Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
དཔལ་ཧེ་རུ་ཀ་ལ་བསྟོད་ཕྱག་འཚལ་བ་བདེ་ཆེན་རོལ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ཧེ་རུ་ཀ་ལ་བསྟོད་ཕྱག་འཚལ་བ་བདེ་ཆེན་རོལ་བ།next

དཔལ་ཧེ་རུ་ཀ་ལ་བསྟོད་ཕྱག་འཚལ་བ་བདེ་ཆེན་རོལ་བ།


LT28_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཧེ་རུ་ཀ་ལ་བསྟོད་ཕྱག་འཚལ་བ་བདེ་ཆེན་རོལ་བ་ཞེས་བྱ་བ་བཞུགས་སོ། །


LT28_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྤྲོས་པའི་མཚན་མ་ཀུན་ལས་གྲོལ། །དངོས་པོ་ཀུན་ཁྱབ་བདེ་བ་ཆེ། །སེམས་ཀྱི་རྡོ་རྗེར་ཟུང་འཇུག་པ། །དཔལ་ལྡན་བདེ་བ་མཆོག་ལ་འདུད། །བདག་མེད་རོལ་པ་ཆེན་པོའི་དབྱིངས། སྙིང་རྗེའི་རྗེས་སུ་ཆགས་པའི་མདངས། དམ་པའི་བདག་ཏུ་རོ་གཅིག་པ། ཧེ་རུ་ཀ་ལ་གུས་པས་འདུད། །གཞོམ་མེད་དཔྱིད་ཀྱི་ཤྲཱི་དཔའ་བོ་ནི། །རྣལ་འབྱོར་མ་དཔལ་གཏུམ་མོར་འཁྱུད། །ཞུ་བདེས་འཁོར་ལོ་གསུམ་ཁྱབ་པ། ཧེ། དཔའ་བོའི་དབང་ཕྱུག་ལ་ཕྱག་འཚལ། རུ་ ཀ་ །དཀར་དམར་སྣང་བའི་དྲྭ་བ་ནི། ཁ་སྦྱོར་ནམ་མཁའི་རྡོ་རྗེར་བསྡོམས། །ལྷན་ཅིག་སྐྱེས་དངོས་མཁའ་འགྲོ་མའི། །དྲྭ་བ་སྡོམ་ལ་ཕྱག་འཚལ་ལོ། །ཀུན་བརྟག་གཞན་དབང་འཁོར་ལོ་ནི། །ཡོངས་གྲུབ་ཕྱག་རྒྱ་ཆེན་པོར་བསྡོམས། །སྲིད་ཞི་མཁའ་ལྟར་མཉམ་པར་གཟིགས། །འཁོར་ལོ་སྡོམ་པ་ལ་ཕྱག་འཚལ། །བདེ་གཤེགས་སྙིང་པོ་དག་པའི་གཞི། །དཀར་པོ་གཅིག་ཐུབ་ལམ་གྱི་མཆོག །ལྷན་ཅིག་སྐྱེས་པ་འབྲས་བུའི་སྐུ། །གཅིག་གི་བདག་ཉིད་ལ་ཕྱག་འཚལ། །གཤིས་ལུགས་ཀུན་རྫོབ་དོན་དམ་དྲི། །བསྐྱེད་དང་རྫོགས་པའི་སྦྱོར་བས་སྦྱངས། །ཐབས་ཤེས་ཨེ་ཝཾ་ཟུང་འཇུག་སྐུ། །གཉིས་ཀྱི་བདག་ཉིད་ལ་ཕྱག་འཚལ། །རྩ་རླུང་ཐིག་ལེ་རྡོ་རྗེའི་ཁམས། །རྣལ་འབྱོར་གསུམ་གྱི་བྱེད་པས་བཅིངས། །འཁོར་ལོ་གསུམ་གྱི་འདྲེན་པ་སྟེ། །གསུམ་གྱི་བདག་ཉིད་ལ་ཕྱག་འཚལ། །གནས་སྐབས་


