Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
འཁོར་ལོའི་མགོན་པོའི་ངོ་བོར་བཞུགས་པའི་ལྷག་པའི་ལྷ་ཡིད་བཞིན་འཁོར་ལོ་ལ་བསྟོད་པའི་ཚོགས་ཕྲེང་བར་བསྟར་བ་ཡོངས་སུ་སྦྱངས་པའི་བཻདཱུརྱའི་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཁོར་ལོའི་མགོན་པོའི་ངོ་བོར་བཞུགས་པའི་ལྷག་པའི་ལྷ་ཡིད་བཞིན་འཁོར་ལོ་ལ་བསྟོད་པའི་ཚོགས་ཕྲེང་བར་བསྟར་བ་ཡོངས་སུ་སྦྱངས་པའི་བཻདཱུརྱའི་ཕྲེང་བ།next

འཁོར་ལོའི་མགོན་པོའི་ངོ་བོར་བཞུགས་པའི་ལྷག་པའི་ལྷ་ཡིད་བཞིན་འཁོར་ལོ་ལ་བསྟོད་པའི་ཚོགས་ཕྲེང་བར་བསྟར་བ་ཡོངས་སུ་སྦྱངས་པའི་བཻདཱུརྱའི་ཕྲེང་བ།


LT28_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་མགོན་པོའི་ངོ་བོར་བཞུགས་པའི་ལྷག་པའི་ལྷ་ཡིད་བཞིན་འཁོར་ལོ་ལ་བསྟོད་པའི་ཚོགས་ཕྲེང་བར་བསྟར་བ་ཡོངས་སུ་སྦྱངས་པའི་བཻདཱུརྱའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །


LT28_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་གསོལ་བ་འདེབས་པ་བདུད་རྩིའི་ལྗོན་ཤིང་ཞེས་བྱ་བ། ན་མ་ཨཱརྱཱ་ཏཱ་རཱ་ཡཻ། །སྐྱེ་འགགས་མེད་པའི་ནམ་མཁའ་ལ། །ཐུགས་རྗེའི་ཟླ་བ་ཤར་བ་ཡིས། །འཇིགས་པའི་ཚ་གདུང་གཞིལ་མཛད་པ། །འཕགས་མ་མཆོག་ལ་ཕྱག་འཚལ་ལོ། །འགྲེའོ། །གང་ལ་བསྟེན་པས་དོན་གཉིས་ཀྱི། །ནོར་བུ་འདོད་དགུར་འབྱུང་བ་ཡང་། །འབད་མེད་ལག་རྩེར་སྦྱིན་པ་པོ། །འཕགས་མ༴ །སྐད་ཅིག་དྲན་པ་ཙམ་གྱིས་ཀྱང་། །བརྒྱད་དང་བཅུ་དྲུག་འཇིགས་པ་འཇོམས། །ཚེ་དང་ཡེ་ཤེས་མཆོག་སྩོལ་བ། །འཕགས་མ༴ །ཉེས་པའི་ཚང་ཚིང་དཀྲིགས་གང་དེ། །རབ་འབར་ཐུགས་རྗེའི་ཞུགས་ཆེན་ལ། །ལྷག་མ་མེད་པར་བཞེན་མཛད་པ། །འཕགས་


LT28_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

མ༴ །མོས་པའི་འབབ་སྟེགས་མངོན་མཐོ་བ། །དེ་དེར་ཡེ་ཤེས་གཟིགས་པ་ལྷུང་། །མོས་པ་ཐ་དད་མཁྱེན་པ་པོ། །འཕགས་མ༴ །མོས་པ་དུ་མ་དགར་མཛད་པའི། །སྣ་ཚོགས་ཐབས་ཀྱི་དབྱིག་གིས་ནི། །རེ་བའི་ཤིང་རྟ་འགེང་བ་པོ། །འཕགས་མ༴ །བདག་དང་བདག་གིར་མེད་པ་ཡི། །ཤེས་རབ་དབུས་སུ་གནས་བཅས་ནས། །ཤེས་བྱའི་མཐའ་ལ་རྟོག་པ་པོ། །འཕགས་མ༴ །གང་ལ་མོས་པ་མེད་པར་ཡང་། །སྟེས་ཏེ་ཁྱོད་མཚན་གང་ཕྱིར་དྲན། །དེ་དེའི་འཇིགས་པ་མྱུར་དུ་འཕྲོག །འཕགས་མ༴ །སྙིང་རྗེའི་ཆུ་ཡིས་བྲན་གྱུར་པའི། །ཐུགས་ཀྱིས་སྲིད་པའི་ཁམས་ཀུན་ཏུ། །ཉིན་མཚན་རེར་ཡང་ལན་དྲུག་གཟིགས། །འཕགས་མ༴ །སྙིགས་མའི་མུན་པ་ཆེན་པོ་


LT28_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །བསལ་བྱེད་ཉི་ཟླའི་འོད་སྣང་ཅན། །དགོངས་མཚོ་བསྲུབས་ལས་སྐྱེད་པ་པོ། །འཕགས་མ༴ །འཕགས་པའི་ཡུལ་དུ་ཟླ་བ་དང་། །ལྗོངས་འདིར་བསྟན་པའི་ཉིན་བྱེད་སོགས། །མཁས་གྲུབ་རྒྱ་མཚོ་སྤྲུལ་པ་པོ། །འཕགས་མ༴ །སངས་རྒྱས་དུས་གསུམ་དུ་གཤེགས་པ། །མཆོག་དམན་སྲས་བཅས་ཁྱོད་ལས་འཁྲུངས། །རྒྱལ་བ་རྒྱ་མཚོའི་རིགས་ཀྱི་བདག །འཕགས་མ༴ །ཁྱོད་ནི་ཤེས་རབ་ཕ་རོལ་ཕྱིན། །འཁོར་འདས་ཀུན་ལ་ཁྱབ་པ་པོ། །གང་དུའང་མི་དམིགས་བསམ་བརྗོད་བྲལ། །འཕགས་མ༴ །ཤེས་རབ་མཆོག་གི་རྩལ་གྱིས་ནི། །ཟག་བཅས་ཟག་བཅས་མ་ཡིན་པའི། །སྲིད་ཞིའི་དགེ་བ་མཐའ་དག་སྐྱེད། །འཕགས་མ༴ །ཁྱོད་ནི་རིག་པའི་ཡེ་ཤེས་ཏེ། །ཀློང་ཡངས་ཆེན་པོའི་སྦུབས་སུ་ཞུགས། །ངོ་བོ་རང་བཞིན་ཐུགས་རྗེའི་བདག །འཕགས་མ༴ །སྣང་བ་གཤིས་ལ་ཡོད་པ་དང་། །སྣང་ནས་སྣང་བར་འགྲོ་བ་ཀུན། །ཡེ་ཤེས་སྟོབས་ཀྱི་རོལ་པ་སྟེ། །འཕགས་མ༴ །མུན་ནས་མུན་པར་འཇུག་པར་ཡང་། །ཐབས་ཀྱིས་སྣང་བའི་སྒོ་འཕར་ཕྱེ། །འགྲོ་བ་མཐའ་དག་སྒྲོལ་བ་པོ། །འཕགས་མ༴ །ཁྱོད་ནི་གནས་ལུགས་ཕྱག་རྒྱ་ཆེ། །དུས་གསུམ་རྒྱལ་བའི་དགོངས་པ་སྟེ། །ཐོག་མ་དང་ནི་ཐ་མ་མེད། །འཕགས་མ༴ །ཁྱོད་ནི་མེ་ལོང་ཡེ་ཤེས་ཏེ། །ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །


LT28_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་ཉིད་སོགས་རྟག་ཏུ་འཆར། །འཕགས་མ༴ །ཁྱོད་ནི་རྒྱུན་གྱི་མཐར་སྐྱེས་པའི། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ཏེ། །དཔག་མེད་ཡོན་ཏན་ཀུན་གྱི་གཏེར། །འཕགས་མ༴། ཁྱོད་ནི་ཞིང་ས་འདྲ་བ་ཡི། །བླ་ན་མེད་པའི་བྱང་ཆུབ་སེམས། །འཕགས་བཞིའི་བྱང་ཆུབ་མ་ལུས་འཁྲུངས། །འཕགས་མ༴ །ཁྱོད་ནི་རང་བྱུང་འོད་གསལ་བ། །བརྗོད་མེད་ཁོངས་ནས་ཤར་བའི་དོན། །ནང་གསལ་རྒྱ་ཡན་ཟུང་དུ་འཇུག །འཕགས་མ༴ །སྣ་ཚོགས་ཁམས་དང་དབང་པོ་ལ། །སྣ་ཚོགས་སྐུ་དང་སྣ་ཚོགས་གསུང་། །དེ་བཞིན་སྣ་ཚོགས་ཐུགས་སུ་སྣང་། །འཕགས་མ༴ །ཁྱོད་ནི་དོན་དམ་བདེན་པ་སྟེ། །གཅིག་གིས་གར་གྱིས་དུ་མའི་ཉམས། །སྒྱུ་འཕྲུལ་གསང་བ་བསམ་མི་ཁྱབ། །འཕགས་མ༴ །ཀུན་རྫོབ་ཀུན་་རྫོབ་ཏུ་བདེན་པ། །ཕུན་སུམ་ཚོགས་ལྔས་བཟུང་བ་ཡང་། །ཁྱོད་ཀྱི་ཐུགས་རྗེའི་རང་འོད་ལགས། །འཕགས་མ༴ །གང་ཞིག་ལས་ཀྱི་འཇིགས་པ་ཡང་། །གཞོམ་ནུས་ལས་ལ་དབང་བ་ཡི། །སྟོབས་སོགས་དབང་ཕྱུག་གོ་ཆ་ཅན། །འཕགས་མ༴ །མདོར་ན་རྒྱལ་བ་སྲས་བཅས་ཀྱི། །ཡུམ་གྱུར་ཡིད་བཞིན་འཁོར་ལོ་སྟེ། །འགྲོ་ཀུན་སྲིད་མཚོ་ལས་སྒྲོལ་བའི། །ཐུགས་རྗེའི་གཏེར་ཆེན་ཁྱོད་ལས་སུ། །དེ་ཕྱིར་བདག་ནི་སྐྱེ་བ་ཀུན། །འཕགས་མ་ཨུཏྤལ་འཆང་བ་ཉིད། །མཉེས་ནས་རྗེས་བཟུང་མ་གྱུར་བར། །


LT28_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་གཞན་ཚོལ་བར་མ་གྱུར་ཅིག །ཙནྡྲ་གོ་མཱི་འཕགས་པ་དང་། །རྒྱལ་དབང་ཆོས་ཀྱི་འབྱུང་གནས་བཞིན། །བདག་ཀྱང་མྱུར་དུ་རྗེས་བཟུང་སྟེ། །དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །བསྟན་འཛིན་སྐྱེས་བུའི་ཞབས་པད་བརྟན། །བསྟན་པ་རིན་ཆེན་ཡུན་ཏུ་གནས། །གནས་སྐབས་ཆོས་མཐུན་དཔལ་གྱིས་འབྱོར། །བསམ་དོན་ཡོངས་རྫོགས་བཀྲ་ཤིས་ཤོག །ཅེས་པའང་རང་ལོ་ཉེར་གཉིས་རྒྱལ་ཟླའི་ཚེས་དགེ་བར་འདི་ཉིད་བསྙེན་པའི་ཐུན་མཚམས་ཞིག་ཏུ་སྙིང་ནས་གསོལ་བ་འདེབས་པ་པོ་ནི་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའོ། །སརྦ་ཐཱ་མངྒ་ལཾ།། ༈ །།རྗེ་བཙུན་འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་ལ་གསོལ་བ་འདེབས་པ་འཆི་མེད་གྲུབ་པའི་ལྗོན་ཤིང་ཞེས་བྱ་བ། རབ་དཀར་ཆུ་སྐྱེས་དབུས་འཁྲུངས་རྒྱལ་བའི་ཡུམ། །མཚན་ཐོས་ཙམ་གྱིས་འཇིགས་པ་ཀུན་སྒྲོལ་མ། །མུན་པའི་གོ་འཕང་བསྙིལ་འོད་རྣོ་ལྡན་པའི། །སྟོན་ཟླའི་སྟེང་དུ་རང་བྱུང་པདྨ་ཅན། །ཚུལ་ཁྲིམས་རྣམ་དག་བརྟན་ལྡན་བསུང་ངད་སྤྲོ། །པདྨའི་ཟེ་བ་ནོར་བུའི་འོད་ཟེར་འབར། །ཀུན་རྟོག་གཅིག་ཆར་སྡུད་བྱེད་མེ་ཏོག་མདའ། །འོ་མའི་ཆུ་གཏེར་རབ་དཀྲུགས་ཞི་བའི་ལུས། །མུ་ཏིག་འོད་ལྡན་རོལ་པའི་འཛུམ་རླབས་དཀར། །ག་པུར་དྲི་བསུང་ཉིད་དང་ལྷན་ཅིག་གཡོ། །པདྨ་གསར་པ་ལྟ་བུའི་ཞལ་རས་ལས། །རྟག་ཏུ་འཆི་མེད་བདུད་རྩིའི་རྡུལ་དམར་སྐྱུགས། །བཅུ་དྲུག་དར་ལ་


LT28_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བབ་པའི་གཞོན་ནུ་མས། །ཉམས་དང་འགྱུར་བའི་ཁེངས་པ་བསྡུས་པ་ལས། །དགའ་ཆེན་སྐད་ཅིག་རྫོགས་པའི་གོ་སྐབས་ན། །འཕོ་མེད་རི་མོ་སྲོག་གི་དྭངས་མར་འབྲི། །མ་ལྟར་བྱམས་པའི་རང་བཞིན་ལི་བ་ཡི། །སྤྲོས་པའི་ལེན་བུ་སྤྲོས་མེད་ལྟག་པར་འཁྱིལ། །འཕགས་ནོར་བདུན་མཐར་སོན་པའི་སྟོབས་ལས་གྲུབ། །རིམ་པ་བདུན་པོ་གཅིག་ཆར་འབིགས་པ་དང་། །འཇིག་རྟེན་བདུན་ལ་འཛའ་བ་མི་ལྷོད་པའི། །ཨུཏྤལ་རྒྱས་པའི་སྤྱན་བདུན་ཅུང་ཟད་འཛུམ། །འདིས་མཆོག་མི་འཇིགས་སྦྱིན་ཅེས་སྐྱེ་དགུ་ཀུན། །ཉེར་འཚོར་བསྟི་བའི་སྟ་ཟུར་གཡས་ནས་རྒྱ། །ཉམ་ངའི་སྨན་ཏུ་པུས་སྟེང་རྩེ་དགར་བརྐྱང་། །ལྷག་མ་བསྒྲེངས་ཤིང་མཐེབ་སྲིན་དུད་པ་ལས། །པད་དཀར་འདབ་བརྒྱ་ཤར་བའི་མཚར་སྡུག་ལ། །སྙིང་རྗེར་བཅས་པའི་ཟུར་མིག་རྗེས་སུ་ཆགས། །གསེར་གྱི་གེ་སར་འཇམ་པའི་ཡུ་བ་འཁྱུགས། །མཐིང་གི་དཔལ་བེའུ་རྡོ་རྗེ་སྙིང་པོར་ཞུགས། །ཙྪིནྡྡ་མ་ིའི་ཁ་དོག་མཐིལ་ན་སྦས། །ཟླ་བ་ཉི་མ་མཚམས་སྤྲིན་ཨཉྫ་ན། །བསྲེས་པའི་མཁའ་སྣང་མཁའ་དང་མཉམ་པར་བཀོད། །བྱང་ཆུབ་སེམས་ཀྱི་ཆེ་བ་མི་དམན་པ། །འཇིག་རྟེན་ཀུན་ཏུ་རྣམ་པར་རྒྱས་པ་ཅན། །བསིལ་བའི་མུ་ཁྱུད་ངལ་འཚོར་བསྟེན་པ་དང་། །བརྒྱ་སྟོང་རི་བའི་དྲི་མེད་ཀཱ་ཤི་ཀ །དུཿཀཱུ་ལ་དང་པཉྩ་ལི་ཀཱ་ཡི། །གོས་ཟུང་ཕན་ཚར་བགྲན་པ་བཞིན་ཏུ་བགོས། །


LT28_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལས་དུ་མར་འཕོ་བའི་རིན་ཆེན་དང་། མུ་ཏིག་དོ་ཤལ་མིག་འཕྲུལ་བཞིན་ཏུ་དཔྱངས། །གསར་དུ་ཁ་བྱེ་དྲི་ཞིམ་གཡོ་རྣམས་ཀྱིས། །ཚིམས་པས་བུང་བའི་ཕྲེང་བ་འཁོར་ལྡན་པ། །པུཎྜ་རཱཾ་ཀའི་དྲྭ་བ་དྲྭ་ཕྱེད་འཛིངས། །མཐིང་ཤུན་གསང་ཁེབས་གསེར་གྱི་པ་ཏྲ་འཁྱུགས། །ནམ་མཁའི་ངོས་སུ་གློག་གི་རྩེ་དགའ་ངོམས། །སྒྲ་ལ་རྣམ་བརྟགས་སིལ་སིལ་སྒྲོགས་ཁོ་ནས། །ཐོག་མར་དོན་རྣམས་གླག་ཅོར་སྨྲ་བྱེད་པ། །ནོར་བུའི་འོག་བག་གསེར་གྱི་དྲིལ་ཆུང་དང་། །ཕྱག་ཞབས་དག་ཏུ་གཡེར་ཁ་འཁྲོལ་ལྡན་པའི། །ཤེལ་དང་བཻཌཱུ་རྱ་ཡི་གདུབ་ཀོར་འཐབ། །ཏིང་འཛིན་བྱེ་བ་འབུམ་ཕྲག་ལང་ཚོ་ཡིས། །མྱོས་པའི་ཡན་ལག་རྫོགས་པར་འབར་མཐོང་ནས། །དམ་པ་སློང་བའི་ཆགས་ལྡན་མ་དུད་པའི། །ཡིད་ཀྱི་གནམ་རུ་རང་དབང་མེད་པར་བཀུག །བ་སྤུའི་ཁུང་བུ་བསོད་ནམས་བྱེ་བ་ལས། །གྲུབ་པ་རེ་རེ་ཞིང་ཡང་འཇིག་རྟེན་ཁམས། །རྣམ་པར་ཕྱེ་བ་རབ་འབྱམས་སྤྱོད་ཡུལ་ཀྱང་། །ཟླ་བ་ག་པུར་ཙནྡན་ཆུ་རྒྱུན་གྱིས། །ཀུན་ཏུ་བཀྲུས་པའི་འཚོ་བ་རངས་པར་བྱས། །རྟག་ཏུ་ཙནྡན་ཆུ་ཡིས་ལུས་གཤེར་ལ། །དཀར་མིན་ཨུཏྤལ་གཞོན་ནུ་རྣ་བར་འཛུད། །དྲི་ཡི་ཐིག་ལེ། །ཕྱི་ནང་གི་གནས་སུ་གྲུབ་པ་སྦྱིན་པ། །གནས་དང་གནས་སུ་བགོ། །ཙུམྦ་ན། ཁ་སྦྱོར་གྱི་བདེ་ཀློང་དུ་འཁྱིལ་ག་ ཡི་སྦྲང་། །སྙིང་རྗེ་ཆེན་པོ་དམིགས་པ་མེད་པས་བརླན་པ། ཆང་གཞིབ་བ་སོགས། །སྟོང་ཉིད་གསང་མཛོད་འཛིན་པའི་ཕྱིར། །


LT28_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་ཟའི་ན་ཆུང་ཇི་འདྲ་དེ་འདྲའོ། །ཡོན་པོར་འཁྱོགས་ཤིང་དྲང་པོར་བསྲང་བ་སོགས། །རྡོ་རྗེའི་སྐུ་ལ་རྣམ་འགྱུར་ཅི་དགར་རྫོགས། །ཀུན་ནས་ཞལ་ཕྱག་ཕ་མཐའ་ཡས་མོད་ཀྱི། །མཐའ་གཉིས་ཞབས་ཀྱི་སྐྱིལ་ཀྲུང་སྲིད་དང་ཞིར། །སོ་སོར་མི་ཕྱེད་ནམ་མཁའི་ཀློང་དུ་བཅས། །མཛེས་པའི་གྲགས་ལྡན་དག་བྱེད་རྡུལ་དམར་སྐྱུགས། །བུང་བས་འཐུང་བའི་པདྨོ་རབ་མང་ཡང་། །འབྱེད་དང་གསོ་བ་ཟུང་སྡེབ་ཀརྤཱུ་རའི། །འོད་ཀྱི་ཐུར་མ་གཅིག་གིས་འཇིག་རྟེན་འདིར། །ལས་ཀྱི་བརླན་བཙས་དམུས་ལོང་ཐོབ་ཇི་སྙེད། །ཤེས་རབ་མིག་གི་ཀུ་མུད་ཁ་འབྱེད་པ། །བདུད་རྩིའི་ཐིག་ལེ་འདི་ཁོ་ན་ཡི་གསོས། །བསིལ་བའི་ཆབ་ཀྱིས་མ་བྲན་འགའ་མེད་པས། །མཛེས་པ་གཞན་ལས་ལྷག་པར་འཛེགས་བཞིན་ཏུ། །གཞན་གྱི་མཚར་སྡུག་སྒྲུབ་པ་ཁོ་ནར་གྱུར། །འདི་ལྟར་ཉོན་མོངས་ལྷན་ཅིག་སྐྱེས་ཀྱང་དགྲ། །མ་འདྲིས་ཁྱོད་ཀྱི་ཡེ་ཤེས་གཉེན་ཏུ་གྱུར། །ལྷན་སྐྱེས་ལུས་ཀྱི་འབྱུང་བ་ནད་གྱུར་ལ། །ཕན་བྱེད་དགོན་པར་འཁྲུངས་པའི་སྨན་བཞིན་ནོ། །ལེགས་བྱས་གྲུར་ཞུགས་དེད་དཔོན་བླ་ལྡན་བཅས། །འབད་བས་བཙལ་ན་མཚར་སྙམ་མི་བགྱིད་དེ། །མ་བསྒྲུབ་སྲིད་མཚོ་ཉམ་ངར་ཡིད་བཞིན་ནོར། །སྨོན་ལམ་ཡུལ་ཕྱིར་མགྲོན་ཏུ་ཁུགས་པ་འདི། །གང་དེར་ནུས་པའི་ཚོན་རིས་བཀྲག་ཙམ་དུ། །མ་ཟད་བསོད་ནམས་མེ་ལོང་དྭངས་པར་ངེས། །ཉམ་ངའི་གྲོང་དུ་


