Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
མཁན་སློབ་ཆོས་གསུམ་བསྟོད་པ་སོགས།
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁན་སློབ་ཆོས་གསུམ་བསྟོད་པ་སོགས།next

མཁན་སློབ་ཆོས་གསུམ་བསྟོད་པ་སོགས།


LT28_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་ཧོ། །རབ་འབྱམས་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་། །ཐུབ་དབང་གཉིས་པ་མཁན་ཆེན་ཞི་བ་འཚོ། །ཆོས་སྐྱོང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ། །གུས་པས་ཕྱག་འཚལ་སྙིང་ནས་གསོལ་བ་འདེབས། །གངས་ཅན་ལྗོངས་སུ་ཐུབ་བསྟན་ཉིན་མོར་བྱེད། །ཐོག་མར་འདྲེན་མཛད་ཆོས་རྒྱལ་མེས་དབོན་གྱི། །ངོ་མཚར་ཕྱག་རྗེས་ཆོས་འཁོར་རྣམ་པ་གསུམ། །རྟེན་དང་བརྟེན་པར་བཅས་ལ་གསོལ་བ་འདེབས། །ཁྱད་པར་མཁན་སློབ་ཆོས་གསུམ་ཞལ་འཛོམ་སྟེ། །ཛམ་གླིང་རྒྱན་གྱུར་སྤྲུལ་པའི་གཞལ་མེད་ཁང་། །བསམ་ཡས་མི་འགྱུར་ལྷུན་གྲུབ་གཙུག་ལག་ཁང་། །ས་གསུམ་སྙན་པར་གྲགས་ལ་གསོལ༴། འདུལ་བར་གཙུག་ལག་མདོ་སྡེར་ཞིང་ཁམས་ཚུལ། །མངོན་པ་ལྟར་ན་སྣོད་བཅུད་གཅིག་ཏུ་གྲུབ། །སྔགས་ཀྱི་ལུགས་སུ་དཀྱིལ་འཁོར་ཆེན་པོར་རྫོགས། །ངོ་མཚར་འགྲན་ཟླ་བྲལ་ལ༴ །དབུ་རྩེ་རིམ་གསུམ་ལུགས་གསུམ་བཀོད་པ་ཅན། །བསྐོར་ཁང་འཁོར་ས་ལྷོ་བྱང་ནུབ་ཀྱི་མཛོད། །རི་དབང་ལྷུན་པོར་ཉི་ཟླས་བརྒྱན་པའི་ཚུལ། །ཡཀྴ་ལྟག་འོག་བཅས་ལ༴། འཇམ་དཔལ་གླང་དང་ཨཱརྱ་པ་ལོའི་གླིང་། །དགའ་ལྡན་བྱམ་པ་གླིང་དང་བྱང་ཆུབ་ཏུ། །སེམས་བསྐྱེད་གླིང་སྟེ་གླིང་ཆེན་བཞི་ཡི་ཚུལ། །ཕྱོགས་བཞིར་བཞུགས་པ་རྣམས་ལ༴ །རྣམ་དག་ཁྲིམས་ཁང་བརྡ་སྦྱོར་ཚང་མང་གླིང་། །བདུད་འདུལ་སྔགས་པ་སྒྲ་སྒྱུར་རྒྱ་གར་གླིང་། །ལུང་བསྟན་བཻཙ་མི་གཡོ་བསམ་གཏན་


