གྱི་ཁམས་ལ་རྗེས་བརྩེ་བསྐྱེད། ངག་ཏུ་སརྦ་ས་ཏྭ་ཀཱ་རུ་ཎི་ཀ་མང་དུ་བརྗོད་ཅིང༌། ཀྱཻ་མ་སེམས་ཅན་སྡུག་བསྔལ་ཞིང༌། །ཀུན་རྟོག་ལ་ནི་མངོན་པར་ཞེན། །དེ་ཡི་རྟོག་པ་གཞོམ་ཕྱིར་བདག །རྫོགས་པའི་སངས་རྒྱས་འགྲུབ་པར་བགྱིའོ། །རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་པད་ཟླ་ལ་གནས་པའི་རལ་གྲི་ཁཾ་གིས་མཚན་པ་ལས། བཅོམ་ལྡན་འདས་དམ་ཚིག་རྡོ་རྗེ། སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་ཀྱིས་རལ་གྲི་དང༌། དྲིལ་བུ་འཛིན་


LT27_Page_062B
[མ་དཔེ་གཟིགས་ན་འདིར་གནོན།]

པ་རང་མཚུངས་ཀྱི་ཡུམ་དམ་ཚིག་གི་སྒྲོལ་མ་ལ་འཁྱུད་པ། རྡོ་རྗེ་སྐྱིལ་ཀྲུང་དང༌། པདྨའི་འདུག་སྟངས་ཀྱིས་མཉམ་པར་སྦྱོར་བ། གཉིས་ཀའང་སྤྱན་གསུམ་པ་རལ་པའི་ཐོར་ཆུག་ཅན། དར་དང་རིན་པོ་ཆེས་བརྒྱན་ཞིང༌། ཡིད་ཙམ་ཁྲོ་བ། དོན་གྲུབ་ཀྱི་ཅོད་པན་ཅན་གྱི་དཔྲལ་མགྲིན་སྙིང་ཁར་ཨོཾ་ཨཱཿཧཱུྃ་དང༌། ཐུགས་ཁར་རལ་གྲི་ཁཾ་གིས་མཚན་པ་ལས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དམ་ཚིག་རྡོ་རྗེའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ བཅོམ་ལྡན་འདས་དམ་ཚིག་རྡོ་རྗེས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ངན་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཐུགས་ཁའི་ཁཾ་ལས་བདུད་རྩིའི་རྒྱུན་འཛག །ཡབ་ཡུམ་ཀྱི་སྐུ་གང༌། སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་བཀྲུས་ཤིང་དག་ནས་སྡིག་སྒྲིབ་བག་ཆགས་དུད་ཁུའི་རྣམ་པས་རྐང་མཐིལ་དང་གཤང་གཅིའི་ལམ་ནས་ཐོན་པར་བསམ་ཞིང༌། ཨོཾ་ཨཱཿཁཾ་ཧཱུྃ་ཕཊ་སྭཱ་ཧཱ། བརྒྱ་སྟོང་བཟླས་པའི་མཐར། བཅོམ་ལྡན་དམ་ཚིག་རྡོ་རྗེ་ཡིས། །བདག་ཅག་དམ་ཚིག་ཉེས་ལྟུང་ཀུན། སྦྱོངས་ཤིག་དམ་ཚིག་ཉམས་ཆག་རྣམས། །དག་ཅིང་དམ་ཚིག་གཙང་བར་མཛོད། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་སྒྲིབ་པ། ཉེས་པ་ལྟུང་བ་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། སྤྱི་བོའི་ལྷ་རང་ལ་བསྟིམ། ལུས་དྭངས་ཤེལ་ལྟ་བུར་གྱུར་པར་བསམ། དེ་ནས་དབང་ཆེན་གསེར་གྱི་ས་གཞི། པགས་པ་ཁྲག་གིས་གོས་པ། ཀུན་གཞི་བྱང་ཆུབ་སེམས་ཀྱི་རླན་བཅས། རི་རབ་སྒལ་ཚིགས། ཆོས་ཀྱི་རྩ་བ་སེམས། གླིང་བཞི་ཡན་ལག་བཞི། ཚད་