LT28_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པའི་མེས་གདུང་བར། །བསིལ་བྱེད་དལ་འགྲོའི་ཚེས་དང་མཚུངས་གཞན་མེད། །འཇིག་རྟེན་འདི་ན་སྙིང་བརྩེའི་གཞན་དབང་ཅན། །བདག་ལ་ཉེ་བ་གང་དེར་མགུ་བྱ་ཡིན། །ཐར་འདོད་དངོས་པོར་བརྐམ་ཆགས་ཀྱིས་བསྙེགས་ཀྱང་། སྨིག་རྒྱུར་མགྲིན་པ་བཏེགས་པའི་ངལ་བ་ལས། །རེ་བ་མ་འཚལ་རི་སྐྱེས་བུ་མོ་རྣམས། །ཉེ་བའི་བུ་བཞིན་དགོངས་ནས་དུས་ཀུན་ཏུ། །མི་འཇིགས་སྦྱིན་ཞེས་དམ་བཅའ་ཐུགས་རྗེའི་ལྷ། །རྣམ་ཐར་རྒྱ་མཚོའི་རླངས་པ་གཡོ་བའི་ལྕེ། །ཆོས་ཁམས་མཁའ་ལ་ད་ཙམ་མི་དཀྲིགས་སམ། །ཤ་བ་རིས་བསྒྱུར་གླིང་བུ་རི་དྭགས་ཀྱིས། །མ་ཤེས་ཆགས་པས་བཀུགས་པའི་བསླུ་བྲིད་ལས། །སྲོག་གི་གཤེད་མ་སྐད་ཅིག་ལྷུང་བ་བཞིན། །སྤུ་གྲིར་རབ་ཆགས་སྦྲང་རྩིའི་མངར་བ་ལ། །མི་ཚེ་ཡུད་ཙམ་འབྲལ་བར་མ་ཕོད་ནས། །འདི་དང་གཞན་ཏུ་འཇིགས་པའི་ཁུར་དུ་མ། །ལས་བཞིན་སྐལ་པར་བབས་པ་ཁོ་ན་ཡིས། །ཆུ་གཏེར་རྣ་རྒྱན་ཅན་གྱི་ཁོངས་གཏམས་ཤིང་། །བདེ་འབྲས་རྒྱུ་སྤངས་འདི་གཟིགས་བརྩེ་ལྡན་འགའ། །ཡོད་ན་སྔོན་ཆད་བསྐལ་པ་དེ་སྙེད་དུ། །ངལ་བའི་འབྲས་བུས་དབུགས་དབྱུང་ད་ནི་དུས། །སེང་ལྡེང་ཆལ་སོགས་སྟུག་པོའི་ནགས་ཁྲོད་དང་། །གླིང་དང་གླིང་ཕྲན་གྲོང་ཁྱེར་གྲོང་རྡལ་དང་། །བྲག་རིའི་བྱ་སྐྱིབས་ལྗོངས་ཀྱི་ཚང་ཚིང་དབུས། །ཆུ་ཀླུང་གདེང་ཀ་རི་རྩེ་རི་རབ་ཟོམ། །ཕུག་དང་རི་ཁྲོད་འབྲོག་ཆེན་དགོན་པའི་


LT28_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །སྨད་འཚོང་ཆང་འཚོང་གཡུང་མོ་ཀླ་ཀློ་སོགས། །རིགས་ངན་གྲོང་ཁྱེར་དེ་དག་ཐམས་ཅད་དུ། །རིག་འཛིན་སྔགས་འཆང་མོ་དང་མཁའ་འགྲོ་མ། །སྡུག་དང་མི་སྡུག་རྒན་གཞོན་བར་མའི་དབྱིབས། །བཟའ་བཏུང་འཁྲིག་པའི་དེ་ཁོ་ན་སྟེར་སོགས། །ཞི་ཆགས་གཏུམ་མོའི་དུམ་བུ་སྣ་ཚོགས་ཀྱིས། །དབང་མཛད་གཡོ་མཛད་མ་ལུས་འཇིག་རྟེན་འདིར། །གང་ཡང་དེ་འབྲེལ་ཕྲ་མོས་རྙེད་པ་མཆོག །ལག་རྩེར་རང་ནོར་བཞིན་ཏུ་གེགས་མེད་པར། །འོང་ཞེས་དཔལ་གྱི་མགུར་ནས་བདེན་པའི་ལྗགས། །ངེས་པར་དོན་ལྡན་གཡོ་བ་ཡིན་ན་ང་། །རྩེ་གཅིག་གུས་པའི་ཡིད་ཀྱི་ཤིང་རྟ་ལ། །རེ་བའི་རིན་ཆེན་ཅུང་ཟད་སྦྱིན་པར་འོས། །ཐལ་མོ་ཡ་གཅིག་བསྣུན་པས་སྟོབས་ཆེན་གྱད། །གཞན་སྟོབས་ནོངས་ལ་བསྔགས་པ་བསྒྲགས་ཐོས་ན། །གདེངས་པ་ཙམ་གྱིས་ཡིད་སྲུབས་དཔུང་དང་རིས། །གཅིག་ཆར་འཇོམས་བྱེད་འདི་ཙམ་ཡ་མཚན་བཞིན། །ངང་ཚུལ་མི་འཇའ་འབྱུང་པོ་བྲང་འགྲོ་བ། །གདུག་པའི་ཁ་རླངས་སྲིད་རྩེར་བརྐྱང་རྣམས་ལ། །མཐུ་སྟོབས་དྲག་པོར་འབེབས་པའི་མ་གི་ཏས། །མགོ་ལ་གནམ་ལྕགས་ལྷུང་བ་བཞིན་ཏུ་མཛོད། །རྙེད་དཀའ་མི་ཡི་ལུས་ཀྱི་རིན་ཆེན་གྲུ། །ཚུལ་མིན་རྣམ་གཡེང་རླུང་གིས་རབ་འཕུལ་ནས། །ངན་འགྲོ་ཆུ་སྲིན་ཁ་རུ་ཆུད་ལ་ཉེ། །སྐྲགས་ཤིང་སྡང་བས་བ་སྤུ་རབ་གཟིངས་ཏེ། །འདི་འདྲའི་ཅི་བྱ་བརྟོལ་དང་བྲལ་ལགས་ན། །


LT28_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་ཧུད་འཕགས་མ་བདག་གི་སྐྱབས་གནས་ཁྱོད། །ཐུགས་རྗེས་ཅུང་ཟད་མི་གཟིགས་གང་དུ་གཡེལ། །ཚེ་རབས་ཀུན་ཏུ་རྣམ་དཀར་གྱི་ན་ལ། །གོམས་པས་བྱང་ཆུབ་འཚོ་བ་བཀྲེན་པ་བདག །བརྟན་པ་ཕུན་ཚོགས་དགྱེས་བཞིན་མ་བསྩལ་ན། །སླད་ནས་ཡི་ཆད་མིག་གིས་བསྒྲིབ་པར་འགྱུར། །སྟེས་ཏེ་བླ་བཅོལ་སྨྲ་བ་མ་ལགས་ཀྱི། །ཅི་སླད་དུས་རིང་འདི་ལྟར་བཏང་སྙོམས་འདོར། །སྲིད་པའི་དགོན་པ་འདི་ལ་མི་འཇིགས་ཕྱག །ལྷུག་པར་བརྐྱང་བའི་བརྩེ་ལྡན་འགའ་ཡོད་དམ། །ཐུགས་རྗེའི་གྲིབ་བསིལ་ཡངས་པའི་ཁོར་ཡུག་ལ། །བདག་ནི་འབད་པས་རྩེ་གཅིག་སྙེགས་བྱས་ཀྱང་། །ལྗོན་ཤིང་ཙམ་གྱི་ཕོངས་པའང་མ་སྩལ་བས། །འཕགས་མ་ལ་ནི་ཕྱོགས་རིས་མ་མཆིས་ན། །ཅིག་བདག་ཉིད་བསྐལ་པ་བརྒྱ་རྣམས་སུ། །བྱས་པའི་འབྲས་བུ་གང་དེ་འདི་འདྲའོ། །སྡུག་བསྔལ་ཆོམ་རྐུན་དུ་མས་རྟག་མནར་བ། །འཁོར་བ་འཇིགས་སུ་རུང་བའི་འབྲོག་ཆེན་འདིར། །ཅུང་ཟད་ཙམ་ཡང་བསྟི་བར་མ་བྱས་པར། །བདག་གིས་སེམས་དམྱལ་མཐའ་མེད་ཡང་ནས་ཡང་། །མྱོང་ཤེས་དེ་རིང་ཡི་ག་རབ་ལྡོག་སྟེ། །འདྲེན་བྱེད་ངོགས་སུ་མ་ཆིས་མུ་ཏིག་གི། །འོད་ལྡན་དོག་པ་རིང་ཐུང་འདི་བཀུ་ནས། །འཁྱམས་པས་ཇི་ལྟར་མགྲོན་པ་ཡིད་བྱེད་ལྟར། །རྟག་ཏུ་ཁྱོད་ལ་ཡི་ག་རབ་ཤོར་བའི། །བདག་སྡུག་པ་ལ་དངོས་གྲུབ་འབྲས་བ་ཡི། །དབུགས་དབྱུང་ཅུང་ཟད་ད་ལྟ་མེད་གྱུར་ན། །ཕྱིས་ནས་ཁྱད་


LT28_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགའ་ཡང་མ་ཐོབ་པར། །ཉོན་མོངས་གདུང་བས་མྱ་ངམ་ཐང་འདི་རུ། །འགྱོད་བཞིན་གདོན་མི་ཟ་བར་གུམ་པར་འགྱུར། །ཏིང་འཛིན་རྒྱ་མཚོ་ལྟ་བུ་བརྙེས་བཞིན་ཏུ། །ཐར་འདོད་ཡོངས་ལ་བསམ་གཏན་མི་སྩལ་བར། །འགའ་ཞིག་སྐམ་པ་སེལ་བས་ཅི་ལ་ཕན། །ཐུགས་རྗེ་ནམ་མཁའ་ལྟ་བུ་མངའ་བཞིན་ཏུ། །འགྲོ་ཀུན་སྲིད་ལས་མྱུར་དུ་མི་བསྒྲལ་བར། །འགའ་ལ་མཐོང་བ་སྩལ་བས་ཅི་ཞིག་བྱ། །རྟག་བརྟན་མི་ཤིགས་རྡོ་རྗེའི་ཚེ་བརྙེས་ནས། །ཀུན་ལ་བདུད་རྩིའི་བཅུད་ལེན་མི་སྦྱིན་པར། །རེ་རེས་འཆི་མེད་གྲུབ་ཀྱང་སུ་ཡིད་དགའ། །མཁྱེན་རབ་ཉི་ཟླའི་གཟི་འོད་སྟོང་འབར་བས། །འབད་མེད་མ་རིག་མུན་པ་མི་སེལ་བར། །འབད་པས་དམ་པ་རྙེད་ཀྱང་ཅི་སྟེ་ཚིམས། །ཁྱོད་ལས་ཆེ་བ་ཐོབ་པར་རེ་ན་ཡང་། །བདག་ལ་བདག་འཛིན་བུབ་ཁ་འདི་བྱུང་བས། །ཕྱིར་འགྱེད་ནན་ཏུར་ཅི་བྱས་ཚེ་འདི་རུ། །འབུང་གསུམ་བཏོན་པའི་སྡུག་བསྔལ་རྒྱུ་འབྲས་ལ། །བདེ་བའི་གོ་སྐབས་ཉི་ཚེར་མ་མྱོང་བས། །ཁྱོད་ཐུགས་ཟག་མེད་དགའ་བའི་ཆུས་བརླན་པའི། །བགོ་སྐལ་ཙམ་ཞིག་རྗེས་སུ་མི་སྩལ་ན། །སྲིད་ཞིའི་མཐའ་ལས་འཕགས་པའི་སྟོང་ཉིད་དང་། །སྙིང་རྗེ་གཟུགས་བརྙན་བཞིན་ཏུ་མ་གྱུར་ཏམ། །ཀྱེ་མ་རྗེ་བཙུན་ཐུགས་རྗེའི་བདག་ཉིད་གསོན། །འཇིག་རྟེན་མི་ཚེ་འདི་ནི་འདི་ལྟར་ཐུང་། །གློ་བུར་ན་ཚ་རྐྱེན་ངན་འདི་ཙམ་རྒོད། །ལས་དང་ཉོན་


LT28_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་དྲག་པོས་འདི་ལྟར་ནོན། །དགེ་བའི་ལས་ལ་བརྩོན་འགྲུས་འདི་ཙམ་ཞན། །ལྷ་དང་བླ་མའི་ཐུགས་རྗེས་འདི་ལྟར་བཏང་། ཁམས་གསུམ་འཁོར་བའི་རྒྱ་མཚོར་འདི་ལྟར་འཁོར། །འཆི་ཀའི་གནད་གཅོད་སྡུག་བསྔལ་ཚབ་རེ་ཆེ། །བར་དོའི་མུན་པ་ནག་པོ་གཏིང་རེ་ཟབ། །འཇིགས་སྐྲག་ལོག་པའི་འཁྲུལ་སྣང་ཡ་རེ་བ། །འཇིག་རྟེན་འདིར་ཡང་ཅི་བྱ་བརྟོལ་མེད་ཅིང་། །ཕྱི་མ་གར་འགྲོའི་ཆ་ཡང་མ་འཚལ་བར། །ད་ལྟ་འཆི་ན་གཏད་སོ་ཅང་མེད་པར། །སྡུག་གུས་མ་མས་བོར་བའི་དྭ་ཕྲུག་གམ། །དམུས་ལོང་གཉེན་སྤངས་འདྲ་བའི་མགོན་མེད་བདག །ད་ནི་ཐུགས་རྗེས་ཟུངས་ཤིག་དུས་ལ་བབ། །རང་ལ་བལྟས་ན་རང་ཡིད་མ་ཆེས་ལ། །གཞན་ལ་བལྟས་ཀྱང་ཡི་མུག་ཁོ་ན་སྐྱེ། །ལྟ་སྤྱོད་མཐོང་ན་སྙིང་རླུང་གཏིང་ནས་འཁྲུགས། །རྣ་བས་ཐོས་ཀྱང་སྐྱོ་ཤས་ཁོང་ནས་ལྡང་། །འདི་འདྲ་དུས་ངན་བསྟན་པའི་མར་ཤམ་འདིར། །བདག་ནི་ཁྱེད་ལ་རེའོ་ཐུགས་རྗེ་ཅན། །བདག་ཅག་སེམས་ཅན་བསམ་བརླག་བྱིས་པའི་ངང་། །བདེ་བ་འདོད་ཀྱང་སྡུག་བསྔལ་ཐོག་ཏུ་བབ། །ཁྱོད་ལ་གཡར་དམ་བཙན་པོ་མཆིས་ཞེ་ན། །ཅུང་ཟད་ཙམ་ཞིག་བརྩེ་བ་མི་འབྱུང་ངམ། །ངན་སོང་འཁོར་བར་བཏང་ངམ་འཕགས་མ་མཁྱེན། །མཐོ་རིས་ཐར་པར་འཁྲིད་དམ་འཕགས་མ་མཁྱེན། །མི་ཚེ་སྟོང་ཟད་བཅོལ་ལམ་འཕགས་མ་མཁྱེན། །ཉམ་ངའི་བར་ཆད་བསལ་ལམ་འཕགས་མ་


LT28_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཁྱེན། །བདུད་ལ་རྒྱལ་ཁ་བསྐུར་རམ་འཕགས་མ་མཁྱེན། །དཀོན་མཆོག་བདེན་རྟགས་བོར་རམ་འཕགས་མ་མཁྱེན། །སེམས་རྒྱུད་ཆོས་དང་བསྲེའམ་འཕགས་མ་མཁྱེན། །མཆོག་ཐུན་དངོས་གྲུབ་སྦྱིན་ནམ་འཕགས་མ་མཁྱེན། །ད་ལྟའི་དུས་དང་རྨུ་རྒོད་བདག་འདྲ་ལ། །ཐུགས་རྗེ་ནུས་པ་མངོན་སུམ་བསྟན་མེད་ན། །བློ་སེམས་ཆོས་དང་འདྲེས་ནས་གྲུབ་པ་གཉིས། །མངོན་བྱས་དུས་བཟང་བསྐལ་བཟང་སྐྱེ་བོ་རྣམས། །རྒྱལ་བ་རབ་འབྱམས་ཐུགས་རྗེ་འཇུག་པ་ལ། །སླར་ཡང་རྗེས་སུ་འཛིན་པས་ཅི་ཞིག་བྱ། །སྔོན་ཚེ་བདེ་གཤེགས་རྔ་སྒྲར་གཡར་ལམ་དུ། །རྒྱལ་བ་ཀུན་ལས་ཐུགས་བསྐྱེད་ལྷག་འཚལ་ན། །རྒྱལ་བ་ཀུན་གྱིས་མ་ཐུལ་བདག་ཡིན་པས། །ད་ལྟ་ཉིད་དུ་བརྩེ་བའི་ཕྱག་རྐྱོངས་ཤིག །ཉིན་མོ་རྣམས་སུ་ཆགས་སྡང་འཁོར་ལོ་འཁྲུགས། །མཚན་མོ་ཐམས་ཅད་གཏི་མུག་གཉིད་ཀྱིས་ནོན། །བར་སྐབས་ལོང་གཏམ་ལྡབ་ལྡིབ་གཡེང་བས་ཁྱེར། །རེས་འགའ་ཟ་ཞིང་རེས་འགའ་ལོང་འདུག་བྱེད། །སྐྱེས་ནས་མ་ཤིའི་བར་དུ་འདི་འདྲས་གཡེངས། །སྡིག་པའི་ལས་ནི་སྦྱོར་དངོས་རྗེས་གསུམ་ཚང་། །དགེ་བ་བྱས་ཀྱང་བྱིས་པའི་ཐལ་རྩེད་འདྲ། །ཀྱི་ཧུད་སྙིང་མེད་པོ་ལ་ད་གཟིགས་ཤིག །སྲིད་མཚོ་ཀུན་རྟོག་ན་ཀྲས་དཀྲུགས་བྱས་པར། །ཕ་མཐའ་ངེས་སྒྲོལ་ཏཱ་རེའི་སྙན་ཚིག་གི། །གདོས་པ་འཛིན་པ་ཞི་བསིལ་ཆུ་


LT28_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཅན། །ཟླ་བཞིན་མ་ཀྱེ་རང་གིས་སྔར་བསྒྲུབས་པ། །འཇིག་རྟེན་གསུམ་དུ་འཁོར་ལོས་སྒྱུར་བ་ཡི། །རྒྱལ་རིགས་སྤྱི་བོ་ཉིད་ནས་དབང་བསྐུར་བ། །བདུད་རྩིའི་ཐིགས་པ་གང་དེ་བདག་ལ་སྩོལ། །རེ་བས་བསྒྲིམས་ནས་སྔོན་ཆད་བསླད་གྱུར་གྲང་། །ད་ནི་ལུས་སེམས་ལྷོད་དེ་ཁྱོད་ཁོ་ནར། །མགོ་བོར་ཕྱོགས་གཏད་བགྱིད་ལས་བྱར་མེད་པས། །ཡུམ་ཆེན་ཆོས་སྐུའི་གོ་འཕང་མྱུར་ཐོབ་ཤོག །ཅེས་རང་ལོ་ཉེར་བཞི་བར་མེ་སྤྲེལ་ཆུ་སྟོད་ཟླ་བའི་ཡར་ཚེས་ལ་གུས་པས་གསོལ་བ་བཏབ་པ་དཔལ་སྤུངས་སྒྲུབ་ཁང་དུའོ། །༈། །འཕགས་མའི་གསོལ་འདེབས་གྲུབ་པའི་ངག་ཅེས་བྱ་བ། །ཨོཾ་སིངྡྷྡྷི་ར་སྟུ། དུས་གསུམ་རྒྱལ་བ་རྒྱ་མཚོ་སྐྱེད་པའི་ཡུམ། །ཞི་ལ་མི་གནས་སྙིང་རྗེའི་འཛུམ་རླབས་གཡོ། །སྲིད་པས་མ་གོས་འདམ་སྐྱེས་པདྨ་བཞིན། །གང་གི་རིན་ཆེན་མཚན་ཙམ་འཛིན་པས་ཀྱང་། །དུས་མིན་འཆི་སོགས་མི་བཟད་འཇིགས་པའི་ཚོགས། །བརྒྱད་དང་བཅུ་དྲུག་མཐའ་ཡས་སྲུང་མཛད་མ། །ཆོས་སྐུའི་ཞིང་ན་ཤེས་རབ་ཕ་རོལ་ཕྱིན། །ལོངས་སྐུའི་ཞིང་ན་རིགས་ལྔའི་ཡུམ་ཆེན་ལྔ། །སྤྲུལ་སྐུ་འཕགས་མ་སྒྲོལ་མ་ཐུགས་རྗེའི་གཏེར། །ཆོས་དབྱིངས་ནམ་མཁའི་མཐའ་དང་སེམས་ཅན་ཁམས། །ཇི་སྲིད་ལས་དང་ཉོན་མོངས་མཐར་ཐུག་བར། །བསམ་གྱིས་མི་ཁྱབ་རྣམ་འཕྲུལ་སྤྲིན་གྱིས་གང་། །བདེ་ཆེན་ཞིང་དུ་གོས་དཀར་


LT28_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཡི་ལྷ། །གྲུ་འཛིན་རི་ལ་ཡིད་བཞིན་འཁོར་ལོ་ཡུམ། །བསིལ་ལྡན་སྐྱེ་དགུའི་སྐྱབས་གནས་བཀའ་དྲིན་ཅན། །འཇའ་ལུས་ཌཱ་ཀི་ཡེ་ཤེས་མཚོ་རྒྱལ་མ། །ཇི་སྲིད་སེམས་ཅན་རེ་རེའི་མདུན་ན་ཡང་། །སྙིང་རྗེ་ནུས་པར་བཅས་ཏེ་རྟག་ཏུ་གནས། །ཕན་བདེ་གཅིག་གི་ཕྱིར་ཡང་འཁོར་བ་ན། །བརྩེ་བ་མི་ལྷོད་ཐབས་མཁས་ཕྱག་རིང་བརྐྱང་། །མཁའ་ཁྱབ་ཞིང་དུ་དཀོན་མཆོག་མ་ལུས་པའི། །ཡོན་ཏན་ཇི་སྙེད་ཁྱོད་ཀྱི་རོལ་པ་སྟེ། །འཕགས་བཞིའི་རྒྱུད་ཀྱི་རིགས་གཉིས་དཔལ་རྒྱ་མཚོ། །རྒྱུན་མཐའི་ཡེ་ཤེས་ཟབ་ཅིང་ཕྲ་བ་དང་། །སྲིད་ལམ་འདུས་བྱས་འདུས་མ་བྱས་པའི་དགེ། ཁམས་ཀྱི་རྒྱུན་ལས་རྣམ་པར་དཀར་གང་ཡིན། །དེ་དག་མ་ལུས་འཕགས་མའི་གར་ཡིན་པས། །མ་གཅིག་བྱིན་རླབས་རྣམ་འཕྲུལ་བསམ་མི་ཁྱབ། །སྤངས་རྟོགས་ཡོན་ཏན་ནམ་མཁའི་ཕ་མཐར་བརྒལ། །དུས་གསུམ་རྒྱལ་བའི་སྣང་བརྙན་རྫོགས་པར་བསྐྲུན། །རྒྱལ་བས་ཁྱོད་ཚུལ་ཆ་ཙམ་བརྗོད་པར་དཀའ། །སྐྱབས་གནས་མཐར་ཐུག་ཐུགས་རྗེའི་གཞན་དབང་ཅན། །ཁྱོད་ཉིད་ཁོ་ནར་སྙིང་ནས་མོས་པའི་བློས། །བྱང་ཆུབ་བར་དུ་བདག་སོགས་སྐྱབས་སུ་མཆི། །འཇིག་རྟེན་ཁམས་ན་དཔལ་འབྱོར་ཇི་སྙེད་དང་། །འགྲོ་ཀུན་དུས་གསུམ་བསགས་པའི་ལེགས་སྤྱད་དང་། །བདག་ལུས་ཡན་ཆད་ཆགས་མེད་བློ་ཡིས་འབུལ། །མི་དགེ་སྡིག་པའི་ལས་