LT28_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཡི་ཆར་ཡང་ནི། །རྡོ་རྗེ་བཞི་ཡི་ལྷུམས་སུ་ཞུགས། །སྐུ་བཞིར་མངོན་པར་བྱང་ཆུབ་པ། །བཞི་ཡི་བདག་ཉིད་ལ་ཕྱག་འཚལ། ཁམས་དང་ཕུང་པོར་རྣམ་རྟོག་པ། །ཡེ་ཤེས་ལྔ་ཡི་ཏིང་འཛིན་གྱིས། །རྟག་པ་ལ་སོགས་ཕྱག་རྒྱར་གྲུབ། །ལྔ་ཡི་བདག་ཉིད་ལ་ཕྱག་འཚལ། །འབྱུང་བཞི་མཁའ་དང་ཡེ་ཤེས་ཁམས། །ཟབ་ལམ་རྣལ་འབྱོར་དྲུག་གིས་བཅིངས། །རིགས་དྲུག་ཁྱབ་བདག་བཅོམ་ལྡན་འདས། །དྲུག་གི་བདག་ཉིད་ལ་ཕྱག་འཚལ། །སྦྱང་བྱ་ཚོགས་དྲུག་ཀུན་གྱི་གཞི། །སྦྱོང་བྱེད་བྱང་ཆུབ་ཡན་ལག་སོགས། །སྦྱངས་འབྲས་ལྷ་སྐུ་བདེ་བ་ཆེ། ཁ་སྦྱོར་བདུན་ལྡན་ལ་ཕྱག་འཚལ། །ཚོགས་བརྒྱད་འཁོར་བའི་བག་ཆགས་ཀུན། །འཕགས་ལམ་བརྒྱད་ལ་སོགས་པས་བཅོམ། །ཡོན་ཏན་བརྒྱད་ལྡན་རྡོ་རྗེ་འཆང་། །མི་བསྐྱོད་རིགས་སུ་བཞེངས་ཕྱག་འཚལ། །ལུགས་འབྱུང་རྟེན་ཅིང་འབྲེལ་འབྱུང་བ། །བདེན་དོན་རྣམ་པས་ལུགས་སུ་ལྡོག །འཕོ་ཆེན་བཅུ་གཉིས་དག་པའི་སྐུ། །ཐབས་ཤེས་རིགས་དྲུག་ལ་ཕྱག་འཚལ། །བདེན་དངོས་དེ་ཉིད་བཅུ་དྲུག་དྲི། །སྐད་ཅིག་རྣམ་པའི་རིམ་ལས་དག །དགའ་བ་བཅུ་དྲུག་མཐར་སྐྱེས་པ། །འགྱུར་བ་མེད་ལ་ཕྱག་འཚལ་ལོ། །ཕུང་ཁམས་སྐྱེ་མཆེད་ཚོགས་ལ་སོགས། །བྱང་ཆུབ་ཕྱོགས་ཆོས་རང་བཞིན་ནི། །སོ་བདུན་ལྷ་ཡི་དཀྱིལ་འཁོར་བ། །དངོས་གྲུབ་བདག་ཉིད་ལ་ཕྱག་འཚལ། །ལཱུ་ཡི་དྲིལ་བུ་ཀཧྞ་པ། །ཏེ་ལོ་ཛྙཱ་ན་སིངྡྷིྡྷི་སོགས། །གྲུབ་པ་དཔའ་བོ་རྣལ་