LT28_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་། །རིན་ཆེན་སྣ་ཚོགས་བཻ་ཧར་དཀོང་་མཛོད་བཅས། །གླིང་ཕྲན་བརྒྱད་དང་བཀའ་རྟགས་མཆོད་རྟེན་བཞི། ཁམས་གསུམ་ཟངས་ཁང་བུ་ཚལ་གསེར་ཁང་གླིང་། །དགེ་རྒྱས་ལྷ་ཁང་ཇོ་མོ་གླིང་གསུམ་དང་། །དེར་བཞུགས་དཀོན་མཆོག་རྣམས་ལ༴ །འཕགས་བོད་མཁས་གྲུབ་བསམ་ཡས་བྱོན་པའི་གནས། །མདོ་རྒྱུད་བསྟན་བཅོས་བསམ་ཡས་བསྒྱུར་བའི་གནས། །ཉན་བཤད་སྒོམ་སྒྲུབ་བསམ་ཡས་མཛད་པའི་གནས། །མཚན་མཆོག་དོན་དང་མཐུན་ལ༴ །ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་དངོས་སུ་བཞུགས། །ཁྱད་འཕགས་རིང་བསྲེལ་རྣམ་བཞིས་ཕྱུར་བུར་གཏམས། །གཏེར་ཆེན་གཏེར་ཕྲན་བསམ་མི་ཁྱབ་པའི་མཛོད། །ལྷ་མིའི་མཆོད་གནས་མཆོག་ལ༴ །བརྒྱུད་གསུམ་རིག་འཛིན་བླ་མའི་བྱིན་རླབས་འཐིབས། །ཡི་དམ་ཞི་ཁྲོ་རབ་འབྱམས་དངོས་གྲུབ་སྟེར། །གནས་གསུམ་མཁའ་འགྲོ་ཚོགས་ཀྱི་འདུ་བར་སྤྱོད། །ཆོས་སྲུང་མཐུ་རྩལ་ལྡན་ལ༴ །མཇལ་ཚད་ངན་སོང་གསུམ་གྱི་སྐྱེ་སྒོ་གཅོད། །དད་པས་ཐོས་ཚད་བྱང་ཆུབ་ས་བོན་ཐེབས། །ཚོགས་བསགས་ཐར་པའི་ལམ་ལས་ཕྱིར་མི་ལྡོག །འབྲེལ་ཚད་དོན་དང་ལྡན་ལ་གསོལ་བ་འདེབས། །འཇིག་རྟེན་གསུམ་གྱི་བསོད་ནམས་ཞིང་གྱུར་པ། །གངས་ཅན་ཕན་བདེའི་འབྱུང་གནས་རྟེན་གྱི་མཆོག །འབྱུང་བཞི་སོགས་ཀྱིས་ནམ་ཡང་འཇིག་མེད་པར། །བསྐལ་བརྒྱར་རྟག་བརྟན་ཆེན་པོར་བཞུགས་གསོལ་འདེབས། །དད་མོས་གསོལ་བ་བཏབ་པའི་བྱིན་


LT28_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཀྱིས། །མི་མཐུན་ཀུན་ཞི་མཐུན་རྐྱེན་ལེགས་ཚོགས་རྒྱས། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་ཡོངས་སུ་རྫོགས། །དོན་གཉིས་ལྷུན་གྲུབ་སངས་རྒྱས་མྱུར་ཐོབ་ཤོག །ཅེས་པའང་དཔལ་བསམ་ཡས་ཆོས་འཁོར་ཆེན་པོའི་ཞབས་ཏོག་ཕུལ་དུ་ཕྱིན་པའི་སྡེ་པ་པདྨ་དར་རྒྱས་ནས་ཆེད་དུ་བསྐུལ་ངོར་ཀུ་སཱ་ལི་བློ་གྲོས་མཐའ་ཡས་ཀྱིས་དཔལ་དེ་བཱི་ཀོ་ཊིའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། ༈ །།ཨེ་མ་ཧོ། །མཁའ་ཁྱབ་མཁའ་ཡི་ཡེ་ཤེས་རོལ་པ་ལས། །དག་པའི་ཞིང་གི་གནས་མཆོག་རབ་ཏུ་འབྱམས། །འོག་མིན་གསང་ཆེན་རོལ་པའི་དུར་ཁྲོད་ཀྱི། །ཞིང་སྐུའི་བཀོད་པ་རྒྱ་མཚོ་ལ་གསོལ་བ་འདེབས། །དྲག་པོ་འཇིགས་བྱེད་དང་ནི་དུས་མཚན་གྱི་ས། །བདག་ཏུ་བཟུང་བའི་གནས་ཡུལ་སུམ་ཅུ་གཉིས། །ཧེ་རུ་ཀ་དཔལ་ཡབ་ཡུམ་རྡོ་རྗེའི་གར། །དག་སྣང་ཁྱབ་བརྡལ་ཆེན་པོ་ལ་གསོལ༴ །རྒྱལ་བས་ལུང་བསྟན་དེ་བི་ཀོ། ཊིའི་ཡུལ། །བོད་སྐྱོང་ལྷན་སྐྱེས་བསྟི་བ་གྲུབ་པའི་ཁྱིམ། །ཉེ་བའི་འཐུང་གཅོད་རང་བྱུང་ཙཱ་རི་ཏྲ། །རྣམ་རོལ་འདུ་བའི་སྤྲིན་ཆེན་ལ༴ །གནས་དེར་བཞུགས་པའི་རྩ་གསུམ་ལྷ་ཚོགས་དང་། །ཁྱད་པར་དཔལ་ལྡན་འཁོར་ལོ་སྡོམ་པ་ཆེ། །རྣལ་འབྱོར་མ་དང་དཔའ་བོའི་འཁོར་ཚོགས་བཅས། །དྲུག་ཅུ་རྩ་བཞིའི་དཀྱིལ་འཁོར་ལ༴ །གྲུབ་པའི་རིག་པ་འཛིན་དང་མཁའ་འགྲོ་མ། །རྡོ་རྗེ་མཧཱ་ཀཱ་ལ་སེང་གེའི་གདོང་། །བཅུ་གསུམ་ལྷ་ཡི་འཁོར་ལོ་གཙོར་གྱུར་པའི། །བཀའ་སྡོད་དམ་ཅན་རྒྱ་མཚོ་ལ༴ །


LT28_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་གནས་སུ་བསྟི་བའི་གཟུགས་ཅན་དང་། །གཟུགས་མེད་ཐམས་ཅད་བདེ་སྟོང་རྡོ་རྗེའི་སྐུར། །གདོད་ནས་གྲུབ་པ་ཡིན་ལ་ཡིན་བཞིན་ཏུ། །སྣང་སྲིད་དག་པ་རབ་འབྱམས་ལ་གསོལ་བ་འདེབས། །ཀྱེ་མ་རྩ་གསུམ་ལྷ་རབ་འབྱམས། །ཁྱད་པར་བཀའ་བརྒྱུད་བླ་མའི་ཚོགས། །བྱིན་རླབས་དམ་བཅའ་དེང་འདིར་བསྐུལ། །བདག་རྒྱུད་སྲིད་གྲོལ་དངོས་གྲུབ་སྩོལ། །ཞེས་མོས་གུས་ཀྱི་གདེང་དང་ལྡན་པའི་ངང་ནས་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་རོལ་པར་ཤེས་པས། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊཿ ཞེས་ཅི་ནུས་བཟླ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །གནས་སྐབས་འགལ་རྐྱེན་མཐའ་དག་ཞི་བ་དང་། །ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་སོགས། །ཆོས་མཐུན་ལེགས་ཚོགས་ཡར་ཟླ་ལྟར་རྒྱས་ཤོག །ཐོག་མེད་ནས་བསགས་སྡིག་སྒྲིབ་ཀུན་ཞི་ཞིང་། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རབ་རྫོགས་ཏེ། །རྩ་གསུམ་ལྷ་ཡི་བྱིན་རླབས་རྒྱུད་ལ་འཇུག །དབང་དོན་རྟོགས་པ་མཐར་ཐུག་སྐྱེ་བར་ཤོག །སྐྱེ་བ་འདིའམ་བར་དོའི་གནས་སྐབས་སུ། །མཁའ་སྤྱོད་རིག་པ་འཛིན་པའི་གྲལ་ཞུགས་ནས། །རྣམ་སྨིན་རྒྱ་གྲོལ་ཡེ་ཤེས་སྐུ་བརྙེས་ཏེ། །ཟུང་འཇུག་རྡོ་རྗེ་འཆང་ཆེན་འགྲུབ་གྱུར་ཅིག །ཅེས་པ་འདིའང་དགེ་སློང་ཀརྨ་ལེགས་པའི་ངོར་ཀར་བརྒྱུད་ཀྱི་བཙུན་པ་ཡོན་ཏན་རྒྱ་མཚོས་སྒར་ཆེན་ནས་སྤེལ་བ་དགེ་ལེགས་འཕེལ།། ༈ །།ཡོན་ཏན་ཐུགས་ཀྱི་གནས་མཆོག་ཙཱ་འདྲ་རིན་ཆེན་བྲག་གི་གསོལ་འདེབས་རྒྱས་པ་


LT28_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་སྤྱོད་རོལ་མོ་ཞེས་བྱ་བ་བཞུགས་སོ། །ཨེ་མ་ཧོ། །ཀུན་བཟང་སྣང་བ་མཐའ་ཡས་མཁའ་ཀློང་ནས། །རྣམ་སྣང་སྤྱན་རས་གཟིགས་དབང་ལོངས་སྤྱོད་རྫོགས། །ཞིང་ཁམས་རབ་འབྱམས་འགྲོ་འདུལ་སྤྲུལ་པའི་སྐུ། །པདྨ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས། །ཞིང་འདིར་རྡོ་རྗེ་ཐེག་པ་འབྱུང་བའི་གནས། །རྒྱལ་བ་རྣམས་ཀྱིས་གདུལ་དཀའ་འདུལ་བ་ལས། །གནས་ཡུལ་དུར་ཁྲོད་རྣམས་སུ་ལྷུན་གྱིས་གྲུབ། །དེར་བཞུགས་ལྷ་ཚོགས་བཅས་ལ༴ །འཇིག་རྟེན་དབང་ཕྱུག་བྱིན་གྱིས་བརླབས་པའི་ཞིང་། ཁ་བ་ཅན་ཏུ་ལུང་ལྔ་ལྗོངས་གསུམ་དང་། །སྦས་ཡུལ་ཆེ་ཆུང་གནས་ཆེན་གནས་ཕྲན་གྱི། །རྟེན་དང་བརྟེན་པར་བཅས་ལ༴ །རྡོ་རྗེ་ཐོད་ཕྲེང་རྩལ་གྱི་སྒྲུབ་པའི་གནས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཁྱད་པར་མཆོག །གངས་ཆེན་བཞི་དང་བྲག་ཕུག་ཆེན་པོ་བརྒྱད། །ཕྱོགས་བཞིའི་བྲག་སོགས་ས་སྟེང་ཀུན་ཁྱབ་པའི། །གནས་གཏེར་ཡེ་ཤེས་འཁོར་ལོར༴ །མངའ་རི་སྐོར་གསུམ་གངས་བྲག་བཅུ་ཕྲག་གཉིས། །དབུས་གཙང་སྟོད་སྨད་སྒྲུབ་གནས་དྲུག་ཅུ་ལྔ། །མདོ་ཁམས་གནས་ཆེན་ཉེར་ལྔ་གཙོར་གྱུར་པའི། །གང་འདུལ་འགྲོ་ཕན་མཛད་ལ༴ །ཀུན་གྱི་སྤྱི་རྗེ་དཔལ་གྱི་ཙཱ་རི་ཏྲ། །མཁའ་སྤྱོད་གྲོང་ནས་རྡོ་རྗེའི་ཁོར་ཡུག་བར། །ཡན་ལག་གནས་ཕྲན་སྟོང་དང་རྩ་གཉིས་ཀྱི། །དཀྱིལ་འཁོར་ཡོངས་སུ་རྫོགས་ལ༴ །ཙཱ་རི་གཉིས་པ་ཙཱ་འདྲ་རིན་ཆེན་བྲག །དཔལ་ཆེན་ཧེ་རུ་ཀ་ཡི་


