Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
རྗེ་བཙུན་རས་ཆུང་པ་རྡོ་རྗེ་གྲགས་པ་ལ་བསྔགས་པ་རྡོ་རྗེའི་རྒྱུད་མངས།
   
   
   
   
   
   
   
   
   
   
   
   
   


 
previousརྗེ་བཙུན་རས་ཆུང་པ་རྡོ་རྗེ་གྲགས་པ་ལ་བསྔགས་པ་རྡོ་རྗེའི་རྒྱུད་མངས།next

རྗེ་བཙུན་རས་ཆུང་པ་རྡོ་རྗེ་གྲགས་པ་ལ་བསྔགས་པ་རྡོ་རྗེའི་རྒྱུད་མངས།


LT28_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་རས་ཆུང་པ་རྡོ་རྗེ་གྲགས་པ་ལ་བསྔགས་པ་རྡོ་རྗེའི་རྒྱུད་མངས་ཞེས་བྱ་བ་བཞུགས་སོ།། །།


LT28_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱུད་གྲུབ་པའི་ཆུ་ཀླུང་འབབས་པའི་གཞི། །གངས་ཅན་རྣ་བའི་རྒྱན་གྱི་ཁ་བའི་རིར། །མི་ཡི་སེང་གེ་སྐྱེས་མཆོག་རས་ཆུང་པ། །གདོད་ནས་སྨོན་ལམ་སྟོབས་ཀྱིས་འབྲེལ་ལ་འདུད། །གསང་བའི་བདག་པོ་རྒྱལ་བ་ཀུན་གྱི་སྙན། །རྒྱ་བོད་ཀུན་ཏུ་གསང་བ་འཛིན་པ་ལས། །མཚར་སྡུག་ཁྱེའུའི་གཟུགས་ཅན་གུང་ཐང་པ། །རྗེ་བཙུན་ཐུགས་ཀྱི་བུ་གཅིག་དེ་ལ་འདུད། །ཝ་ལ་ཙཎྜའི་གདམས་པའི་བསིལ་བྱེད་ཀྱིས། །གཟོད་ནས་གཏུམ་པོར་གྲུབ་པའི་མེ་སྦར་བས། །གདུག་ཅན་ཚང་ཚིང་མཐའ་དག་བསྲེགས་པའི་རྒྱུན། །རྣལ་འབྱོར་སྤྱོད་ཡུལ་ལྷན་ཅིག་བཟུང་ལ་འདུད། །ཚེ་དབང་ཡེ་ཤེས་ཌཱ་ཀིའི་ཐུགས་ཀྱི་མཛོད། །བརྟོལ་ནས་བཅུ་ཕྲག་གཅིག་ལ་བརྒྱད་ལྷག་པ། །འགྲོ་དོན་ཤམ་བུ་ཅན་གྱི་ཟབ་མོའི་ཆོས། །གངས་རིའི་ལྗོངས་སུ་ཐང་མར་བརྡལ་ལ་འདུད། །ཁྱད་པར་མཁའ་འགྲོ་རྒྱ་མཚོའི་སྲོག་གི་སྙིང་། །ཞག་བདུན་ཙམ་གྱིས་མཆོག་ཐུན་འགྲུབ་བྱེད་པ། །གངས་རིའི་མགོན་པོ་ཐུན་མིན་ཕྲིན་ལས་ཀྱི། །ཉི་མའི་ཤིང་རྟ་གསར་དུ་དྲངས་ལ་འདུད། །ནཱ་རོའི་རིམ་པ་དྲི་མེད་བཤེས་གཉེན་ལས། །ལེགས་འོང་གསང་འཛིན་རྣམས་ཀྱི་རྣ་བའི་བཅུད། །ལུས་མེད་མཁའ་འགྲོའི་ཆོས་དྲུག་གསང་བའི་རྒྱ། །བཀྲོལ་མཛད་བླ་མའི་བླ་མར་གྱུར་ལ་འདུད། །ཟུང་འཇུག་ཡེ་ཤེས་སྐུ་ཅན་རྗེ་བཙུན་ཆེ། །སྐུ་དང་གྲིབ་མ་བཞིན་ཏུ་མཉེས་པ་དགུས། །བསྟེན་ཚུལ་མཐར་ཕྱིན་རྣམ་ཐར་གཅིག་གྱུར་པ། །


LT28_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

།ཐུགས་སྲས་ཟླ་བ་ལྟ་བུར་གྲགས་ལ་འདུད། །སྙན་བརྒྱུད་ནོར་བུ་རྣམ་གསུམ་གསང་བའི་མཛོད། །གཞན་ལ་མཚན་ཙམ་དཀོན་པའི་རིན་ཐང་ཅན། །ཁྱོད་ལ་རང་ནོར་བཞིན་ཏུ་ཕོག་པ་ཡིས། །སྒྲུབ་བརྒྱུད་རྒྱལ་མཚན་ཏོག་ཏུ་གྱུར་ལ་འདུད། །ཆགས་བྲལ་འདོད་ཆགས་ཆེན་པོའི་གར་གྱིས་སྒེག །ཞི་ཡང་ཞེ་སྡང་ཆེན་པོའི་གཟི་བརྗིད་འབར། །གཏི་མུག་སྤངས་པའི་རྨོངས་ཆེན་ཕ་རོལ་ཕྱིན། །རྡོ་རྗེའི་ས་མཐར་སོན་པ་དེ་ལ་འདུད། །གསུང་གི་གླིང་བུའི་ཆ་ཤས་ལྷུང་བ་ཡིས། །ཡིད་ཀྱི་རི་དྭགས་རྣམ་གྲོལ་ས་ལ་རྩེ། །གསང་བའི་ཐེག་པས་མི་དང་མི་མ་ཡིན། །གྲངས་མེད་རྡོ་རྗེའི་རྒྱལ་སར་འཁྲིད་ལ་འདུད། །འཕོ་མེད་དགའ་བཞིའི་མདངས་ཀྱིས་སྒེག་པའི་སྐུ། །མཁའ་སྤྱོད་མཛེས་མའི་དཀྱིལ་འཁོར་མཛེས་པའི་རྒྱན། །གྲུབ་པའི་རིག་འཛིན་ཡོངས་ཀྱིས་ཕྱག་བྱས་པ། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ་ལ་འདུད། །དུས་གསུམ་གཤེགས་དང་དེ་སྲས་བློ་ཆེན་གྱི། །ཆོས་ཀྱི་མཛོད་དང་གེགས་བྱེད་སྲུང་བའི་གོ། །བགོས་པའི་འཕྲུལ་ཆེན་ནམ་ཡང་མི་ཟད་པས། །ཞིང་ཁམས་རྒྱ་མཚོ་མངོན་པར་འགེངས་ལ་འདུད། །འདྲེན་པ་སྟོང་གི་ཚེ་ན་བསྟི་བའི་གནས། །ལྕང་ལོ་ཅན་གྱི་རྡོ་རྗེའི་ཁང་བརྩེགས་སུ། །རྣམ་སྨིན་འཇའ་ཚོན་སྐུ་རུ་གནས་བསྒྱུར་ཏེ། །ནམ་མཁའི་ལམ་ནས་གྱ་གྱུར་གཤེགས་ལ་འདུད། །སྐྱེས་མཆོག་ཁྱེད་ཀྱི་སྒྲུབ་བརྒྱུད་མི་ཉམས་ཤིང་། །ཁྱོད་ཀྱི་རྣམ་པར་ཐར་དང་རོ་


LT28_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པར། །བདག་གྱུར་གསང་བ་གངྒཱའི་རྒྱུན་སྤེལ་བས། །མཁའ་སྤྱོད་དབང་ཕྱུག་ས་གཞི་ཀུན་ཁྱབ་ཤོག །ཅེས་པའང་བཀའ་བརྒྱུད་རིན་པོ་ཆེའི་རྗེས་འཇུག་རྟགས་ཙམ་འཛིན་པ་བློ་གྲོས་མཐའ་ཡས་ཀྱིས། །སྐྱེས་མཆོག་རས་ཆུང་རྡོ་རྗེ་གྲགས་པའི་སྒྲུབ་གནས་བྱིན་རླབས་དང་མཁའ་འགྲོའི་སྤྲིན་ཕུང་འདུ་བའི་གནས་སུ་དགེ་སྦྱོར་བློ་ནུས་དང་སྦྱར་བ་བགྱིས་པའི་རྗེས་ཐོག་ཏུ་དད་པ་ཆེན་པོས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། ༈ །།མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་བསྔགས་པ་ཨུ་དུམྦ་རའི་འཛུམ་ཟེར་ཅེས་བྱ་བ། །ཉན་ཐོས་རྫུ་འཕྲུལ་ཆེན་པོར་ལུང་བསྟན་ཅིང་། །ཡེ་ཤེས་ཌཱ་ཀི་རྣམ་གཉིས་ཐུགས་ཀྱི་སྲས། །མཁས་གྲུབ་བརྒྱ་དང་ལྔ་བཅུའི་གདུང་འཚོབ་པ། །ཁྱུང་པོ་རྣལ་འབྱོར་ཞབས་ལ་གསོལ་བ་འདེབས། །དང་པོ་སྒོ་བཞི་མཛོད་ལྔའི་བོན་སྒོར་ཞུགས། །གཞུང་ལུགས་མཐར་ཕྱིན་ཡི་དམ་ལྷ་ཞལ་མཐོང་། །བཤད་སྒྲུབ་སྡེ་བཙུགས་གཤེན་གྱི་བསྟན་འཛིན་ལ། །འགྲན་ཟླ་སྤངས་བར་མཛད་དེར་གསོལ་བ་འདེབས། །བར་དུ་ཐུབ་བསྟན་སྒོར་ཞུགས་ཐུན་མོང་དང་། །ཐུན་མིན་རིག་པའི་གནས་ཀུན་བདེ་བླག་མཁྱེན། །སེམས་ཕྱོགས་གཙོར་གྱུར་རྫོགས་ཆེན་བསྟན་པའི་བདག །བཻ་རོའི་བག་ཆགས་སད་དེར་གསོལ༴ །ཐ་མར་སྨོན་ལམ་སྟོབས་ཀྱིས་འཕགས་ཡུལ་བགྲོད། །མཁས་གྲུབ་བརྒྱ་དང་ལྔ་བཅུའི་ཐུགས་བཅུད་ལོངས། །མདོ་སྔགས་ཆོས་ཚུལ་རྒྱ་མཚོར་རང་བྱང་ཆུབ། །སྟོན་པ་གཉིས་པར་གྱུར་ལ༴ །ཁྱད་པར་ཡེ་ཤེས་ཌཱ་ཀི་


