Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
ཕ་དམ་པ་སངས་རྒྱས་ལ་བསྔགས་པ་བརྗོད་པ་དཔའ་བོའི་རོལ་མོ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕ་དམ་པ་སངས་རྒྱས་ལ་བསྔགས་པ་བརྗོད་པ་དཔའ་བོའི་རོལ་མོ།next

ཕ་དམ་པ་སངས་རྒྱས་ལ་བསྔགས་པ་བརྗོད་པ་དཔའ་བོའི་རོལ་མོ།


LT28_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་དམ་པ་སངས་རྒྱས་ལ་བསྔགས་པ་བརྗོད་པ་དཔའ་བོའི་རོལ་མོ་ཞེས་བྱ་བ། །འཕགས་པའི་ཡུལ་དུ་སྐུ་འཁྲུངས་ཤིང་། །ཕྱོགས་མེད་གནས་སུ་བརྟུལ་ཞུགས་གྲུབ། །རྒྱ་བོད་གཉིས་སུ་འགྲོ་དོན་མཛད། །དམ་པ་སངས་རྒྱས་ཞབས་ལ་འདུད། །སྦྱངས་པའི་ཡོན་ཏན་དཔག་ཏུ་མེད། །གྲུབ་ཐོབ་ཕོ་མོ་ལྔ་བཅུ་བཞིའི། །བྱིན་རླབས་གདམས་པའི་བདུད་རྩི་གསོལ། །སྐྱེས་མཆོག་མི་ཡི་སེང་གེར་འདུད། །བདེ་གཤེགས་གནམ་གྱི་སྐར་མ་ཙམ། །ཞལ་གཟིགས་རྗེས་སུ་གནང་བ་སྩལ། །མདོ་རྒྱུད་གཉིས་ལ་རང་དབང་ཐོབ། །འཇིགས་མེད་སྤྱོད་འཆང་དེ་ལ་འདུད། །བདུད་བཞི་སྐྱེ་མེད་དབྱིངས་སུ་གཅོད། །ཐུག་ཕྲད་ཤེས་པ་རང་སར་གྲོལ། །འཁོར་འདས་གཉིས་ཀྱི་འཁྲུལ་བ་ཞིག །དཔའ་བོ་ཆེན་པོ་དེ་ལ་འདུད། །རྟོགས་པའི་ཡེ་ཤེས་མཁའ་དང་མཉམ། །བྱིན་རླབས་གཟི་བརྗིད་ཉི་བཞིན་འབར། །དོན་བརྒྱུད་ཆཀླུང་བྱེ་བའི་ཕུག །གྲུབ་པའི་སྤྱི་མེས་དེ་ལ་འདུད། །སྐྱེ་འཆི་མེད་པའི་བཙན་ས་ཟིན། །གནས་གསུམ་མཁའ་འགྲོའི་ཚོགས་ཀྱི་རྗེ། །དོན་ཆེན་གསང་བ་ཀུན་གྱི་བདག །སྐུ་བཞིའི་དབང་ཕྱུག་དེ་ལ་འདུད། །སྒྲིབ་པ་ཀུན་སྤངས་གཅེར་བུའི་ཚུལ། །ཆོས་ཉིད་དོན་སྟོན་ནག་པོ་ཆེ། །རྟེན་འབྲེལ་ཀུན་མཁྱེན་བལ་ཐུལ་གསོལ། །རང་བྱུང་རྣལ་འབྱོར་རྒྱལ་པོར་འདུད། །ཨཱ་ལི་ཀཱ་ལིའི་སྒྲ་དོན་རྟོགས། །བརྗོད་མེད་དོན་ལ་སྤོབས་པ་བརྙེས། །བརྗོད་པའི་ཆོས་སྒོར་མཚུངས་པ་མེད། །སྨྲ་བའི་སེང་