LT28_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མཐོལ་ཞིང་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ། །མྱ་ངན་མི་འདའ་ཡུན་རིང་བཞུགས་གསོལ་འདེབས། །དགེ་ཀུན་ཡུམ་གྱི་གོ་འཕང་མཆོག་ཏུ་བསྔོ། །པད་དཀར་མཛེས་སྡུག་ཡོངས་སུ་བསྟེན་པ་ཡི། །ཟླ་བའི་དབུས་ན་དྲི་མ་མེད་པའི་སྐུ། །འཆི་མེད་རྡོ་རྗེ་བདེ་བའི་ལང་ཚོ་ངོམས། །མི་འགྱུར་མི་ཤིགས་བདུད་རྩིའི་དྭངས་མ་རྒྱས། །ནོར་བུ་འབར་བའི་འོད་ཟེར་རྣོན་པོ་འཕྲོ། །འདོད་དགུའི་རེ་བ་མཐའ་དག་སྦྱིན་པར་མཛད། །རྩེ་གཅིག་གུས་པས་ཁྱོད་ལ་གསོལ་བ་འདེབས། །བདག་སོགས་འགྲོ་བའི་ལས་ཉོན་སྡིག་སྒྲིབ་དང་། །ནད་གདོན་བར་ཆད་ཞི་བའི་དངོས་གྲུབ་སྩོལ། །ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་དང་། །བློ་གྲོས་ཉམས་རྟོགས་རྒྱས་པའི་དངོས་གྲུབ་སྩོལ། །བྱིན་རླབས་ཐིག་ལེ་སྲིད་ཞིའི་དྭངས་མའི་བཅུད། །ཡིད་ལ་གང་འདོད་དབང་སྡུད་དངོས་གྲུབ་སྩོལ། །དུག་ལྔ་དུག་གསུམ་གཟུགས་ཅན་གཟུགས་མེད་ཀྱི། །མི་མཐུན་བསམ་སྦྱོར་ཚར་གཅོད་དངོས་གྲུབ་སྩོལ། །མདོར་ན་འདི་བཟུང་བྱང་ཆུབ་སྙིང་པོའི་བར། །མི་འབྲལ་ཁྱོད་དང་འགྲོགས་པའི་སྐལ་བཟང་གིས། །ཉེས་བརྒྱའི་ཆུ་འཛིན་གཞར་ཡང་མི་ལྡང་བར། །ལེགས་ཚོགས་ཡོན་ཏན་ཡར་ངོའི་ཟླ་ལྟར་རྒྱས། །རིང་མིན་ཟུང་འཇུག་ཤེས་རབ་ཕར་ཕྱིན་གྱི། །གོ་འཕང་མཆོག་གིས་བདག་གཞན་རྩེན་གྱུར་ཅིག །ཅེས་པའང་ས་ཁྱི་ཆོ་འཕྲུལ་ཟླ་བའི་བཅུ་བཞི་རྒྱལ་ཕུར་འཛོམ་པའི་འགྲུབ་


LT28_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་གྱི་སྔ་དྲོར་འོག་མིན་ཀརྨའི་གདན་ས་ནས་བཙུན་པ་ཡོན་ཏན་རྒྱ་མཚོས་གསོལ་བ་བཏབ་པའོ།། ༈ །།འཕགས་མའི་གསོལ་འདེབས་འཆི་མེད་རྡོ་རྗེའི་གླུ་ཞེས་བྱ་བ། །ཨོཾ་ཨ་མཱར་ི་ཛཱི་བནྟུ། མི་འགྱུར་རྡོ་རྗེའི་སྐུ་བརྙེས་མ། །བདུད་བཞིའི་གཡུལ་ལས་རྒྱལ་བ་མ། །མི་འཆེ་ཚེ་ཡི་མཆོག་སྦྱིན་མ། །བཅོམ་ལྡན་ཡིད་བཞིན་འཁོར་ལོར་འདུད། །ལྷག་པའི་ལྷ་དང་བླ་མའི་སྐུ། །དབྱེར་མེད་གཅིག་ཏུ་འདུས་པ་ནི། །བདག་སོགས་དད་པའི་མིག་ངོ་རུ། །འཕགས་མ་སྒྲོལ་མར་བསྟན་ལ་འདུད། །ཁྱོད་ཐུགས་ཞི་ལས་མ་གཡོས་ཀྱང་། །ཉམ་ཐག་འགྲོ་ལ་དབུགས་སྩོལ་ཕྱིར། །སྒྱུ་འཕྲུལ་དྲ་བའི་རོལ་པ་ནི། །རྣམ་འགྱུར་ཉེར་གཅིག་སྟོན་ལ་འདུད། །སྔོན་གྱི་ལས་ཀྱིས་བདས་པ་ཡི། །སྙིགས་མའི་སྐྱེ་ལ་འཇིགས་རྣམས་ཀྱིས། །མི་འདོར་ལུས་དང་གྲིབ་མ་བཞིན། །དེ་ཀུན་ཁྱོད་མཚན་དྲན་པས་བཟློག །དབྱིབས་དང་སྔགས་དང་བསམ་གཏན་གྱིས། །ཡུན་རིང་འདྲིས་པར་མ་བྱས་ཀྱང་། །ཁྱོད་མཚན་ཡིད་ལ་ཡོད་ཙམ་གྱིས། །འཇིགས་པ་བརྒྱད་ལ་སོགས་པ་འཇོམས། །སྐྱེ་ནས་ལས་ཀྱིས་འབྲེལ་བ་དང་། །རིགས་སྔགས་སྙིང་ལ་བཀོད་པ་དང་། །གསོལ་བ་རིང་དུ་བཏབ་པ་ལ། །ཕྲ་མོའི་འཇིགས་ལས་ཅིས་མི་སྐྱོབ། །དེ་ཕྱིར་ཡིད་བཞིན་ནོར་མཚུངས་པའི། །དལ་རྟེན་སྐྱེད་པའི་ཟ་མ་ཏོག །འཇིག་རྟེན་


LT28_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཏུ་འགྲོ་བ་ཡི། །ལྟས་ཀྱི་མཚན་མ་ངན་པས་བཅིངས། །འཕགས་མའི་ཐུགས་རྗེའི་ཕྱག་བརྐྱང་ལ། །དོགས་པའི་དྲྭ་བ་བཅད་པ་དང་། །མི་འཇིགས་རིང་དུ་འཚོ་བ་ཡིས། །ཡིད་ལ་བདེ་བའི་དཔལ་བྱིན་ཅིག །གལ་ཏེ་དུས་ལ་བབ་གྱུར་ཏེ། །ཉི་སྲས་སྲོག་ལ་གཟས་གྱུར་གྲང་། །དབང་བཅུ་དང་ནི་སྟོབས་བཅུ་ཡིས། །བེ་ཅོན་གདོང་ནས་བཟློག་པར་མཛོད། །ཁྱོད་མཚན་ཡིད་ལ་བཀོད་པ་ཡིས། །བདུད་ཀྱི་ཕྲུ་མ་བྱེ་བས་ཀྱང་། །བ་སྤུའི་རྩེ་མོའང་གཡོ་མི་ནུས། །དེ་ལྟའི་ཐུགས་རྗེ་མངའ་ཞེས་གསུངས། །ནད་རིམས་འཆི་ལ་སོགས་པ་ཡི། །ཞགས་པས་ཇི་ལྟར་ཐེབས་གྱུར་ཀྱང་། །མྱུར་དུ་ནུས་པའི་རལ་གྲི་ཡིས། །གཅོད་པར་མཛོད་ཅིག་སྒྲོལ་མ་ཀྱེ། །ཁྱོད་མཚན་ཡིད་ལ་ཡོད་པ་ལ། །དུས་མ་ཡིན་པའི་འཇིགས་མི་འབྱུང་། །གཤིས་ངན་འཆི་བས་མི་འཆི་ཞིང་། །ཡིད་ལ་མི་བདེ་འབྱུང་བ་མིན། །བདག་ནི་རྩེ་གཅིག་ཁྱོད་དྲན་པས། །བརྩེ་ཆེན་ཟླ་བའི་འཛུམ་ཞལ་གྱིས། །འཇིགས་དང་མྱ་ངན་མུན་པ་བཅིལ། །ཕན་བདེའི་ཀུནྡ་ཁ་ཕྱེས་ཤིག །ཁྱོད་མཚན་ཡིད་ལ་བཀོད་པ་ལ། །དྲག་པོ་བིཥྞུ་ཚངས་སོགས་ཀྱི། །གཙུག་གིས་རྐང་པ་ལ་བཏུད་ཅིང་། །རྒྱལ་བ་རྣམས་ཀྱིས་དགོངས་པར་གསུངས། །ཆེ་དགུའི་རིགས་ཀྱིས་བྲོ་བོར་བ། །འཚལ་ཏེ་གདུག་པ་ཅན་ཀུན་སྲུངས། །སྲས་དང་བཅས་པའི་རྒྱལ་རྣམས་ཀྱིས། །བུ་གཅིག་བཞིན་ཏུ་


LT28_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པར་མཛོད། །ཁྱོད་མཚན་ཡིད་ལ་བཀོད་པ་ལ། །རིགས་གཟུགས་ཚེ་དང་དབང་ཕྱུག་ལྡན། །ཕྱོགས་ལས་རྣམ་པར་རྒྱལ་བ་དང་། །སྡིག་པ་དག་ནི་རྟག་ཏུ་འཕྲོག །དྲིན་གྱིས་འཚོ་བའི་མ་གཙོ་གྱུར། །ཇི་སྙེད་མར་གྱུར་འགྲོ་བ་རྣམས། །མི་མཐུན་ཕྱོགས་ལས་རབ་རྒྱལ་ཞིང་། །སྡིག་ཟད་ཡོན་ཏན་ཀུན་རྫོགས་མཛོད། །ཚངས་སོགས་ཉི་ཚེའི་ལྷ་ལ་ཡང་། །གསོལ་བཏབ་བདེན་འབྲས་མི་བསླུ་ན། །དུས་གསུམ་གཤེགས་པའི་ཡུམ་གྱུར་མས། །འགྲོ་བ་མི་བསླུ་སྨོས་ཅི་དགོས། །བདག་དང་བདག་གི་སྐྱེད་བྱེད་ཀྱི། །གཙོ་གྱུར་ནམ་མཁས་ཁྱབ་པ་ཡི། །འགྲོ་བ་འཇིགས་པས་གཟིར་ཀུན་གྱི། །འཇིགས་པ་མྱུར་དུ་འཕྲོགས་ཤིག་ཀྲ། །མྱོང་བར་ངེས་པའི་རྣམ་སྨིན་གྱིས། །ཅིས་ཀྱང་བསལ་བར་མ་གྱུར་ན། །འདི་ལ་མཁའ་ཁྱབ་འགྲོ་ཀུན་གྱི། །འཇིགས་དང་སྡུག་བསྔལ་ཇི་སྙེད་ཐིམ། །ཕྱིན་ཆད་འགྲོ་བས་མི་མྱོང་ཞིང་། །བདག་གིའང་དེ་ལྟ་མྱོང་མ་གྱུར། །སྡུག་གུའི་མ་ཡང་སྡུག་བསྔལ་དང་། །བུད་མེད་ལུས་ཀྱི་ཐ་མར་མཛོད། །ཅི་སྟེ་འཚོ་བ་ཉིད་ན་ཡང་། །མི་ལྡོག་དགེ་བའི་བློ་སྐྱེས་ནས། །ཆོས་ཀྱི་འབྱོར་པ་རྒྱས་པ་དང་། །བདུད་ཀྱི་གཡང་ས་ཆེ་ལས་སྒྲོལ། །མི་སྐྱེའི་ཆོས་ལ་བཟོད་ཐོབ་ནས། །མཁའ་ཁྱབ་འགྲོ་བ་བསྒྲལ་བརྩམས་པའི། །ཆགས་ཐོགས་མེད་པའི་ཤེས་རབ་ཀྱིས། །


LT28_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་བ་དོན་དང་ལྡན་པར་མཛོད། །ནམ་ཞིག་དུས་ཀྱིས་གཏུག་པ་ན། །གནད་གཅོད་ཚོར་བ་མེད་པ་དང་། །ཡིད་དབང་རྣལ་དུ་གནས་པ་ཡིས། །བདེ་ནས་བདེ་བའི་ཞིང་དུ་ཁྲིད། །དུག་གསུམ་རྟོག་པ་འགགས་ནས་སུ། །འོད་གསལ་ནམ་མཁའི་དཀྱིལ་ལྟ་བུ། །མ་དང་བུ་འདྲེས་སྐད་ཅིག་ལ། །རྣམ་པར་གྲོལ་བའི་ངོ་སྤྲོད་མཛོད། །སྐུ་དང་ཐིག་ལེ་ཤར་ན་ཡང་། །མི་འཇིགས་ལྷ་དང་དབྱེར་མེད་ཐིམ། །འཁྲུལ་སྣང་འོད་ཀྱི་ལམ་ལ་སོགས། །འཁོར་བར་འཁྱམས་པའི་སྒོ་རྣམས་ཁོག །ལས་ཀྱིས་སྲིད་པ་བར་དོ་རུ། །འཁྱམས་ཀྱང་འཕགས་མའི་ཞལ་སྟོན་ལ། །བདེ་ལྡན་པདྨོ་བཀོད་ལ་སོགས། །དག་པའི་ཞིང་དུ་དབུགས་དབྱུངས་ཤིག །སྐྱེ་ནས་སྐྱེ་བ་ཐམས་ཅད་དུ། །བཅོམ་ལྡན་འདས་མས་རྗེས་བཟུང་སྟེ། །མི་ཟད་རྒྱན་གྱི་འཁོར་ལོ་དང་། །དབྱེ་བ་མེད་པར་བྱིན་གྱིས་རློབས། །འགྲོ་བ་རྣམས་ནི་མ་ལ་བྱམས། །ཁྱོད་ནི་འགྲོ་བ་རྣམས་ལ་བྱམས། །དེས་ན་བདག་གི་རེ་བ་འདི། །མི་བསླུ་འབྲས་བུ་ཡོད་པར་མཛོད། །ཚེ་རབས་དུ་མར་དགེ་བསགས་པས། །དལ་རྟེན་ལན་ཅིག་ཐོབ་པ་ལས། །སྙིང་པོ་ཅུང་ཟད་མ་ལོན་པར། །ཆོས་བཞིན་འཚོ་བའི་མཆོག་བྱིན་ཅིག །ཁྱད་པར་ཤཱཀྱའི་བསྟན་པ་དང་། །སྟེས་ཏེ་ཡུད་ཙམ་མཇལ་བའི་དུས། །རིན་ཆེན་གླིང་ནས་སྟོང་ལོག་ཏུ། །བཏང་བར་མ་མཛད་སྙིང་རྗེའི་བདག །མདོར་ན་ཤིའམ་གསོན་ཀྱང་རུང་། །བྱང་ཆུབ་


LT28_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལས་མི་ལྡོག་པར། །ཆོས་ལྡན་འབྱོར་བའི་ཚལ་རྒྱས་པའི། །བྱིན་རླབས་སྦྲང་རྩིའི་ཆར་པ་ཕོབ། །བདག་གིས་རིང་ནས་བསྒྲུབས་པའི་ལྷ། །དུས་གསུམ་རྒྱལ་བའི་ཡུམ་གྱུར་མ། །ཡིད་བཞིན་འཁོར་ལོ་ཁྱོད་ཡིན་པས། །གསོལ་བཏབ་དོན་དང་ལྡན་པར་མཛོད། །བདག་དང་བདག་གི་སྐྱེད་བྱེད་མའི། །གཙོར་བྱས་མཁའ་ཁྱབ་འགྲོ་བ་ཀུན། །བཅོམ་ལྡན་འདས་མས་རྗེས་བཟུང་སྟེ། །རྟག་པ་དམ་པའི་སྐུ་ཐོབ་ཤོག །ཅེས་པའང་། །རང་ལ་ནང་གི་ཁམས་འདུས་དང་། ཕྱིའི་ཟིངས་ཆ། །སྐྱེད་བྱེད་དྲིན་མོ་ཆེ་ལའང་མི་དགེ་བའི་མཚན་མ་མངོན་གྱུར་དུ་ཤར་བའི་སྐབས་གསོལ་བ་འདེབས་པ་པོ་ནི་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་སྟེ་རང་ལོ་ཉེར་དྲུག་པ་ལའོ། །མངྒ་ལཾ།། ༈ །།འཕགས་མའི་སྙན་དབང་དུ་གསོལ་བ་སྙིང་གི་མེ་ཏོག་ཁ་བྱེ་བ་ཞེས་བྱ་བ། སྲིད་དང་ཞི་བའི་མཐའ་ལ་མི་གནས་ཕྱིར། །ལྐོག་ཏུ་གྱུར་པའི་ཤེས་བྱ་མ་མཆིས་པས། །རྗེ་བཙུན་མ་ཁྱོད་ཉམ་ཆུང་བདག་གི་ཚིག །ཐུགས་ཀྱི་དཀྱིལ་དུ་ད་ལྟ་འགྲོ་བར་རིགས། །ལུས་ཀྱི་བྱ་བ་ཚེ་འདིའི་ལྟོ་རྒྱབ་ཕྱིར། །ངག་གིས་སྨྲས་ཚད་རང་འདོད་ཆགས་སྡང་ཚིག །ཡིད་ཀྱི་མནོ་བའང་སྲིད་པའི་ཉེར་ལེན་ཏེ། །སྒོ་གསུམ་དོན་ཡོད་བྱས་པ་ཅང་མ་མཆིས། །ཁྱད་པར་དུ་ཡང་བསྟན་སྒོར་ཞུགས་རློམས་ནས། །ཆོས་ལ་བསྟེན་པའི་


LT28_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་མི་བཟད་ལྕིང་། ཤིན་ཏུ་ལྕི་བའང་མ་ཚོར་འདིར་སྣང་གི། །ཟུག་རྔུ་ཕྲ་མོའང་སེམས་ཀྱི་གཅོང་དུ་ཚོར། །རྒྱལ་བས་ལུག་ལྟར་ལྐུག་སོགས་ཐ་ཆད་ཀྱི། །དགེ་སློང་མཚན་ཉིད་མང་པོ་གང་གསུངས་པ། །དེ་དག་ད་ལྟ་བདག་ལ་ཅིག་ཆར་ཚང་། །རང་རྒྱུད་བསྲེག་པའི་བསམ་སྦྱོར་ཅི་ཡང་བགྱིས། །ཐོག་མར་སྤང་བླང་ཇི་བཞིན་མ་ཤེས་ལ། །བར་དུ་ཤེས་ཀྱང་ཡིད་མི་ཆེས་པས་ལེན། །ད་ལྟ་ཉོན་མོངས་མང་བའི་ཚན་ཁ་ལ། །གཉེན་པོས་མ་ཐུབ་ཐ་མལ་ཉིད་དུ་འབྱམས། །སོ་ཐར་ནས་བརྩམས་བླ་མེད་རྒྱུད་སྡེ་མན། །ཞུས་ལོས་སྡོམ་དང་དམ་ཚིག་ཁས་བླངས་ཀྱང་། །སྐྱབས་སྡོམ་ཙམ་ཞིག་རྒྱུད་ལ་མི་ལྡན་པ། །བདག་ཅག་ཕྱི་མའི་གནས་སྐབས་ཇི་ལྟར་འགྱུར། །མཐོ་བའི་ཡོན་ཏན་ཐོས་ན་ཕྲག་དོག་སྐྱེ། །དམན་པའི་གནས་སྐབས་ཐོབ་ལ་སྡང་ཞིང་བརྙས། །ཡོན་ཏན་སྣེ་གཅིག་མེད་ཀྱང་ང་རྒྱལ་ཆེ། །རྨུ་རྒོད་བདག་འདྲ་ཐུལ་བ་སུ་ཞིག་ཡོད། །གཞན་དག་འབྱོར་ན་བརྣབ་སེམས་གཏིང་ནས་ལྡང་། །རང་ཉིད་འབྱོར་ན་སེར་སྣའི་མདུད་པ་དམ། །ཚིག་ངན་ཙམ་ལ་བཟོད་པའི་གོ་ཆ་ཤོར། །ཁྱིམ་པ་མགོ་བྲེག་བདག་གིས་ཅི་ཞིག་བྱ། །གོང་དུ་བཀུར་ཀྱང་ཡ་རབས་ཀུན་སྤྱོད་མེད། །དམན་པར་བཞག་ན་སྙོམས་ཆུང་འདུག་མི་ཚུག །བར་མ་ཙམ་གྱིས་རང་གཞན་ཟག་པ་སྤེལ། །མ་རབས་ཁྱི་དང་འདྲ་བར་གཟིགས་ལགས་སམ། །རང་ལ་དྲིས་ན་ལན་ལྡོན་སྤོབས་པ་


LT28_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

།།།།མེད། །གཞན་གྱིས་བཤད་ན་ཡིད་ཆེས་ངེས་ཤེས་མེད། །ཚིག་དོན་ཕྱེ་ཆུ་མ་འདྲེས་སྦོམ་ཡོར་གྱིས། །ཤེས་འདོད་རང་མགོ་བསྐོར་བ་རང་ལ་སྡིག །གོང་མའི་ཡོན་ཏན་མཐོང་ཡང་དད་པ་མེད། །དམན་པའི་སྡུག་བསྔལ་མཐོང་ཡང་སྙིང་རྗེ་མེད། །རང་རྒྱུས་རབ་ལ་ཆེ་ཡང་ངོ་ཚ་མེད། །ཀྱེ་མ་དུས་དང་བདག་སྐལ་ངན་པ་འཛོམས། །བླ་མའི་ཞབས་འདེགས་སྒྲུབ་ཚེ་དབེན་པ་བསྙག །དབེན་གནས་བསྟེན་ཚེ་ཙབ་ཙུབ་གཡེང་བས་ཁྱེར། །ལས་མ་ནུས་ལ་ཆོས་ཀྱང་མི་ནུས་པས། །འཇིག་རྟེན་མི་ཡི་གྲལ་དུ་ཚུད་ཐབས་ཅི། །བཟླས་བརྗོད་བྱས་ན་དབེན་གསུམ་མཉམ་བཞག་དྲན། །སྟོང་ཉིད་རྩེ་གཅིག་བསྒོམ་དུས་སྤྲོས་བཅས་སྤྱོད། །གང་ལའང་མ་ཟུག་སྤྲེའུའི་ཕྲུ་གུ་བདག །འབྲས་བུ་འདུ་ཤེས་གསུམ་ལས་ཅི་ཞིག་ཐོབ། །ཆོས་གོས་གྱོན་ཀྱང་ནང་ན་ཡོན་ཏན་མེད། །ཡིག་དྲུག་བཏོན་ཀྱང་གཞན་ལ་ཕན་སེམས་མེད། །སེམས་ལ་བལྟས་ཀྱང་རྟོགས་པའི་བོགས་སྐྱེད་མེད། །འདི་འདྲའི་ངང་ནས་མི་རིང་གཞན་ཏུ་འགྲོ། །ཁྱིམ་པ་བྱས་ཀྱང་བཙུན་ཆས་མགོ་སྤུ་བྲེག །རབ་བྱུང་བྱས་ཀྱང་ཆོས་དང་གང་ཟག་འགལ། །ཆོས་བརྒྱད་ལོག་འཚོ་ལྔ་ཡི་རིན་བཅལ་ནས། །དཀོར་རྫས་ཁྲོ་ཆུའི་བཏུང་བ་བག་མད་འཐུང་། །དམ་ཆོས་སྟོན་པའི་བླ་མའི་སྐྱོན་ལ་བརྟག །བརྒྱུད་པའི་བླ་མར་མོས་གུས་བསྒོམ་པ་སྐད། །ཡིད་ཆེས་དད་པས་