LT28_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གཉིས་ཀྱིས། །རྗེས་བཟུང་རྡོ་རྗེ་འཆང་གི་གསང་ཚིག་བསྩལ། །བརྒྱུད་པར་བཅས་ལ་དངོས་སུ་བྱིན་རློབ་པ། །ལུང་བསྟན་ཞལ་བཞེས་ཐོབ་ལ༴ །འཕགས་ཡུལ་མཁས་གྲུབ་བྱེ་བས་མགྲིན་གཅིག་བསྔགས། །ཚངས་དང་བརྒྱ་བྱིན་ནོར་བུའི་ཐོད་ཀྱི་བཏུད། །ལྷ་རྣམས་ཀུན་གྱིས་མེ་ཏོག་ཆར་ཆེན་བསྙིལ། །ངོ་མཚར་བསམ་ལས་འདས་ལ༴ །སྤྱན་དང་མངོན་ཤེས་ཏིང་འཛིན་རྒྱ་མཚོ་མངའ། །རྫུ་འཕྲུལ་རྣམ་རྩེའི་ཆོ་འཕྲུལ་ཆེན་པོ་བསྟན། །མཐའ་ཡས་འགྲོ་བའི་ཁམས་དང་མོས་པ་མཁྱེན། །སྲིད་མཐར་ཞལ་གྱིས་འཆེས་ལ༴ །གནས་ལྔར་རྒྱུད་སྡེ་ལྔ་ཡི་དཀྱིལ་འཁོར་སྤྲུལ། །བཀོད་པ་བརྒྱ་དང་རྩ་བརྒྱད་དུས་གཅིག་བསྟན། །སྲིད་གསུམ་འབྱུང་པོའི་ཚོགས་ཀྱིས་བྲན་བཞིན་བཏུད། །མཁའ་འགྲོའི་ཚོགས་རྗེར་གྱུར་ལ༴ །སྤྲུལ་པའི་དཀྱིལ་འཁོར་རྣམས་སུ་དབང་བསྐུར་ཞིང་། །ཐེག་ཆེན་ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར། །གདུལ་བྱ་ཁྲི་ཕྲག་བརྒྱད་སོགས་སྨིན་གྲོལ་མཛད། །སངས་རྒྱས་མཛད་པ་སྒྲུབ་ལ༴ །བརྒྱ་དང་ལྔ་བཅུར་འགྲོ་མང་ཐབས་ཀྱིས་འདུལ། །རྣམ་ཐར་རྒྱ་མཚོའི་སྤྲིན་གྱིས་ཞིང་ཀུན་ཁྱབ། །འདི་ནས་བདེ་ལྡན་ཞིང་གི་འདྲེན་པར་གྱུར། །དབང་བཅུ་རྫོགས་པར་བརྙེས་ལ༴ །རྒྱལ་ཚབ་དམ་པ་ཆོས་ཀྱི་གདུང་འཛིན་པ། །མོག་ལྕོག་སྐྱེར་སྒང་གཉན་སྟོན་འགྲོ་མགོན་སོགས། །སྲིད་མཐའི་བྱང་སེམས་དུ་མ་རིམ་བྱོན་ཏེ། །ས་སྟེང་གྲུབ་པས་བཀང་ལ༴ །གྲུབ་ཆེན་


LT28_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུང་པོའི་རྣམ་ཐར་མཁའ་ལྡིང་གི། གཤོག་རླབས་ཤེས་བྱའི་མཁའ་མཐར་བསྐྱོད་པའི་ཚེ། །གངས་ཅན་མཁས་དང་གྲུབ་པའི་གཉིས་སྐྱེས་ཚོགས། །རང་ཚུགས་བཏང་ནས་ཁྱོད་ཀྱི་རྗེས་སུ་རྩོལ། །མགོན་པོ་ཁྱོད་ལ་རྩེ་གཅིག་གསོལ་བཏབ་མཐུས། །ཁྱོད་ཀྱི་རྣམ་ཐར་མ་ལུས་འགྲུབ་ནས་ཀྱང་། །ས་ཡི་སྟེང་ན་ཉི་ཟླ་ལྟར་གྱུར་ཏེ། །ཁྱོད་བསྟན་སྲིད་པ་གསུམ་དུ་སྣང་བྱེད་ཤོག །ཅེས་པའང་ཁྱུང་རིགས་ལ་ས་བོན་དང་། རྙིང་མ་དང་བཀའ་བརྒྱུད་ཀྱི་ཆོས་སྐོར་རིམ་པར་ཞགས་ཤིང་། །གྲུབ་ཆེན་འདི་ཉིད་ཀྱི་གསེར་ཆོས་ལ་མོས་པའི་གཡར་དམ་འཆའ་བ་སྤོང་བ་པ་ཡོན་ཏན་རྒྱ་མཚོས་དབེན་པའི་རི་ངོགས་སུ་བྲིས་ཏེ་གསོལ་བ་བཏབ་པ་སིངྡྷི་ར་སྟུ།། ༈ །།དཔལ་ལྡན་ཕག་མོ་གྲུ་པ་ལ་བསྔགས་པ་སངས་རྒྱས་དགྱེས་པའི་རོལ་མོ་ཞེས་བྱ་བ། །ཤིན་ཏུ་ཞི་བའི་བདུད་རྩིས་རབ་དགྱེས་པ། །ལོག་པར་དད་་སེལ་སྲིད་ལ་ཆགས་པ་ན། །ཞིང་བརྒྱ་མངོན་པར་གཡོ་བའི་རྫུ་འཕྲུལ་ཅན། །འགྲོ་མགོན་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །སྲིད་ཞི་ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ། །རང་བྱུང་རྡོ་རྗེ་རྒྱལ་པོས་བྱིན་བརླབས་པས། །འཁྲུལ་མཚན་གདོད་ནས་གྲོལ་བའི་སྐྱེ་དགུ་ཀུན། །མཁའ་འགྲོའི་དྲྭ་བར་སྡོམ་ལ་ཕྱག་འཚལ་ལོ། །ཡང་དག་མཐའ་ལ་གདོད་ནས་རྣམ་པར་གནས། །རིགས་ཅན་གསུམ་ལ་བྱང་ཆུབ་རྩ་བ་བཙུགས། །སངས་རྒྱས་མཛད་པའི་གར་གྱིས་རྣམ་རོལ་བ། །མཐའ་ཡས་གདུལ་བྱ་འདུལ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཕག་མོ་དཔའ་བོའི་དབང་ཕྱུག་བཅས། ཁ་སྦྱོར་སྡུག་བསྔལ་


LT28_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་པའི་གྲུ་བོ་ཆེ། །སྲིད་པ་བདེ་བར་འདྲེན་ལ་སྙིང་གི་སྟོབས། །དགའ་བཞིའི་མཐར་ཐུག་འབར་ལ་ཕྱག་འཚལ་ལོ། །དྲི་མེད་བསམ་གཏན་བདུད་རྩིའི་ཕྱག་རྒྱ་ནི། །ཅིས་ཀྱང་མི་ཕྱེད་གསང་བའི་སྙིང་པོར་བཅིངས། །ཤེས་རབ་རྟག་པའི་གཟི་བརྗིད་བཟོད་དཀའ་བས། །ལྷན་སྐྱེས་མུན་པ་འཕྲོག་ལ་ཕྱག་འཚལ་ལོ། །འདྲེན་པར་གྲགས་དང་མ་འདྲེས་ཆོས་ལྡན་ཞིང་། །སྣང་སེམས་དབང་དུ་སྒྱུར་བའི་སྟོབས་རྣམས་མངའ། །འཇིག་རྟེན་ཁམས་ན་འཇིགས་པ་མི་མངའ་བ། །སངས་རྒྱས་ཆོས་ཀུན་རྫོགས་ལ་ཕྱག་འཚལ་ལོ། །བརྟུལ་ཞུགས་རབ་ཏུ་བརྟན་པའི་རྡོ་རྗེ་ནི། །བདུད་ཀྱི་དཔུང་ལ་ལྷ་མིན་གོ་འཕང་སྦྱིན། །དྲེགས་པ་ཟིལ་གནོན་སྟན་གཅིག་རྡོ་རྗེའི་གདན། །སྐྱིལ་ཀྲུང་གཅིག་གིས་མནན་ལ་ཕྱག་འཚལ་ལོ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ཤིན་ཏུ་བརྟན། །དཔའ་བར་འགྲོ་བས་གཞན་སྣང་དབང་དུ་མཛད། །སྒྱུ་མ་ལྟ་བུས་ཆོ་འཕྲུལ་མཐའ་ཡས་བཀྱེ། །རྣམ་ཐར་རྒྱལ་བས་བསྔགས་ལ་ཕྱག་འཚལ་ལོ། །སྐད་རིགས་མི་གཅིག་འཛམ་གླིང་ཁྱོན་ཡངས་ཀུན། །ཐར་པར་འགུགས་པ་གྲུབ་པའི་ཕོ་ཉ་བཀྱེ། །འཁོར་བ་དོང་ནས་སྤྲུགས་ལ་དབང་ཐོབ་པས། །བདེ་གཤེགས་མཚན་གྱིས་བརྗིད་ལ་ཕྱག་འཚལ་ལོ། །འོད་ཟེར་རབ་འཕྲོ་ནོར་བུའི་ཏོག་ལྡན་པ། །ཐུར་མ་བརྒྱ་པའི་གྲིབ་མར་ངལ་འཚོ་བའི། །སྐྱེས་མཆོག་མི་ཡི་སེང་གེ་ལྔ་བརྒྱའི་དབུས། །བླ་མེད་ཆོས་འཁོར་བསྐོར་ལ་ཕྱག་འཚལ་ལོ།


LT28_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་དབང་མོས་པ་མངོན་པར་མཁྱེན་པ་ཡིས། །གདུལ་བྱ་རྣམས་ལ་སོ་སོའི་སྒོ་བསྟན་ནས། །བགྲོད་གཅིག་འབྲས་བུ་བདེ་བླག་ཐོབ་པར་མཛད། །ཐབས་མཁས་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ཁྱོད་མཚུངས་སྐྱེས་བུ་ཨུ་དུམྦ་ར་ལྟར། །སྙིགས་མའི་དུས་སུ་ཤིན་ཏུ་དཀོན་པས་ན། །མཚུངས་མེད་བདེ་གཤེགས་འགྲོ་མགོན་རིན་པོ་ཆེ། །ས་གསུམ་ཀུན་ཏུ་གྲགས་ལ་ཕྱག་འཚལ་ལོ། །ཁྱོད་ནི་ཚད་མར་གྲུབ་པས་རྣམ་ཐར་བདེན། །བདེན་པའི་བྱིན་རླབས་བསམ་གྱིས་མི་ཁྱབ་པས། །བདག་ཀྱང་མྱུར་བར་ཁྱོད་ཀྱི་གོ་འཕང་མཆོག །ལྷུན་གྲུབ་མཁའ་མཉམ་འགྲོ་བ་འདྲེན་པར་ཤོག །ཅེས་པའང་བཀའ་བརྒྱུད་རིན་པོ་ཆེའི་རྗེས་འཇུག་གི་རྟགས་ཙམ་འཛིན་པ་ཀུན་ལས་ཀྱང་ཐ་ཤལ་གྱི་གོ་འཕང་བ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་ཕག་མོ་གྲུ་ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ་ཤུར་མར་བྲིས་པ་དགེ་ལེགས་འཕེལ།། ༈ །།དཔལ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་ལ་བསྔགས་པ་ངོ་མཚར་མེ་ཏོག་ཅེས་བྱ་བ། །རྡོ་རྗེའི་རྣལ་འབྱོར་ཆེ་བརྙེས་པས། །བདེ་སྟོང་འཕོ་འགྱུར་མེད་པའི་སྲོག །གྲུབ་པའི་དབང་ཕྱུག་ས་སྐྱ་པ། །ཀུན་དགའ་སྙིང་པོར་དད་པས་བསྔགས། །དཔལ་ལྡན་ཟབ་གསང་རིག་སྔགས་འཆང་། །འཁོན་སྟེན་རྡོ་རྗེ་འཛིན་དབང་པོའི། །གྲུབ་རིགས་ཐིག་ལེར་ཆས་གྱུར་པའི། །བདག་ཉིད་ཆེ་དེར་ཡིད་རབ་དང་། །སྔོན་རབས་བགྲང་མཐའ་ཡས་པ་ནས། །ཚོགས་གསུམ་སྙིང་པོར་ཆས་པ་གང་། །བརྟུལ་ཞུགས་བླ་ན་མེད་གྲུབ་པའི། །