LT28_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གེ་དེ་ལ་འདུད། །བརྡ་དང་ཐབས་ཀྱི་གསང་བ་འཚད། །འབྲེལ་ཚད་རྟོགས་གྲོལ་དུས་མཉམ་མཛད། །གྲུབ་ཐོབ་ལྔ་བརྒྱའི་གཙུག་གི་རྒྱན། །ཕ་གཅིག་དམ་པ་དེ་ལ་འདུད། །སྐྱེ་འགག་མེད་པའི་དགོངས་པ་རྟོགས། །སྡུག་བསྔལ་ཞི་བྱེད་ཆོས་འཁོར་བསྐོར། །སྡུག་བསྔལ་གསུམ་གྱི་འཆིང་བ་དགྲོལ། །འགྲོ་བའི་སྨན་པ་དེ་ལ་འདུད། །འབྱུང་བ་ལྔ་ལ་དབང་དུ་མཛད། །རྒྱ་བོད་ཀུན་ཏུ་ཞབས་ཀྱིས་བཅགས། །རྫུ་འཕྲུལ་རོལ་མོ་མཐའ་ཡས་སྒྱུར། །འགྲན་གྱིས་ཟླ་མེད་དེ་ལ་འདུད། །ཁྱོད་སྐུ་རྗེ་བཙུན་སྨྲ་བའི་སེང་། །གསུང་དབྱངས་སྐྱེ་མེད་ནཱ་དའི་སྒྲ། །ནམ་མཁའ་ལྟ་བུའི་ཡེ་ཤེས་ཐུགས། །རྟོགས་ངོར་རོ་མཉམ་སྣང་བས་འདུད། །སྣང་ཚད་ཡེ་ཤེས་ཆེན་པོར་མཆོད། །འཁྲུལ་པ་ཅེར་གྲོལ་ཉིད་དུ་བཤགས། །ལམ་ལྔ་བགྲོད་མེད་རྗེས་ཡི་རང་། །སྟོང་ཉིད་རྟེན་འབྱུང་འཁོར་ལོ་སྐུལ། །རང་ཤར་ཟུང་འཇུག་རྟག་བརྟན་གསོལ། །ཤར་གྲོལ་བརྗོད་མེད་དབྱིངས་སུ་བསྔོ། །ཡེ་ཤེས་སྐུ་ལ་ཕྱོགས་རིས་མེད། །ཐུགས་རྗེའི་སྤྱན་ལ་ཉེ་རིང་མེད། །ཉམ་ཆུང་མོས་པའི་བུ་ལ་དགོངས། །རྟོགས་པའི་བྱིན་གྱིས་བདག་ལ་རློབས། །ཉམས་རྟོགས་རྒྱ་མཚོ་འཕྱུར་བ་དང་། །མཁའ་མཉམ་འགྲོ་སྒྲོལ་དངོས་གྲུབ་སྩོལ། །ལམ་ལྔའི་མངོན་རྟོགས་མཐར་ཕྱིན་ནས། །རྡོ་རྗེ་ལྟ་བུའི་ཏིང་འཛིན་བརྙེས། །རྗེ་བཙུན་ཁྱོད་དང་མཉམ་པ་ཡི། །གོ་འཕང་དེ་རིང་སྩལ་དུ་གསོལ། །འདི་ནི་རྩི་སྟོད་དཔའ་རྒོད་ཀྱི་གངས་དཀར་པོའི་


LT28_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ཟུར། ཕ་དམ་པས་ལྷ་འདྲེ་གདུག་པ་ཅན་རྣམས་དམ་ལ་བཞག་ཅིང་རྒྱུད་སྨིན་གྲོལ་དུ་མཛད་པའི་བྲག་གི་བ་གམ་དང་ཁད་ཉེ་བའི་སྤང་ལྗོངས་མཛེས་པའི་མཎྜལ་དུ་སྐྱིལ་མོ་ཀྲུང་གཅིག་ལ་ཐོལ་བྱུང་ཚིག་གི་རོལ་མོ་འཁྲོལ་བ་པོ་རང་བྱུང་བློ་གྲོས་མཐའ་ཡས་པའི་སྡེའོ། །དགེ་ལེགས་འཕེལ།། །།


previousཕ་དམ་པ་སངས་རྒྱས་ལ་བསྔགས་པ་བརྗོད་པ་དཔའ་བོའི་རོལ་མོ།next