LT28_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

མཆི་ཐིགས་ཙམ་མེད་པར། །གསོལ་འདེབས་ཚར་རེ་བཀླགས་པས་ཆོག་པར་བརྩི། །མཐུན་རྐྱེན་འཛོམས་ཀྱང་དོན་མེད་གཡེང་བ་འཕེལ། །མཐུན་རྐྱེན་མེད་ན་རྩོལ་སྒྲུབ་རྟོག་པ་སྤུན། །བློ་ཐག་གཤའ་མ་ནང་ནས་མ་ཆོད་པས། །ཅི་ལྟར་བྱས་ཀྱང་དབེན་པའི་གོ་སྐབས་བྲལ། །རྒྱན་གོས་རྟགས་ཀྱིས་ཁྱིམ་པས་བླ་མར་མཐོང་། །ཆོས་ཀྱི་དྲིས་དབེན་དམ་པས་དུད་འགྲོར་མཐོང་། །རྒྱུ་འབྲས་འཆོལ་སྤྱོད་གཤིན་རྗེས་བཏག་བྱར་མཐོང་། །རང་སྣང་དགྲར་ལངས་ལྷས་ཀྱང་འདྲེ་རུ་མཐོང་། །གཞན་སེམས་ཤེས་པའི་མངོན་ཤེས་མི་ལྡན་ཞིང་། །རང་རྒྱུད་བརྟགས་པའི་བློ་མིག་ལྡང་བཞིན་ཏུ། །ཆོས་གཏམ་སྣ་ཚོགས་སྨྲ་བའི་སྙིང་ཁམས་ཅན། །རྗེ་བཙུན་འཕགས་མའི་ཐུགས་ཀྱིས་མ་ཁྲེལ་ལམ། །ད་དུང་གསོན་ཅིག་རྗེ་བཙུན་ཐུགས་རྗེའི་གཏེར། །དེ་སྔོན་འཁོར་བར་ཡུན་རིང་འཁོར་བ་ན། །དགེ་བའི་ལས་ནི་ཅི་ཡང་མ་བགྱིས་ཏེ། །ཅུང་ཟད་བགྱིས་པའང་གནས་སྐབས་འབྲས་བུར་ཟད། །ད་ནི་དགེ་ལ་བརྟུན་པར་མ་གྱུར་ན། །ཡིད་ལ་མེད་པར་དུས་ཀྱིས་ཟིན་པའི་ཚེ། །སྐྱོབ་པ་སུ་མཆིས་གླིང་དང་དཔུང་གཉེན་སུ། །རང་ལ་མེད་པར་གཞན་དག་སྦྱིན་པོའང་སུ། །དེ་ཕྱིར་བག་ཙམ་དགེ་ལ་བློ་བསྲལ་ཏེ། །སེམས་ན་བྲོད་པ་ཡང་དང་ཡང་བཏིང་མོད། །ལས་འདི་ཟིན་ཏེ་དེ་ནས་བྱའོ་ཞེས། །བློ་ངན་རྒྱུན་འདིས་ཕྱི་བཤོལ་ཁོ་ན་བཏབ། །འདི་ན་སྒྲིབ་གསུམ་སྙིང་པོར་བཅད་


LT28_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སུ། །ཞི་བསིལ་བདུད་རྩི་གཞན་ལ་ཕན་བརྩོན་པ། །མང་པོ་དག་ཀྱང་སྲིད་ལམ་མཆིས་པ་ན། །ཁྱོད་ཀྱི་ཡེ་ཤེས་མཐུ་ཡིས་དབུགས་དབྱུང་སྩལ། །དེ་ནས་བརྩམས་ཏེ་བྱང་ཆུབ་མཐར་ཐུག་པར། །འགྲོ་མང་སྨིན་ཅིང་ཞིང་ཁམས་སྦྱང་མཛད་ནས། །བསམ་གྱིས་མི་ཁྱབ་དཔལ་ལ་དབབ་འབྱོར་བ། །དེ་བཞིན་བདག་ལའང་ཐུགས་བརྩེ་སྩལ་བར་རིགས། །སྙིགས་མའི་དུས་དང་བདག་སྐལ་ངན་པས་ཀྱང་། །ཉེ་བར་ཐོབ་པའི་བློ་ངན་གང་ཡིན་པ། །བརྟུལ་བར་མཛད་པ་ཁྱོད་ལས་མ་མཆིས་ན། །རང་སྐལ་བབ་པར་གཡེལ་བར་མཛད་སྲིད་དམ། །འཁོར་ལོས་སྒྱུར་བའི་དཔལ་ལའང་སྤྱོད་སྲིད་ཀྱི། །ཆོས་ཀྱི་འབྱོར་པ་རྒྱས་པ་ད་རེས་ཙམ། །མི་ལུས་དོན་མཐུན་འགྲོག་བཞིན་གཏན་གྱི་ཁེ། །མ་ཐོབ་ངན་འགྲོར་ཆུད་ན་ཅི་ཞིག་བྱ། །ལུས་ནི་སྲིད་པའི་གཡུལ་དུ་འཕྱན་གྱུར་ཀྱང་། །སེམས་ནི་ཅང་ཤེས་མཛའ་བཤེས་གཞན་སྤངས་ནས། །དཀོན་མཆོག་འཁོར་ལོའི་བདག་པོ་མི་འདོར་བའི། །བརྟུལ་ཞུགས་དེ་ནི་སྲོག་ལྟར་བཙའ་ལགས་ན། །བདག་ཡིད་མི་དགེའི་ལམ་དུ་འཁྱོགས་བཞིན་ཏུ། །ལྟར་སྣང་ལེགས་སྤྱད་ཆ་ཙམ་བསྒྲུབ་པ་ལ། །འབད་པ་འབྲས་བུ་མེད་པ་འདི་ཅི་ཞེས། །ཡི་ཆད་སྨྲེ་སྔགས་བླབ་ཅོལ་འདོན་པ་སྣང་། །དེད་དཔོན་ཆེན་མོར་སྐྱབས་སུ་སོང་བཞིན་ཏུ། །བདག་ཅག་འཁོར་བའི་རྒྱ་མཚོར་ལྷུང་སྲིད་ན། །ཚོགས་གཉིས་གཏིང་


LT28_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་དཀའ་བས་བསྒྲུབས་པ་ཡི། །སྙིང་རྗེའི་གདོས་པ་བྲལ་དང་ཁྱད་ཅི་ཡོད། །རྗེ་བཙུན་མ་ཁྱོད་སྤྱན་རས་གཟིགས་དབང་གི། སྤྱན་ཆབ་ལས་འཁྲུངས་བུད་མེད་གཟུགས་ཀྱིས་ནི། །སངས་རྒྱས་ཀུན་གྱི་མཛད་པ་རབ་མཛད་པ། །བརྟན་དང་སྙིང་རྗེ་ཆེ་ཞིང་དཔའ་བས་ལགས། །གསོལ་བ་བཏབ་ན་རེ་བ་མཆོག་སྩོལ་བས། །མཚུངས་བྲལ་བླ་མའི་ངོ་བོར་ཤར་བ་ཁྱོད། །གདུལ་བྱ་འདུལ་ལ་ཕྱོགས་རིས་མེད་མོད་ཀྱང་། །ཁྱད་པར་བོད་ཀྱི་ཡུལ་དུ་དགོངས་ཞེས་ཐོས། །དེ་ཕྱིར་གུས་པའི་ཡིད་ཀྱི་ཆུ་མཚོ་ན། །དྲི་མེད་མཛེས་མའི་གཟུགས་བརྙན་ལེགས་བྲིས་ཏེ། །མོས་པ་ཙམ་གྱིས་རྗེས་སུ་མ་བཟུང་ཡང་། ཡི་ཆད་མ་མཆིས་བུ་ཡིས་མ་འབོད་ལྟར། །ལྷ་སྐུ་བསྒོམས་ཀྱང་མཐོང་བ་མ་སྩལ་ཞིང་། །བཟླས་བརྗོད་བྱས་ཀྱང་ནུས་པའི་རྟགས་མ་ཐོན། །ཐུགས་ཡིད་བསྲེས་ཀྱང་བྱིན་རླབས་དྲོད་མ་ཕེབ། །འོན་ཀྱང་རང་གི་ཉེས་པས་བསྒྲིབས་པར་ཟད། །བྱང་བལྟས་ཕུག་པར་ཉི་མས་མི་སྣང་ཞིང་། །མཁྲིས་ནད་ཅན་གྱིས་དུང་མདོག་ལོག་པར་མཐོང་། །དཀོན་མཆོག་བདེན་པ་ལོག་སྲེད་ཅན་དག་ལ། །འཇུག་པར་དཀའ་བ་བསོད་ནམས་མིན་པའི་མཐུ། །གང་ལ་ཐོག་མཐའ་བར་མ་མ་གཟིགས་པས། །གཟིགས་པ་མཆོག་ཏུ་གྱུར་པའི་གདིང་ཚད་ཀྱིས། །སྐད་ཅིག་གཅིག་ལ་འགྲོ་ཀུན་བསྒྲལ་བརྩམ་པའི། །སྙིང་སྟོབས་ཁུར་ཆེན་དེ་ནི་སུ་ཡིས་ཐེག །ཏིང་འཛིན་བྱེ་


LT28_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འོད་དང་འགྲོགས་པ་ཡི། །མཚན་དཔེའི་ཉི་མ་ལན་གཅིག་འཕོས་པ་ཡིས། །ཐོགས་མེད་དུས་ཀྱི་སྒྲིབ་པའི་སྨག་བཅིལ་ནས། །ཡང་དག་ལྟ་བ་སྦྱིན་པའི་རྗེ་བཙུན་མ། །ཕྲ་རབ་རྡུལ་ལས་འདས་ཀྱང་རྣམ་བཅས་སྐུ། །པྲ་ཕབ་རང་བཞིན་བཙུན་མོའི་རོལ་པ་ཅན། །རྣམ་པ་ཀུན་མཆོག་དགའ་བས་ཐུགས་ཚིམས་ནས། །གཞོམ་མེད་ཡི་གེའི་སྤྲིན་གྱི་འཕྲོ་འདུ་སྤྲོ། །སྤང་བྱའི་ངོ་བོར་མ་གྲུབ་ཐ་སྙད་ཙམ། །དེ་ལ་གཉེན་པོའི་ཆོས་གཞན་མི་ལྡན་པས། །སྤྱད་དུ་མེད་པར་སྤྱོད་པའི་ཕ་རོལ་དུ། །སྒྱུ་མའི་འཕྲུལ་འཁོར་བཞིན་ཏུ་བདེ་བར་གཤེགས། །མཚན་མར་དམིགས་པའི་སྙིང་རྗེ་དེ་དང་ནི། །བློ་ཡིས་བརྟགས་པའི་སྟོང་པ་ལས་འདས་པ། །སྤྱོད་ཡུལ་ཤིན་ཏུ་དག་པའི་ཐབས་ཤེས་ཀྱི། །མངོན་རྟོགས་སོ་སྐྱེའི་བློ་ཡིས་བསམ་མི་ཁྱབ། །སྟོང་པ་ཉིད་དང་མཚན་མ་མེད་པ་དང་། །སྨོན་པ་མེད་པའི་རྣམ་ཐར་ལ་གནས་པས། །ཐུགས་བསྐྱེད་བསགས་སྦྱངས་མཛད་པའི་ཚུལ་གང་ཡིན། །བློ་ཡིས་བརྟགས་པས་མི་མཚོན་ནམ་མཁའ་འདྲ། །ཉོན་མོངས་རླབས་ཀྱིས་རྣམ་པར་དཀྲུགས་པ་ཡི། །བྱིས་པའི་སེམས་ཀྱི་ཆུ་མཚོ་ཇི་འདྲ་བ། །དེ་འདྲ་འཕགས་མས་མཁྱེན་ཅིང་བརྩེ་བའི་ཕྱིར། །སྐྱོན་བྲལ་ཐུགས་རྗེས་རབ་ཏུ་བགྲུང་དུ་གསོལ། །དེ་ནས་གཉེན་པོའི་སེམས་ལ་དབང་ཐོབ་སྟེ། །མི་དགེའི་རྩ་བ་ཆད་པས་འབྲས་བུ་ལྡོག །བྱང་ཆུབ་


LT28_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་རྒྱུན་ཆད་མེད་པ་ཡི། །གྲིབ་བསིལ་ཉམས་དགར་བསྟི་བའི་བཀའ་དྲིན་སྩོལ། །དཀོན་མཆོག་ཀུན་དངོས་རྗེ་བཙུན་འཕགས་མ་ལ། །སྐྱབས་སུ་མཆིས་པས་གཏན་གྱི་བློ་ཁེལ་ནས། །ནད་དུག་མཚོན་སོགས་སྲོག་གི་ཕྱིར་དུ་ཡང་། །གནས་སྐབས་སྐྱབས་ལ་ལྟོས་བློ་མེད་པར་མཛོད། །ངེས་འབྱུང་མེད་པས་དམ་ཆོས་སྒྲུབ་པ་ཡང་། །བྱེ་མའི་ཁང་བུ་བཞིན་ཏུ་མི་བརྟན་པས། །སྲིད་ལས་ངེས་པར་འབྱུང་བའི་བློ་ཡི་ཤུགས། །བཟློག་དཀའ་དུས་མཐའི་མེ་ལྟར་སྦར་དུ་གསོལ། །སྲིད་འབྱོར་ཆུ་བུར་ལྟ་བུར་ཡིད་ཆེས་ནས། །འདུ་ཤེས་མཆོག་གྱུར་མི་རྟག་སྙིང་ལ་གཟེར། །དགེ་སྡིག་ལས་ཀྱི་འབྲས་བུ་མི་བསླུ་བར། །ཤེས་ནས་སྤང་བླང་ནུས་པར་བྱིན་གྱིས་རློབས། །ཟུག་རྔུའི་འབྱུང་གནས་དུག་གི་ས་བོན་ལྟར། །ཆོས་བརྒྱད་ལོ་མ་སྡུག་བསྔལ་འབྲས་བུ་ཅན། །སྲིད་རྩ་བདག་འཛིན་དུག་གི་སྡོང་པོ་འདི། །ཡེ་ཤེས་རལ་གྲིས་རྩད་ནས་བཅད་དུ་གསོལ། །གང་ལ་བསྟེན་ན་ལས་ཀྱི་རྒྱུན་བཅད་ཅིང་། །འཆག་དང་སྨྲ་བ་ཚུན་ཆད་དག་ལ་བསྒྱུར། །བྱང་ཆུབ་ལག་རྩེར་གཏོད་པའི་ཡིད་བཞིན་ནོར། །སེམས་ཀྱི་དམ་པ་སྐྱེ་ཞིང་ཉམས་མེད་གསོལ། །ལྷ་དང་བླ་མ་ཐ་དད་མི་བལྟ་ཞིང་། །སྣོད་བཅུད་ཐ་མལ་བདེན་ཞེན་མི་སྐྱེ་བར། །མོས་གུས་དག་པའི་སྣང་བ་ཚད་ལ་ཕེབས། །རིག་པ་སྙིང་གི་དབུས་སུ་སད་པར་མཛོད། །གསལ་བས་དངོས་སྣང་ལྷ་ཡི་འཁོར་ལོར་ཤར། །བརྟན་པས་བདག་ཏུ་


LT28_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བའི་འདུ་ཤེས་སྟོང་། །རང་བཞིན་ཡོངས་ཤེས་ལྟ་བ་གྱད་དུ་གྱུར། །རིམ་པ་དང་པོར་དབང་འབྱོར་དངོས་གྲུབ་སྩོལ། །མི་རྟོག་རླུང་གིས་བུས་བ་དགའ་བའི་མེ། །ཨ་ཧཾ་མཉམ་འདྲེས་གནས་ལ་སོགས་པར་སོན། །ཞུགས་སོགས་རིམ་པས་བྱེ་བ་གྲངས་སྙེད་ཀྱི། །རྟོག་པའི་དྲྭ་བ་སྲོག་ཏུ་སྡོམ་པར་མཛོད། །གནས་འགྱུ་ལ་སོགས་ཚིག་གིས་མི་མཚོན་པ། །དྲི་མེད་རིག་པ་རྗེན་པ་ཐེར་ལ་བུད། །རྒྱུན་ཆད་མེད་པས་ཕྱི་ནང་འཛིན་སྟངས་བྲལ། །གནས་ལུགས་རྟོགས་པའི་བྱིན་རླབས་དབབ་ཏུ་གསོལ། །བདེ་གསལ་རོ་ལ་ཆགས་པའི་བསམ་གཏན་དང་། །སྟོང་པ་ཡུལ་དུ་བྱས་པའི་ལྷག་མཐོང་སྟེ། །རྒྱུ་འབྲས་ཆད་ལྟ་སྙིང་རྗེ་དགྲར་ལངས་སོགས། །གོལ་སའི་དྲི་མ་མཐའ་དག་བཀྲུ་བར་མཛོད། །དུས་མིན་འགྲོ་དོན་ཟང་ཟིང་འདུ་ལོང་དང་། །འཕྲལ་སྣང་ནུས་པ་སྙན་གྲགས་ཆེ་བ་སོགས། །དམ་ཆོས་སྒྲིབ་པའི་བསོད་ནམས་གང་སྐྱེས་ཀྱང་། །བདུད་ཀྱི་བར་གཅོད་ཉིད་ཕྱིར་བཟློག་ཏུ་གསོལ། །བདག་བློ་ཆོས་མིན་བྱ་བར་ཅུང་ཟད་དུ། །ཞུགས་ཀྱང་དེ་ཉིད་ཁོ་ནར་མ་བཟློག་ན། །རྟོག་ངན་སྔར་འདྲིས་མི་བཞིན་ཕྲལ་དཀའ་བས། །གཉེན་པོས་འབུར་འཇོམས་ནུས་པར་བྱིན་གྱིས་རློབས། །སྐྱེས་ཐོབ་བློ་གྲོས་སྙིང་ནས་སད་པ་ལས། །ཐོས་བསམ་སྒོམ་པ་རེས་འཇོག་ཅན་མིན་པར། །ཤེས་དང་ཤེས་བྱ་ཅིག་ཅར་ཁོང་ཆུབ་ནས། །


LT28_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་དང་གྲུབ་པ་ཟུང་དུ་ཆུད་པར་མཛོད། །ཁྱོད་ལ་དད་དང་ལྷག་བསམ་དཀར་བའི་མཐུས། །བདག་གི་སྡིག་པ་མོད་ལ་རབ་ཟད་ནས། །ཙཱ་ཤའི་ཁྱུ་བཞིན་མཐོང་ན་དགེ་ཐོབ་པ། །རྗེ་བཙུན་འཕགས་མའི་ཞལ་བཟང་བསྟན་ཏུ་གསོལ། །རྗེ་བཙུན་འཕགས་མའི་ཞལ་བཟང་བསྟན་ནས་ཀྱང་། །འབྲལ་བ་མེད་པར་གཙུག་གི་རྒྱན་བཞུགས་ཏེ། །ཆོས་ཀྱི་བདུད་རྩི་ངོམས་མེད་སྩལ་བ་དང་། །མི་རིང་བྱང་ཆུབ་མཆོག་ཏུ་ལུང་སྟོན་ཅིག །སྐྱེ་བོ་མི་བཟད་ངན་འགྲོའི་སྦྲུལ་གདུག་གིས། །རྟག་ཏུ་གཙེས་པ་ཕུང་ལྔའི་འདོར་ལེན་ནི། །རྨ་དང་ཤུ་བ་ལྟ་བུའི་ཟུང་རྔུ་རྣམས། །འཇིག་རྟེན་གསོ་བྱེད་ཐུགས་རྗེའི་སྨན་གྱིས་གསོས། །ལེགས་པར་བསམ་ན་རང་ལ་མི་གཅེས་པ། །འགའ་ཡང་མེད་མོད་དེ་བཞིན་གཞན་གཅེས་པས། །ཀུན་ཀྱང་ཐེག་ཆེན་སྤྱོད་པ་རྫོགས་གྱུར་ཏེ། །ཞི་བའི་རྒྱལ་ཐབས་མཆོག་ཏུ་དབུགས་དབྱུང་མཛོད། །དམ་ཆོས་ཚུལ་བཞིན་སྒྲུབ་པར་མ་གྱུར་ན། །ཆོས་སྲིད་གང་ལའང་སྙིང་པོ་མི་སྣང་བས། །བློ་ཤུགས་མེ་ལྟར་འབར་བས་གཏན་གྱི་དོན། །ཚེ་འདིར་འགྲུབ་པར་ཐུགས་རྗེས་བཟུང་དུ་གསོལ། །ཅེས་དགེ་སྦྱོང་ལྟར་སྣང་བ་ཡོན་ཏན་རྒྱ་མཚོས། །རང་ལོ་ཉེར་བརྒྱད་པར་དཔལ་སྤུངས་ཀྱི་གདན་སར་འཕགས་མ་ལ་རྒྱུ་མཚན་གསོལ་ནས་གསོལ་བ་བཏབ་པའོ། །མངྒ་ལཾ།། ༈ །།འཕགས་མ་ཡིད་བཞིན་འཁོར་ལོའི་ཐུགས་དམ་གནད་ནས་


LT28_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་བའི་གསོལ་འདེབས་མོས་གུས་ཀྱི་ཏམྦ་ུར་ཞེས་བྱ་བ། སྤྱན་རས་གཟིགས་དབང་སྙིང་རྗེའི་ཆུ་གཏེར་ལས། །ཕན་བདེའི་ཀུན་དུ་རྒྱས་པའི་དཔལ་འཁྲུངས་པ། །འཕགས་མ་སྒྲོལ་མ་བདུད་རྩིའི་འོད་སྣང་ཅན། །འཇིགས་བཅས་མུན་པའི་རླབས་འདི་ཞི་བར་མཛོད། །རྒྱལ་ཀུན་ཡུམ་གྱུར་གདུང་བ་སེལ་བའི་སྨན། །བྱམས་པའི་མ་མ་སྐྱེ་དགུའི་གཉེན་གཅིག་པུ། །ཚེ་རབས་ཕྲེང་བར་ཕུལ་དུ་མ་མཆིས་པའི། །སྐྱབས་ཁྱོད་སྙིང་པོའི་བར་དུ་སྐྱབས་སུ་བསྟེན། །བདག་སོགས་ལས་ཀྱིས་མནར་བའི་འགྲོ་བ་རྣམས། །གང་དུ་གནས་ཀྱང་ནད་མཚོན་མུ་གེ་སོགས། །མི་འདོད་དུ་མས་ཡང་ཡང་གཙེས་ལགས་ན། །སྡུག་བསྔལ་འདོམས་ནས་དྲོངས་ཤིག་རྗེ་བཙུན་མ། །བག་ཆགས་རྗེས་འབྲང་རྣམ་རྟོག་ཆུ་གཉེར་ལྟར། །སྐད་ཅིག་རེ་རེར་ངན་འགྲོའི་རྒྱུ་མང་བསགས། །འཁོར་བའི་ས་བོན་འཛད་དུ་མེད་པ་འདིའི། །གཞི་རྩ་ད་ལྟ་ཆོད་ཅིག་རྗེ་བཙུན་མ། །དེ་རྒྱུ་ཚོགས་ཆེན་སྔོན་ཏུ་མ་སོང་བས། །དད་པས་རྒྱལ་བའི་བསྟན་སྒོར་ཞུགས་རློམས་ཀྱང་། །དཀོན་མཆོག་གསུམ་ལ་བློ་གཏད་མ་ཁེལ་བའི། །ལས་སྒྲིབ་རྩད་ནས་ཕྱུང་ཞིག་རྗེ་བཙུན་མ། །མངོན་སུམ་དུ་ཡང་སྨིན་པར་གྱུར་མཐོང་ན། །ད་དུང་ལས་དང་ལས་ཀྱི་འབྲས་བུ་ལ། །ཡིད་ཆེས་མ་སྐྱེས་གཅན་གཟན་ངུར་སྨྲིག་མདོག །བདག་ཡིད་དགེ་ལ་དྲོངས་


LT28_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་རྗེ་བཙུན་མ། །ཉིན་མཚན་སྐད་ཅིག་མི་རྟག་མི་ཡི་ལུས། །ཡང་དག་འབྱོར་ལ་དོན་ཆེན་མ་འགྲུབ་བར། །བཟློག་པར་དཀའ་བ་འཆི་བདག་ཞགས་པའི་རྒྱུན། །ཡེ་ཤེས་རལ་གྲིས་ཆོད་ཅིག་རྗེ་བཙུན་མ། །གནས་སྐབས་སུ་ཡང་གདོན་དང་རིམས་དུག་མཚོན། །གློ་བུར་ཉིད་དུ་གཤིས་ངན་འཆི་བ་དང་། མེ་ཆུ་གཅན་སོགས་བརྒྱད་དང་བཅུ་དྲུག་གི། འཇིགས་ལས་མྱུར་དུ་སྐྱོབས་ཤིག་རྗེ་བཙུན་མ། །བདག་འཛིན་ངན་གོམས་སེམས་ཀྱི་རྒྱུན་ཇི་སྲིད། །དེ་སྲིད་སྡུག་བསྔལ་ཆུ་བོ་རྟག་འབབས་པས། །ཕུང་སོགས་རང་བཞིན་ཡོངས་སུ་ཤེས་པ་ཡི། །རྟོགས་པའི་སྒྲོན་མེ་སྤོར་ཞིག་རྗེ་བཙུན་མ། །འགྲོ་རྣམས་མར་ཤེས་བྱམས་དང་སྙིང་བརྩེ་བ། །ཚིག་ཙམ་མིན་པར་གཞན་གྱི་སྡུག་བསྔལ་དང་། །བདག་བདེ་དངོས་སུ་བརྗེ་བའི་དཔའ་རྣམས་ཀྱི། །སྙིང་སྟོབས་རླབས་ཆེན་སྐྱེད་ཅིག་རྗེ་བཙུན་མ། །ཚེ་རབས་ཀུན་ཏུ་ཕྱིན་ཅི་མ་ལོག་པའི། །དགེ་བའི་བཤེས་མཇལ་དེས་བསྟན་ཆོས་ཀུན་རྟོགས། །བྱང་ཆུབ་བར་དུ་ཚེ་དང་ཐར་སོགས་ལ། །བར་གཅོད་བདུད་དཔུང་གཞོམས་ཤིག་རྗེ་བཙུན་མ། །བློ་མིག་རྡུལ་བྲལ་ཟབ་མོའི་ཤེས་རབ་ལྡན། །ཉོན་མོངས་བགས་ཀྱིས་ཆུང་བའི་ཟོ་བཟང་བས། །བསླབ་ལ་རབ་གུས་དྲན་དང་ཤེས་བཞིན་པར། །བདག་རྒྱུད་ཆོས་དང་བསྲེས་ཤིག་རྗེ་བཙུན་མ། །ནམ་ཞིག་ཚེ་ཡི་འཕེན་པ་རྫོགས་པའི་ཚེ། །གནད་གཅོད་མེད་པར་འདུ་