LT28_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་འཕར་ཐོག་མར་ཕྱེས་ལགས་གྲང་། །ལྗོངས་འདིར་བདེན་གསུང་རྡོ་རྗེའི་ལུང་། །ཡིད་ཅན་ཀུན་གྱི་སྤྱོད་ཡུལ་དུ། །བསྙོན་འདོར་མེད་པར་བྱིན་དེ་ཡིས། །སྟོན་པའི་རྒྱལ་ཐབས་འཛིན་པར་ཟད། །སྡེ་སྣོད་པདྨ་རྒྱས་པའི་མཚོར། །རྟག་གུས་དང་པའི་སྦྱོར་བ་ཡིས། །དགོངས་དོན་རླབས་ཀྱིས་གཅོད་ནས་སུ། །ཐེག་ཆེན་པད་རྩའི་རོ་མཆོག་མྱོང་། །ཟབ་གསང་སྙིང་པོར་དྲིལ་བའི་གླུ། །མི་ཤིགས་ནཱ་དའི་སྒྲས་བཟུང་བ། །སྔགས་རྒྱུད་རྒྱ་མཚོ་བཏུང་དེ་ཕྱིར། །གསང་བའི་བདག་པོའི་ནུས་མཐུར་གྲུབ། །ཁྱད་པར་དགོངས་དོན་མཐར་ཐུག་པ། །ཕྱིར་མི་ལྡོག་པ་སྙིང་པོའི་གཏམ། །ཤིང་རྟ་གཉིས་ཀྱི་ལམ་སྲོལ་ཡང་། །ཟུང་འཇུག་མཁྱེན་པའི་རྣམ་དཔྱོད་ངོམས། །ཡོངས་འཛིན་ཡེ་ཤེས་ཕུང་པོ་ལས། །སྙན་བརྒྱུད་ཚད་མ་བཞི་ལྡན་པ། །གདམས་ངག་ལམ་དང་འབྲས་བུ་བཅས། །སྲིད་མཐར་འགྲོ་དོན་རྫོགས་མ་གྱུར། །སྲོག་རྩོལ་ཟོས་པའི་ཕྲ་མོའི་ལུས། །དག་པའི་ཐིག་རླུང་རྒྱས་གྱུར་པས། །གཏིང་མཐའ་མེད་པའི་བདེ་བའི་རོས། །དབུ་མའི་ས་ལ་རབ་ཏུ་མྱོས། །འཁོར་ལོའི་བགྲོད་པ་དག་ནས་ཀྱང་། །ནང་གི་ལམ་ནས་དབྱེར་མེད་པའི། །ཁྱབ་བདག་མ་ནིང་གོ་འཕང་ལས། །རྡོ་རྗེ་འཛིན་པའི་མཚན་སྙན་ལེན། །དབང་ཕྱུག་ཆེན་པོའི་རྒྱལ་ཐབས་པ། །གོས་དཀར་ལྕང་ལོའི་ཕྲེང་བ་འཛིན། །ཐོད་རྒལ་སྤྱོད་པས་ས་འཕར་བ། །འབྲེལ་ཚད་གཏན་བདེར་འཁྲིད་དེར་བསྔགས། །


LT28_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ནི་རྡོ་རྗེ་འཆང་དབང་པོ། །ཧེ་རུ་ཀ་དཔལ་ཆེ་བའི་མཆོག །ཡོན་ཏན་བརྗོད་ཀྱིས་ག་ལ་ལོངས། །མདོར་བསྡུས་ཚིགས་སུ་བཅད་པའི་དགེས། །འགྲོ་ཀུན་ཚེ་འདིར་ཧེ་རུ་ཀ །ཁ་སྦྱོར་ཡན་ལག་བདུན་ལྡན་པའི། །གོ་འཕང་མཆོག་ལ་དབང་བསྒྱུར་ཏེ། །འཁོར་བ་དོང་ནས་སྤྲུགས་པར་ཤོག །ཅེས་པའང་སྒོ་སྟོད་ནས་དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་མཆོག་གི་གསུང་བསྐུལ་ངོར་ཡོན་ཏན་རྒྱ་མཚོས་ཁྲི་འབུའི་སྒར་ཆེན་ཏུ་བྲིས་པ་དགེ་ལེགས་འཕེལ།། ༈ །།གངས་ཅན་གྱི་གསང་ཆེན་བསྟན་པའི་བདག་པོ་ཁུ་དབོན་བརྒྱུད་པར་བཅས་པ་ལ་བསྔགས་པ་བརྗོད་པ་གཟི་བརྗིད་མཐའ་ཡས་ཞེས་བྱ་བ། །རྒྱུད་སྡེ་གངྒཱའི་ཀླུང་གིས་མ་ཁེངས་པར། །བི་རཱུའི་ཞལ་གྱི་བདུད་རྩི་ལྟོར་བསྐྱིལ་བ། །བརྩེ་ཆེན་པདྨ་དཀར་འཛིན་དྲང་སྲོང་དེས། །དག་བྱེད་རྒྱུན་གྱིས་གངས་ཅན་ཉེས་པ་བཀྲུས། །ཚངས་པའི་ཡི་གེས་འཕགས་ཡུལ་ཆོས་ཀྱི་གླར། །བསྔགས་པའི་གླིང་བུས་མཁའ་སྤྱོད་རི་དྭགས་མིག །བསླུས་སམ་མཁའ་སྤྱོད་བདེ་ཆེན་ཚོགས་ཀྱི་རྗེར། །ཆོས་ཁྲིའི་སྟེང་ནས་བསོད་ནམས་རྩེ་མོ་བསུས། །རྡོ་རྗེ་དྲིལ་བུ་ནམ་མཁར་འཇོག་པ་དང་། །ལྷན་ཅིག་གདུག་པའི་འབྱུང་པོ་བསྐྲད་པའི་ཟིལ། །མ་བཟོད་གངས་ཅན་རྡོ་རྗེ་འཛིན་ཀུན་གྱི། །གཙུག་གིས་རབ་བཏུད་གྲགས་པའི་རྒྱལ་མཚན་མཐོ། །ཀུན་མཁྱེན་གཉིས་པ་ལྗོངས་འདིར་བྱོན་པ་ན། །བསྟན་ལ་དགའ་བའི་ལྷ་ཡིས་ག་ཞ་འབྱིན། །ཕྱོགས་ལས་རྣམ་རྒྱལ་ས་


LT28_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱ་པ་ཆེན་ཞེས། །ཡ་མཚན་སྙན་གྲགས་ནམ་མཁའི་མུ་ཁྱུད་བརྒལ། །བློ་ལས་འདས་པའི་ཆོ་འཕྲུལ་མཐའ་ཡས་པས། །ཛམ་གླིང་སྐྱེ་དགུ་འདུལ་ལ་ཐུབ་ཆེན་བཞིན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཕགས་པའི་མཚན། །འཇིག་རྟེན་དག་ན་ཉི་མ་བཞིན་ཏུ་གསལ། །ཐེ་ཚོམ་དྲྭ་བ་འཕགས་པ་ཀླུས་བཅད་པས། །སྤྲོས་པའི་མཐའ་བྲལ་ཨ་བདྷཱུ་ཏི་པ། །དཔལ་ལྡན་བླ་མའི་ཡོན་ཏན་རྡོ་རྗེའི་ཚིག །ཇི་སྙེད་བརྗོད་ཀུན་ཁྱོད་ལུང་བསྟན་པར་ངེས། །ས་གཞིའི་དབང་ཕྱུག་ནོར་བུའི་ཅོད་པན་གྱིས། །ཞབས་སེན་ཟླ་བའི་མེ་ལོང་ཕྱིས་པ་ལས། །འཇམ་དབྱངས་རྩེ་ལྔའི་རི་ལས་གདན་བསྐྱོད་པ། །ཐེག་ཆེན་ཆོས་རྗེའི་རྣམ་པར་ཐར་པས་རྟོགས། །མཁྱེན་པའི་རླབས་ཀྱིས་ཤེས་བྱ་ནམ་མཁའི་མཐའ། །ནུས་པའི་ཤུགས་ཀྱིས་བདུད་སྡེའི་བྲང་འགྲོ་ལ། །འཇིགས་མེད་མཐུ་ཆེན་གྲུབ་པའི་མཁའ་ལྡིང་དབང་། །ཀུན་དགའ་རྣམ་རྒྱལ་འགྲན་ཟླའི་གཉིས་སྐྱེས་དབེན། །རྣམ་ཐར་པདྨ་གཞོན་ནུ་བཞིན་ཏུ་གཙང་། །གྲགས་པ་དབྱར་གྱི་རྔ་ཆེན་བཞིན་ཏུ་གསལ། །ཕྲིན་ལས་དལ་འགྲོའི་རྒྱུན་བཞིན་རྟག་འབབས་པས། །བསྟན་ལ་བྱ་བ་བྱས་སོ་ངོར་ཆེན་རྗེ། །སྙན་བརྒྱུད་རིན་ཆེན་གྲམ་བུར་བརྡལ་བའི་ངོགས། །བློ་གསལ་ངང་མོ་འདུ་བའི་རྒྱ་མཚོ་ལས། །ཉི་ཟླའི་དཀྱིལ་འཁོར་གསར་པ་བརྡལ་དེས་ཀྱང་། །ཡུན་རིང་འཇིག་རྟེན་མུན་པ་བསྙིལ་ལ་བརྩོན། །