LT28_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མ། །བདེ་བ་མཆོག་ཏུ་རོལ་ཕྱག་འཚལ། །རྡོ་རྗེ་ནང་གི་མཆོད་སྤྲིན་ནི། །ཟག་མེད་བདེ་ཆེན་བདུད་རྩིར་སྦར། །ལྷན་སྐྱེས་ལང་ཚོ་རྒྱས་བྱེད་པ། །བདག་པོར་ལོངས་སྤྱོད་ཐིམ་པར་བཞེས། །འདོད་ཁྲོའི་རྩ་བ་རྨོངས་པའི་སེམས། །དྲི་བྲལ་རང་གསལ་མི་བསྐྱོད་པར། །བསལ་བཞག་བྲལ་བས་གློ་བུར་གྱི། །ཉེས་པ་རང་བཞིན་ཚངས་པར་མཛོད། །འཁོར་འདས་སྣང་སྟོང་ཟུང་འཇུག་དངོས། །བསོད་ནམས་ཡེ་ཤེས་འཕོ་མེད་ཀྱི། །ཚོགས་གསུམ་ལྷུན་གྱིས་གྲུབ་པ་ཉིད། །རྟོགས་པས་གྲོལ་ལ་རྗེས་ཡི་རང་། །མི་ཤིགས་ནཱ་དའི་རང་སྒྲ་སྟེ། །ལོངས་སྤྱོད་ཡོངས་སུ་རྫོགས་ལས་སྐྱེས། །རྩོལ་མེད་རྡོ་རྗེ་ཆོས་ཀྱི་དབྱངས། །དུས་གསུམ་བར་མ་ཆད་བསྒྲག་གསོལ། །སྤྲོས་པས་གཙང་ཞིང་རྒྱུན་གྱིས་རྟག །ཁ་སྦྱོར་བདེ་ཆེན་དམ་པའི་བདག །མི་འགྱུར་བརྟན་གཡོ་ཀུན་གྱི་སྲོག །སྲིད་མཐའ་ཐུག་པར་དེར་སྣང་གསོལ། །འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ། །དངོས་ཀུན་བཏུད་དེ་སྐྱབས་སུ་མཆི། །ཐུགས་རྗེའི་ཆབ་ཀྱིས་བརླན་པ་དང་། །རྣལ་འབྱོར་མ་རྣམས་རྗེས་བརྩེར་མཛོད། །དེ་རིང་མགོན་པོ་དཔང་བཞག་ནས། །བདག་གིས་རྡོ་རྗེའི་སེམས་མཆོག་བསྐྱེད། །རྡོ་རྗེའི་ལམ་ལ་བདག་ཞུགས་ཏེ། །འགྲོ་ཀུན་ཆོས་ཀྱི་དབྱིངས་སུ་བསྒྲལ། །སྐྱེ་འདི་ཉིད་ནས་བྱང་ཆུབ་བར། །རྡོ་རྗེ་ཐེག་པའི་རིགས་སུ་ངེས། །དཔལ་ལྡན་བླ་མ་གཙུག་ཏོར་གྱི། །ནོར་བུའི་རྒྱན་དང་མི་འབྲལ་ཤོག །གསང་བའི་བརྟུལ་ཞུགས་སྒྲ་བཞིན་སྤྱོད། །དམན་དང་ལོག་པའི་ཕྱོགས་


LT28_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱལ། །འཇིགས་མེད་ཧེ་རུ་ཀ་དཔལ་གྱི། །བདེ་བས་དངོས་ཀུན་སྡོམ་པར་ཤོག །རྟག་ཏུ་བོལླ་ཀཀྐོ་ལ། །མི་འབྲལ་བདེ་བས་ལུས་ཕུག་ནས། །འཕོ་མེད་སྲོག་གི་ཐིག་ལེ་ནི། །ལྷན་ཅིག་སྐྱེས་དགར་རྟག་བརྟན་ཤོག །དངོས་ཀུན་ནམ་མཁའ་ལྟ་བུར་རིག །ཟབ་མོའི་ཆོས་ཀུན་སྙིང་རྗེས་འདོམས། །གནས་གསུམ་ཕོ་ཉའི་འདུ་བ་དང་། །ཚོགས་ཀྱི་འཁོར་ལོར་རབ་སྤྱོད་ཤོག །འདའ་དཀའ་རྡོ་རྗེའི་དམ་ཚིག་ལས། །རྨི་ལམ་དུ་ཡང་ཉམས་མེད་པར། །ཕྱོགས་བཅུ་དུས་གསུམ་གསང་བའི་མཛོད། །ཇི་སྙེད་འཛིན་པའི་བདག་པོར་ཤོག །དགེ་འདིས་བདེ་མཆོག་རྡོ་རྗེ་སེམས། །ཚེ་འདིར་བདག་གིས་མྱུར་གྲུབ་སྟེ། །མཁའ་མཉམ་འགྲོ་ཀུན་ཧེ་རུ་ཀའི། །གོ་འཕང་མཆོག་ལ་འགོད་པར་ཤོག །ལྗོངས་ཁ་བ་ཅན་གྱི་དབུས་འགྱུར་འཆང་། །དྲང་སྲོང་སྲིན་པོ་རི་རང་བྱུང་ཧེ་རུ་ཀའི་ལྷ་ཁང་དུ། །དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་ལ་གནས་ཏེ་ག་་ཙཀྲར་ལོངས་སྤྱོད་པའི་སྐལ་པ་བཟང་པོའི་རྗེས་སུ་འབྲེལ་བར། །ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་གང་དྲན་ཡུད་ཙམ་ལ་ཤུར་མར་བྲིས་པ་ཡ་ཐཱ་སིངྡྷིྡྷི་རསྟུ། །དགེ་ལེགས་འཕེལ།། ༈ །།འཕགས་མ་གདུགས་དཀར་ཅན་ལ་བསྟོད་པ་བྱིན་རླབས་ཀྱི་སྣང་བ་ཞེས་བྱ་བ་བཞུགས་སོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གཙུག་ཏོར་ལས་འཁྲུངས་གདུགས་དཀར་འཛིན། །རིག་སྔགས་རྒྱལ་མོ་སྟོབས་པོ་ཆེ། །གཞན་གྱིས་མི་ཐུབ་བཅོམ་ལྡན་འདས། །འཁོར་