LT28_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བཅུ་རྟོགས་ནས། །སྐྱེ་འགག་མཐའ་བྲལ་དབྱིངས་སུ་ལ་བཟླ་བའི། །འོད་གསལ་རང་ངོ་སྤྲོད་ཅིག་རྗེ་བཙུན་མ། །བར་དོ་སྐད་ཅིག་ཡུད་ཙམ་ཤར་ན་ཡང་། །དག་སྣང་དཀྱིལ་འཁོར་འཁོར་ལོའི་སྤྲོ་བསྡུ་རྫོགས། །མངོན་དགའ་བདེ་ལྡན་པདྨོ་བཀོད་ལ་སོགས། །དག་པའི་ཞིང་དུ་སྐྱོལ་ཞིག་རྗེ་བཙུན་མ། །བསམ་བཞིན་སྲིད་པར་འཇུག་པ་མ་གཏོགས་པ། །དབང་མེད་ལས་ཀྱིས་འཁོར་བར་མི་འཁོར་བར། །ཚེ་འོད་མཐའ་ཡས་རྒྱལ་བའི་ཞབས་དྲུང་དུ། །ལུང་སྟོན་ལམ་སྣ་དྲོངས་ཤིག་རྗེ་བཙུན་མ། །སངས་རྒྱས་འབྱོན་དང་མ་བྱོན་ཞིང་རྒྱ་མཚོ། །མཐའ་ཡས་ཀུན་ཏུ་དམ་ཆོས་སྲོག་ལྟར་བཟུང་། །བྱང་ཆུབ་སྤྱོད་མཆོག་རྫོགས་པར་སྟོན་བགྱིད་པའི། །སྨོན་ལམ་འགྲུབ་པར་མཛོད་ཅིག་རྗེ་བཙུན་མ། །ཐོག་མེད་ནས་བསགས་སྡིག་སྒྲིབ་ཉེས་ལྟུང་ཀུན། །ལུས་རྟེན་འདི་ལ་བྱང་ཞིང་དག་པ་དང་། །དེ་སྲིད་ཆོས་མཐུན་དཔལ་དང་འཆི་མེད་ཀྱི། །ཚེ་དབང་དངོས་གྲུབ་སྩོལ་ཞིག་རྗེ་བཙུན་མ། །རྨི་ལམ་དུ་ཡང་བྱང་ཆུབ་མཆོག་གི་སེམས། །མི་ཉམས་བདུད་ཀྱི་ལས་ཀུན་ཡོངས་སྤངས་ཏེ། །སྒོ་གསུམ་བྱ་བ་ཅི་བགྱིས་བསྟན་འགྲོ་ཡི། །ཕན་བདེའི་ཟུངས་སུ་སྤེལ་ཞིག་རྗེ་བཙུན་མ། །ཆོས་བརྒྱད་ཚེ་འདིའི་རྣམ་གཡེངས་རབ་སྤངས་ནས། །བས་མཐའི་ནགས་སུ་བར་གཅོད་མ་མཆིས་པར། །སྒྲུབ་ལ་སྙིང་པོར་


LT28_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བས་ཚེ་འདི་རུ། །མི་ལུས་དོན་ལྡན་མཛོད་ཅིག་རྗེ་བཙུན་མ། །བདག་གིས་ད་ལྟ་མྱོང་བའི་དུཿཁ་འདིས། །འགྲོ་བ་ཀུན་གྱི་སྡུག་བསྔལ་རྒྱུ་དང་འབྲས། །མྱུར་དུ་ཟད་ནས་ཕྱིན་ཆད་བདག་གཞན་ཀུན། །བདེ་ནས་བདེ་བར་ཁྲིད་ཅིག་རྗེ་བཙུན་མ། །ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་མཆོག །ནུབ་མེད་ཕྱོགས་བཅུ་ཀུན་ཏུ་དར་ཞིང་རྒྱས། །དེ་འཛིན་སྐྱེས་ཆེན་དམ་པ་མ་ལུས་པའི། །སྐུ་ཚེ་རིང་དུ་སྲིངས་ཤིག་རྗེ་བཙུན་མ། །ཁྱད་པར་ངེས་དོན་སྙིང་པོ་ཟབ་མོའི་དོན། །འགྲོ་ཀུན་རྣ་བར་འབབ་པའི་སྐལ་བཟང་ལྡན། །དེ་ལ་དགའ་བའི་ལྷ་ཀླུ་གནོད་སྦྱིན་ཚོགས། །དབུ་འཕང་དགུང་དུ་བསྟོད་ཅིག་རྗེ་བཙུན་མ། །རྒྱལ་ཁམས་ཀུན་ཏུ་མི་བདེའི་མིང་མེད་ཅིང་། །ཚེ་བསོད་དཔལ་རྒྱས་བསྟན་ལ་གུས་པ་སོགས། །རྫོགས་ལྡན་བདེ་སྐྱིད་ནོར་བུའི་སྤྲིན་ཆེན་ལས། །འདོད་རྒུའི་ཆར་པ་ཕོབ་ཅིག་རྗེ་བཙུན་མ། །རྒྱལ་བའི་བསྟན་དང་སེམས་ཅན་བདེ་སྐྱིད་ལ། །རྣམ་པར་འཚེ་བའི་མི་དང་མི་མ་ཡིན། །བསམ་སྦྱོར་ལོག་པར་ཞུགས་པའི་ཚང་ཚིང་ཀུན། །མཐུ་སྟོབས་མེ་ལྕེས་སྲེགས་ཤིག་རྗེ་བཙུན་མ། །མཁའ་མཉམ་མ་རྣམས་དུས་མིན་འཆི་སོགས་ཀྱི། །འཇིགས་བྲལ་དགེ་བཅུའི་དཔལ་ལ་ངང་གིས་སྤྱོད། །དཀོན་མཆོག་བསླབ་པའི་གཞིར་འགྲོགས་ཐར་པ་ཡི། ཁ་ལོ་གྱེན་ཏུ་སྒྱུར་ཞིག་རྗེ་བཙུན་མ། །ཁྱད་པར་བདག་དང་བདག་ལ་ལྟོས་


LT28_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་རྣམས། །རྣམ་ཀུན་བར་ཆད་དབང་དུ་མི་འགྲོ་བར། །ཚེ་དང་སྒྲུབ་པ་མཐར་ཕྱིན་རྟག་བརྟན་གྱི། །སྲོག་གི་ཀ་བ་ཚུགས་ཤིག་རྗེ་བཙུན་མ། །འདི་ཕྱི་ཀུན་ཏུ་བློ་གཏད་བཅས་པའི་ལྷ། །དུས་གསུམ་རྒྱལ་བའི་ཡུམ་གྱུར་བཅོམ་ལྡན་མས། །སྨོན་པའི་འབྲས་བུ་གྲུབ་པར་མ་མཛད་ན། །སྐྱབས་གཞན་བདག་ལ་མེད་དོ་རྗེ་བཙུན་མ། །ཐོག་མེད་དུས་ནས་ཚོགས་གཉིས་བསྒྲུབས་པའི་སྟོབས། །བསམ་གྱིས་མི་ཁྱབ་ནམ་མཁའི་སྐུ་བརྙེས་པས། །རྩེ་གཅིག་གདུང་བས་གསོལ་བ་འདེབས་ལགས་ན། །བྱིན་རླབས་ཐུགས་རྗེ་མ་ཆུང་རྗེ་བཙུན་མ། །ཆུ་སྐྱེས་དབུས་ན་སྟོན་ཟླ་རྒྱས་པའི་སྐུ། །རྡོ་རྗེ་བདེ་བའི་ལང་ཚོ་ཤིན་ཏུ་རྫོགས། །དྲི་མེད་འོད་ཀྱི་དཀྱིལ་འཁོར་མཐའ་ཀླས་པས། །ལས་བཞིའི་ཕྲིན་ལས་སྩོལ་ཞིག་རྗེ་བཙུན་མ། །གང་ལ་རེག་པས་ཆོས་ནོར་འདོད་དང་ཐར། །བསམ་རྒུ་ཡིད་བཞིན་འཇོ་བའི་མཆོག་སྦྱིན་གྱི། །ཕྱག་མཐིལ་བསོད་ནམས་བརྒྱ་ལས་གྲུབ་པ་དེས། །བདག་གི་སྤྱི་བོར་བྱུགས་ཤིག་རྗེ་བཙུན་མ། །མཐེབ་སྲིན་བར་དུ་རིན་ཆེན་སྡོང་བུའི་རྩེར། །ཡིད་འོང་པདྨ་གསར་དུ་བཞད་པ་ལས། །མཆོག་ཐུན་སྦྲང་རྩི་ཅི་ཡང་འཇོ་བ་དེས། །བདག་ཡིད་སེམས་པ་སྐྱེད་ཅིག་རྗེ་བཙུན་མ། །མུ་ཏིག་དྲྭ་ཕྱེད་གསེར་གྱི་དྲིལ་ཆུང་ཅན། །ལྷ་རྫས་རྒྱན་སོགས་རོལ་སྒེག་རྣམ་པར་འཕྲུལ། །འཆར་ཁའི་གསེར་ཞུན་གཟི་


LT28_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་སྟོང་འབར་བ། །དད་པའི་མིག་སྔར་སྟོན་ཅིག་རྗེ་བཙུན་མ། །རབ་འབྱམས་ཞིང་ན་ངལ་གསོ་སྦྱིན་པའི་ཕུལ། །ཟག་མེད་ཟླ་བ་རྒྱས་པའི་རྒྱབ་ཡོལ་ཅན། །མི་ཤིགས་རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་པ། །སྤྱི་གཙུག་རྒྱན་ཏུ་བཞུགས་ཤིག་རྗེ་བཙུན་མ། །ཆོས་གསུང་ཚངས་པའི་དབྱངས་ཀྱིས་ཟབ་པ་དང་། །རྒྱ་ཆེ་རྒྱུན་མི་འཆད་སྟོན་སྒྲིབ་གསུམ་གྱི། །དྲྭ་བ་ཀུན་བཅད་ཀུན་ཀྱང་བྱང་ཆུབ་ཀྱི། །རྒྱལ་སར་དབུགས་དབྱུང་སྩོལ་ཞིག་རྗེ་བཙུན་མ། །མདོར་ན་སྐྱབས་ཀྱི་སྙིང་པོ་ཁྱོད་ཡིན་པས། །བྱང་ཆུབ་མ་ཐོབ་བར་དུ་རྟག་པར་བདག །བར་གཅོད་བདུད་ཀྱི་དབང་དུ་མི་བཏང་བར། །དོན་གཉིས་མཐའ་རུ་ཕྱིན་པའི་བཀའ་དྲིན་སྩོལ། །ཅེས་ཡོན་ཏན་རྒྱ་མཚོ་བདག་རང་ལོ་སུམ་ཅུ་པར་བྲོ་ནད་ཚབ་པོ་ཆེས་ཉེན་ཅིང་རྒྱལ་ཁམས་སུའང་སྙིགས་མའི་རྒུད་པ་མངོན་ཏུ་གྱུར་པའི་སྐབས་གསོལ་བ་ཅི་དྲན་ཏུ་བཏབ་པ་དཀོན་མཆོག་གསུམ་གྱི་བདེན་པས་འགྲུབ་པར་གྱུར་ཅིག། ༈ །།རྗེ་བཙུན་མ་ལ་བསྟོད་པ་སྦྲང་རྩིའི་རླབས་ཕྲེང་ཞེས་བྱ་བ། །རྒྱལ་བ་སྲས་བཅས་སྐྱེད་པའི་ཡུམ། །འགྲོ་ལ་སྙིང་རྗེའི་སྤྱན་མྱུར་བ། །དོན་ཀུན་སྦྱིན་མའི་ཞབས་པད་ནི། །མི་འཕྲོག་དད་པའི་སྤྱི་བོར་མཆོད། །རྣམ་རྟོག་འཁོར་བའི་ཚུར་རོལ་ནས། །ཟག་པ་མེད་པའི་ཏིང་འཛིན་གྱིས། །མི་རྟོག་མྱང་འདས་ཕ་རོལ་དུ། །སྒྲོལ་མཛད་སྒྲོལ་མ་ཡུམ་ལ་འདུད། །ཟག་བཅས་ཉོན་མོངས་དྲྭ་བ་ནི། །རང་


LT28_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ཡེ་ཤེས་གྲིས་བཅད་དེ། །ཟག་མེད་ཞི་བའི་གྲིབ་བསིལ་དུ། །སྒྲོལ་མཛད་སྒྲོལ་མ་ཡུམ་ལ་འདུད། །སྡུག་བསྔལ་ཕུང་པོའི་གྲོང་ཁྱེར་ལས། །མི་གནས་རྣམ་པར་ཐར་པ་ཡིས། །བདེ་བ་རྟག་པའི་ཁང་བཟང་དུ། །སྒྲོལ་མཛད་སྒྲོལ་མ་ཡུམ་ལ་འདུད། །གཟུང་འཛིན་འཆི་བདག་མེ་ལྕེ་ནི། །སྟོང་ཞིང་བདག་མེད་ཆུ་བོས་གཞིལ། །སྐྱེ་འགག་མེད་པའི་རྒྱལ་ས་རུ། །སྒྲོལ་མཛད་སྒྲོལ་མ་ཡུམ་ལ་འདུད། །ཆགས་མེད་སྦྱིན་པའི་ཆུ་རྒྱུན་ལ། །རེ་སྐོང་མུ་ཏིག་དབུ་བ་འཁྲིགས། །འགྲོ་ཀུན་ཐར་པའི་འབྱུང་གནས་ཉིད། །དང་པོའི་ཕ་རོལ་ཕྱིན་ལ་འདུད། །ཚུལ་ཁྲིམས་ནོར་བུའི་རྒྱན་ཆས་སྒེག །དགེ་ལེགས་འདོད་པ་དུ་མ་འཇོ། །ལུང་དང་རྟོགས་པའི་ས་གཞི་ནི། །གཉིས་པའི་ཕ་རོལ་ཕྱིན་ལ་འདུད། །བཟོད་པའི་བླ་གོས་ཤིན་ཏུ་མཁྲེགས། །ཆོས་དང་ཆོས་ཅན་རོ་གཅིག་བགོས། །བདུད་ལ་རྡོ་རྗེའི་དབྱུག་པ་ཉིད། །གསུམ་པའི་ཕ་རོལ་ཕྱིན་ལ་འདུད། །བརྩོན་འགྲུས་གསེར་གྱི་ཤིང་རྟ་ཡིས། །འཇིགས་སར་འཆེལ་རྣམས་ཡང་ནས་ཡང་། །སྟོབས་དང་ལྡན་པར་འདྲེན་མཛད་མ། །བཞི་པའི་ཕ་རོལ་ཕྱིན་ལ་འདུད། །མི་བསྙེལ་བསམ་གཏན་བདུད་རྩིའི་ཟས། །ཏིང་འཛིན་ཡན་ལག་དུ་མའི་རོ། །ཚིམས་པར་རོལ་པའི་གཞོན་ནུའི་ལུས། །ལྔ་པའི་ཕ་རོལ་ཕྱིན་ལ་འདུད། །དྲི་མེད་ཤེས་རབ་


LT28_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་ཡངས་པོས། །ཆོས་ཀུན་ཆགས་ཐོགས་བྲལ་བར་གཟིགས། །སྤྲོས་བྲལ་ངང་ལས་མི་གཡོ་བ། །དྲུག་པའི་ཕ་རོལ་ཕྱིན་ལ་འདུད། །ཐབས་མཁས་གྲུ་ཆེན་ལ་ཞོན་ཏེ། །ཡེ་ཤེས་རིན་ཆེན་གླིང་མཆོག་ཏུ། །སྣ་ཚོགས་སྣ་ཚོགས་ཚུལ་གྱིས་དཀྲིད། །བདུན་པའི་ཕ་རོལ་ཕྱིན་ལ་འདུད། །སྨོན་ལམ་ནོར་བུ་དཔག་བསམ་ཤིང་། །དམིགས་མེད་སྙིང་རྗེའི་རྩ་བ་ཅན། །རྟོག་མེད་འབྱོར་པའི་སླད་དུ་རྟག །བརྒྱད་པའི་ཕ་རོལ་ཕྱིན་ལ་འདུད། །སྤྱོད་ཡུལ་ཤིན་ཏུ་དག་པའི་སྟོབས། །སྤང་གཉེན་ཇི་ལྟར་མཚམས་པར་འཇུག །ཀུན་ནས་མྱུར་བའི་རྫུ་འཕྲུལ་སོགས། །དགུ་པའི་ཕ་རོལ་ཕྱིན་ལ་འདུད། །གང་ཡང་སྐྱེ་བ་མེད་མཁྱེན་པས། །གང་ཞིག་འགག་པ་མི་མངའ་བ། །གང་དུའང་མི་གནས་ཟབ་ཅིང་གསལ། །ཡེ་ཤེས་ཕ་རོལ་ཕྱིན་ལ་འདུད། །རྒྱལ་བ་ཀུན་གྱི་རྣམ་པར་ཐར། །ཁྱོད་ཀྱི་བ་སྤུ་གཅིག་ན་འཇུག །ཡོན་ཏན་ཡངས་པའི་རྡུལ་ཕྲན་ལ། །མོས་བློས་ཅུང་ཟད་བསམ་པའི་མཐུས། །བདག་སོགས་མཁའ་ཁྱབ་སེམས་ཅན་ཀུན། །བདུད་ལས་རྣམ་རྒྱལ་སྒྲོལ་མ་བཞིན། །སྐད་ཅིག་གཅིག་སྦྱོང་བྱེ་བྲག་ཀྱང་། །བསྐལ་པ་རྒྱ་མཚོ་ལ་འཇུག་ཤོག །མ་ཆགས་གཏོང་བ་ནམ་མཁའ་མཛོད། །འགྲོ་ལ་དམིགས་པ་མེད་ཕྱེ་བས། །བསོད་ནམས་དམ་པའི་རིན་ཆེན་ནི། །མི་ཟད་གཏེར་དང་ལྡན་པར་ཤོག །སྒོ་གསུམ་ཉེས་སྤྱོད་


LT28_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བསྡམ་པ་ལ། །འཆལ་བའི་རྡུལ་གྱིས་མ་གོས་ཀྱང་། །སྡོམ་དང་རློམས་སེམས་སྤངས་པའི་གོས། །སྐྱེ་བ་ཀུན་ཏུ་བགོ་བར་ཤོག །བདག་མེད་ནམ་མཁའ་ལྟ་བུའི་སེམས། །སྐྱེ་མེད་ཆོས་ལ་རྟག་ཞུགས་པས། །ཁུང་ཆེན་ཅི་ཡང་ཐེག་པ་ཡི། །བཟོད་པའི་གོ་ཆ་ཐོབ་པར་ཤོག །རྒྱལ་སྲས་རྣམས་ཀྱི་ཞོན་པའི་མཆོག །བདུད་ཀྱིས་མི་བརྫི་བརྩོན་འགྲུས་རྟ། །ས་ལམ་མྱུར་དུ་བགྲོད་པ་ལ། །ལེ་ལོའི་སྒྲོག་དང་བྲལ་བར་ཤོག །ལུས་ངག་ཡིད་ལ་ཞི་ཐོབ་ཅིང་། །རྣམ་ཤེས་བདུན་པོ་དབང་དུ་གྱུར། །བྱང་ཆུབ་ཆོས་རྣམས་བརྟེན་པའི་གཞི། །བསམ་གཏན་ཞབས་དང་ལྡན་པར་ཤོག །ཕུང་སོགས་ལྟ་ལ་མི་གནས་པས། །ལེན་པའི་རྣམ་ཤེས་རྡུལ་སྤངས་ཏེ། །ཤེས་བྱའི་སྒྲིབ་པ་ཕྲ་བ་ཕྲལ། །ཤེས་རབ་རིག་པའི་སྤྱན་ཐོབ་ཤོག །ཐབས་སྟོབས་སྨོན་ལམ་ཏིང་འཛིན་སོགས། །སྤྱོད་ཡུལ་མཁའ་ལྟར་རྒྱ་ཆེ་ཞིང་། །འགྲོ་ལ་འཆི་མེད་དཔལ་སྟེར་བ། །སྒྲོལ་མའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་ཁྲོ་ཆུ་ཤུ་བྷཾ་དགོན་ཏུ་ལྷག་པའི་ལྷ་འདི་ཉིད་ཉེ་བར་བསྙེན་པའི་ཐུན་མཚམས་སུ་ཡོན་ཏན་རྒྱ་མཚོས་བྲིས་པ་སྟེ་རང་ལོ་སོ་བཞི་པ་ལ་དགེ། ༈ །།བྱིན་རླབས་ཉིན་བྱེད་བསྐུལ་བའི་བསྟོད་དབྱངས་སྐྱ་རེངས་ཀྱི་ཕྲིན་པ་ཞེས་བྱ་བ། སྟོབས་བཅུའི་ཉི་མ་བྱེ་བའི་གཟི་བརྗིད་ཀྱིས། །འཆི་བདག་མུན་སྟུག་


LT28_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཡུད་ལ་བསལ་ནས་ཀྱང་། །ཚེ་དབང་ཡེ་ཤེས་སྦྲང་རྩིས་གཏམས་པའི་ཚལ། །རྒྱས་མཛད་བཅོམ་ལྡན། ཐུགས་རྗེ་ཅན་མས་སྐྱོངས། །མཚུངས་པ་མེད་པ་ལྷ་ཡི་འབྱོར་པ་ཡིས། །རབ་མཛེས་ཞི་བའི་སྐུ་མཆོག་ཡིད་འོང་མ། །བྱིན་རླབས་ཟིལ་དངར་འབུམ་ཕྲག་འཇོ་བ་དེས། །བདག་དང་འགྲོ་ལ་ཚེ་དབང་མཆོག་དངོས་སྩོལ། །འཁོར་བའི་མཚོ་ནང་འདམ་སྐྱེས་པདྨོ་བཞིན། །སྙིང་རྗེའི་སྟོབས་ཀྱིས་མི་སྤོང་མི་ཆགས་པར། །ནམ་མཁའ་སྲིད་དུ་ཐུགས་རྗེའི་རྩལ་སྤྲུགས་ཀྱང་། །ནམ་མཁའ་བཞིན་ཏུ་ཐུགས་རྗེ་འཛད་པ་མེད། །འདི་ན་བཟང་ངན་བར་མའི་བློ་གྲོས་ཀྱིས། །ཡང་དག་ལོག་དང་འཆོལ་བར་སྤྱོད་མོད་ཀྱི། །འདྲེན་པའི་ཕྱག་གིས་སུ་ཡང་མི་འདོར་བས། །བཏང་སྙོམས་ཆེན་པོས་སངས་རྒྱས་མཛད་པ་སྒྲུབ། །ཐོག་མར་སྲིད་པའི་མཚོ་ལས་སྲིད་པ་བསྒྲལ། །བར་དུ་རྣམ་པར་ཐར་པའི་སྤྱོད་ཡུལ་བསྩལ། །ཐ་མར་ཞི་བའི་གཉིད་ལས་བསླངས་ནས་སུ། །རྒྱལ་བའི་སྲས་ནི་དུས་གསུམ་ཀུན་ཏུ་བསྐྲུན། །དལ་འབབས་པདྨས་གང་བའི་མཚོ་ངོགས་སུ། །ཁྲུས་ལ་ཞུགས་པའི་གཟུགས་ཅན་ཡོད་འོང་མ། །དེ་རིང་ཁྱོད་སྐུའི་ངོ་མཚར་དྲན་འདི་དང་། །གདུང་བ་འགོག་པའི་ཡིད་ནི་མཚུངས་པར་གྱུར། །ཆགས་མེད་མཛེས་མ་ཆགས་པའི་ཡིད་འཕྲོག་མ། །ཞི་བའི་འཛུམ་ལྡན་སྡང་བ་ཀུན་བཅོམ་མ། །ཡེ་ཤེས་ཐུགས་