LT28_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་སྐུད་པར་མུ་ཏིག་ཕྲེང་བ་བཞིན། །པདྨས་ལུང་བསྟན་གདུང་རབ་རིམ་བྱོན་དང་། །ཐུབ་པའི་རྒྱལ་མཚན་ལྟུང་བའི་བུག་པས་དབེན། །ཐུབ་བསྟན་སྲོག་འཛིན་མཁན་རབས་རིམ་བྱོན་དང་། །ཟབ་དགུའི་བཅུད་སྡུད་རྒྱལ་པོའི་བང་མཛོད་བཞིན། །གསང་ཆེན་སྙན་བརྒྱུད་བསྟན་འཛིན་ཟོལ་མེད་པ། །དེ་ཀུན་ཁ་བའི་ལྗོངས་ཀྱི་འདྲེན་མཆོག་ཏུ། །ངེས་པའི་ཤེས་པས་འདུད་ཅིང་ཕྱག་བགྱིའོ། །སེམས་ཅན་གཅིག་ཙམ་དགྲོལ་བའི་ཕྲིན་ལས་ཀྱང་། །དུས་གསུམ་གཤེགས་པས་རྟག་ཏུ་དགོངས་མཛད་ཅིང་། །གསང་བའི་སྒྲ་ཅོམ་གང་ན་ཡོད་པ་དེ། །དམ་ཅན་གཙུག་གི་ནོར་བུའི་རྒྱན་འགྱུར་ན། །མཐའ་ཡས་འགྲོ་ལ་ཐར་ལམ་དྲང་པོ་སྟོན། །གསང་ཆེན་སྙིང་པོའི་སྲོག་རྩ་བཟུང་བ་དེ། །དཔྱད་དུ་ཅི་ཡོད་བཙོ་མའི་གསེར་བཟང་ལྟར། །ཐུབ་བསྟན་འབྱོར་པ་རྒྱས་པའི་དབྱིག་བྱེད་དོ། །རྒྱལ་བས་གསུངས་ཤིང་འཕགས་ཡུལ་འགྲེལ་པས་བཀྲལ། །མཁས་པས་བཤད་ཅིང་གྲུབ་པས་ཉམས་སུ་བླངས། །དེ་འདྲའི་གཞུང་ལ་ཐོས་བསམ་སྒོམ་བརྩོན་པ། །བརྩེ་ཆེན་སློབ་མར་བཅས་པའི་གྲུབ་པའི་མཐའ། །རྒྱ་མཚོ་ལས་བྱུང་དེད་དཔོན་མཁས་པས་བླངས། །བྱི་དོར་ལེགས་བྱས་དགོས་འདོད་ཀུན་འཇོ་བ། །མཆོད་ཅིང་དབྱིག་གི་སྙིང་པོར་བསྟེན་ནུས་པ། །འཇིག་རྟེན་འདི་ན་བསོད་ལྡན་རེས་འགའ་ཞིག །གཏན་ཚིགས་འདི་ཡིས་རྒྱལ་བསྟན་ཡོངས་ལ་མོས། །ཁྱད་པར་ས་སྐྱའི་རྗེ་བཙུན་ཞབས་ལ་དད། །དེ་ལ་ཟོལ་ཟོག་མེད་པའི་


LT28_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་རྩ་ཡིས། །རྣམ་དག་རྒྱལ་བསྟན་ཡོངས་རྫོགས་འཛིན་ནུས་ཤོག །ཕྱོགས་རིས་ཀྱི་ཕོ་ཙུགས་ཞིག་ཅིང་ཆོས་སྤོང་གི་སྙིང་ཁམས་ཆུང་བའི་སྤྲང་བན་བླུན་སྒོམ་ཡོན་ཏན་རྒྱ་མཚོས་དབེན་པར་གནས་པའི་ཚེ། །རྗེ་བཙུན་དེ་དག་གི་ཡོན་ཏན་ཏུར་གྱིས་དྲན་ཏེ་རྗེ་བཙུན་གོང་མས་བྱིན་གྱིས་བརླབས་པའི་དུས་ཆེན་སྨལ་བོ་ཟླ་བའི་ཚེས་ལ་དད་གུས་ཀྱི་སོར་མོས་བསྐུལ་བའི་གླིང་དུ་ཅུང་ཟད་ཅིག་བསྒྱུར་བའོ།། ༈ །།ཆོས་རྗེ་ས་སྐྱ་པ་ཆེན་ལ་བསྔགས་པའི་ཚིག་ཕྲེང་མཚོ་བྱུང་མགྲིན་གླུ་ཞེས་བྱ་བ། །རྣམ་དག་མཁའ་ལྟར་ཁྱབ་པའི་ཡེ་ཤེས་ཀྱིས། །ཤེས་བྱ་རབ་གསལ་སྨྲ་བའི་སེང་གེ་མཆོག །གངས་རིའི་ཁྲོད་ཀྱི་ཐུབ་བསྟན་མཛེས་པའི་རྒྱན། །ཀུན་དགའ་རྒྱལ་མཚན་ཞབས་ལ་ཕྱག་འཚལ་ལོ། །མཚན་དཔེ་རྗེས་མཐུན་གསལ་བའི་ཟླ་གཞོན་ནི། །ལེགས་བྱས་ཤར་རིའི་ཕྲག་གོང་ཚེས་མ་ཐག །ལེགས་པར་སྦྱར་བའི་བརྡ་སྐད་བདུད་རྩིའི་ཟེར། །བློ་ལྡན་ཀུ་མུད་བཞད་པའི་གཉེན་ཏུ་ཟག །སྐྱེ་བ་དུ་མར་གསན་ཀྱང་མ་ངོམས་པ། །སྐྱེས་བུ་མཆོག་དེ་ཐོས་ལ་ཞུགས་པ་ན། །མང་དུ་གསན་མིན་གསན་པ་ཉུང་བའང་མིན། །ལན་རེ་གསན་པས་ཆོས་ཀུན་ཁོང་དུ་ཆུད། ཁ་ཆེ་བསོད་སྙོམས་པ་སོགས་མཁས་གྲུབ་ཀྱི། །གསང་མཛོད་དུ་མ་དངོས་སུ་བརྟོལ་བཞིན་ཏུ། །འཇམ་པའི་རྡོ་རྗེ་དབྱིག་གི་གཉེན་སོགས་ཀྱིས། །ཆོས་སྒོ་དུ་མའི་ལྡེ་མིག་ལྐོག་ཏུ་བསྩལ། །ལྷ་ཡི་བཟོ་བོའི་རིགས་སུ་བསྐྲུན་པ་མིན། །བྱེད་པོའི་རྗེས་སུ་སློབ་མིན་དེ་ཡི་ལུགས། །


LT28_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ལ་ཕབ་ཚེ་ལས་སྣ་ཚོགས་པ་བཞིན། །ཐོས་མ་མྱོང་བའི་ལེགས་བཤད་མཚོ་ལྟར་བརྡོལ། །གཞན་ཕན་རྨི་ལམ་དུ་ཡང་མ་བརྗེད་ན། །དངོས་སུ་ཕན་པའི་དབང་གྱུར་སྨོས་ཅི་དགོས། །ལུས་སྲོག་འཚོ་བའི་བདུད་རྩིའི་བུམ་པ་བཟང་། །འདི་འདྲ་བདེ་སོགས་བདག་པོའི་གྲོང་ན་མེད། །དོན་དང་ཚིག་གི་འགྱུར་ཁྱད་པ་རླིང་ལ་གསལ། །བརྡ་དང་སྐད་ཀྱི་བརྗོད་ཚུལ་གཙང་ལ་དག །དབྱངས་ཀྱི་ཡན་ལག་རྒྱ་མཚོས་བརྡ་སྤྲོད་ན། །སྐད་གཉིས་ཐོགས་མེད་སྨྲ་ལ་མཚར་དུ་ཅི། །རིག་པའི་དབང་ཕྱུག་གཞུང་ལུགས་ཉལ་བ་ལས། །བསླངས་ཏེ་སྔོན་མེད་རིག་པའི་ཐོག་འཕེན་ཚེ། །རང་གཞན་རྟོག་གེའི་རིག་པའི་རྫོང་བཅོམ་པ། །འཕགས་ཡུལ་དུ་ཡང་དབྱར་གྱི་རྔ་བཞིན་གྲགས། །ཆོས་ཀྱི་མདོ་དང་རྒྱས་པ་ནང་གི་དོན། །ཐུབ་གསུང་དབང་དུ་བཀོད་ཆོ་ཁྱོད་ཀྱི་ལུགས། །ཐུབ་གསུང་ཇི་བཞིན་ཚད་མར་གྱུར་པས་ན། །མཁས་པ་ཀུན་གྱི་ལུང་གི་ཁུངས་སུ་འགྲོ། །སྙན་ཚིག་མགྲིན་བླུ་མངོན་བརྗོད་འགྱུར་ཁུག་དང་། །སྡེབ་ལེགས་མེ་ཏོག་ཆུན་པོའི་རྣ་ཤལ་ཅན། །གྲངས་ཀྱི་གནས་སོགས་འཇོ་སྒེག་མིག་ཡངས་མས། །མཁས་རྣམས་ཡིད་ཀྱི་བརྟན་པ་དུས་གཅིག་འཕྲོག །འཆད་པའི་དབྱངས་གཅིག་ཆོས་སྒོ་རྒྱ་མཚོར་འཇུག །ཆོས་ཀུན་ཚིག་གཅིག་ཁོངས་སུ་བསྡུ་བར་སྤོབས། །ཟུར་ཕུད་ལྔ་དང་རལ་གྲིའི་རྟགས་སྦས་ཀྱང་། །གཞོན་ནུའི་ལང་ཚོགས་ལ་བར་ངོམས་པ་བཞིན། །རྩོད་པའི་ཁྱུ་མཆོག་ས་སྲུང་མྱོས་པའི་


LT28_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

མགོར། །ལུང་རིག་སྡེར་སེན་འདེབས་པའི་ཁ་ལྔ་པ། །ལོག་སྨྲའི་སྤྲིན་སྒྲ་སྒྲོག་པར་མི་བཟོད་པས། །སྒྲ་རློམས་རི་དྭགས་ཀུན་གྱི་སྙིང་རྩ་འདར། །རྩོམ་ཚུལ་དེ་འདྲ་སྔོན་ཆད་མ་ཤེས་པས། །རྩོམ་པ་མཁན་རྣམས་ཁྱོད་རྗེས་ཆུ་བཞིན་རྒྱུག །སྨྲ་སྒོ་ཚིག་གི་བདག་འདིས་མ་ཕྱེས་ན། །གངས་ཅན་སྨྲ་བའི་ཤིང་རྟ་གང་དུ་འདྲེན། །དཔྱད་གསུམ་དག་པས་ཤཱཀྱའི་བསྟན་པ་ལ། །བྱི་དོར་མཛད་ཀྱི་མངོན་པའི་ང་རྒྱལ་མིན། །ཡེ་ཤེས་མེ་ལོང་ངོས་སུ་ཤེས་བྱའི་གཟུགས། །རང་བཞིན་འཆར་གྱི་རྟོག་དཔྱོད་མཁས་པས་མིན། །ཁྱོད་ཀྱི་ལེགས་གསུང་དག་དང་གངྒཱའི་ཀླུང་། །ཐུབ་བསྟན་རྒྱ་མཚོ་སྲིད་པ་འཁོར་ཞིང་འབབ། །རྙོགས་པ་ཅན་དང་ནམ་ཡང་མི་འདྲེ་བས། །གཟུར་གནས་རྣམས་ལ་དག་བྱེད་ཚད་མར་གྱུར། །འཛམ་གླིང་བདག་པོའི་ཐོར་ཚུགས་ནོར་བུ་ལ། །ཞབས་སེན་བཀོད་པ་གྲུབ་པའི་ཆོ་འཕྲུལ་ཏེ། །དེ་ཡི་ཞལ་རས་ལྟ་བའི་སྐབས་རྙེད་པ། །འགའ་ཡང་གྲུབ་པ་བཞིན་ཏུ་སྐྱེ་དགུས་མཆོད། །སྒྱུ་མས་སྤྲུལ་པའི་མིག་འཕྲུལ་རྡོ་རྗེ་ཡི། །ཆོས་སུ་བྱིན་གྱིས་བརླབས་ལ་ཅི་ངོ་མཚར། །དམ་ཆོས་བསྲུངས་པས་ཡིད་སྲུབས་སྡེ་དང་བཅས། །སྨ་ཕབ་བསྟན་པའི་སྲོག་རྩ་བསྲིངས་འདི་རྨད། །གྲུབ་པ་ཧེ་རུ་ཀ་དང་རྣལ་འབྱོར་མས། །ནམ་མཁའི་ལམ་ནས་སྲིད་མཐའི་བྱང་ཆུབ་སེམས། །རྒྱལ་བ་དྲི་མེད་དཔལ་དུ་ལུང་བསྟན་པ། །ཐུན་མིན་མཆོག་གི་གྲུབ་པ་ཁྱོད་