LT28_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པས་བདག་ཅག་ལ། །ཡེ་ཤེས་སྤྱན་གྱིས་གཟིགས་སུ་གསོལ། །ཆོས་བཟང་ལྷ་ཡི་འདུན་ས་ན། །བཞུགས་པའི་བཅོམ་ལྡན་ཤཱཀྱ་ཐུབ། །གདུང་བདུན་ལ་སོགས་རྫོགས་སངས་རྒྱས། །ཆོས་དང་བྱང་སེམས་ཉན་རང་གི། །དགེ་འདུན་ཚོགས་ལ་གུས་ཕྱག་འཚལ། །རིག་སྔགས་འཆང་དང་དྲང་སྲོང་དང་། །ཚངས་དབང་ལེགས་ལྡན་གསུམ་ལ་སོགས། །ཀུན་ལ་དད་པས་བདག་འདུད་ན། །གཙུག་ཏོར་རྒྱལ་མོ་འགྲུབ་གྱུར་ཅིག །རྡོ་རྗེ་གཙུག་ཏོར་ཕྱིར་བཟློག་ཚེ། །ཕྱག་སྟོང་དང་ནི་དབུ་སྟོང་མངའ། །བྱེ་བ་བརྒྱ་སྟོང་སྤྱན་རས་ཅན། །མི་ཕྱེད་འབར་བའི་མཚན་རྟགས་མངའ། །རྡོ་རྗེ་ཡངས་པ་ཆེན་པོ་ཡི། །ས་གསུམ་དཀྱིལ་འཁོར་མ་ལུས་པར། །བདག་དང་སེམས་ཅན་བདེ་ལེགས་མཛོད། །རིག་པ་དང་ནི་ཕྱག་རྒྱ་དང་། །སྔགས་ཀྱི་ཚོགས་ཀྱིས་བསྲུང་དུ་གསོལ། །སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས། །གུས་པས་ཕྱག་བྱས་རྒྱལ་བའི་ཡུམ། །དཀར་དམར་མཐིང་བའི་ཁ་དོག་འཚེར། །དུག་གསུམ་མུན་ཆེན་བཅོམ་མཛད་མ། །སྒེག་གཤེ་དྲག་ཤུལ་རྒོད་ལ་སོགས། །ཉམས་ལྡན་སྣ་ཚོགས་ཞལ་རས་ལ། །རྡོ་རྗེའི་མཚན་རྟགས་སྤྱན་གསུམ་གསུམ། །དུ་མའི་སྤྱན་རྣམས་བགྲད་པ་དང་། །ཟུར་མིག་གློག་འགྱུ་དྲག་ཏུ་གཟིགས། །རྡོ་རྗེའི་གདུགས་དང་ཕུར་བུ་མདའ། །རལ་གྲི་ལ་སོགས་ཕྱག་མཚན་འབར། །འཇིགས་ཚོགས་ལྔ་བརྒྱ་ཟ་བ་པོ། །ལྔ་བརྒྱ་གཡས་གཡོན་ཞབས་ཀྱིས་མནན། །བ་སྤུ་རྡོ་རྗེའི་མེ་མཚོན་འཁྲུགས། །བྱེ་བ་ཕྲག་