LT28_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་རྨོངས་ལ་རབ་བརྩེ་མ། །འཕྲུལ་ཆེན་འདི་འདྲས་རྒྱལ་རྣམས་དགྱེས་པར་ཤེས། །པད་དཀར་དགའ་ཚལ་ལྟ་བུར་སྙིང་དུ་སྡུག །ནོར་བུ་བཞིན་ཏུ་འདོད་དགུའི་དངོས་པོ་འཇོ། །རྡོ་རྗེ་དང་མཚུངས་མི་མཐུན་འཇིགས་བཅོམ་པ། །རྗེ་བཙུན་མ་ཁྱོད་བདག་གི་སྙིང་གི་དཔྱིད། །དག་པའི་ཤེལ་འདྲ་སྒྲིབ་བྲལ་འོད་ཀྱི་ལུས། །གཞོན་ཤ་རབ་ཆགས་འཆི་མེད་ན་ཆུང་མ། །ཡིད་ལ་བྱས་པའི་དགའ་བ་ཇི་འདྲ་བ། །དེ་འདྲ་བདུད་རྩིའི་ཟས་ཅན་སྙིང་ལའང་མེད། །ནམ་མཁའི་མཐས་གཏུགས་འགྲོ་ལ་གཟིགས་པ་ཡི། །སྤྱན་རས་པདྨའི་འདབ་མ་རབ་ཡངས་པ། །མི་ཟུམ་སྙིང་རྗེའི་ཆུ་ཡི་དོགས་པ་འཁྲིལ། །སྲིད་གསུམ་སྙིང་གི་དྲི་མ་བཀྲུ་བ་བཞིན། །གཡོ་རྩོལ་མི་མངའ་འཇིག་རྟེན་ཀུན་ཏུ་བསྐྱོད། །རྟོག་པ་ཀུན་སྤངས་མོས་པའི་རྗེས་སུ་འཇུག །ཉི་ལྟར་སྙོམས་ཀྱང་འཆི་བདག་མུན་པ་འཇོམས། །དེ་ཕྱིར་མ་གཅིག་མཚན་གྱི་སྙན་པ་ཆེ། །དྭངས་མ་སྡུད་ཀྱང་སྒྲུབ་ལ་བཅུད་སྩོལ་མ། །གཟི་བརྗིད་འབར་ཡང་སྙིང་ལ་རབ་བསིལ་མ། །རྣམ་འགྱུར་སྤངས་ཀྱང་སྒེག་པའི་འཛུམ་ཞལ་མ། །འཇིག་རྟེན་གསོ་བྱེད་སྨན་ཆེན་རྣམ་ཐར་མངའ། །གང་ཞིག་ཉི་མའི་དཀྱིལ་འཁོར་ལ་བརྟེན་པ། །དེ་ལ་མུན་པའི་གོ་སྐབས་འབྱུང་མི་འགྱུར། །དེ་བཞིན་དུས་གསུམ་རྒྱལ་ཡུམ་ཁྱོད་བསྟེན་པ། །དེ་ལ་


LT28_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

དུས་མིན་འཆི་སོགས་འཇིགས་མི་འབྱུང་། །ཆུས་ཁྱེར་ར་མདའ་སྐམ་ལ་སྦྲན་པ་བཞིན། །འཇིགས་པས་གཡེང་བའི་བདག་སོགས་འཁོར་བ་པ། །ཁྱོད་ལས་མྱུར་བའི་སྐྱབས་གཞན་མ་མཆིས་པས། །སྒྲོལ་མ་བདུད་བཞིའི་འཇིགས་ལས་བསྒྲལ་དུ་གསོལ། །མཆོག་གི་ཕྱིར་ན་རྟག་ཏུ་མངོན་འདོད་པས། །བསྒྲུབས་པའི་འབྲས་བུ་ཕྱི་དུས་མ་འགྱང་བར། །མཐོང་གྲོལ་བདུད་རྩིའི་ཟེར་བརྒྱ་འཛག་པའི་སྐུ། །མིག་ལ་ཟླ་བ་བཞིན་ཏུ་སྣང་བར་མཛོད། །ཚིག་ལས་འདས་པའི་སྒྲ་སྐད་ཐམས་ཅད་པ། །ཚངས་དབྱངས་གསུང་གི་གླིང་བུའི་སྙན་འཇེབས་ནི། །ཆད་མེད་རྣ་བའི་བཅུད་དུ་ཐོས་མཛད་ནས། །རིགས་དང་མི་རིགས་ལམ་ངོ་ཕྱེད་པར་གསོལ། །རྟག་ཏུ་བལྟས་ཀྱང་ཡང་དག་མ་མཐོང་བསྒྲིབས། །ཁྱོད་ཐུགས་བསམ་མི་ཁྱབ་དང་ཤིན་ཏུ་འགལ། །ཡང་དག་ཉིད་ན་བཟང་ངན་རྡུལ་ཙམ་མེད། །འཁོར་འདས་རོ་མཉམ་དེ་ཡང་དེ་རིང་སྟོན། །བློ་བྲལ་དཔེ་ལས་འདས་པའི་དེ་བཞིན་ཉིད། །དངོས་ཀུན་ཁྱབ་བདག་མ་གཅིག་ཆོས་ཀྱི་སྐུ། །བརྟན་གཡོའི་དྭངས་བཅུད་འདུས་པའི་ཐིག་ལེ་དེ། །བདག་གི་སྙིང་གར་འཕོ་འགྱུར་མེད་པར་བཞུགས། །སྔོན་ཆད་ས་སྟེང་རྟག་ཏུ་བསྡད་པ་མེད། །སླད་དང་ད་ལྟ་རྨི་ལམ་སྣང་མཚུངས་ཀྱང་། །ལུས་རྟེན་འདི་ལས་སྙིང་པོ་མ་ལོན་པར། །སྲོག་གི་ཀ་བ་རྡོ་རྗེ་ལྟ་བུར་ཚུགས། །ཟིན་


LT28_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

མེད་འཁོར་བའི་བྱ་བ་ཆུ་གཉེར་ལ། །རྣམ་པར་གཡེང་བའི་བྱིས་པ་སྙིང་རེ་རྗེ། །སྐྱབས་མེད་སྐྱབས་སུ་བཞེངས་པ་འགྲོ་བའི་མས། །འདི་དག་འཁྲུལ་སྣང་འཇིགས་ལས་བསྒྲལ་དུ་གསོལ། །བདག་ཅག་ཐུགས་ཀྱིས་མ་འདོར་རྒྱལ་བའི་ཡུམ། །འཇིགས་སར་བཏང་སྙོམས་མ་མཛད་བདག་གི་སྐྱབས། །སྒྲོལ་མཛད་དམ་བཅའ་མ་གཡེལ་སྙིང་རྗེའི་ལྷ། །བློ་གཏད་བཅས་སོ་འཕགས་མ་སྒྲོལ་མ་མཁྱེན། །གང་གིས་ཐོབ་པས་འཆི་སོགས་འཇིགས་འཇོམས་ཤིང་། །མཐོ་རིས་ཐར་པའི་བདེ་ལ་ངལ་གསོ་བ། །ཁྱོད་ཀྱིས་བསྒྲུབས་པའི་རིང་འཚོའི་བཅུད་ལེན་དེ། །དེ་རིང་བདག་སོགས་རྣམས་ལ་བགོ་བཤའ་སྩོལ། །འོད་ཟེར་རྣོན་པོས་འཆི་བདག་སྙིང་ག་ཕུག །བྱིན་རླབས་ཐིགས་པ་མོས་པའི་སྣོད་དུ་གཏིགས། །ཆོས་སྐུའི་འདྲ་འབག་ཚངས་པའི་ཡུལ་ས་རུ། །བཞུགས་ནས་ཐེག་ཆེན་ཆོས་འཁོར་བསྐོར་དུ་གསོལ། །ཞེས་པའང་བག་ཡོད་ཆུ་གླང་དབོ་ཟླའི་གྲལ་ཚེས་འགྲུབ་པའི་སྦྱོར་བ་དང་ལྡན་པར་བསྙེན་པ་གྲུབ་པའི་ཚེ་ཡོན་ཏན་རྒྱ་མཚོས་གསོལ་བ་བཏབ་པ་བདག་གཞན་འབྲེལ་བཅས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སརྦ་སིངྡྷི་ྷ་བནྟུ། ལྷ་མོ་ལ་གུས་དམ་བཅས་རྒྱུན་འབབས་ཀྱི་ཚིག་ཕྲེང་བདུད་རྩིའི་ཐིགས་པ་ཞེས་བྱ་བ། ན་མོ་གུ་རུ་ཨཱརྱ་ཏཱ་རཱ་ཡ། །སྟོགས་ཆུ་མངའ་བའི་སྲས་ཀྱིས་བསྐོར་བའི་དབུས། །


LT28_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་བཅུའི་མངའ་བདག་ཡུམ་མཆོག་རྗེ་བཙུན་མ། །དྲི་མེད་ཟླ་ཤེལ་གསར་པའི་དཀྱིལ་འཁོར་ནི། །འཆི་བདག་མུན་པ་བཅོམ་ལ་ཕྱག་འཚལ་ལོ། །འཁོར་བ་དང་པོར་བསྐྱེད་པའི་རྒྱུ་དང་རྐྱེན། །འཁོར་བའི་གནས་སྐབས་རྒྱུ་འབྲས་མཚམས་སྦྱོར་གྱི། །གནས་དང་གནས་མིན་མཁྱེན་པའི་སྟོབས་མཆོག་གིས། །འགྲོ་བས་ཡང་དག་རྒྱུ་འབྲས་གནས་ཐོབ་མཛོད། །འདས་པའི་ལས་ནི་སྐྱེས་བུའི་རང་ནོར་བཞིན། །མ་འོངས་ལས་ཀྱང་དཔྱིད་བཏབ་ས་བོན་བཞིན། །ལས་དང་རྣམ་སྨིན་མཁྱེན་པའི་སྟོབས་ཀྱི་མེས། །བདག་སོགས་ལས་ངན་ཚང་ཚིང་སྲེག་པར་མཛོད། །བསམ་གཏན་རྣམ་ཐར་ཏིང་འཛིན་སྙོམས་འཇུག་དང་། །མི་མཐུན་ཀུན་ཉོན་གཉེན་པོའི་ཕྱོགས་འཕེལ་བ། །རྣམ་བྱང་འབྱུང་འཇུག་ལྡང་བ་མཁྱེན་སྟོབས་ཀྱིས། །འཁྲུལ་མེད་ལམ་གྱི་མངོན་རྟོགས་རྒྱུད་ལ་སྩོལ། །དམུས་ལོང་སྐྱོན་ལྡན་རྣམ་པར་དག་པའི་མིག །ཡུལ་ལ་འཇུག་པ་མཉམ་པ་ཉིད་མིན་ཏེ། །དབང་པོ་དམན་མཆོག་དེ་བཞིན་མཁྱེན་སྟོབས་ཅན། །བདག་དབང་ཤིན་ཏུ་རྣོ་བར་གོང་འཕོ་མཛོད། །བཟང་ངན་བར་མ་དེ་བཞིན་རྒྱ་ཆེ་ཆུང་། །མ་ངེས་དོན་གཉེར་དོན་སྤྱོད་ཐ་དད་པ། །མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་མཆིས་པས། །མོས་ལྡན་གཟིགས་པ་ལྐོག་གྱུར་མི་མཛད་གསོལ། །ངེས་དང་མ་ངེས་ལོག་སྲེད་རིགས་ཆད་ཕྱིར། །


LT28_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་གསུམ་ཞིང་སར་ཆོས་ཀྱི་འབྲས་སྣ་ཚོགས། །འདེབས་ལ་ཁམས་རྣམས་མཁྱེན་པའི་སྟོབས་མངའ་བས། །བདག་རིགས་ཐེག་པ་ཆེན་པོར་སད་མཛད་གསོལ། །གང་ལ་གནས་ན་གང་དུ་འགྲོ་འགྱུར་བ། །སྔར་གོམས་ལམ་དུ་ཞུགས་པའི་སྐྱེ་བོ་བཞིན། །འཁོར་འདས་ཀུན་འགྲོའི་ལམ་མཁྱེན་སྟོབས་མངའ་བས། །མི་གནས་མངོན་བྱང་ཆེན་པོའི་ཤུལ་ལམ་སྟོན། །རྣམ་མཁྱེན་ཤེལ་གྱི་ར་བ་རྙོགས་པ་མེད། །སྲིད་པ་མ་བྲིས་གཟུགས་བརྙན་ཐོགས་མ་མེད། །སྔོན་གནས་རྗེས་དྲན་མཁྱེན་པའི་སྟོབས་མཆོག་གིས། །ལུས་ཅན་སྐྱེ་བའི་ཕྲེང་བར་ཡིད་འབྱུང་སྩོལ། །ཚེ་དང་ལས་ཀྱི་མཐའ་དང་ཡང་སྲིད་གཞན། །ཇི་ཙམ་འབབ་ཅིང་གང་དུ་འཇུག་པའི་ལུང་། །ཚད་མ་སྒྲོགས་མཛད་སྐྱེ་འཆི་མཁྱེན་སྟོབས་ཀྱིས། །བདག་སོགས་སྐྱེ་འཆིའི་ཆུ་རྒྱུན་བཟློག་པར་གསོལ། །གང་ལ་སྲེད་ལེན་ཉིད་མཚམས་སྦྱོར་མཆིས་དང་། །གང་གིས་ཡང་སྲིད་རྩ་བ་བཅད་པ་སྟེ། །ཟག་དང་ལྡོག་པའི་འགྲོས་མཁྱེན་དཔའ་བོའི་སྟོབས། །ཟག་པ་མཐར་བྱེད་དཔུང་ལ་འཇུག་པར་མཛོད། །རྒྱལ་དང་རྒྱལ་བའི་མྱུ་གུ་སྐྱེད་པའི་ཡུམ། །སྙིང་རྗེའི་ལུས་ཅན་མཐའ་དག་འཚོ་བའི་མ། །བདག་གི་སེམས་ཀྱི་མ་གཅིག་ཁྱོད་ལགས་པས། །བུ་སྡུག་མགོན་མེད་བརྩེ་བས་འདོར་ཕོད་དམ། །མཐོ་རིས་ཡོན་ཏན་བདུན་གྱི་བླ་ན་


LT28_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར། །མ་ཡི་ཆོས་དང་གཟུགས་སྐུ་སྒྲིབ་མེད་མཐོང་། །བསྒྲལ་དང་སྐྱོབ་པའི་གཡར་དམ་ཅི་འཆལ་བ། །དེ་ལ་བདག་གི་སྟོབས་ཀྱང་འཇུག་པར་ཤོག །ཅེས་པའང་ཀུན་དགའ་ཤིང་སྟག་ཁྲུམས་ཀྱིས་ཉ་བའི་ཉིན། །བྱང་ཆུབ་སྒྲུབ་པའི་འགྲུབ་སྦྱོང་དང་ལྡན་པའི་ཐུན་མཚམས་སུ་བློ་གྲོས་མཐའ་ཡས་ཀྱིས་གསོལ་བ་བཏབ་པ་མངྒ་ལཾ། །༈། །རྗེ་བཙུན་ཐུགས་རྗེ་ཅན་མ་ལ་བསྟོད་ཅིང་ཕྱག་བྱ་བ་བདུད་རྩིའི་སྒྲ་དབྱངས་ཞེས་བྱ་བ། །ཚེ་དབང་བཀྲ་ཤིས་སྦྱིན་པའི་ཅོད་པན་ནི། །འོད་དཔག་མེད་བརྒྱན་དངོས་གྲུབ་བདུད་རྩིའི་རྒྱུན། །འགྲོ་ཀུན་གསོས་སུ་འབེབས་བའི་ལྷ་མོ་མཆོག །ཡིད་བཞིན་འཁོར་ལོའི་ཞབས་ཀྱི་པདྨོར་འདུད། །ཤིན་ཏུ་རྣམ་དག་སྤྲོས་པའི་མཐའ་ཀུན་ཞི། །གཙང་བདག་བདེ་བ་རྟག་པ་དམ་པའི་དངོས། །ཆོས་དབྱིངས་ཡེ་ཤེས་ནམ་མཁའི་ངོ་བོ་ཉིད། །དངོས་ཀུན་ཁྱབ་པའི་བདག་ལ་ཕྱག་འཚལ་ལོ། །གཟུང་འཛིན་ཀུན་སྤངས་རང་བཞིན་འོད་གསལ་བ། །སྐུ་དང་ཡེ་ཤེས་གཟུགས་བརྙན་བྱེ་བ་འཆར། །མེ་ལོང་ཡེ་ཤེས་ཉི་ཟླའི་དཀྱིལ་འཁོར་གྱིས། །ཤེས་བྱ་སྣང་བར་མཛད་ལ་ཕྱག་འཚལ་ལོ། །ཕྱོགས་དང་རིས་མེད་བརྡལ་བ་ཆེན་པོའི་ངང་། །འཁོར་འདས་ཀུན་སྙོམས་ཐུགས་རྗེའི་མུ་ཁྱུད་ཅན། །མཉམ་ཉིད་ཡེ་ཤེས་ས་ཆེན་ཡངས་པའི་གཞིར། །མཆོག་དམན་བར་མ་བརྟེན་ལ་ཕྱག་འཚལ་ལོ། །བསམ་གྱིས་མི་ཁྱབ་རྣམ་པར་


LT28_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་བའི་སྒོར། །སྤྱི་དང་རང་མཚན་མ་འདྲེས་ས་ལར་སྣང་། །སོར་རྟོག་ཡེ་ཤེས་ལོ་འབྲས་ཚད་མེད་པ། །སྐྱེ་དགུའི་ཉེར་འཚོར་གྱུར་ལ་ཕྱག་འཚལ་ལོ། །ནོར་བུ་བུམ་བཟང་དཔག་བསམ་ལྗོན་ཤིང་ལྟར། །འབད་རྩོལ་མི་མངའ་གཞན་དོན་ལྷུན་གྱིས་གྲུབ། །ནན་ཏན་ཡེ་ཤེས་གཏིང་ཟབ་རྒྱ་མཚོའི་ཀླུང་། །འཁོར་བའི་མཐར་ཐུག་འབེབས་ལ་ཕྱག་འཚལ་ལོ། །སྲིད་རྩ་ཉེ་བར་ལེན་པའི་རྣམ་པར་ཤེས། །དེ་བཞིན་ཉིད་དང་རོ་གཅིག་གཉིད་སངས་པས། །མཚན་མའི་ཆོས་ཀུན་མི་ལེན་མི་འདོར་བ། །སྤངས་པ་ཕུན་སུམ་ཚོགས་ལ་ཕྱག་འཚལ་ལོ། །དྲི་མེད་མཁྱེན་རབ་པདྨ་ལྟར་རྒྱས་པས། །ཆོས་ཀུན་ནམ་མཁའ་ལྟ་བུར་ཐུགས་སུ་ཆུད། །སྐྱེ་འགག་གནས་དང་བྲལ་བའི་གཟིགས་པ་ཅན། །རྟོགས་པ་ཕུན་སུམ་ཚོགས་ལ་ཕྱག་འཚལ་ལོ། །གང་ གིས་འཁོར་བ་རང་བཞིན་མེད་གཟིགས་པ། །དེ་ཡིས་འཁོར་བའི་སྡུག་བསྔལ་དང་དུ་བཞེས། །སྲིད་པའི་མཐར་ཐུག་མྱ་ངན་མི་འདའ་བ། །ཐུགས་རྗེ་ཕུན་སུམ་ཚོགས་ལ་ཕྱག་འཚལ་ལོ། །འཕགས་མ་སྒྲོལ་མ་རྒྱལ་བ་ཀུན་གྱི་ཡུམ། །བརྩེ་ལྡན་འགྲོ་དྲུག་བུ་ལྟར་སྐྱོང་བའི་མ། །སྒོ་གསུམ་གུས་པས་འདུད་དོ་འཇིགས་ལས་སྐྱོབས། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །མཚན་དཔེའི་སྐུ་ལས་ཟླ་བ་ཆུ་ཤེལ་འོད། །ཀུན་


LT28_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་མེ་ལོང་ལྟ་བུའི་རང་བཞིན་གྱིས། །ལུས་ཅན་གདོས་བཅས་འཕོ་བའི་བག་ཆགས་བཅོམ། །འགྱུར་མེད་སྐུ་ཡི་རྡོ་རྗེར་བྱིན་གྱིས་རློབས། །ཚངས་དབྱངས་གསུང་ཟེར་པདྨ་རཱ་གའི་མདོག །ཀུན་འབྱེད་སོ་སོར་རྟོག་པའི་ཚ་གདུང་གིས། །བདག་སོགས་སྒྲ་ཚིག་འཕོ་བའི་མུན་པ་སོལ། །འགག་མེད་གསུང་གི་རྡོ་རྗེར་བྱིན་གྱིས་རློབས། །སྤྲོས་བྲལ་ཐུགས་ཀློང་ཨིནྡྲ་ནཱི་ལའི་མདངས། །ཀུན་ཁྱབ་ཆོས་དབྱངས་བདུད་རྩིའི་ཆུ་རྒྱུན་གྱིས། །འགྲོ་དྲུག་རྟོག་ཚོགས་འཕོ་བའི་དྲི་མ་བཀྲུས། །འཁྲུལ་མེད་ཐུགས་ཀྱི་རྡོ་རྗེར་བྱིན་གྱིས་རློབས། །བྲལ་སྨིན་ཡོན་ཏན་གཟི་བརྗིད་གསེར་སྦྱངས་དངོས། །ཀུན་སྙོམས་མཉམ་པ་ཉིད་དུ་ཁྱབ་པ་དེས། །སྲིད་གསུམ་སྙོམས་འཇུག་འཕོ་བའི་དབུགས་བཀག་ནས། །གཞོམ་མེད་ཡེ་ཤེས་རྡོ་རྗེར་བྱིན་གྱིས་རློབས། །རྟག་ཁྱབ་ཕྲིན་ལས་གཡུ་ཞུན་འབར་བའི་གཟི། །ཀུན་བྱེད་བྱ་བ་ལྷུན་གྱིས་གྲུབ་པ་ཡིས། །ལས་ཀྱི་སྒྲིབ་སྐྱེས་འཕོ་ཆེན་འཇིགས་པ་འཕྲོག །འཕོ་མེད་རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས། །བདེ་ཆེན་ཆུ་སྐྱེས་བཞད་པའི་སྦྲང་རྩིའི་རྡུལ། །བ་སྤུའི་མཐར་ཐུག་གཞོམ་དུ་མེད་སྤྲོས་པས། །འཆི་བའི་འཇིགས་བཅོམ་མི་ཤིགས་དྭངས་མའི་སྐུ། །ཚེ་འདི་ཁོ་ནར་གྲུབ་པས་རྗེས་འཛིན་མཛོད། །འཇིག་རྟེན་མ་རྣམས་བུ་ཡི་རེ་སྐོང་ན། །རྒྱལ་བ་ཀུན་སྐྱེད་ཐུགས་


