Nitartha Digital Library
Tibetan
གདམས་ངག་མཛོད།

2 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
 
  
  
  
  
  
  
  
གདམས་ངག་མཛོད་པོད་བཅོ་བརྒྱད་པ།  ཁྲིད་བརྒྱའི་བོད་དབང་བྱེད་ཚུལ་བླ་མའི་ཞལ་ཤེས་ཡི་གེར་བཀོད་པ་བྱིན་རླབས་ཀྱི་ཟ་མ་ཏོག
 
  
  


2 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousགདམས་ངག་མཛོད་པོད་བཅོ་བརྒྱད་པ། ཁྲིད་བརྒྱའི་བོད་དབང་བྱེད་ཚུལ་བླ་མའི་ཞལ་ཤེས་ཡི་གེར་བཀོད་པ་བྱིན་རླབས་ཀྱི་ཟ་མ་ཏོགnext

གདམས་ངག་མཛོད་པོད་བཅོ་བརྒྱད་པ།
ཁྲིད་བརྒྱའི་བོད་དབང་བྱེད་ཚུལ་བླ་མའི་ཞལ་ཤེས་ཡི་གེར་བཀོད་པ་བྱིན་རླབས་ཀྱི་ཟ་མ་ཏོག


LT27_Page_188A
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་བརྒྱའི་བོད་དབང་བྱེད་ཚུལ་བླ་མའི་ཞལ་ཤེས་ཡི་གེར་བཀོད་པ་བྱིན་རླབས་ཀྱི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ། །


LT27_Page_188B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་བེ། ཟབ་ཁྲིད་བརྒྱ་རྩ་བརྒྱད་ཀྱི་བོད་དབང་བྱ་ཚུལ་ལ། མཎྜལ་ཕུལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། སོགས་ཀྱིས་གསོལ་བ་ལན་གསུམ་བཏབ། སློབ་མ་ལྷར་བསྐྱེད་ཅིང་བསྒོམ་དུ་གཞུག །སློབ་དཔོན་གྱི་ལག་ཏུ་ཁྲིད་བརྒྱའི་གླེགས་བམ་ཐོགས་ཏེ། འདི་སྐད་བརྗོད། སློབ་དཔོན་བརྒྱུད་པའི་ཆུ་བོ་ཀུན་འདུས་འཇམ་མགོན་གྲུབ་པའི་དཔའ་བོ་དཔལ་ལྡན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་སྡེར་གསལ་བ་ལ་ཁྱེད་རང་གིས་མོས་གུས་དུང་པ་བྱས་པའི་རྐྱེན་གྱིས། སློབ་དཔོན་གྱི་དཔྲལ་བའི་ཨོཾ་ལས་ཨོཾ་ཡིག་དཀར་པོས་སྣ་དྲངས་པའི་ཨཱ་ལི་ཀཱ་ལིའི་ཕྲེང་བ་མུ་ཏིག་དཀར་པོ་བསྟར་ལ་རྒྱུས་པ་ལྟ་བུ་འོད་ཟེར་ཁ་དོག་སྣ་ལྔ་འཕྲོ་བ་བདུད་རྩི་དཀར་པོའི་རྒྱུན་དང་བཅས་པ་བྱུང་ཏེ། ཁྱེད་རང་གི་སྤྱི་བོ་ནས་ཞུགས། བདེ་ཆེན་འཁོར་ལོའི་རྩ་འདབ་ཐམས་ཅད་ཁྲིགས་མེར་གྱིས་གང༌། སྡིག་ལྟུང་ཉམས་ཆགས་སྤྱི་དང༌། ལུས་ཀྱི་སྒོ་ནས་དམིགས་པ་བསྒོམ་པ་དང་ལམ་ཉམས་སུ་ལེན་པ་ལ་བར་དུ་གཅོད་པའི། ཕྱི་ནང་གི་ཉེས་པ་མཐའ་དག་རང་སར་བྱང་ཞིང་དག །འཁྲིད་ཚུལ་མི་འདབ་བརྒྱ་རྩ་བརྒྱད་ཀྱི་སྒོ་ནས་ལུས་ཀྱི་ལྟ་སྟངས་དང༌། འཁྲུལ་འཁོར་དང༌། ཕུང་ཁམས་སྐྱེ་མཆེད་ལྷར་གསལ་འདེབས་པ་སོགས་རྡོ་རྗེའི་ལུས་ལ་གནད་དུ་