LT28_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་སངས་རྒྱས་ཀྱི། །ཅོད་པན་རྣམ་པར་འཆང་བ་མོ། །ཞི་ཁྲོ་འཆོལ་བའི་ཆ་ལུགས་ཅན། །ཁྲོ་མོའི་དཀྱིལ་འཁོར་འཁོར་ལོ་ན། །རྣམ་པར་རྒྱལ་མའི་དཔའ་ཆས་རྫོགས། །བདེར་གཤེགས་ཀུན་གྱི་གཙུག་ཏོར་གྱི། །འཁོར་ལོས་སྒྱུར་མ་འཁོར་བཅས་ལ། །སྒོ་གསུམ་གུས་པས་སྐྱབས་གསོལ་ཞིང་། །གཟུངས་དང་མོས་པའི་མཐུ་དག་ལས། །བྱུང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །འགལ་འཁྲུལ་ཉེས་བྱས་ཅི་མཆིས་བཤགས། །དགེ་ཚོགས་ཀུན་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །མྱ་ངན་མི་འདའ་བཞུགས་པར་གསོལ། །དགེ་བ་བྱང་ཆུབ་མཆོག་ཏུ་བསྔོ། །རིག་པ་དང་ནི་ཕྱག་རྒྱ་ཡིས། །མཉེས་ཤིང་བདག་ལ་ཉེ་བར་མཛོད། །ཚེ་རབས་ཀུན་ཏུ་རྗེས་བཟུང་ནས། །ཕྱག་རྒྱའི་ཚོགས་དང་དབྱེར་མེད་མཛོད། །བདག་གི་གུས་པས་བཅོམ་ལྡན་འདས། །རིགས་སྔགས་རྒྱལ་མོར་གསོལ་འདེབས་ཀྱི། །ཡེ་ཤེས་ཐུགས་རྗེས་རྗེས་སུ་ཟུང་། །རྒྱལ་དང་རྐུན་པོ་མེ་དང་ཆུ། །དུག་མཚོན་ལ་སོགས་འཇིགས་པའི་ཚོགས། །ཐམས་ཅད་བཟློག་པར་མཛད་དུ་གསོལ། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་སོགས། །སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡི། །གདོན་དང་གཟའ་ཀུན་འཇིགས་པར་མཛོད། །རྒྱུ་སྐར་ཐམས་ཅད་དགའ་བར་གྱིས། །མདངས་དང་མངལ་སོགས་ཟ་བ་པོའི། །གདོན་ལས་རྟག་ཏུ་བསྲུང་དུ་གསོལ། །དེ་དག་ཀུན་དང་ཆེན་པོ་གཞན། །འདོད་ཆགས་བྲལ་དང་མ་བྲལ་བས། །བྱས་པའི་