LT28_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ། །དེ་འདྲའི་རྣམ་ཐར་བྱིས་བློས་བསམ་མི་ཁྱབ། །ཡོན་ཏན་ཆ་ཙམ་བརྗོད་པར་ནུས་མིན་ཀྱང་། །ཅུང་ཟད་བརྗོད་འདི་ས་སྐྱ་པཎྜི་ཏ། །མོས་པའི་ཡིད་མཁར་ཤར་བའི་མཐུ་ལས་སོ། །ཁྱོད་ནི་རྒྱལ་བའི་དགོངས་པ་ཕྱོགས་མེད་རྟོགས། །དམ་ཆོས་མཐའ་དག་འགལ་མེད་འཆད་པར་ནུས། །འོན་ཀྱང་དགོངས་ཏེ་གསུངས་པའི་ཟུར་ཕྲ་མོ། །མ་རྟོགས་བློ་ཆུང་རྩོད་པའི་ཅ་ཅོ་འཕེལ། །དགོངས་གཞི་ཇི་བཞིན་རྟོགས་ན་འགལ་འདུ་ཡི། །དབྱེ་ན་ཟླུམ་མཆོད་རྟེན་ཁྱོད་ཀྱི་གསུང་རབ་བཟང་། །ལེགས་པར་རྟོགས་ནས་དོན་བཞིན་འགྲེལ་པའི་ཚུལ། །རྒྱན་དྲུག་གཞུང་དང་འདྲ་བས་རིགས་པ་ཉིད། །རྒྱལ་ཚབ་མཆོག་དང་འཕགས་ཞབས་ས་ཐོབ་ཕྱིར། །ཆོས་ཉིད་མངོན་སུམ་གྱུར་པས་འགལ་མི་སྲིད། །དོན་དེ་ཁྱེད་ཀྱིས་མཁྱེན་ནས་བསྟན་མོད་ཀྱང་། །རྗེས་འཇུག་ཕལ་ཆེར་ལྟ་བའི་མུན་པས་འཐུམས། །ལོག་པར་རྟོག་དང་དོན་བཞིན་མ་རྟོགས་པའི། །བརྒྱུད་འཛིན་བླུན་པོའི་གོ་འཕང་ཐོབ་མོད་ཀྱི། །ཇི་བཞིན་རྟོགས་ནས་ལེགས་པར་གསུངས་པ་ཡི། །གྲུབ་མཐའ་རང་བློས་བསླད་པ་ལས་ཀྱི་སྐྱོན། །རྟོག་གེ་བ་དག་རྣམ་པར་འཁྱམས་མོད་ཀྱང་། །མཁྱེན་པའི་གཏེར་གྱིས་ཐུབ་ཚུལ་དཀྲུགས་མི་སྲིད། །རི་འོར་མ་རབས་གདོལ་བར་སྤྱོད་མོད་ཀྱང་། །འཁོར་ལོས་སྒྱུར་བ་ལུགས་ལས་འདའ་བ་མིན། །དེང་ནས་ནམ་ཡང་ཁྱོད་བསྟན་མི་བསླད་པར། །དགོངས་ཟབ་


LT28_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་མེད་རྙེད་ནས་སྟོན་པ་ཡིས། །སྲིད་ན་ཆོས་ཀྱི་ཉིན་བྱེད་གཅིག་པུ་བ། །ཀུན་དགའ་རྒྱལ་མཚན་གོ་འཕང་མྱུར་ཐོབ་ཤོག །གངས་རིའི་བསྐོར་བའི་སྨན་ལྗོངས་སུ། །ཕྱི་དར་ཆོས་ཀྱི་ཉི་མ་འཆར་བ་དེ་སྲིད་དུ། མཁས་པ་ཀུན་གྱི་འབྱུང་ཁུངས་སམ་ཕྱི་མོ་གཅིག་པུ་བ་འཇམ་པའི་དབྱངས་དགེ་བའི་བཤེས་སུ་སྟོན་པ་གང་ལ། དད་པ་ཆེན་པོས་གཅམ་བུ་མིན་པའི་བསྟོད་དབྱངས་མཚོ་བྱུང་མགྲིན་པའི་དབྱངས་བློ་གྲོས་མཐའ་ཡས་ཀྱིས། །གང་དེས་བྱིན་གྱིས་བརླབས་པའི་དུས་ཆེན་དགེ་བར་བླངས་བ་ཤུ་བྷཾ།། ༈ །།ཆོས་རྗེ་ཀུན་མཁྱེན་དོལ་པོ་ལ་བསྔགས་པ་གཞོམ་མེད་སྒྲ་དབྱངས་ཞེས་བྱ་བ། །མཁྱེན་པ་གཉིས་ལྡན་ལྟ་ངན་མུན་པ་བསལ། །དོན་གཉིས་ལྷུན་གྲུབ་རྫོགས་ལྡན་ཆོས་འཁོར་བསྐོར། །ཕྱོགས་དུས་རྒྱལ་བ་སྲས་བཅས་ཕྲིན་ལས་བསྒྲུབས། །ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། །འཛམ་གླིང་མཛེས་པའི་རྒྱན་དྲུག་རྣམ་དཔྱོད་དང་། །རྣལ་འབྱོར་བརྒྱད་ཅུའི་གྲུབ་པའི་ཡོན་ཏན་རྣམས། །གཅིག་ཏུ་བསྡུས་པ་ཀུན་མཁྱེན་ཆེན་པོ་ཞེས། །ཐུབ་མཚན་འཆང་བའི་དགེ་སློང་དེ་ལ་འདུད། །ཆོས་ཀྱི་རྒྱལ་པོར་དབང་བསྐུར་རྒྱལ་བའི་ལུང་། །ཐོད་དུ་བཅིངས་ནས་ཁ་བ་ཅན་ལྗོངས་ཀྱི། །རི་བྲག་ཁྲོད་དུ་འཁོར་ལོས་སྒྱུར་བ་བཞིན། །མི་སྲིད་པ་ཡི་ཡ་མཚན་ཆེན་པོ་བྱོན། །འཕོ་མེད་ཚུལ་ཁྲིམས་བདེ་བས་ལུས་གང་ཞིང་། །ཟག་མེད་ཏིང་འཛིན་སྒོ་བརྒྱའི་ལང་ཚོས་སྒེག །དྲི་མེད་ཤེས་རབ་ཟབ་མོའི་ཤ་ཚུགས་རྒྱས། །ཐུབ་དབང་གཉིས་པ་


LT28_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

།ཐུབ་པའི་རྒྱལ་མཚན་འཛིན། །ཇི་ལྟ་ཇི་སྙེད་ཇི་བཞིན་གཟིགས་པ་ཡིས། །ཀུན་མཁྱེན་གྲགས་ལྡན་ཀུན་གྱི་བླ་མ་རུ། །རྒྱལ་ཚབས་གཅིག་པུར་རྒྱལ་བས་མངའ་གསོལ་ཕྱིར། །འཇིགས་མེད་གྲགས་པ་འཇིག་རྟེན་གསུམ་ན་འབར། །ཆོས་དང་དོན་དང་ཡེ་ཤེས་ངེས་དོན་ལ། །དབང་ཐོབ་སྐྱེས་བུ་ཆོས་ཀྱི་ཉིན་བྱེད་ནི། །གང་ཟག་ཚིག་སོགས་སྲིན་བུའི་སྒྲོན་མེ་ལ། །མི་རྟོན་རྟོན་པ་བཞི་ལྡན་མཚན་གྱིས་ལྕི། །འཁོར་ལོ་གསུམ་པོ་དགོངས་དོན་གཅིག་ཏུ་བསྒྲུབས། །དྲང་ངེས་གཉིས་ཀྱི་གཤག་རལ་ཆེན་མོ་ཕྱེས། །གངས་ཅན་ལྗོངས་སུ་བཀའ་བསྡུ་བཞི་བ་མཛད། །བདེ་གཤེགས་ལུང་ཆེན་ཚད་མར་ཞལ་བཞེས་སོ། །ཐེག་མཆོག་ཕྱིར་མི་ལྡོག་པའི་ཆོས་འཁོར་བསྐོར། །མདོ་སྔགས་མཚམས་སྦྱོར་དབུ་མའི་ལམ་སྲོལ་དབྱེ། །རྒྱུད་དོན་མཐར་ཐུག་གསང་བའི་མཛོད་ཁང་དུ། །སྐལ་བཟང་རྣམས་ཀྱང་རང་དགར་སྤྱོད་པར་མཛད། །གྲུབ་པ་ཡོངས་ཀྱིས་ཐུགས་མཚོར་རྒྱས་བཏབ་ཅིང་། །མཁས་པ་ཕལ་གྱིས་རང་དབང་མ་བརྙེས་པ། །རྒྱལ་བའི་དགོངས་ཟབ་དྲི་མེད་བཻ་ཌཱུརྱ། །ཁྱོད་དང་མ་ཕམ་པ་ལས་སུ་ཞིག་སྤྱོད། །བ་སྤུའི་མཐར་ཐུག་གཞོམ་མེད་བདེ་བ་སྤྲོ། །ཀུན་རྟོག་སྲོག་རྩོལ་རྒྱུ་བ་མཐའ་དག་འགག །ཡེ་ཤེས་རིག་མའི་བདག་པོ་རྡོ་རྗེའི་ལུས། །པད་དཀར་འཆང་དང་ཐ་དད་འབྱེད་ཆོས་གང་། །ཕྱོགས་ཞེན་ཁེངས་པས་བསླད་པ་མ་གཏོགས་པ། །སེམས་ལྡན་སུ་ཞིག་ཁྱོད་ལ་གུས་མི་