LT27_Page_063A
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བཞི། ཉི་ཟླ་རོ་རྐྱང་ཐིག་ལེ་དཀར་དམར། རྒྱལ་སྲིད་སྣ་བདུན། དོན་ལྔ་སྣོད་དྲུག་བདེ་ཆ་དང་བདུན། འཕགས་པའི་ནོར་བདུན། མ་རྨོས་པའི་ལོ་ཏོག །སྐུ་གསུམ་རང་ཆས། ཕྲིན་ལས་རྒྱུན་མི་ཆད། འདོད་འཇོའི་བ། ལྕེ་ཆུང་གི་བུམ། གཞན་ཕན་གྱི་སེམས། དཔག་བསམ་ཤིང༌། གཏེར་བུམ། རྫས་གོས་ལོངས་སྤྱོད་མ་ལུས་པ། རྩ་ཐིག་རླུང་གསུམ་སྐུ་དང་ཡེ་ཤེས་མཛད་པ་ཕྲིན་ལས་ཏེ། ཕྱི་ནང་གསང་གསུམ་གཅིག་ཏུ་བློས་བསྡོམས་ཏེ། ངག་ཏུ། ཞིང་ཁམས་རྣམ་པར་དག་པ་འདིར། །དབུས་ཀྱི་རི་རྒྱལ་རི་རབ་ལ། །གླིང་བཞི་འདོད་ཡོན་ལྔ་ཡིས་བརྒྱན། །ཉི་མ་ཟླ་བས་བསྐོར་བ་བྱེད། །ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས། །རྒྱལ་སྲིད་རིན་ཆེན་རྣམ་པ་བདུན། །འདོད་འཇོའི་བ་དང་དཔག་བསམ་ཤིང༌། །མ་རྨོས་ལོ་ཐོག་གསེར་དང་དངུལ། །འབྲུ་བཟང་ལོངས་སྤྱོད་བསམ་མི་ཁྱབ། །དངོས་པོ་བཟང་ལ་གྱ་ནོམ་པ། །བླ་མ་སངས་རྒྱས་རྣམས་ལ་འབུལ། །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་ཅི་ནུས་ཕུལ་མཐར། སྐྱབས་ཡུལ་དབུས་ན་བཞུགས་པའི་རྩ་བའི་བླ་མ་རྡོ་རྗེ་འཆང་དུ་གསལ་བ་ལ་བློས་དམིགས་ཏེ། བདག་གི་དགྲ་གཉེན་འཁོར་དང་ལོངས་སྤྱོད་དང༌། །དུས་གསུམ་བསགས་པའི་དགེ་བ་ཐམས་ཅད་ཀྱང༌། །དང་བའི་སེམས་ཀྱིས་བླ་མ་ཁྱེད་ལ་འབུལ། །བརྩེ་བའི་ཐུགས་ཀྱིས་བཞེས་པར་མཛད་དུ་གསོལ། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །དངོས་གྲུབ་རིན་ཆེན་སྟེར་བའི་བླ་མ་ལ། །ཡེ་ཤེས་བདུད་རྩིའི་མཆོད་པ་དམ་པ་འདི། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །བླ་མའི་གནས་གསུམ་ཡི་གེ་འབྲུ་གསུམ་ལས། །འོད་ཟེར་བདུད་རྩི་རྣམ་གསུམ་ལེགས་


LT27_Page_063B
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་ནས། །བདག་གི་ལུས་ངག་ཡིད་གསུམ་སྒྲིབ་སྦྱངས་ཏེ། །སྐུ་གསུམ་མངོན་གྱུར་སངས་རྒྱས་གོ་འཕང་སྩོལ། །ཅེས་བརྗོད་མཐར། སྐྱབས་ཡུལ་རྣམས་རང་ལ་བསྟིམས་ནས། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅའ། ལག་པ་མཉམ་གཞག་གི་ཕྱག་རྒྱ་ལྟེ་བའི་འོག་སོར་བཞིས་དམའ་བར་བཞག་ལ། མཐེབ་སྙིང་གཉིས་ལེགས་པར་སྤྲད། སྒལ་ཚིག་འཁོར་ལོ་བརྩེགས་པ་བཞིན་བསྲང༌། མགྲིན་པ་བྱ་ངང་པ་བཞིན་དགུག །ལྕེ་རྐན་ལ་སྦྱར། མིག་ཐད་ཀར་གཟོ་མེད་དུ་འཇོག་སྟེ། བསམ་གཏན་གྱི་སྣོད་དུ་རུང་བར་བྱས་ལ། ཁྲིད་རིམ་སོ་སོར་འབྲེལ་བའམ། རང་གང་མོས་ལ་བློ་ལེགས་པར་ཁྲིད་དེ། མཐར་ལམ་མཆོག་ལ་དཀྲི་བ་ཉིད་དོ། །ཁྲིད་ཀུན་༷སྔོན་འགྲོ་ཐུན་མོང་མིན། །དགའ༷་བསྐྱེད་རྣམ་གྲོལ༷་ལམ་འཇུག་པའི། །ཡི་གེ་མཆོ༷ག་ཏུ་སྤེལ་བའི་དགེས། །ཉམས་ལེན་བར་ཆད་མེད་པ་སྩོལ། །མངྒ་ལཾ། དགེའོ། །


previousགདམས་ངག་མཛོད་པོད་བཅོ་བརྒྱད་པ། ཁྲིད་བརྒྱའི་སྔོན་འགྲོ་ཐུན་མོང་མ་ཡིན་པ།next