LT28_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཅན་གྱི་མས། །བློ་གཏད་སྙིང་ནས་བཅས་པའི་བུ་སྡུག་གི། །བསམ་པ་མྱུར་དུ་འགྲུབ་པར་མཛད་དུ་གསོལ། །ཞེས་པའང་སྟོད་ལུང་མཚུར་གྱི་ཕུ་མཁའ་སྤྱོད་ཐུགས་ཀྱི་འཁོར་ལོའི་ལྟེ་བ་གྲུབ་ཆེན་རིན་པོ་ཆེ་ཀརྨ་པགྴིའི་སྒྲུབ་གནས་པདྨ་ཁྱུང་གི་རྫོང་དུ་རྣལ་འབྱོར་ལ་གནས་པའི་ཐུན་མཚམས་སུ་བློ་གྲོས་མཐའ་ཡས་པའི་སྡེས་གསོལ་བ་བཏབ་པ་སིངྡྷྡྷི་ར་སྟུ།། ༈ །།རྒྱལ་བའི་ཡུམ་ལ་ཐུགས་དམ་སྐུལ་ཞིང་གསོལ་བ་འདེབས་པ་འཆི་བདག་གཡུལ་རྒྱལ་ཞེས་བྱ་བ། །ཐུགས་རྗེ་རབ་མྱུར་སྲས་བཅས་རྒྱལ་བའི་ཡུམ། །ཡུན་རིང་བརྩེ་བས་སྐྱངས་མཛད་འགྲོ་བའི་མ། །དྲན་པས་འཆི་བདག་གཡུལ་འཇོམས་དཔའ་བོའི་ཞབས། །དེ་རིང་བུ་ཡི་སྤྱི་བོར་བཀོད་དུ་གསོལ། །བསོད་ནམས་མཐའ་ཡས་ལས་འཁྲུངས་གཟུགས་ཀྱི་སྐུ། །སྐད་ཅིག་གཅིག་ལ་བྱེ་བར་རྣམ་འཕྲུལ་ཞིང་། །འགྲོ་བ་འཁོར་བའི་འཇིགས་ལས་སྒྲོལ་མཛད་མ། །སྙིང་གི་ཐིག་ལེར་རྟག་བཞུགས་བྱིན་གྱིས་རློབས། །ཆོས་ཀུན་སྐྱེད་མཛད་ཤེས་རབ་ཕ་རོལ་ཕྱིན། །ཆོས་དབྱིངས་ཀུན་ཁྱབ་འོད་གསལ་ཆོས་ཀྱི་སྐུ། །སྐྱེ་འགག་མཚན་བྲལ་རྟག་པ་དམ་པའི་དངོས། །རྐང་གཉིས་གཙོ་བོ་རྣམས་ཀྱིས་ཕྱག་བྱས་མ། །ཕྱག་རྒྱ་ཆེན་མོ་བརྟན་གཡོ་ཀུན་གྱི་སྲོག །བདེ་ཆེན་ཡེ་ཤེས་རྒྱས་པའི་གཟི་བརྗིད་ཅན། །སྲིད་ཞི་སྣ་ཚོགས་ཅིར་ཡང་རྣམ་པར་


LT28_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ། །དམིགས་མེད་རོ་མཉམ་སངས་རྒྱས་ཀུུན་གྱི་གསང་། །ཁྱོད་ནི་རབ་ཏུ་ཟབ་པས་བརྟག་པར་དཀའ། །ཐུགས་རྗེའི་རྩལ་ཤུགས་སུས་ཀྱང་འགྲན་ནུས་མིན། །བསམ་གྱིས་མི་ཁྱབ་འགྲོ་བའི་རེ་སྐོང་མ། །ནོར་བུ་ལྗོན་ཤིང་གཏེར་གྱིས་དཔེར་མི་བཟོད། །དྲི་མེད་ཡེ་ཤེས་ནམ་མཁའི་མུ་ཁྱུད་མཐའ། །མཉམ་པ་ཉིད་གྱུར་འགྲོ་ཁམས་དེ་སྙེད་ཀྱི། །མོས་པའི་བུ་གར་ཁམས་དབང་བཞིན་ཏུ་འཇུག །བདེ་བ་ཐར་པའི་རྒྱུ་འབྲས་གོ་སྐབས་འབྱེད། །མཁའ་ཁྱབ་སྐྱེ་དགུའི་ཉེར་འཚོར་འཁྱིལ་པ་ཡི། །རབ་རྒྱས་སྙིང་རྗེ་བདུད་རྩིའི་ཆུ་གཏེར་ནི། །འདོད་རྒུ་ཡིད་བཞིན་འཇོ་བའི་དབྱིག་གིས་གཏམ། །ཐུགས་རྗེའི་དུས་རླབས་ནམ་ཡང་ཡོལ་བ་མེད། །དགེ་ལེགས་མྱུ་གུ་མཐའ་དག་བསྐྲུན་པའི་གཞི། །ལུས་ཅན་མཐའ་དག་བདེ་བར་འཚོ་བའི་གནས། །མཐའ་ཡས་རྣམ་པར་ཐར་པའི་ས་ཆེན་ལ། །རྒྱལ་སྲས་རྣམ་ཐར་ཀུན་གྱི་སྨན་ལྗོངས་སྐྱེད། །བསྡུ་བ་བཞི་ཡི་བང་རིམ་ཤིན་ཏུ་ཡངས། །བློ་ལྡན་གསེར་རིའི་དབུས་ན་མངོན་པར་འཕགས། །དུས་གསུམ་གཤེགས་པའི་ལྷ་དབང་ཀུན་བསྟེན་པ། །ཁྱོད་མཚུངས་ལྷུན་པོ་རྒྱལ་བས་ཡོངས་མ་གཟིགས། །སྲིད་ཞིའི་མཁའ་ལ་ཐབས་ཤེས་ཤིང་རྟས་སྐྱོད། །ཆོ་འཕྲུལ་གསུམ་གྱི་སྣང་བ་རྟག་ཏུ་བཀྱེ། །འཆི་བདག་མུན་ཚོགས་གཞོམ་པའི་འོད་རྣོན་ཅན། །


LT28_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་ཉི་མ་བདག་གིས་དཔལ་དུ་ཤར། །དུས་ཀྱི་སྨག་རུམ་སེལ་མཛད་ཟླ་བའི་ཞལ། །རིང་འཚོའི་ཆུ་གཏེར་བདུད་རྩིའི་ཐིགས་པས་སྤེལ། །གང་སྐུའི་དཀྱིལ་འཁོར་འཆར་བའི་ཡིད་ཀྱི་མཁར། །རྟག་པ་དམ་པའི་དགའ་བ་ཉམས་མ་གྱུར། །སྲིད་ཞི་གཉིས་སུ་མཚན་ཙམ་དཀོན་པའི་ཕུལ། །བསོད་ནམས་ལྡན་པའི་སྐལ་པར་ལེགས་འོང་ཞིང་། །འདི་དང་གཏན་གྱི་ཕོངས་པ་མཐའ་དག་སེལ། །ཡིད་བཞིན་ནོར་བུ་བདག་སོགས་གཙུག་གི་རྒྱན། །གང་གིས་བསྟེན་པས་འཆི་བའི་འཇིགས་པ་འཕྲོག །རིང་འཚོའི་བཅུད་ལེན་སྦྱིན་ལ་མཐུ་ཆེ་བ། །བདེ་ཆེན་ཡེ་ཤེས་བདུད་རྩི་ཉོན་མོངས་ཀྱི། །ཟུག་རྔུ་བརྒྱད་ཁྲི་ཞི་བའི་ཟིལ་དངར་འཇོ། །འཇིགས་པའི་དངོས་པོ་ཕྲ་རགས་ཐམས་ཅད་བཅོམ། །ལྟ་བར་གྱུར་པའི་རི་བྲག་ཐལ་བར་འབིགས། །ཡིད་མྱུར་ཕྲིན་ལས་གང་ལའང་ཐོགས་པ་མེད། །རྡོ་རྗེའི་སྙིང་པོ་མཁྲེགས་པ་མཁའ་དང་མཚུངས། །མ་སྐྱེས་མ་འགགས་གཉིས་མེད་འདུས་མ་བྱས། །ཡི་གེ་མེད་ཅིང་སྒྲ་སྤངས་བརྗོད་དུ་མེད། །གཉེན་པོ་མ་མཆིས་མི་རྟོག་ལྷུན་གྱིས་གྲུབ། །ཤེས་རབ་ཕ་རོལ་ཕྱིན་མ་རྒྱལ་བའི་ཡུམ། །ཏིང་འཛིན་རྣམ་ཐར་བསམ་མི་ཁྱབ་ལ་གནས། །བློ་ལས་འདས་པའི་སྤྱོད་ཡུལ་མཐའ་ཡས་སྒྲུབ། །ངོ་མཚར་ཆེན་པོའི་བྱིན་གྱིས་བརླབ་མཛད་པ། །ལུས་ཅན་དགེ་རྩ་


LT28_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་སྨིན་སླད་དུའོ། །སྐུ་གཙང་འོད་ཟེར་སྟོང་གི་དྲྭ་བས་གཡོགས། །ཞལ་མཛེས་ལུས་ཅན་ཀུན་ཡོད་མ་ལྟར་འདྲེན། །ཐུགས་སྙོམས་ཉེ་རིང་མི་མངའ་བུ་བཞིན་གཟིགས། །ཕྱག་རིང་འཇིག་རྟེན་གསུམ་པོ་འཇིགས་ལས་སྐྱོབ། །ཏཱ་རེའི་སྒྲ་དབྱངས་སྲིད་ལས་སྒྲོལ་བའི་གྲུ། །སྲིད་པའི་ཐོག་མཐའ་མཉམ་པར་བཟུང་བ་ཡི། །བརྩོན་འགྲུས་གཡོ་མེད་ཞབས་ཀྱི་ཆུ་སྐྱེས་ལ། །མི་མཆོག་སློབ་མར་བཅས་པས་ཕྱག་བྱས་མ། །ཁྱོད་ལ་བསྟོད་པས་ཐུགས་དགྱེས་མ་མཆིས་ཤིང་། །རབ་ཏུ་སྨད་ཀྱང་ཁྲོ་ཞིང་འཁྲུགས་མི་འགྱུར། །འོན་ཀྱང་རང་གི་བསོད་ནམས་སྤེལ་སླད་དུ། །བསྟོད་ཚིག་ནོར་བུའི་ཕྲེང་བ་བརྒྱུས་ཏེ་འབུལ། །སྐྱབས་མེད་བདག་ཅག་འཁོར་བར་ཡུན་རིང་འཁྱམས། །ལས་དང་ཉོན་མོངས་དྲག་པོའི་གཅོང་གིས་ཟིན། །དུས་ཀྱི་འཇིགས་སོགས་སྡུག་བསྔལ་དུ་མས་གཟིར། །མྱུར་མཛད་དཔའ་མོའི་ཐུགས་རྗེས་བཟུང་རེ་རན། །ཕལ་པའི་འགྲོ་བ་སྙིང་བརྩེ་ལྡན་པ་ཡིས། །བྱིས་པ་ཐབས་ཀྱིས་ཉེས་ལས་ལྡོག་བྱེད་ན། །ཡུད་ཙམ་གཡེལ་བ་མེད་པའི་དམ་བཅའི་གོ། །བརྟན་ལྡན་སྙིང་རྗེའི་བདག་ཉིད་སྨོས་ཅི་དགོས། །བརྩེ་བ་བྲལ་བའི་འབྱུང་པོ་ཕལ་པ་ཡང་། །གུས་པས་མཆོད་པའི་འདོད་དོན་སྒྲུབ་བྱེད་ན། །རྩེ་གཅིག་དད་པས་བསྙེན་པའི་ཉམ་ཐག་བུ། །མ་གཅིག་ཐུགས་རྗེ་


LT28_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱིས་འདོར་ཕོད་དམ། །འོན་ཀྱང་རྣམ་ཤེས་འཁྲུལ་པའི་གཞན་དབང་གིས། །ཐུགས་རྗེ་འཇུག་པའི་ཡུལ་དུ་མ་གྱུར་པའི། །ནོངས་པ་ཅི་བྱས་སྙིང་ནས་འགྱོད་ཅིང་བཤགས། །བྱམས་པའི་ཡུམ་གྱུར་མ་ཡིས་ཚངས་པ་རྩོལ། །རྟག་ཏུ་བསྟེན་ཅིང་ཡུན་ཏུ་བསྒྲུབས་པའི་ལྷ། །དུས་གསུམ་རྒྱལ་བའི་ཡུམ་གཅིག་ཐུགས་རྗེ་ཅན། །བདག་ལ་བརྩེ་བའི་སྤྱན་གྱིས་གཟིགས་ནས་ཀྱང་། །བྱམས་པའི་ཕྱག་གིས་བསྐྱང་བར་མཛད་དུ་གསོལ། །ལས་དང་རྐྱེན་ལས་གྱུར་པའི་ནད་དང་གདོན། །ཉེར་འཚེའི་འཇིགས་ཀུན་མྱུར་དུ་བསལ་ནས་ཀྱང་། །དལ་འབྱོར་ཆོས་ལྡན་ལོ་བརྒྱར་འཚོ་བ་ཡི། །མངོན་པར་འདོད་པའི་མཆོག་སྩོལ་མཛད་དུ་གསོལ། །འཕྲལ་དང་ཡུན་ཏུ་སྡུག་བསྔལ་སྐྱེད་པ་ཡི། །ཉེས་བྱས་གཡང་ས་བརྒྱ་ཡིས་རབ་བསྐོར་བ། །ཕྱུགས་དང་མཚུངས་པའི་བློ་གྲོས་རྨོངས་པ་རྣམས། །འཇིགས་རུང་ཉམ་ངའི་གནས་ལས་བཟློག་ཏུ་གསོལ། །རང་གི་ལས་ལས་སྐྱེས་བའི་ཉེས་པ་ཡིས། །དོགས་པའི་དྲྭ་བ་བརྒྱ་ཡིས་རྟག་བཅིངས་པ། །བདག་དང་བདག་འདྲའི་བདག་འཛིན་དྲི་མ་ཀུན། །ཞི་བའི་ཆབ་ཀྱིས་བཀྲུ་བར་མཛད་དུ་གསོལ། །གཟུང་དང་འཛིན་པའི་བག་ཆགས་མཐུ་བརྟས་པས། །འཇིགས་པའི་གཤེད་མ་བརྒྱ་ཡིས་རབ་གཙེས་པ། །མགོན་མེད་བཤེས་མེད་གྱུར་པའི་སྐྱེ་བོ་ཀུན། །


LT28_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་སྟོབས་གོ་ཆས་སྐྱོབ་པར་མཛད་དུ་གསོལ། །ལས་དང་ཉོན་མོངས་སྒྲིབ་པས་བཀབས་པ་ལ། །ལྟ་བའི་མུན་པ་བརྒྱ་ཡིས་རབ་གཡོགས་པ། །ལམ་སྟོར་གྱུར་པའི་འགྲོ་བ་ལོང་བ་ཀུན། །ཡེ་ཤེས་ཉི་མས་སྣང་བར་མཛད་དུ་གསོལ། །རྟག་ཏུ་ཞལ་མཐོང་གསུང་གི་བདུད་རྩི་ནོད། །བྱང་ཆུབ་བར་དུ་རྗེས་བཟུང་མཛད་ནས་ཀྱང་། །ཚེ་དབང་ཡེ་ཤེས་གྲུབ་པའི་དགའ་སྟོན་གྱིས། །མཁའ་མཉམ་སྐྱེ་དགུ་མཐའ་དག་འཚོ་བྱེད་ཤོག །ཅེས་པ་ནི་དྲག་པོ་ལྕགས་སྤྲེལ་གནམ་ལོ་གསར་དུ་བཞད་པའི་དཀར་ཕྱོགས་ཀྱི་དགའ་བ་དང་པོར་འགྲུབ་པའི་སྦྱོར་བ་ལ་ཙཱ་འདྲ་རིན་ཆེན་བྲག་གིས་གུལ་དུ་རྗེ་བཙུན་མའི་རྣལ་འབྱོར་ལ་གནས་པའི་ཚེ་གུ་ས་སོ།། ༈ །།འཕགས་མའི་ཐུགས་རྗེ་བསྐུལ་བ་དཔག་བསམ་གྲིབ་བསིལ་ཞེས་བྱ་བ། །ཚེ་དབང་ཡེ་ཤེས་དངོས་གྲུབ་སྦྱིན་མཛད་མ། །ཚེ་དང་ཐར་པའི་བར་ཆད་སེལ་མཛད་མ། །ཚེ་འོད་སྣང་བ་མཐའ་ཡས་དབུ་བརྒྱན་མ། །ཚེ་སྦྱིན་འཇིགས་པ་ཀུན་ལས་སྒྲོལ་མཛད་མ། །སྐྱེ་དགུ་ཀུན་ལ་བུ་བཞིན་གཟིགས་མཛད་མ། །ཉེ་རིང་མི་མངའ་ཀུན་ལ་སྙོམས་མཛད་མ། །འགྲོ་བ་མགོན་མེད་རྣམས་ཀྱི་མགོན་གྱུར་མ། །སྲས་བཅས་རྒྱལ་ལས། ཐུགས་རྗེ་མྱུར་བའི་མ། །མཚན་ཙམ་གྱིས་ཀྱང་བདུད་ལས་རྒྱལ་བའི་མ། །མ་གཡེལ་མ་གཡེལ་ཡེ་ཤེས་སྤྱན་གྱིས་གཟིགས། །གསོལ་བ་རྒྱུན་དུ་འདེབས་ལ་


LT28_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

། ཐུགས་རྗེས་དགོངས། །བདག་དང་བདག་ལ་སྙིང་ནས་ལྟོས་པ་དག །འདི་ཕྱི་བར་དོར་སྐྱེ་བ་ཀུན་ཏུ་ཡང་། །མ་གཅིག་ཁྱད་ལས་རེ་ས་གཞན་མེད་པས། །འཇིགས་སར་སྐྱེལ་མས་བོར་བའི་ཉམ་ཆུང་བཞིན། །འཇིགས་པའི་འཕྲང་དུ་ཐུགས་རྗེའི་སྤྱན་རས་ཀྱིས། །མི་གཟིགས་ཡལ་བར་འདོར་ན་མ་ཁྱེད་ཀྱི། །ཐུགས་བསྐྱེད་གོ་ཆ་ལྷོད་པར་མི་འགྱུར་རམ། །སྐལ་ངན་བདག་འདྲའི་དོན་ཏུ་དཔའ་བོ་རྣམས། །སྙིང་སྟོབས་ལྷག་པར་རྒྱས་པ་མ་ལགས་སམ། །སྐལ་བཟང་རྣམས་ལ་རྒྱལ་ཀུན་བྱིན་རླབས་འོད། །འཇུག་པར་གྱུར་ན་དེ་ལ་ཅི་ངོ་མཚར། །དེ་བས་འཇིགས་ལས་ཉེན་ལ་སྐྱོབ་བའི་གོ །སྐད་ཅིག་མི་གཡེལ་བྱམས་པའི་ཕྱག་རྐྱོངས་ལ། །བྱིན་རླབས་ཐུགས་རྗེ་ཡངས་པའི་གྲིབ་བསིལ་དུ། །ལས་དང་ལས་ཀྱི་རྣམ་པར་སྨིན་སྐྱེས་པའི། །ཚ་བས་གདུང་རྣམས་ངལ་གསོ་མྱུར་དུ་སྩོལ། །མ་གཅིག་ཁྱེད་ཀྱི་སྐྱབས་འོག་བསྟི་བཞིན་ཏུ། །འཇིགས་པ་བརྒྱ་ཡིས་རྟག་ཏུ་གཙེས་གྱུར་ན། །མྱུར་མ་དཔའ་མོའི་མཚན་སྙན་ཇི་ལྟར་འགྱུར། །སྐལ་པ་དམན་ཅེས་གཟིགས་པ་མི་འཇུག་ན། །སྟོབས་དང་དབང་བཅུའི་རྩལ་གྱིས་སུ་ལ་སྟོངས། །བསླབ་པ་མངོན་སུམ་བཞིན་ཏུ་བསྟན་ན་ཡང་། །ཐོག་མེད་མ་རིག་སྒྲིབ་པ་མཐུག་དྲགས་ཤིང་། །ཉོན་མོངས་གཞན་དབང་སྟོབས་སུ་ཆེ་བ་ཡིས། །འཁྲུལ་སྣང་


LT28_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྤྱོད་ཕྱིན་ཅི་ལོག་ཏུ་གསོལ། །མ་གཅིག་ཐུགས་རྗེ་ཅན་ཐུགས་འགལ་བ་སྙམ། །འོན་ཀྱང་རྟག་གུས་རྩེ་གཅིག་མི་འབྲལ་ཞིང་། །ཡང་དག་ལྟ་ལ་ལྡོག་པས་མ་གོས་ན། །བྱིས་བློ་འཁྲུལ་པའི་དབང་དུ་གང་སོང་བ། །ཡེ་ཤེས་ཡངས་པའི་ཀློང་དུ་བཟོད་མཛད་གསོལ། །བདག་དང་བདག་འདྲ་འཁོར་བའི་རྒྱ་མཚོ་རུ། །སྡུག་བསྔལ་རྦ་རླབས་དུ་མས་ཐོག་མེད་ནས། །གཙེས་ཀྱང་ད་དུང་ལས་ལ་མི་འཇིགས་པར། །སྲས་བཅས་རྒྱལ་བའི་བཀའ་ལས་འགོངས་པ་རྣམས། །སྙིང་གི་དཀྱིལ་དང་རུས་པའི་གཏིང་ཁོངས་ནས། །ནོངས་པ་བདག་གིར་བཟུང་སྟེ་མཐོལ་བཤགས་ཀྱི། །གཟི་བརྗིད་ཆེན་མོས་མྱུར་དུ་ཚངས་པ་སྩོལ། །རྒྱལ་བའི་ཡུམ་གཅིག་ཐུགས་རྗེའི་རྩལ་མ་ཆུང་། །འགྲོ་བའི་མ་གཅིག་བྱམས་པའི་སྤྱན་མ་ཟུམས། །བདག་གི་སྐྱབས་གཅིག་གཟིགས་པ་མ་གཡེལ་བར། །བདག་དང་བདག་གི་བསྲུད་བྱར་དེས་གྱུར་པ། །ཐུགས་རྗེའི་སྐྱབས་ལས་ཡུད་ཙམ་མ་འདོར་ཅིག །གནས་སྐབས་བདུད་བགེགས་བར་ཆད་ཀེག་སྲི་སོགས། །འཇིགས་པའི་མུན་པ་མཐུ་སྟོབས་ཉི་ཟླས་སོལ། །ཚེ་བསོད་དཔལ་འབྱོར་དགེ་ལེགས་ཡོན་ཏན་ཀུན། །རི་ལྟར་བརྟན་ཅིང་ཆུ་ལྟར་རྒྱུན་མི་འཆད། །ཡར་ངོའི་ཟླ་ལྟར་རྒྱས་ཤིང་གོང་འཕེལ་མཛོད། །མཐར་ཐུག་རྗེ་བཙུན་འཕགས་མའི་གསང་གསུམ་དང་། །དབྱེར་མེད་