LT28_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། །ཁྱོད་ནི་བླ་མ་ཁྱོད་ནི་སྟོན་པ་ཉིད། །ཁྱོད་དང་འདྲ་བའི་བཤེས་གཉེན་ཡོངས་མེད་དོ། །ཁྱོད་ཀྱི་རྣམ་ཐར་བསམ་མི་ཁྱབ་པ་ལ། །བདག་གཞན་འགྲོ་བས་བདེ་བླག་འཇུག་ནུས་ཏེ། །སྲས་དང་བཅས་པའི་རྒྱལ་བ་རྒྱ་མཚོ་ཡི། །དགོངས་པ་མཐའ་དག་མྱུར་དུ་སྐོང་གྱུར་ཅིག །འགྲོ་འདིས་ཆོས་ཉིད་མཐོང་བའི་སྐལ་མེད་ཀྱང་། །རྒྱལ་བའི་ཡེ་ཤེས་ཡོད་པར་ཡིད་ཆེས་ནས། །ཕྱུགས་དང་འདྲ་བའི་བློ་གྲོས་ངན་པ་ཡིས། །མཐོ་རིས་རྟེན་བཟང་ཆུད་གསན་མ་གྱུར་ཅིག །ཆགས་ཐོགས་མེད་པའི་ཡེ་ཤེས་རྡོ་རྗེ་ཡིས། །འཇིགས་ཚོགས་ལྟ་བའི་རི་བོ་ཀུན་བཅོམ་སྟེ། །དོན་དམ་མཁའ་ཁྱབ་ཡེ་ཤེས་རྒྱལ་ཁམས་སུ། །ཕྱིར་མི་ལྡོག་པའི་སྒྲ་དབྱངས་སྒྲོག་པར་ཤོག །ཅེས་པའང་སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་པར་ཀུན་མཁྱེན་རྒྱལ་བ་གཉིས་པ་འོད་གསལ་མཁའ་ཁྱབ་ལ་སྙོམས་པར་ཞུགས་པའི་དུས་དྲན་གྱི་མཆོད་པར་དཔལ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་ལ་གནས་པ་དང་རྗེས་སུ་འབྲེལ་བར་བློ་གྲོས་མཐའ་ཡས་ཀྱིས་བྲིས་པ་སྐྱེ་བ་ཐམས་ཅད་དུ་ཆོས་རྗེ་ཐམས་ཅད་མཁྱེན་པས་རྗེས་སུ་བཟུང་ནས་རྡོ་རྗེ་བཞི་དང་དབྱེར་མེད་དུ་འགྲུབ་པར་གྱུར་ཅིག། ༈ །།ཀུན་མཁྱེན་བུ་སྟོན་ཆོས་རྗེ་ལ་བསྔགས་པ་རཏྣཀ་མ་ལ་ཞེས་བྱ་བ། །ཡོངས་རྫོགས་བསྟན་པའི་རྒྱལ་མཚན་མཛེས་པའི་ཏོག །དྲི་མེད་ལུང་རྟོགས་ཆར་འབེབས་རིན་པོ་ཆེ། །རང་དང་གཞན་གྱི་དོན་ཆེན་ལྷུན་གྱིས་གྲུབ། །བུ་སྟོན་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །ཚུལ་ཁྲིམས་མཐར་ཕྱིན་པདྨོའི་


LT28_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དྲྭ་བས་བཀབ། །བྱང་ཆུབ་ཕྱོགས་ཆོས་རིན་ཆེན་དུ་མས་གང་། །ཚོགས་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱ་མཚོ་འཁྱིལ། །འདོད་དགུའི་འབྱུང་གནས་བུ་སྟོན་ཞབས་ལ་འདུད། །མང་ཐོས་གདེངས་ཅན་བྱེ་བས་ཕྱག་བྱས་ཤིང་། །ལུང་རིག་རིན་ཆེན་དབང་རྒྱལ་ཟུར་ཕུད་མཛེས། །སྲུབ་མཐའ་ཆུ་བཞི་འབབས་པའི་བདག་པོ་ཆེ། །བུ་སྟོན་ཚད་མའི་སྐྱེས་བུའི་ཞབས་ལ་འདུད། །སྐྱེས་སྦྱངས་ཤ་ཚུགས་འགྲན་ཟླ་མེད་པར་རྒྱས། །རྣམ་དཔྱོད་རིན་ཆེན་དྲྭ་བས་མཛེས་པར་བཀབ། །བཅུ་ཕྲག་རིག་སྨྲའི་ཁྱུ་མཆོག་གཟོད་ནས་གྲུབ། །རྒྱལ་བསྟན་ཁུར་འདེགས་ཆོས་རྗེའི་ཞབས་ལ་འདུད། །ལྷག་བསམ་རིན་ཆེན་བརྒྱས་གང་ཡོན་ཏན་མཚོ། །གཞན་ཕན་རླབས་ཕྲེང་འཛད་པ་མེད་པར་འཆིལ། །ཡོངས་གྲུབ་དགོངས་པའི་མཚམས་ལས་མི་འདའ་བ། །ཕན་བདེའི་གཏེར་མཛོད་བུ་སྟོན་ཞབས་ལ་འདུད། །ཡོངས་འཛིན་དེད་དཔོན་དུ་མས་མ་བརྙེས་པ། །རྣལ་འབྱོར་རྒྱུད་མཆོག་རིན་ཆེན་བཻཌཱུརྱ། །བྱི་དོར་ལེགས་མཛད་གྲུབ་པའི་ལམ་སྲོལ་བཏོད། །ཤིང་རྟ་ཆེན་པོ་བུ་སྟོན་རྗེ་ལ་འདུད། །མདོ་སྔགས་གཞུང་བརྒྱའི་པདྨོའི་ཀླུང་འབྱེད་པ། །འཆད་རྩོད་རྩོམ་པ་རིན་ཆེན་འོད་ཀྱི་ཟེར། །སུས་ཀྱང་མི་འཕྲོག་སྨྲ་བའི་ཉི་མར་གྲུབ། །ངག་གི་དབང་ཕྱུག་བུ་སྟོན་ཆོས་རྗེར་འདུད། །ཆོས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་ཐབས་ཅན། །འཕགས་ནོར་རིན་ཆེན་བདུན་གྱི་འབྱོར་པས་ཕྱུག །དམ་པའི་སྐྱེས་བུ་སྟོན་པ་


LT28_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པར་གྲུབ། །ཐམས་ཅད་མཁྱེན་པ་ཆོས་ཀྱི་རྗེ་ལ་འདུད། །མདོ་རྒྱུད་རིན་ཆེན་རིན་ཐང་བྲལ་བའི་དབྱིག། བཤད་སྒྲུབ་རྒྱལ་མཚན་རྩེ་མོར་རབ་མཆོད་པས། །གྲུབ་གཉིས་དགོས་རྒུ་ཆར་དུ་བསྙིལ་མཛད་པ། །བརྩེ་བ་ཆེན་པོ་བུ་སྟོན་ཞབས་ལ་འདུད། །རིན་ཆེན་ཁྲོད་དུ་དབང་གི་རྒྱལ་པོ་བཞིན། །མཁས་གྲུབ་ཚོགས་སུ་བུ་སྟོན་ཆོས་ཀྱི་རྗེ། །གངས་ཅན་མཛེས་པའི་རྒྱན་ཏུ་གྲགས་པ་གསལ། །འགྲན་ཟླ་ཀུན་བྲལ་ཆོས་ཀྱི་རྒྱལ་པོར་འདུད། །བསྐལ་བཟང་སྒྲོན་མེ་བདུན་པ་རབ་གསལ་ཞབས། །ཤཱཀྱའི་བསྟན་ལ་བཟང་པོ་སྤྱོད་པའི་ཚུལ། །བསམ་གྱིས་མི་ཁྱབ་སྤྱོད་ཡུལ་མཁའ་ལྟར་ཟབ། །ས་བཅུའི་དབང་ཕྱུག་རྒྱལ་བའི་མྱུ་གུར་འདུད། །ཐུན་མོང་མ་ཡིན་རང་གི་ཁྱད་པར་ཆོས། །འཕགས་པའི་མཆོག་དང་མཉམ་པ་ཉིད་གྱུར་པ། །རྣམ་ཐར་གང་དེ་བྱིས་བློས་མི་དཔོགས་ཀྱང་། །དད་པའི་རྒྱུ་འདིས་བསྐལ་པ་གཅིག་གྱུར་ཤོག །ད་དུང་ཁྱོད་འདྲའི་སྐྱེས་བུས་གངས་ཅན་གྱི། །འཛིན་མ་ལེགས་བལྟམས་ཐུབ་བསྟན་སྒྲོན་མེ་སྦར། །སྙིགས་ལྔའི་མུན་པ་བཅིལ་ནས་ཕན་དང་བདེའི། །ཉིན་མོའི་སྣང་བས་སྐྱེ་དགུ་བསྲུང་གྱུར་ཅིག །ཅེས་པའང་ཐམས་ཅད་མཁྱེན་པ་གང་གི་རིང་ལུགས་ལ་དད་པའི་སྐལ་པ་བཟང་པོ་རྙེད་པས་རྒྱུད་སྡེ་འོག་མ་གསུམ་ལ་སྐལ་ཆད་དུ་མ་གྱུར་ཅིང་། རྒྱལ་བསྟན་ཡིན་ནོ་ཅོག་ལ་མོས་ཤིང་གུས་པའི་བརྟུལ་ཞུགས་འཛིན་པ་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་དབེན་རིར་བྲིས་པ་དགེ། །།