LT27_Page_189A
[མ་དཔེ་གཟིགས་ན་འདིར་གནོན།]

བསྣུན་པའི་ལམ་ཡོངས་སུ་རྫོགས་པ་དུས་འདི་ཉིད་དུ་རྟེན་འབྲེལ་བསྒྲིགས་ཤེས་ཀྱི་ཚིག་དོན་མ་ལུས་པ་ཁོང་དུ་ཆུད་ནས་ཐུགས་རྒྱུད་ལ་མི་འགྱུར་བའི་གཟེར་ཆེན་པོ་ཐོབ་བྱུང་སྙམ་པའི་མོས་པ་མཛོད། ཁྲིད་བརྒྱའི་གླེགས་བམ་མགོ་ཐོག་ཏུ་བཞག །སྤོས་རོལ་བྱ་ཞིང༌། ཨཱ་ལི་ཀཱ་ལི་རྟེན་སྙིང་བཅས་པ་ལན་གསུམ་བརྗོད་ནས་མེ་ཏོག་འཐོར། ཡང་སློབ་དཔོན་གྱི་མགྲིན་པའི་ཨཱཿལས་ཨཱཿཡིག་དམར་པོས་སྣ་དྲངས་པའི་ཨཱ་ལི་དང་ཀཱ་ལིའི་ཕྲེང་བ་བྱེ་རུའི་རྡོག་མ་བསྟར་ལ་བརྒྱུས་བ་ལྟ་བུ་འོད་ཟེར་ཁ་དོག་ལྔ་འཕྲོ་བ་བདུད་རྩི་དམར་པོའི་རྒྱུན་དང་བཅས་པ་བྱུང་སྟེ་ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས། ལོངས་སྤྱོད་འཁོར་ལོའི་རྩ་འདབས་ཐམས་ཅད་ཁྲིག་མེར་གྱི་གང༌། སྡིག་ལྟུང་ཉམས་ཆགས་སྤྱི་དང༌། ངག་གི་སྒོ་ནས་སྔགས་བཟླ་བ་སྲོག་རྩོལ་བསྒོམ་པ་ལ་སོགས་པ་ལ་བར་དུ་གཅོད་པའི་ཕྱི་ནང་གི་ཉེས་པ་མཐའ་དག་རང་སར་བྱང་ཞིང་དག །འཁྲིད་ཚུལ་མི་འདྲ་བ་བརྒྱ་རྩ་བརྒྱད་ཀྱི་སྒོ་ནས། ངག་གི་གསོལ་འདེབས་བཟླས་བརྗོད་གཏོང་ལེན་སོགས་དང༌། རླུང་གི་རྣལ་འབྱོར་ཕྲ་རགས་ལ་གནད་དུ་བསྣུན་པའི་ལམ་ཡོངས་སུ་རྫོགས་པ་དུས་འདི་ཉིད་དུ་རྟེན་འབྲེལ་བསྒྲིགས་ཤེས་ཀྱིས་ཚིག་དོན་མ་ལུས་པ་ཁོང་དུ་ཆུད་ནས། ཐུགས་