LT28_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་བྲང་ཆེ། །ཡོན་ཏན་ཐུགས་ཀྱི་གནས་མཆོག་འགྲན་ཟླ་བྲལ། །ཡན་ལག་གནས་ཕྲན་བཅས་ལ༴ །དགྱེས་མཛད་མར་པ་ལོ་ཙཱས་ལུང་བསྟན་གནས། །དེ་བཱི་ཀོ་ཊི་གསུམ་པ་ཡེ་ཤེས་སྤྱན། །རྡོ་རྗེ་ཐུགས་ཀྱི་མཁར་ཞེས་ཡོངས་གྲགས་པ། །འབྲེལ་ཚད་དོན་དང་ལྡན་ལ༴། གཞན་གྱི་གནས་སུ་ལོ་གཅིག་བསྒོམས་པ་བས། །འདི་རུ་ཐུན་གཅིག་ཏིང་འཛིན་སྐྱོང་བས་ཟབ། །རྩེ་གཅིག་སྒྲུབ་ན་མཁའ་སྤྱོད་གནས་འགྲོ་ཞེས། །ཨོ་རྒྱན་ལུང་བསྟན་མཛད་ལ༴ །ས་རྡོ་རི་བྲག་འཇའ་ཟེར་ཐིག་ལེའི་གཟུགས། །ངེས་པ་བརྡ་ཡི་བཀའ་རྟགས་བསམ་མི་ཁྱབ། །ཚེ་ཆུ་ཁྲུས་ཆབ་སྨན་གྱི་རྫིང་བུ་སོགས། །ངོ་མཚར་དུ་མས་བརྒྱན་ལ༴། རྩ་གསུམ་དམ་ཅན་རྒྱ་མཚོ་རྟག་ཏུ་འདུ། །དཔའ་བོ་མཁའ་འགྲོ་སྣ་ཚོགས་གཟུགས་ཀྱིས་གནས། །དམ་ལྡན་མཆོག་ཐོབ་དམ་མེད་ཚར་གཅོད་པའི། །བྱིན་རླབས་དྲག་རྩལ་ལྡན་ལ༴ །ཕྱི་བལྟས་ལྷུན་ཆགས་ཡུལ་གྱི་དགེ་བཅུ་ཚང་། །ནང་དུ་རྩ་གསུམ་རབ་འབྱམས་འདུ་བའི་གནས། །གསང་བ་རྡོ་རྗེ་བཀོད་པའི་གཞལ་མེད་ཁང་། །ས་སྤྱོད་འོག་མིན་མཆོག་ལ༴ །དེར་བཞུགས་ཧཱུྃ་ཆེན་ཀ་ར་བི་མ་ལ། །ཨོ་རྒྱན་ཡབ་ཡུམ་བཻ་རོ་ནམ་མཁའི་སྙིང་། །བྱང་ཆུབ་གླིང་པ་རྒྱལ་བ་ཡབ་སྲས་སོགས། །བཀའ་བརྒྱུད་བླ་མ་རྣམས་ལ༴ །རྡོར་སེམས་ཡང་དག་བདེ་དགྱེས་དུས་འཁོར་ལོ། །སྤྱན་རས་གཟིགས་དབང་རྟ་མགྲིན་སྒྲོལ་མ་ཡུམ། །རྡོ་རྗེ་འོད་ལྡན་ལྷན་ཅིག་སྐྱེས་མ་སོགས། །ཡི་


LT28_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

དམ་མཁའ་འགྲོའི་ཚོགས་ལ༴ །ཡེ་ཤེས་མགོན་པོ་ཕྱག་དྲུག་ཕྱག་བཞི་པ། །བེར་ཅན་ཡབ་ཡུམ་ལས་མགོན་རྣམ་ཐོས་སྲས། །སྔགས་སྲུང་ཞིང་སྐྱོང་མགར་བ་དམར་ནག་སོགས། །གནས་གཏེར་སྲུང་མ་རྣམས་ལ༴། སྟོད་ན་ཀུན་བཟང་བདེ་ཆེན་འོད་གསལ་གླིང་། །ས་ཡི་མེ་བཙའ་ཡུལ་གྱི་ཕན་བདེའི་གཞི། །ཧེ་རུ་ཀ་ཡི་སྐུ་གསུང་ཐུགས་རྟེན་བཅས། །ལུང་བསྟན་དུས་བབས་ཉིད་ལ༴ །བར་ན་སྒྲུབ་ཁང་བསམ་གཏན་ཆོས་ཀྱི་གླིང་། །སྒྲུབ་བརྒྱུད་བསྟན་པའི་སྲོག་རྩ་གནས་པའི་གཞི། །ཨོ་རྒྱན་ཞལ་ཚབ་པདྨའི་མཚན་ཅན་གྱི། །བྱིན་རླབས་སྤྲིན་ཕུང་འཁྲིགས་ལ༴ །རྨངས་སུ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་། །བཀའ་བརྒྱུད་ཡོངས་ཀྱི་ཆུ་འགོ་གངས་ཅན་ལྗོངས། །གྲགས་པ་དོན་ལྡན་བྱམས་མགོན་དགྱེས་པའི་གནས། །རྟེན་དང་བརྟེན་པར་བཅས་ལ་གསོལ་བ་འདེབས། །ཕྱག་འཚལ་མཆོད་བསྟོད་གསོལ་བ་བཏབ་པའི་མཐུས། །འཇིག་རྟེན་ཁམས་སུ་ནད་མུག་འཁྲུགས་རྩོད་ཞི། །བདེ་སྐྱིད་དབྱར་མཚོ་ལྟར་འཕེལ་ཆོས་ལྡན་གྱི། །བསམ་དོན་འབྱོར་པ་ལྷུན་གྱིས་གྲུབ་པར་ཤོག །རྒྱལ་བསྟན་སྤྱི་དང་ཁྱད་པར་སྒྲུབ་བརྒྱུད་ཀྱི། །བསྟན་པ་འཇིག་རྟེན་ཁམས་སུ་འབར་བ་དང་། །བསྟན་འཛིན་ཐམས་ཅད་ཡུན་རིང་ཞབས་བརྟན་ཅིང་། །འཁོར་ལོ་གཉིས་ཀྱི་ཕྲིན་ལས་རྒྱས་པར་ཤོག །བདག་ཅག་ཚེ་འདིར་བསམ་དོན་ཆོས་བཞིན་འགྲུབ། །ཐར་པའི་ལམ་ལ་བར་ཆད་མི་འབྱུང་བར། །མཁའ་སྤྱོད་བདེ་བ་


LT28_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་སོགས་དག་པའི་ཞིང་། །བགྲོད་ནས་བྱང་ཆུབ་ཆེན་པོ་མངོན་བྱེད་ཤོག །ཡང་གསོལ་འདེབས་བསྡུས་པ་ནི། ཧྲཱིཿ། ཡོན་ཏན་ཀུན་འབྱུང་འོད་གསལ་ཐུགས་ཀྱི་གནས། །ཙཱ་རི་གཉིས་པ་ཙཱ་འདྲ་རིན་ཆེན་བྲག །རྡོ་རྗེ་དེ་བཱི་ཀོ་ཊར་བཞུགས་པ་ཡི། །བརྒྱུད་པ་དགུ་ལྡན་རིག་འཛིན་གྲུབ་ཐོབ་དང་། །བཀའ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ཚོགས། །དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མ་ལ། །གུས་པས་ཕྱག་འཚལ་མཆོད་བསྟོད་གསོལ་བ་འདེབས། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་མྱུར་འགྲུབ་ནས། །མཁའ་སྤྱོད་བདེ་ཅན་ཞིང་དུ་བགྲོད་པ་དང་། །མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །ཞེས་པ་འདི་ནི་སྒྲུབ་བརྩོན་བླ་མ་ཀརྨ་བཀྲ་ཤིས་དགེ་ལེགས་ཀྱིས་བསྐུལ་ངོར། །ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་གནས་མཆོག་གང་དེའི་ཤར་སྒོ་ཡེ་ཤེས་ཀྱི་འཁོར་ལོར་བྲིས་པ་དགེ་ལེགས་འཕེལ།། ༈ །།ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ཡེ། །ཆོས་ཉིད་དབྱིངས་ལས་གང་འདུལ་རྣམ་པར་རོལ། །རབ་འབྱམས་ཞིང་དང་སྐུ་ཡི་སྤྲིན་ཆེན་པོས། །ནམ་མཁའི་མཐའ་ཁྱབ་འགྲོ་བ་སྒྲོལ་མཛད་པའི། །རྒྱལ་བའི་ཕྲིན་ལས་མཆོག་ལ་གསོལ་བ་འདེབས། །མ་དག་སྣང་ངོར་ཐ་མལ་བེམས་པོའི་གཟུགས། །དག་པའི་ཡེ་ཤེས་དཀྱིལ་འཁོར་རྟེན་བརྟེན་པ། །ཐབས་མཁས་འགྲོ་དོན་རྟག་ཁྱབ་ལྷུན་གྱིས་གྲུབ། །སྤྲུལ་པའི་གནས་མཆོག་ཆེ་ལ་གསོལ་བ་འདེབས། །ངོ་བོ་རིན་འབྱུང་རྣམ་སྣང་མཛད་ཀྱི་ཞིང་། །


LT28_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་སྤྱི་བོ་ཛཱ་ལནྡྷ་ར་ཡི། །ཐིག་རླུང་རྣམ་དག་བྱང་ཆུབ་སེམས་ཀྱི་དབྱིངས། །ཡོན་ཏན་སྐུ་ཡི་གནས་ལ་གསོལ་བ་འདེབས། །རྩ་བ་ཞི་ཁྲོ་རིགས་བརྒྱའི་ཞིང་ཁམས་ལས། །འགྲོ་འདུལ་ཡན་ལག་ཚུལ་དུ་འཕྲོས་པའི་གནས། །རྫོང་ཆེན་ཁམས་ཕུག་འོད་གསལ་གྲུབ་པའི་རྩེ། །དེར་བཞུགས་དཀྱིལ་འཁོར་ལྷ་ལ་གསོལ་བ་འདེབས། །ཨོ་རྒྱན་རྗེ་འབངས་སྤྲུལ་འཁོར་བཅས་པ་ཡིས། །ཟླ་བ་གཅིག་བཞུགས་གསང་ཆེན་རོལ་པའི་ཞིང་། །མཁའ་འགྲོ་སྒྱུ་འཕྲུལ་དྲྭ་བའི་ཕོ་བྲང་ཆེ། །གནས་མཆོག་གཙོ་བོ་ཉིད་ལ་གསོལ་བ་འདེབས། །རྫོང་ཆེན་འཕགས་པ་ཐུགས་རྗེ་ཆེན་པོའི་ཞིང་། ཁམས་ཕུག་རིག་འཛིན་བླ་མའི་གཞལ་མེད་ཁང་། །བཀའ་སྲུང་རེ་ཏེ་ཀུན་འཁྱིལ་མཆེད་གསུམ་གནས། །ཡན་ལག་བཅས་པ་ཀུན་ལ་གསོལ་བ་འདེབས། །གུས་པས་ཕྱག་འཚལ་མཆོད་སྤྲིན་རྒྱ་མཚོས་མཆོད། །སྡིག་སྒྲིབ་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས། །ཐབས་མཁས་རྣམ་པར་རོལ་ལ་རྗེས་ཡི་རང་། །རྟག་ཏུ་བཞུགས་ཤིང་གང་འདུལ་ཆོས་སྟོན་གསོལ། །དགེ་བ་མི་གནས་བྱང་ཆུབ་ཆེན་པོར་བསྔོ། །འཇིག་རྟེན་བདེ་ཞིང་བསྟན་པ་དར་བ་དང་། །གནས་སྐབས་བསམ་པའི་དོན་ཀུན་ཆོས་བཞིན་འགྲུབ། །མཐར་ཐུག་རིན་འབྱུང་སྐུ་ཡི་ཞིང་ཁམས་སུ། །འབྲེལ་ཚད་འགྲོ་ཀུན་མངོན་པར་བྱང་ཆུབ་ཤོག །ཅེས་པའང་འཆི་མེད་གྲུབ་པའི་སློབ་དཔོན་རྣམ་གཉིས་ཀྱི་རྒྱལ་ཚབ་རྡོ་རྗེ་འཆང་པདྨ་འོད་གསལ་མདོ་སྔགས་གླིང་པའི་བཀའ་ཡིས་