LT28_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བོ་དོང་འཇིགས་བྲལ་ཆེན་པོ་ལ་བསྔགས་པ་དབྱངས་ཅན་རྒྱུད་མངས་ཞེས་བྱ་བ། །དཔལ་དབྱངས་ཅན་དགའ་བ་ལ་ཕྱག་འཚལ་ལོ། །འཕགས་ཡུལ་མཁས་པའི་དབང་ཕྱུག་རལ་པའི་ནགས། །འཇིགས་བྲལ་ལ་ཟླ་བས་མཛེས་བྱས་གྲགས་པའི་འོད། །ཕྱོགས་སུ་འགྲོ་ཡང་སྨོན་ལམ་ཤིང་རྟའི་ཁ །བསིལ་ལྡན་བོ་དོང་སྨན་གྱི་ལྗོངས་སུ་བསྒྱུར། །གཞོན་ནུ་གསུང་རབ་གླེགས་བམ་འབུམ་ཕྲག་བརྒྱ། །གཟིགས་པ་ཁོ་ནས་མགྲིན་པའི་མཛོད་བརྒྱན་ཏེ། །ཉི་མའི་གཉེན་གྱིས་རང་བཞིན་ཐུགས་ཆུབ་པས། །ཐམས་ཅད་མཁྱེན་པའི་ཚུལ་ལ་ཁྱད་པར་ཕྱེད། །རྒྱུད་མངས་གླུ་ཡིས་རྣམ་མཁྱེན་རྩལ་སད་པས། །གཟུངས་དང་སྤོབས་པ་རྣམ་དཔྱོད་སྒོ་བྱེ་སྙེད། །དུས་གཅིག་བྱེ་བའི་བུ་དེ་ཡུན་རིང་མ། །དབྱངས་ཅན་མཆོག་ཏུ་དགའ་བས་འཚོ་བ་སྙམ། །འཇོག་པོའི་གཙུག་རྒྱན་གྲགས་ལྡན་ཆོས་ཀྱི་ཁྲི། །འབུམ་ཕྲག་གསུམ་པ་བཏེགས་པའི་རྒྱལ་ཐབས་ལ། །སྤྱན་རས་གཟིགས་དབང་ལུང་གིས་བསྐོས་པ་ན། །ས་སྟེང་འཁོར་ལོས་སྒྱུར་བའི་བཀའ་རྟགས་འགྲོ། །འཇམ་དཔལ་རྣམ་པར་རོལ་བའི་ཆོ་འཕྲུལ་ལ། །རྒོལ་བའི་སྐྱེ་བོ་ཇི་སྙེད་རི་མོའི་གཟུགས། །སྐྱབས་སུ་སོང་ལ་མི་ཟད་བློ་ཡི་གཏེར། །མ་ལུས་ཕྱོགས་ལས་རྣམ་པར་རྒྱལ་དེས་སྦྱིན། །ཐེ་ཚོམ་དྲྭ་བ་ཐུབ་པའི་དབང་པོ་དང་། །རྣལ་འབྱོར་མས་བཅད་གསང་བ་རྒྱ་མཚོའི་མཛོད། །ཡང་ཡང་ཡང་བྱིན་ལ་དགྱེས་པའི་


LT28_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

འཛུམ་ཞལ་ནི། །སྲས་བཅས་རྒྱལ་བས་སྟོན་ཅིང་རིམ་གྲོ་མཛད། །སྐྱེ་འཕགས་རབ་ཏུ་བྱུང་དང་མཁས་པའི་བློ། །གྲུབ་པའི་བརྟུལ་ཞུགས་འཛིན་མར་འཛིན་ཅི་མཆིས། །མ་བསྒྲལ་བསྒྲལ་དང་དབུགས་ཆེན་དབྱུང་ལ་སོགས། །སངས་རྒྱས་འཇིག་རྟེན་བྱོན་ནས་སྐྱོང་བ་བཞིན། །ལེགས་གསུང་ནོར་བུའི་སྒོ་གླེགས་བཞི་ཕྱེ་ན། །ཆོས་ཕུང་བརྒྱད་ཁྲིའི་རིན་ཆེན་གཏེར་བརྡོལ་བས། །བཤད་སྒྲུབ་ལྷབ་ལྷུབ་གང་ན་གཡོ་བ་དེར། །ཏོག་ཏུ་འཚམས་པས་ཆོས་ཀྱི་རྒྱལ་མཚན་བསྒྲེངས། །དེ་ཉིད་འདུས་པའི་འཁོར་ལོ་བཞི་པ་ནི། །ཆོས་ཀྱི་དུང་གིས་བསྒྲགས་མོད་གཞན་ཏུ་ན། །རྩོམ་པར་སྤོབས་པ་ནམ་མཁའི་པདྨོ་སྟེ། །འདྲི་དང་ཀློག་པའི་ངལ་བའང་རི་བོའི་ཁུར། །ཡ་རབས་ལུགས་ཤེས་རྣམས་ཀྱི་དམིགས་བུ་སྟེ། །མཁས་པའི་ཉེ་དབང་དབུས་ན་བདེ་སོགས་བདག །གྲུབ་པའི་ཁྲོམ་ན་འཇིགས་མེད་གྲུབ་པའི་རྒྱལ། །ཤེས་བྱའི་དཀྱིལ་འཁོར་གྲགས་པའི་ཁྱུད་མོས་འཁྱུད། །སྟོང་ཆེན་བཞི་ལས་འདས་པའི་ཡེ་ཤེས་ནི། །མི་ཤིགས་ཁྱད་པར་གསུམ་ལྡན་ཁྱབ་བརྡལ་ཆེ། །སྔ་ན་མེད་པའི་རྨད་གཅིག་སྟོན་པ་ན། །གང་བློ་མཁའ་དང་ཆོས་ཀྱི་དབྱིངས་སུ་སྦྱོར། །ཤིང་རྟར་གྲགས་པའི་སྤྲིང་ཡིག་གདུགས་གཅིག་ཏུ། །སྦྱིན་རྣམས་བདེ་བར་གཤེགས་གསུངས་བྱེ་མ་སྙེད། །རང་དབང་འགྲེལ་ལ་སྤོབས་པའི་རླབས་འཆེལ་ན། །བློ་གྲོས་མི་ཟད་པ་དེའི་


LT28_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་བྱེད། །རང་དབང་བྱས་སོ་གང་གིས་དྭངས་མ་གསུམ། །གླང་ཆེན་ལྕགས་ཀྱུའི་འཁྲུལ་འཁོར་ཚུལ་གྱིས་ཏེ། །འགྲོས་བཞི་ཐིམ་ལས་རྡོ་རྗེའི་སྐུ་དེ་བཞིན། །འཆི་མེད་ཞི་བའི་དཔུང་གིས་བདུད་སྡེ་བཅོམ། །རྒྱལ་བ་མོས་པ་བྱང་ཆུབ་སྤྱོད་ལ་ཞུགས། །རྣམ་སྣང་རྣམ་པར་འཕྲུལ་བའི་འཕྲུལ་ཆེན་མཁའ། །བརྗོད་པས་མི་མཚོན་བསམ་པས་མི་དཔོགས་ཀྱང་། །བརྗོད་པའི་ཆུ་སྐྱེས་མོས་གུས་མཚོ་ལས་བརྡོལ། །བྱང་ཆུབ་སེམས་དཔའི་བློ་གྲོས་སེམས་ཅན་དང་། །རྟག་ཏུ་མཇའ་བས་རྣམ་ཐར་རྒྱ་ཆེ་བ། །བདག་སོགས་འགྲོ་ལ་བགོ་བཤའ་བསྩལ་མཛད་དེ། །ཀུན་ཀྱང་ཀུན་བཟང་སྤྱོད་པ་ཉིད་འགྱུར་ཤོག །ཤིན་ཏུ་ངོ་མཚར་བའི་རྣམ་པར་ཐར་བ་ལ་བེམ་བ་པོ་དག་ཀྱང་བདུད་པ་སྙམ་བྱེད་ན་སེམས་ལྡན་སུ་ཞིག་གུས་པ་མི་འགྱུར། འདོན་པར་དད་པའི་སྙན་ཚིག་གི་ཆུན་པོ་ཆུང་ངུ་འདིའང་བློ་གྲོས་མཐའ་ཡས་ཀྱིས་ཐལ་བྱུང་དུ་བསྟར་པ་སྟེ། །ཐམས་ཅད་མཁྱེན་པའི་བཤེས་གཉེན་དེ་ལྟ་བུ་དང་སྐལ་བ་མཉམ་པའི་རྒྱུར་གྱུར་ཅིག། ༈ ༈ །།གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོ་ལ་ཁྱུང་བའི་གསེར་ཆོས་དང་མཐུན་པར་བསྔགས་པ་ཡི་ཤིགས་རང་སྒྲ་ཞེས་བྱ་བ། །པདྨའི་མགོན་པོ་མངལ་གྱི་པདྨོ་ལས། །གྲོལ་བ་རང་བྱུང་གྲུབ་པས་མཚར་བརྟོལ་པས། །སྙན་པའི་བ་དན་སྲིད་ན་ནུབ་པ་མེད། །མཚོ་སྐྱེས་གཉིས་པའི་ཞབས་པད་གཙུག་ན་བཅིངས། །ཨ་ཡིག་སྐྱེ་མེད་རྟག་པའི་བདུད་རྩིའི་ཆུས། །ལུས་སེམས་འཕོ་བའི་དྲི་མ་ཀུན་བཀྲུས་པས། །འཆི་


LT28_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དངས་མའི་སྲོག་ཏུ་གྲུབ་པའི་སྐུ། །གཟི་བརྗིད་ཚད་མེད་འབར་ལ་ཕྱག་འཚལ་ལོ། །ཨ་ཧཾ་ཞུ་བདེས་གཉུག་མའི་ལུས་ཟུངས་གསོས། །རྩ་ཡི་མདུད་གྲོལ་འཕོ་ཆེན་དྷཱུ་ཏིར་བསྟིམས། །ཆོས་ཆེན་དབྱངས་ཀྱི་དཔལ་མོས་འཁྱུད་པའི་གསུང་། །གཞོམ་མེད་རང་སྒྲ་སྒྲོགས་ལ་ཕྱག་འཚལ་ལོ། །རྟོག་མེད་སྙིང་ཀའི་དཔའ་བོ་འབར་བའི་འོད། །བརྟན་གཡོའི་སྣང་མུན་ཀུན་ལ་གསལ་ཁྱབ་པས། །ལྷན་སྐྱེས་འཆར་ནུབ་བྲལ་བར་སད་པའི་ཐུགས། །ཆོས་ཅན་མཚན་མ་སྤངས་ལ་ཕྱག་འཚལ་ལོ། །ཆོས་ཉིད་སྒྱུ་མའི་སྐྱེས་བུ་རྩལ་རྫོགས་པས། །འཁྲུལ་སྣང་སྒྱུ་མའི་དཔུང་ལ་ཤེ་མོས་སྒྱུར། །སྒྱུ་འཕྲུལ་རྒྱ་མཚོའི་རང་བཞིན་ཡོན་ཏན་ནི། །རྒྱལ་བ་ཀུན་དང་མཉམ་ལ་ཕྱག་འཚལ་ལོ། །མགྲིན་པའི་སྒྲོན་མེས་ཉིད་འཁྲུལ་མུན་ཁང་བརྟོལ། །རྡུལ་ཕྲན་གོ་ན་དཀྱིལ་འཁོར་གསལ་རྫོགས་པ། །སྤྲུལ་སྒྱུར་མུ་མཐའ་ཡས་པའི་ཕྲིན་ལས་ནི། །ཡོངས་གྲུབ་འབད་རྩོལ་བྲལ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཟང་ཐལ་གོང་འཕོ་འདའ་ཀའི་ལམ། །ཆོས་ཀུན་བར་མ་དོར་འདུས་གསང་བའི་གནད། །མ་བསྒོམས་མངོན་འཚང་རྒྱ་ལ་ཟབ་མོའི་ཐབས། །ཀུན་མཐུན་ཀུན་ལས་འཕགས་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བས་རྟོགས་མཛད་ལྷན་ཅིག་སྐྱེས། །ནམ་མཁའི་རྡོ་རྗེ་རང་བབ་གསུམ་གྱིས་གྲུབ། །དངོས་དང་