LT27_Page_189B
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལ་མི་འགྱུར་བའི་གཟེར་ཆེན་པོ་ཐེབ་བྱུང་སྙམ་པའི་མོས་པ་མཛོད། གླེགས་བམ་མགྲིན་པར་བཞག །སྔར་ལྟར་སྤོས་རལ་བྱ། སླར་ཡང་སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་སྔོན་པོས་སྣ་དྲངས་པའི་ཨཱ་ལི་དང་ཀཱ་ལིའི་ཕྲེང་བ་བཻཌཱུརྻ་ཡི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟ་བུ་འོད་ཟེར་ཁ་དོག་ལྔ་འཕྲོ་བ། བདུད་རྩི་སྔོན་པོའི་རྒྱུན་དང་བཅས་པ་བྱུང་སྟེ། ཁྱེད་རང་གི་སྙིང་ཁ་ནས་ཞུགས། ཆོས་ཀྱི་འཁོར་ལོའི་རྩ་ཨ་བ་དྷུ་ཏི་དང་བཅས་པ་ཁྲིག་མེར་གྱིས་གང༌། སྡིག་ལྟུང་ཉམས་ཆགས་སྤྱི་དང་སེམས་ཀྱི་སྒོ་ནས་ཏིང་ངེ་འཛིན་ཕྲ་རག་གི་ལམ་ཉམས་སུ་ལེན་པ་ལ་བར་དུ་གཅོད་པའི་ཕྱི་ནང་གི་ཉེས་པ་མཐའ་དག་རང་སར་བྱང་ཞིང་དག །འཁྲིད་ཚུལ་མི་འདྲ་བ་བརྒྱ་རྩ་བརྒྱད་ཀྱི་སྒོ་ནས་མོས་གུས་ཞེན་ལོག་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པ་དང༌། རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་དང༌། བརྗོད་བྲལ་ལྷན་གཅིག་སྐྱེས་པའི་ཡེ་ཤེས་དེ་ཁོ་ན་ཉིད་ལ་གནད་དུ་བསྣུན་པའི་ལམ་ཡོངས་སུ་རྫོགས་པ་དུས་འདི་ཉིད་དུ་རྟེན་འབྲེལ་བསྒྲིགས་ཤེས་ཀྱི་ཚུལ་གྱིས་ཁོང་དུ་ཆུད་ནས་ཐུགས་རྒྱུད་ལ་མི་འགྱུར་བའི་གཟེར་ཆེན་པོ་ཐེབ་བྱུང་སྙམ་པའི་མོས་པ་མཛོད། གླེགས་བམ་སྙིང་ཁར་བཞག །སྔར་ལྟར་སྤོས་རོལ་བྱ། མཐར་སློབ་དཔོན་འཇམ་མགོན་གྲུབ་པའི་དཔའ་བོ་དཔལ་ལྡན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་སྡེར་གསལ་བའི་སྐུ་ཡི་གནས་གསུམ་ལས་རང་འདྲ་ཐེབ་སོར་ཙམ་གསུམ་འོད་ཟེར་སྣ་ལྔའི་གུར་ཁྱིམ་དང་བཅས་ཏེ་ནང་གྱིས་ཆད་ནས་ཁྱེད་རང་གི་གནས་གསུམ་དུ་ཐིམ་པས་ཟབ་ཁྲིད་བརྒྱ་རྩ་བརྒྱད་ཀྱི་ཚིག་དོན་མཐའ་དག་མ་འཁྲུལ་བར་ཉམས་སུ་ལེན་པ་ལ། སྨིན་པར་བྱེད་པ་དབང་གི་བཀའ་དང༌། གྲོལ་བར་བྱེད་པ་ཁྲིད་ཀྱི་བཀའ་སོགས་བརྒྱུད་པ་ཀུན་འདུས་རྗེ་བཙུན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་སྡེ་ལ་ཇི་ལྟར་མངའ་བ་ཐམས་ཅད་བུམ་པ་གང་འབྱོར་དུས་འདི་ཉིད་དུ་རྟེན་འབྲེལ་བསྒྲིགས་ཤེས་ཀྱི་བྱིན་རླབས་དོན་གྱི་