LT28_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

རིག་སྔགས་ཀུན་བཅད་ཅིང་། །ཕུར་བུས་གདབ་པར་མཛད་དུ་གསོལ། །འབྱུང་པོའི་གདོན་ཀུན་ཚར་ཐག་ཆོད། །དུས་མིན་འཆི་བ་བཟློག་པར་མཛོད། །སེམས་ཅན་གསོད་དང་འཆིང་ལས་དགྲོལ། །མ་རུངས་དགྲ་དང་སྡང་བ་དང་། །ལྟས་ངན་བར་ཆད་ཐམས་ཅད་ཟློག །ཉིན་གཅིག་པ་སོགས་རིམས་རྣམས་དང་། །ཉེས་གསུམ་འདུས་པའི་ནད་རྣམས་སོལ། །དཔག་ཚད་བཅུ་གཉིས་ནང་ཚུན་སྲུངས། །མཚམས་དང་གཟི་བརྗིད་བཅིངས་པར་མཛོད། །གཟུགས་ཅན་དང་ནི་གཟུགས་མེད་ཀྱི། །ཐུན་ཟོར་གཏད་ཁྲོམ་མནན་བསྲེག་སོགས། །བྱད་ཕུར་རྦོད་གཏོང་བཟློག་ནས་ཀྱང་། །རང་གཤེད་རང་ལ་དབབ་པར་མཛོད། །དྲག་ཤུལ་སྡིག་དང་འཁྲུགས་པ་དང་། །སྡང་བའི་སེམས་ལྡན་མ་ལུས་པ། །བྱམས་པའི་སེམས་དང་ལྡན་པར་མཛོད། །ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་། །བགེགས་དང་ལོག་འདྲེན་ཀུན་དགར་མཛོད། །རྡོ་རྗེའི་རིགས་དང་ཕོ་ཉ་མོ། །གྲུབ་པའི་ལྷ་མོ་ཐམས་ཅད་ཀྱིས། །སྲུང་ཞིང་ཡིད་དུ་འོང་བར་མཛོད། །མི་ཁོམས་པ་ཡི་སྐྱེ་གནས་ལས། །ནམ་ཡང་བཟློག་པར་མཛད་དུ་གསོལ། །གྲངས་མེད་རྫོགས་པའི་སངས་རྒྱས་ཀྱི། །བསོད་ནམས་ཕུང་པོ་དང་ལྡན་ཞིང་། །སངས་རྒྱས་བྱང་ཆུབ་སེམས་ཀུན་གྱི། །ཐུགས་སུ་བྱོན་ཞིང་དགྱེས་པར་མཛོད། །བདག་དང་སེམས་ཅན་མ་ལུས་པ། །མི་གཙང་བ་རྣམས་གཙང་བ་དང་། །མ་སྨྱུང་བ་ཡང་སྨྱུང་སོགས་ཀྱི། །ཡོན་ཏན་མ་ལུས་དང་ལྡན་ཞིང་། །མཚམས་མེད་ལྔ་སོགས་ལས་སྒྲིབ་


LT28_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །མྱུར་དུ་ཟད་ཅིང་བྱང་ནས་ཀྱང་། །ངན་འགྲོའི་འཇིགས་པ་ལས་བསྒྲལ་ཏེ། །བདེ་བ་ཅན་གྱི་ཞིང་ཁམས་སུ། །ལམ་སྟོན་ལམ་སྣ་འདྲེན་མཛད་ཅིང་། །སྐྱེ་གཞན་བར་དུ་མ་ཆོད་པར། །ཕྱིར་མི་ལྡོག་པའི་མཆོག་སྦྱིན་མཛོད། །དེར་ཡང་འཕགས་མ་གོས་དཀར་མོས། །རྗེས་བཟུང་རིགས་ཀྱི་བདག་པོ་མཛད། །རིག་སྔགས་འབྲས་བུ་གྲུབ་པར་མཛོད། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །འཁོར་འདས་ཆོས་ཀུན་སྒྱུ་མར་རྟོགས། །རྒྱུ་འབྲས་གཉིས་སུ་མ་ཕྱེད་པའི། །རྡོ་རྗེ་འཛིན་པར་བདག་བསྒྲུབ་མཛོད། །རིགས་གཉིས་ཚོགས་ལས་བྱུང་བ་ཡི། །ཟབ་ཅིང་གསལ་བ་རྟག་ཁྱབ་ཆེ། །རྒྱ་ཆེ་རྒྱུན་མི་འཆད་པའི་སྐུ། །རྡོར་སེམས་གོ་འཕང་ཐོབ་པར་མཛོད། །བུམ་བཟང་དཔག་བསམ་ཤིང་བཞིན་ཏུ། །མཁའ་ཁྱབ་སྲིད་པའི་མཐའ་བརྟུལ་བ། །དེ་སྲིད་ཕྲིན་ལས་མི་ཟད་པས། །འགྲོ་བ་མ་ལུས་འདྲེན་པར་ཤོག །ཅེས་པ་འདིའང་ཉིང་འཁྲུལ་དུ་བཅོམ་ལྡན་འདས་མ་གཙོ་འཁོར་གྱིས་བྱིན་གྱིས་བརླབས་པའི་མཚན་མ་ཅུང་ཟད་མཐོང་བས་གསོལ་བ་བཏབ་པ་པོ་ནི་གུ་འོ། །དགེ་ལེགས་འཕེལ།། །།


previousདཔལ་ཧེ་རུ་ཀ་ལ་བསྟོད་ཕྱག་འཚལ་བ་བདེ་ཆེན་རོལ་བ།next