LT28_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་གནང་བ་ལྟར་རྟེན་འབྲེལ་ལེགས་ཚོགས་ཕུན་སུམ་ཚོགས་པས་གནས་ཞལ་ཐོག་མར་འབྱེད་པའི་སྐབས་སུ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་བྲིས་པ་དགེ་ལེགས་འཕེལ།། ༈ །།སངས་རྒྱས་གཉིས་པ་གུ་རུ་པདྨ་ཡིས། །གསང་བ་གསུམ་གྱིས་བྱིན་གྱིས་བརླབས་པའི་གནས། །ཞི་མཛད་རྡོ་རྗེ་རིགས་ཀྱི་ཕོ་བྲང་གི། །བྱང་ཕྱོགས་དཔལ་གྱི་དེའུར་གདོད་མ་ནས། །ཡོངས་གྲུབ་ཡེ་ཤེས་རྩ་གསུམ་རབ་འབྱམས་ལྷ། །ཁྱད་པར་གནོད་སྦྱིན་གཏེར་འཆང་དབང་པོ་ལ། །སྒོ་གསུམ་རྩེ་གཅིག་གུས་པས་གསོལ་བ་འདེབས། །གནས་སྐབས་ཆོས་མཐུན་དཔལ་འབྱོར་རྒྱས་པ་དང་། །མཐར་ཐུག་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་པའང་བསྟན་རྒྱས་ངོར་བློ་གྲོས་མཐའ་ཡས་ཀྱིས་སྤེལ་བ་དགེ་ལེགས་འཕེལ།། ༈ །།ཨེ་མ་ཧོཿ བོན་ཉིད་དབྱིངས་ལས་ལོངས་སྤྱོད་རྫོགས་པའི་ཞིང་། །འགྲོ་འདུལ་སྤྲུལ་པ་དཀར་ནག་བཀྲ་གསལ་ཞེས། །རྣམ་པར་རྒྱལ་བའི་གསས་ཁང་གཉིས་པ་ནི། །གཡུང་དྲུང་རྣམ་པར་བཀོད་པ་ལ་གསོལ་བ་འདེབས། །ཀུན་བཟང་རྒྱལ་འདུས་འཆི་མེད་ཡབ་ཡུམ་སྲས། །རྩ་བའི་ལྷ་བཅུ་དཔལ་མགོན་བརྒྱ་རྩ་བརྒྱད། །ཚེ་ལྷ་དགྲ་བཅོམ་སྲིད་རྒྱལ་སྐུ་ལྔ་སོགས། །དེར་བཞུགས་རྩ་གསུམ་ལྷ་ཚོགས་ལ་གསོལ་བ་འདེབས། །ཡན་ལག་ཞི་རྒྱས་དབང་དྲག་མཆོག་


LT28_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གི་གནས། །རྟེན་དང་རྟེན་པར་བཅས་ལ་གསོལ་བ་འདེབས། །འགལ་རྐྱེན་སྡིག་སྒྲིབ་ཀུན་ཞི་ཚེ་བསོད་རྒྱས། །མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །ཞེས་གནས་མཆོག་དམ་པའི་གསོལ་འདེབས་སུ། །འཆི་མེད་རྡོ་རྗེ་གཡུང་དྲུང་གླིང་པ་རྩལ་གྱིས་བྲིས་པ་སིངྡྷིརསྟུ། དགེ་ལེགས་འཕེལ།། །།


previousམཁན་སློབ་ཆོས་གསུམ་བསྟོད་པ་སོགས།next