LT27_Page_190A
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བ་ཆིག་བརྒྱུད་ཀྱི་ཚུལ་དུ་ཐོབ་བྱུང་སྙམ་པའི་མོས་པ་མཛོད། གླེགས་བམ་སྤྱི་མགྲིན་སྙིང་ཁ་གསུམ་དུ་བཞག་ནས། ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་བརྗོད་སྤོས་རོལ་བྱ་ཞིང༌། མདོ་རྒྱུད་གཞུང་ལུགས་རྒྱ་མཚོ་བསྲུབ་པའི་སྙིང༌། །ཟབ་ཁྲིད་བརྒྱ་རྩ་བརྒྱད་ཀྱི་ནོར་བུའི་ཕྲེང༌། །སྐལ་ལྡན་སློབ་བུའི་བློ་གྲོས་མཛེས་རྒྱན་དུ། །བརྒྱུད་པའི་བྱིན་རླབས་ཆུ་བོ་མ་ནུབ་ཅིང༌། །མ་དང་མཁའ་འགྲོའི་ཞལ་རླངས་མ་ཡལ་བར། །བླ་མ་ཀུན་འདུས་རྗེ་བཙུན་གྲོལ་མཆོག་དང༌། །ཡི་དམ་ཀུན་འདུས་པ་དེ་དགྱེས་གསང་གསུམ་སོགས། །མཆོག་གསུམ་དམ་པའི་བྱིན་རླབས་བདེན་སྟོབས་ཀྱིས། །སྐལ་ལྡན་སློབ་མ་ཁྱོད་ལ་འཇུག་གྱུར་ཅིག །རྒྱལ་མཚན་རྩེ་མོ་སོགས་ཤློ་ཀ་གཅིག་དང༌། མི་འགྱུར་ལྷུན་པོ་སོགས་ཤློ་ཀ་གཅིག་དང༌། འབད་དང་རྩོལ་བ་སོགས་ཤློ་ཀ་གཅིག་གི་ཤིས་བརྗོད་བྱ་ཞིང་མེ་ཏོག་འཐོར་རོ། །རྗེས་གཙོ་བོས་ཇི་ལྟར་སོགས་སྤྱི་དང་འདྲ། དེ་ལྟར་ཁྲིད་བརྒྱའི་སྐབས་རྗེ་བཙུན་གྲལ་མཆོག་ཞབས་ཀྱི་ཕྱག་བཞེས་སུ་སྙིང་པོ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་ནས། དེ་རྗེས་ཁྲིད་ཚུལ་རེ་རེས་གཞུང་བཞིན་འཁྲིད་པར་མཛད་མོད། དུས་ཕྱིས་ནས་དབང་ལྟ་ཅི། དཔེ་ལུང་ཙམ་སྒྲོགས་པ་ལས། ཁྲིད་ཕལ་ཆེར་རབ་ཆད་དུ་སོང་ཞིང༌། ཁྲིད་རྒྱུན་ཡོད་པར་རློམས་པ་རེ་གཉིས་ཀྱང་བཤད་ལུང་ཙམ་ལས་ཚད་ལྡན་མི་སྣང་ཡང༌། རྗེ་ཀཿཐོག་པའི་རྗེས་སུ་བོད་དབང་བསྐུར་བའི་རྒྱུན་འདི་བྱུང༌། འདི་ཁོ་ནས་ཁྲིད་བརྒྱའི་དབང་ཁྲིད་མཐའ་དག་མ་ཚང་བ་མེད་པར་ཐོབ་པར་འདོད་པ་ནི་ཧ་ཅང་ཆོས་ལ་དབང་ཟ་བའི་ཐལ་ཆེ་ཞིང༌། འོན་ཀྱང་ཁྲིད་ལུང་རྫོགས་པར་ཉན་ནས་དེའི་མཇུག་ཏུ་མཛད་པར་སྣང་བས། རྗེ་གྲོལ་མཆོག་རང་གི་བཞེད་པ་ཡིན་མིན་ཇི་ལྟར་རུང༌། འགལ་བ་མེད་ཅིང་ཕྱག་ལེན་གཙང་བྱེད་དུ་མཐོང་ནས། རང་གི་བླ་མ་ལས་ཇི་ལྟར་ཐོབ་པ་ལྟར་ཡི་གེར་བཀོད་པའོ། །ཞེས་པ་འདིའང་རྒྱལ་ཁམས་ཀྱི་བྱ་བྲལ་བ་རིན་ཆེན་མང་ཐོས་བློ་གསལ་བསྟན་སྐྱོང་གིས་སྒྱུར་བྱེད་ཀྱི་ལོ་ཆུ་སྟོད་ཟླ་བའི་དམར་ཕྱོགས་ཀྱི་རྒྱས་པ་གསུམ་པའི་ཉིན་རྗེ་བཙུན་བརྩེ་བ་ཆེན་པོར་འཇམ་དབྱངས་ཞལ་གཟིགས་ཀྱི་སྒྲུབ་གནས་


LT27_Page_190B
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ས་སྐྱའི་རྡོ་རྗེ་ཕུག་གི་ཡང་དབེན་བླ་བྲང་ཤར་དུ་སྦྱར་བའོ། །སརྦ་མངྒ་ལཾ། །


previousགདམས་ངག་མཛོད་པོད་བཅོ་བརྒྱད་པ། ཁྲིད་བརྒྱའི་བོད་དབང་བྱེད་ཚུལ་བླ་མའི་ཞལ་ཤེས་ཡི་གེར་བཀོད་པ་བྱིན་རླབས་ཀྱི་ཟ་མ་ཏོགnext