LT28_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་རེ་རེར་ཆོས་དབྱིངས་སུ། །འགྲོ་བ་བྱེ་སྙེད་སྒྲོལ་བའི་ཕྲིན་ལས་ལ། །རྒྱལ་བ་སྲས་དང་བཅས་པའི་སྟོབས་རྫོགས་ཤོག །ཅེས་པའང་རྗེ་བཙུན་མ་ལ་རྩེ་གཅིག་གུས་པའི་ཡིད་ཅན་བློ་གྲོས་མཐའ་ཡས་པའི་སྡེས་གསོལ་བ་བཏབ་པ་ཡ་ཐཱ་སིངྡྷི་ྷ་བནྟུ།། ༈ །།རྗེ་བཙུན་བཅོམ་ལྡན་འདས་མའི་ཐུགས་དམ་བསྐུལ་བ་བསམ་དོན་ལྷུན་གྲུབ་ཅེས་བྱ་བ། །ཧེ་གུ་རུ་ཨཱརྱཱ་ཏཱ་རེ་ན་མོ་ན་མཱ་མི། །རྣམ་དག་དབྱིངས་སུ་རང་བཞིན་བྱང་ཆུབ་སྟེ། །སྤྲོས་པའི་མཚན་མ་མ་ལུས་མཁའ་ལྟར་དག །དུས་གསུམ་འགྱུར་བ་མེད་པའི་ཆོས་ཉིད་དུ། །ཆགས་ཐོགས་སྤངས་པའི་ཤེས་རབ་ཕ་རོལ་ཕྱིན། །གདོད་ནས་མ་སྐྱེས་ནམ་ཡང་འགགས་པ་མེད། །མི་གནས་མི་དམིགས་མཉམ་པ་ཉིད་ཀྱི་ངང་། །སྲིད་པའི་འཁྲུལ་པ་ཅི་ཡང་མ་གཟིགས་ཀྱང་། །འགྲོ་བ་རྨི་ལམ་ལྟ་བུར་འཁྲུལ་བ་ལ། །བརྩེ་བའི་ཐུགས་རྗེས་གཟུགས་ཀྱི་སྐུར་བཞེངས་ནས། །ཐབས་ལ་མཁས་པའི་མཛད་པ་བྱེ་སྙེད་ཀྱིས། །སྐད་ཅིག་རེར་ཡང་འགྲོ་མང་ཐར་གླིང་དུ། །སྒྲོལ་མཛད་བྱམས་པའི་མ་མ་སྐྱེ་དགུའི་གཉེན། །གློག་ལས་མྱུར་བའི་མཐུ་སྟོབས་ཤུགས་འཆང་བས། །ལུས་ཅན་ཀུན་གྱི་རེ་བ་སྐོང་མཛད་མ། །འཇིགས་ཆེན་གང་ལའང་བསྙེངས་པ་མི་མངའ་བས། །འཁོར་བའི་འཇིགས་པ་ཀུན་སྐྱོབས་དཔའ་མོའི་དབྱིངས། །


LT28_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་བཅས་རྒྱལ་བའི་གསང་གསུམ་འབྱུང་བའི་གནས། །དཀོན་མཆོག་མཚན་གྱི་ཡི་གེ་འཕྲོ་བའི་གཞི། །སྲིད་ཞིའི་ཁམས་སུ་ཀུན་སྐྱེད་ཡུམ་གྱི་ཚུལ། །ཤེས་བྱའི་ཁོངས་ན་ཁྱོད་ཉིད་མངོན་པར་འཕགས། །ཞིང་ཁམས་རྒྱ་མཚོར་སྐུ་དང་མཛད་པས་ཁྱབ། །འགྲོ་རེའི་མདུན་ན་གང་འདུལ་རྣམ་པར་འཕྲུལ། །རིགས་དྲུག་གནས་སུ་སོ་སོའི་འདུལ་ཐབས་སྟོན། །སྲིད་གསུམ་སྡུག་བསྔལ་དྲྭ་བ་གཅོད་པ་ལ། །འཕགས་མའི། ཐུགས་རྗེའི་ཤུགས་མཚུངས་གང་ནའང་མེད། །ཐེག་པ་ཆེ་ཆུང་ཆོས་སྒོ་རབ་འབྱམས་རྣམས། །འཕགས་མའི་རང་བཞིན་ཁོ་ན་བསྟན་མཚུངས་པས། །རྗེ་བཙུན་མ་ཁྱོད་རྣམ་ཐར་བསམ་མི་ཁྱབ། །འགྲོ་ལ་དགོངས་པའི་བཀའ་དྲིན་ཚད་བཟུང་མེད། །རྒྱལ་རྣམས་ཡེ་ཤེས་སྤྱན་གྱིས་དུས་དྲུག་ཏུ། །འགྲོ་ལ་གཡེལ་མེད་གཟིགས་པ་ཆོས་ཉིད་ཀྱང་། །བདག་འདྲ་ཉོན་མོངས་བརྒྱ་ཡིས་རབ་བཙེས་ནས། །སྲས་བཅས་རྒྱལ་བས་ཡལ་བར་བོར་རྣམས་ལ། །མྱུར་མཛད་དཔའ་མོའི་ཐུགས་བསྐྱེད་ལྷག་པའི་མཐུ། །ནམ་ཡང་མི་བརྟུལ་གདུལ་བྱ་མཆོག་དམན་གྱི། །ཉེ་རིང་མེད་པར་མ་བསྒྲལ་བ་རྣམས་སྒྲོལ། །འོན་ཀྱང་བདག་འདྲ་ལས་ཀྱི་ཞགས་པས་བཅིངས། །སྡུག་བསྔལ་འཁོར་བའི་བཙོན་རར་རྟག་ཏུ་མནར། །མ་ཁྱོད་དྲན་ཅིང་སྙིང་ནས་སྐྱབས་ལགས་ན། །དྲི་མེད་ཡེ་ཤེས་གཟིགས་པ་གང་དུ་ཐལ། །


LT28_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ངན་ལོག་པའི་ལམ་ལས་མི་སྐྱོབ་ན། །ལས་ཟད་ཚེ་ན་ཁྱེད་ཀྱི་ཐུགས་རྗེས་ཅི། །འཇིག་རྟེན་མས་ཀྱང་བུ་ཡི་ལོག་སྒྲུབ་ཞེས། །ཤིན་ཏུ་བཟོད་ཅིང་ཉེས་པ་ཟློག་ལ་གཟིགས། །གློ་བུར་ཐུག་འཕྲད་ཁྱེད་མཚན་དྲན་པས་ཀྱང་། །འཇིགས་ཆེན་དེ་མ་ཐག་ཏུ་སྐྱོབ་མཛད་ན། །ཡུན་རིང་བསྙེན་ཅིང་གསོལ་བ་འདེབས་པ་པོ། །དུས་ཀྱི་ཆད་པའི་འཇིགས་ལས་ཅིས་མི་སྐྱོབ། །བཅོམ་ལྡན་འདས་མའི་ཐུགས་རྗ་མཁའ་ལྟར་ཁྱབ། །གཡེལ་བ་མེད་པར་འགྲོ་ལ་རྩེ་གཅིག་དགོངས། །ཉེ་རིང་མི་མངའ་ཀུན་ལ་བུ་བཞིན་སྙོམས། །མགོན་མེད་གྱུར་ལ་ལྷག་པར་ཐུགས་བརྩེས་གཟིགས། །ཁྱོད་འདྲའི་བརྩེ་ཆེན་སུ་ཡང་མ་མཆིས་པས། །མྱུར་བ་ཉིད་དུ། ཐུགས་རྗེའི་ཕྱག་རྐྱོངས་ལ། །འཆི་བདག་ལ་སོགས་བདུད་བཞིའི་འཇིགས་པ་སོལ། །ཚེ་དང་ཐར་པའི་བར་ཆད་འཕྲང་ལས་སྐྱོབས། །ལྷག་པའི་ལྷ་མཆོག་སྙིང་རྗེའི་གཞན་དབང་ཅན། །ཡིད་འོངས་དཔའ་མོ་སྐྱེ་དགུ་གསོ་བའི་མ། །རིང་ནས་ཡེ་ཤེས་གཟིགས་པས་མི་འདོར་ཡང་། །ལྷག་པར་གལ་ཆེན་འགག་ལ་ཐུག་པའི་ཚེ། །བུ་གཅིག་མ་ལ་འབོད་པའི་ཚུལ་བཞིན་ཏུ། །བཀའ་དྲིན་དྲན་པས་སླར་ཡང་གསོལ་འདེབས་ཤིང་། །གདུང་ཤུགས་དྲག་པོས་སྙིང་ནས་ཁྱེད་འབོད་ན། །སྒྲིབ་པའི་དྲི་མ་དབང་བཅུའི་མཐུ་ཡིས་སོལ། །ཡེ་ཤེས་སྣང་བ་


LT28_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་ཤུགས་ཀྱིས་སྦོར། །གཞོམ་མེད་རྟག་པ་དམ་པའི་ཚེ་དབང་སྩོལ། །མཆོག་སྦྱིན་ཕྱག་རྒྱ་བདག་གི་སྤྱི་བོར་ཞོག །མ་འཇིགས་གསུང་གིས་བདག་ཀྱང་དབུགས་དབྱུང་ཞིང་། །ཐུགས་རྗེའི་ཤས་ཀྱིས་མྱུར་དུ་རྗེས་སུ་ཟུང་། །དྲི་མེད་ཟླ་བ་རྒྱས་པའི་ཞལ་རས་ལས། །གསུང་མཆོག་བདུད་རྩིའི་ཐིགས་པའི་བཅུད་སྩལ་ནས། །འཆི་མེད་གྲུབ་པའི་རྒྱལ་པོར་བདག་སྒྲུབས་མཛོད། །ཅེས་པའང་རབ་ཚེས་ལྕགས་འབྲུག་གྲོ་བཞིན་ཟླ་བའི་དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་ལ་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་གསོལ་བ་བཏབ་པ་ཨ་མཱ་ར་ི་ཛཱི་བནྟི་སིངྡྷི་ྷ་བནྟུ།། ༈ །།རྗེ་བཙུན་ཨཱརྱཱ་ཏཱ་རེ་ལ་འདུད་ཅིང་གསོལ་བ་བར་ཆད་ཀུན་སེལ་ཅེས་བྱ་བ། །ན་མོ་གུ་རུ་ཏཱ་རཱ་ཙྪིནྡ་ཙཀྲཱ་ཡ། །རྣམ་པར་འདྲེན་མཆོག་རྩ་བ་བརྒྱུད་པར་བཅས། །ཡུམ་གཅིག་ཡེ་ཤེས་སྒྱུ་མའི་རོ་ལ་གར་ཏེ། །བྱིན་རླབས་འབྱུང་གནས་བླ་མ་ཀུན་གྱི་དངོས། །དགེ་བ་ཅན་མ་འཁོར་ལོའི་མགོན་པོར་འདུད། །ཕྱོགས་བཅུ་དུས་གསུམ་གཤེགས་པའི་རྫོགས་སངས་རྒྱས། །ཤེས་རབ་ཕ་རོལ་ཕྱིན་མའི་དབྱིངས་ལས་ཤར། །རྒྱལ་བ་རྒྱ་མཚོ་ཉིད་ལས་མི་གཞན་པ། །བཅོམ་ལྡན་འདས་མ་གཟི་བརྗིད་ཅན་ལ་འདུད། །ཞི་ཆགས་འབར་བའི་ཉམས་ལྡན་དཀྱིལ་འཁོར་ལྷ། །ཐབས་ཤེས་དབྱིངས་ཡེ་ཟུང་དུ་


LT28_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའི་རྩལ། །གྲུབ་གཉིས་འདོད་འཇོ་ནོར་བུ་དཔག་བསམ་ཤིང་། །འཁོར་ལོའི་འདྲེན་པ་རྣལ་འབྱོར་མ་ལ་འདུད། །གསུང་གཅིག་སྒྲ་དབྱངས་རྒྱ་མཚོའི་རྗེས་སུ་འཇུག །སྒྲ་ཀུན་དབང་པོར་འཚམས་པའི་ཆོས་ཆེན་དབྱངས། །རྒྱུན་ཆད་མི་མངའ་ཞི་བསིལ་བདུད་རྩིའི་གཏེར། །དམ་ཆོས་ཀུན་འབྱུང་རིག་པའི་རྒྱལ་མོར་འདུད། །རྒྱལ་སྲས་བྱང་ཆུབ་སེམས་ཀྱི་མྱུ་གུ་བསྐྲུན། །སྤྲོས་བྲལ་ངང་ལས་འཕགས་བཞིའི་མངོན་རྟོགས་བསྐྱེད། །ཚོགས་མཆོག་ཆུ་གཏེར་ཐུགས་རྗེའི་ཤུགས་ཀྱིས་སྤེལ། །འཇིག་རྟེན་གསོ་བྱེད་སྙན་པ་ཆེན་མོར་འདུད། །འགྱུར་མེད་བདེ་ཆེན་རྡོ་རྗེ་གསུམ་གྱི་རྩལ། །གནས་ཡུལ་དཔའ་བོ་མཁའ་འགྲོའི་འཕྲུལ་དགུར་སྒྱུར། །ལས་བཞི་ལྷུན་གྲུབ་མཆོག་གི་ཉེ་རྒྱུར་སྤྱོད། །གནས་གསུམ་ཕོ་ཉའི་དབང་ཕྱུག་མ་ལ་འདུད། །ནག་པོའི་རྩ་ལག་འཇོམས་ལ་ཆེས་དཔའ་བ། །མཐུ་རྩལ་ཐོགས་མེད་དམ་ཅན་སྡེ་དཔུང་ཡང་། །བསྟན་འགྲོ་ཕན་བདེས་སྲུང་ཕྱིར་མ་ཡི་འཕྲུལ། །ཆོས་སྐྱོང་ཆེན་མོ་ཕ་རོལ་གནོན་ལ་འདུད། །སྲིད་ཞིའི་ཁམས་ན་དགེ་ལེགས་ཇི་སྙེད་པ། །བཅོམ་ལྡན་འདས་མའི་ཐུགས་རྗེ་ཆེན་པོའི་སྟོབས། །དུས་གསུམ་གཤེགས་པས་རྟག་ཏུ་ཕྱག་མཛད་པ། །དེད་དཔོན་ཆེན་མོ་སྙིང་རྗེས་འཇུག་ལ་


LT28_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

འདུད། །སྡུག་བསྔལ་མཚོ་ལས་འགྲོ་ཀུན་རྟག་སྒྲོལ་བའི། །སྙིང་སྟོབས་དེ་འདྲ་ནམ་ཡང་མ་བྱུང་བས། །ངོ་མཚར་མཚན་གྱིས་བརྗིད་པའི་རྗེ་བཙུན་མ། །འཇིག་རྟེན་གསུམ་མགོན་སྒྲོལ་མ་ཡུམ་ལ་འདུད། །སྐྱེ་བོ་གང་ཞིག་འཇིགས་པས་ཉེན་པ་དག །ཁྱོད་མཚན་དྲན་པའི་མོད་ལ་བདེ་བར་སྐྱོབ། །ཐུགས་རྗེའི་རྩལ་ཤུགས་གློག་དང་མཚུངས་པ་ཡི། །གདུང་སེལ་ཡིད་མགྱོགས་མྱུར་མཛད་མ་ལ་འདུད། །ཡིད་སྲུབས་བྱེ་བའི་དཔུང་གི་རུ་མཚོན་ཀྱང་། །ཏིང་འཛིན་སྟོབས་ཀྱིས་དྲོ་སྐད་རེ་ལ་བསྙིལ། །བྱང་ཆུབ་སྒྲུབ་ལ་འཚེ་བྱེད་བདུད་བཞི་ཡི། །གཡུལ་ལས་རྣམ་རྒྱལ་དཔའ་མོ་ཆེན་མོར་འདུད། །ནམ་མཁའ་དང་མཚུངས་འཕགས་མའི་ཡོན་ཏན་མཐའ། །ཕྱོགས་དུས་སྲས་བཅས་རྒྱལ་བས་གཞལ་བར་དཀའ། །བྱིས་བློ་དད་པའི་མཐུས་སྦྱར་བསྔགས་ཚིག་གི། རིན་ཆེན་དོ་ཤལ་སྙིང་རྗེའི་རྒྱན་ཏུ་བཞེས། །སྐྱེ་དགུ་ཀུན་ལ་བུ་བཞིན་གཟིགས་མཛད་ཀྱང་། །ལས་ཀྱི་ཉེས་པས་བསྒྲིབས་པའི་ཉམ་ཆུང་བདག །དེ་ཙམ་གདུལ་བྱའི་ཡུལ་དུ་མ་གྱུར་ཏམ། །ད་ནི་མྱུར་དུ་བྱམས་པའི་སྤྱན་གྱིས་གཟིགས། །ཕྱོགས་རིས་མེད་པའི་ཐུགས་རྗེའི་ཕྱག་རྐྱོངས་ལ། །འཇིགས་རུང་འཁོར་བའི་གཡང་ལས་


LT28_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱབ་ཏུ་གསོལ། །ཆགས་ཐོགས་མེད་པའི་ཡེ་ཤེས་རལ་གྲི་ཡིས། །བདག་འཛིན་ལྗོན་པ་རྨངས་ནས་བསྒྱེལ་དུ་གསོལ། །ཟབ་ཞི་སྤྲོས་བྲལ་འོད་གསལ་ཐུར་མ་ཡིས། །མཐའ་གཉིས་ལྟ་བའི་རབ་རིབ་བསལ་དུ་གསོལ། །ཚད་མེད་བྱིན་རླབས་སྟོན་ཟླའི་འཛུམ་ཟེར་གྱིས། །སྟོང་ཉིད་སྙིང་རྗེའི་ཆུ་གཏེར་སྤེལ་དུ་གསོལ། །སྟོབས་བཅུའི་རྩལ་ཤུགས་བསྐལ་པའི་མེ་ལྕེ་ཡིས། །འཇིགས་དང་ལྟས་ངན་ཚང་ཚིང་བསྲེག་ཏུ་གསོལ། །དུས་ཀྱི་མུན་འཇོམས་དུས་ཆེན་ཉིན་བྱེད་ཀྱིས། །དུས་ཀྱི་ཆད་པའི་སྨག་རུམ་གཞོམ་དུ་གསོལ། །ཚེ་སོགས་དབང་བཅུ་གྲུབ་པའི་བཅུད་ལེན་གྱིས། །རིང་འཚོའི་སྲོག་རྩ་རྡོ་རྗེར་བསྒྲུབ་ཏུ་གསོལ། །ལྷ་ཡི་རྣལ་འབྱོར་ཚུལ་བཞིན་སྒོམ་པ་ལ། །ཡེ་ཤེས་སྣང་བརྙན་མངོན་སུམ་བསྟན་ཏུ་གསོལ། །བཟླས་པའི་རིམ་པས་རྟག་ཏུ་བསྙེན་པ་ལ། །ཟབ་རྒྱས་གདམས་པའི་བདུད་རྩི་སྩལ་དུ་གསོལ། །ཞི་ལྷག་ངང་དུ་མཉམ་པར་འཇོག་པ་ལ། །དགོངས་པ་རྩལ་གྱི་བྱིན་ཆེན་དབབ་ཏུ་གསོལ། །རྟག་ཏུ་ཁྱོད་ལ་རྩེ་གཅིག་མོས་པའི་བུ། །མ་གཅིག་བཞིན་ཏུ་གཡེལ་མེད་བསྐྱང་དུ་གསོལ། །ཉོན་མོངས་དབང་


LT28_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ནོངས་པ་གང་བགྱིས་པ། །ཆོས་དབྱིངས་ཀློང་དུ་ཚངས་པ་སྩལ་དུ་གསོལ། །ཉིད་དང་དབྱེར་མེད་མཁའ་མཉམ་འགྲོ་བ་ཀུན། །བདེ་བླག་སྒྲོལ་བའི་དབང་མཆོག་བསྐུར་དུ་གསོལ། །མདོར་ན་གནས་སྐབས་མཐར་ཐུག་ཐམས་ཅད་དུ། །བསམ་དོན་ལྷུན་གྲུབ་དོན་གཉིས་མཐར་ཕྱིན་པའི། །བཀྲ་ཤིས་སྣང་བ་ཉི་ཟླའི་དཀྱིལ་འཁོར་མཆོག །རྟག་བརྟན་ཀུན་ཁྱབ་ཆེན་པོའི་དགེ་ལེགས་སྩོལ། །ཅེས་སྣ་ཚོགས་ཆུ་བོ་རྟ་ལོ་ཉི་མ་བྱང་བགྲོད་ཀྱི་ཐོག་མར་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བློ་གྲོས་མཐའ་ཡས་ཀྱིས་གསོལ་བ་བཏབ་པ་སིངྡྷི་ར་སྟུ།། ༈ །།ན་མོ་གུ་རུ་ཨཱ་རྱཱ་ཏཱ་རཱ་ཡཻ། །མཚན་ཙམ་ཐོས་པས་འཇིགས་པ་ཀུན་སྐྱོབ་ཅིང་། །གསོལ་བ་བཏབ་ན་དངོས་གྲུབ་རྣམ་གཉིས་སྩོལ། །རབ་འབྱམས་རྒྱལ་བ་སྲས་བཅས་སྐྱེད་པའི་ཡུམ། །རྗེ་བཙུན་སྒྲོལ་མའི་ཞབས་ལ་གསོལ་བ་འདེབས། །མགོན་པོ་གཞན་ལས་ཐུགས་རྗེའི་བྱིན་རླབས་མྱུར། །རྟོག་འཁྲུལ་བདུད་བགེགས་འདུལ་ལ་ཆེས་དཔའ་ཞིང་། །འགྲོ་ལ་བུ་གཅིག་མ་བཞིན་བརྩེ་བས་གཟིགས། །འཕགས་མ་སྒྲོལ་མར་སྙིང་ནས་གསོལ་བ་འདེབས། །རྒྱལ་དང་རྒྱལ་བའི་མྱུ་གུ་ཀུན་ལས་ཀྱང་། །ཐུགས་བསྐྱེད་རྣམ་ཐར་ཕྲིན་ལས་ཁྱད་པར་འཕགས། །ཉམ་ངའི་གཡང་སར་ཕྲིན་ལས་གློག་ལྟར་


LT28_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར། །ཤེས་རབ་ཕར་ཕྱིན་ཁྱོད་ལ་གསོལ་བ་འདེབས། །གུས་པས་ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི། །ལུས་དང་ལོངས་སྤྱོད་དགེ་ཚོགས་མཆོད་སྤྲིན་འབུལ། །སྡིག་པ་བཤགས་ཤིང་དགེ་ལ་རྗེས་ཡི་རང་། །ཚེས་འཁོར་བསྐོར་ཞིང་རྟག་པར་བཞུགས་སུ་གསོལ། །དགེ་བས་བདག་དང་མ་གྱུར་འགྲོ་བ་ཀུན། །འཕགས་མ་ཁྱོད་ཀྱི་གོ་འཕང་ཐོབ་ཕྱིར་བསྔོ། །གནས་སྐབས་འཇིགས་པ་བརྒྱད་སོགས་མི་མཐུན་ཞི། །འབྱོར་དྲུག་ལེགས་ཚོགས་ཡར་ཟླའི་དཔལ་ལྟར་རྒྱས། །ཚེ་འདིར་མངོན་སུམ་རྗེས་སུ་བཟུང་བ་དང་། །ཞལ་མཐོང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ནམ་ཞིག་འཕོས་ཚེ་འཕགས་མ་བཞུགས་པའི་གནས། །མ་དག་མིང་མེད་རྟག་ཏུ་བདེ་སྐྱིད་ལྡན། །ངོ་མཚར་བཀོད་པ་ཕུན་ཚོགས་རྒྱ་ཆེ་བ། །གཡུ་ལོ་བཀོད་པའི་ཞིང་དུ་སྐྱེས་ནས་ཀྱང་། །བྱང་ཆུབ་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ནས། །མངོན་པར་སངས་རྒྱས་དོན་གཉིས་ལྷུན་གྲུབ་ཤོག །ཅེས་པའང་སྟག་གཟིག་མཛོ་རྫོང་དགོན་གྱི་ཡོན་གནས་མཆོག་གྱུར་བླ་གྲྭ་སྤྱི་ཡིས་གསུང་བསྐུལ་ངོར་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡངས་ཁྲོད་ནས་སྤེལ་བ་སིངྡྷི་ར་སྟུ། །དགེ་ལེགས་འཕེལ།། །།


previousའཁོར་ལོའི་མགོན་པོའི་ངོ་བོར་བཞུགས་པའི་ལྷག་པའི་ལྷ་ཡིད་བཞིན་འཁོར་ལོ་ལ་བསྟོད་པའི་ཚོགས་ཕྲེང་བར་བསྟར་བ་ཡོངས་སུ་སྦྱངས་པའི་བཻདཱུརྱའི་ཕྲེང་བ།next