LT28_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་མེད་འཁོར་དང་འདས་པའི་སྲོག །བྱིན་རླབས་ཆགས་ཐོགས་བྲལ་ལ་ཕྱག་འཚལ་ལོ། །ཨེ་ཡིག་སྟོང་པ་སེམས་ཉིད་རྣལ་འབྱོར་མ། །ཝཾ་ཡིག་བདེ་ཆེན་སྣང་བའི་ཡི་དམ་ལྷ། །ཟུང་འཇུག་བླ་མའི་ལམ་དུ་ཕྱི་ནང་ཀུན། །སྐུ་གསུམ་རོལ་པར་ཁྱེར་ལ་ཕྱག་འཚལ་ལོ། །ཟླ་བ་ཉིན་བྱེད་མདངས་ཅན་ཐབས་ཤེས་གཟུགས། །ལྷན་སྐྱེས་རྡོ་རྗེ་བཙུན་མོའི་བྷ་གའི་མཁར། །རླུང་སེམས་ཟག་མེད་བདེ་བ་ཆེར་སྤྱོད་པ། །ཌཱ་ཀིའི་མིང་གཅིག་པོ་ལ་ཕྱག་འཚལ་ལོ། །གདོས་བཅས་འཆི་མེད་དྭངས་མའི་མགོན་པོར་བཞེངས། །ཤེས་བྱ་འཆུག་མེད་ཡེ་ཤེས་ཕྱག་རྒྱས་བསྡམས། །དངོས་ཀུན་ཁྱབ་བདག་འགྱུར་མེད་བདེ་བ་ཆེ། །གཙང་རྟག་དམ་པའི་བདག་ལ་ཕྱག་འཚལ་ལོ། །གཤེགས་ཁྲོ་སེམས་དཔའ་བཀའ་ཡི་རྟགས་བསྡུས་པ། །སྲོག་གི་བུམ་སྐུར་གདོད་གནས་ནག་པོ་ཆེ། །གྲུབ་གཉིས་མྱུར་བར་སྟེར་མཛད་ཐུགས་རྗེ་ཅན། །བླ་མ་མགོན་པོ་དབྱེར་མེད་ལ་ཕྱག་འཚལ། །རྡོ་རྗེ་འཆང་གིས་རྡོ་རྗེའི་རྒྱལ་ཐབས་བསྩལ། །ཡེ་ཤེས་མཁའ་འགྲོས་གསང་མཛོད་ལན་གསུམ་གཏད། །སྐྱེ་འཆི་འབྱུང་བ་བཞི་ལ་རང་དབང་བསྒྱུར། །ཐང་སྟོང་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །འཇའ་ཚོན་སྐུ་ཡིས་འཁོར་འདས་ནམ་མཁར་ཁྱབ། །དག་པའི་དབང་པོས་རོལ་རྩེད་གར་ཡང་མཐོང་། །བྱིན་རླབས་དཔལ་དུ་འབར་བ་གྲུབ་པའི་རྗེ། །མཚན་མཆོག་ལྔ་དང་ལྡན་ལ་ཕྱག་འཚལ་ལོ། །ཁྱོད་སྐུ་མཐོང་


LT28_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཁྱོད་གསུང་བདུད་རྩི་ཐོབ། །ཁྱོད་ཐུགས་ཡེ་ཤེས་ཆེ་དང་མི་ཕྱེད་པའི། །དངོས་གྲུབ་མཆོག་གིས་བདག་རྒྱུད་ཚིམས་མཛད་ནས། །ཐོག་མཐའ་བྲལ་བའི་བདག་ཉིད་ཆེ་འགྲུབ་མཛོད། །བཅུད་འདུལ་གྲུབ་པའི་དབང་ཕྱུག་གིས་ཆོ་འཕྲུལ་གྱི་རོལ་རྩེད་ངོ་མཚར་བས་རྒྱུན་ཆད་མེད་པར་བྱིན་གྱིས་བརླབས་པའི་གནས་མཆོག་ལྕགས་ཟམ་ཆུ་བོ་རིའི་རྩ་མོ་ནམ་མཁའ་ལྡིང་གི་ངོགས། པདྨ་དབང་གི་ཕུག་པར་བློ་གྲོས་མཐའ་ཡས་པའི་སྡེས་གསོལ་བ་བཏབ་པའོ།། ༈ །།རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་ལ་བསྔགས་པ་ངོ་མཚར་མཐའ་ཡས་ཞེས་བྱ་བ། །ཁྱབ་བདག་འདོད་པ་ཀུན་གྱི་དབང་ཕྱུག་གཙོ། །འཁོར་ལོ་སྡོམ་པ་རྡོ་རྗེ་སློབ་དཔོན་ཚུལ། །བརྟུལ་ཞུགས་ཉམས་བརྒྱས་སྒེག་པའི་ཧེ་རུ་ཀ །སྒྲོལ་བའི་མགོན་པོའི་ཞབས་ལ་གུས་ཕྱག་འཚལ། །ཚངས་སྤྱོད་དྲི་མེད་ལམ་གྱིས་མངོན་པར་བརྒྱན། །ཡིད་འོང་བུད་མེད་ཁྲག་ཁྲིག་ཀུན་སེམས་རྒྱུ། །ཆོས་རྔ་དབྱངས་ཆེན་སྲིད་ན་སྙན་པར་སྒྲོགས། །ཆོ་འཕྲུལ་ཆེན་པོའི་གར་ནི་ཀུན་ཏུ་བསྒྱུར། །བསྟན་ལ་རིམ་གྱིས་འཇུག་པའི་བརྟུལ་ཞུགས་དང་། །ཤེས་བྱ་ཐམས་ཅད་གཟིགས་པའི་རྣམ་དཔྱོད་དང་། །ངོ་མཚར་མཛད་པ་འབྱམས་སུ་ཀླས་པ་ཡིས། །གངས་ཅན་མཁས་གྲུབ་ཡོངས་ཀྱི་རྣམ་ཐར་བཟླུམས། །འཕྲུལ་སྣང་རི་མོ་འགོད་པའི་ཀ་ར་། །མུན་ཅན་ལྟོ་བར་བཙོན་ཏུ་བཟུང་བ་ལས། །བྱང་ཆུབ་སེམས་ཀྱིས་གང་བ་མཐར་ཐུག་སྟེ། །གང་གི་རྒྱུ་བ་


LT28_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་དབུ་མར་འཕབ། །ཀུན་འོད་བདུད་རྩི་ནམ་མཁའི་འོད་ལ་སོགས། །བློ་རབ་རྣམས་ངོར་འཕགས་པའི་འགྲོས་ཀྱིས་ཏེ། །བྱིས་ལ་སྒྲུབ་པོ་བཞིན་ཏུ་སྦྱོར་བའི་ལམ། །བཅུ་གཉིས་རྡོ་རྗེའི་གནས་པས་བདག་བྱིན་བརླབས། །གཞོམ་བྲལ་རྡོ་རྗེའི་སྐུ་དང་རོ་གཅིག་པ། །སེམས་ཀྱི་འགྱུར་མེད་རང་བཞིན་མངོན་སུམ་ཉིད། །རྟེན་དང་བརྟེན་པ་ཐོག་མ་མེད་དུས་ནས། །འོངས་པའི་འབྲེལ་དེ་བཅད་ལ་དཔའ་བོ་བཞིན། །དྭངས་ཤིང་རྟོག་བྲལ་དངོས་པོ་ཐམས་ཅད་ཀྱི། །རྣམ་པ་གསལ་བར་ཤར་བའི་ཡེ་ཤེས་ནི། །ཡུལ་དུས་ཀུན་ལ་སྣ་ཚོགས་ཚུལ་འཇུག་ཕྱིར། །མཚན་གྱི་རྣམ་གྲངས་འཇམ་དཔལ་གཞོན་ནུར་གྲགས། །སྟོབས་འབྱོར་ཟང་ཟིང་སྡེ་ཚན་མང་བའི་རྗེས། །མི་ཟློ་རང་ཚུགས་གསེར་བཟང་ལྟར་བརླིང་བས། །ཕྱིར་མི་ལྡོག་པ་སེང་གེའི་སྒྲ་བསྒྲགས་ཏེ། །བྱམས་པ་ཐོགས་མེད་མཆེད་ཀྱི་དགོངས་པ་སྐོང་། །མཐུ་སྟོབས་གནམ་ལྕགས་ཞུན་མའི་ཆར་ཆེན་ཏུ། །ལྟ་ངན་བདུད་སྡེ་ཉེར་ཡང་མི་བཟོད་པའི། །དྲག་ཤུལ་འཁྲུལ་འཁོར་སྙིང་རྗེའི་ཀློང་ནས་བསྐོར། །འཇིགས་མཛད་རྡོ་རྗེའི་ཟིལ་གྱིས་སྲིད་གསུམ་གནོན། །རིག་མའི་སྐྱེས་བུ་གྲུབ་པའི་ཕུན་ཚོགས་ཅན། །མངོན་བྱང་ལྷུམས་སུ་ཚུད་པའི་རྡོ་རྗེ་འཛིན། །རྡོ་རྗེ་བཞི་ཡི་དབྱིབས་སུ་རབ་ཆགས་པས། །ཕྱོགས་དུས་རྒྱལ་བ་ཀུན་གྱི་གསང་བ་འདུས། །འདོད་ལ་འདོད་པའི་ནོར་བུའི་དཔལ་གྱིས་གང་། །སངས་རྒྱས་


LT28_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་ཆུ་བོའི་རྒྱུན་འབབས་པས། །གསང་བ་རྒྱ་མཚོའི་མཛོད་དེ་འཛིན་པ་ལས། །སྒྲོལ་མའི་དཀྱིལ་འཁོར་མགོན་པོར་གདོད་ནས་གྲུབ། །རིགས་ཀྱི་རྟགས་འཆང་གསང་སྔགས་རྒྱལ་པོ་སྒྲོགས། །གསང་བའི་པདྨོར་བཙུན་མོའི་ཤུ་ཀྲར་སྤྱོད། །རྡོ་རྗེ་དབང་མོའི་བདག་པོའི་གནས་ཐོབ་པས། །དཔའ་བོ་མཁའ་འགྲོའི་དྲྭ་བ་སྡོམ་པར་མཛད། །གཙུག་ཏོར་དབུས་སུ་ཟླ་བ་ཉ་རྒྱས་ཤིང་། །ནོར་བུའི་རྩེ་མོར་ཉི་མའི་དཀྱིལ་འཁོར་བརྟན། །རྣམ་ཀུན་མཆོག་ལྡན་མི་འགྱུར་བ་དེས་འཁྱུད་པ། །ཕྱི་ནང་གཞན་གསུམ་དུས་ཀྱི་འཁོར་ལོ་སྒྱུར། །གསང་དོན་འགྲེལ་ལ་འཇིགས་མེད་རང་དབང་ཐོབ། །གསང་བ་སྒྲ་བཞིན་སྤྱོད་པའི་ནུས་པ་བསྟན། །གསང་མཆོག་ཉི་མའི་ཤིང་རྟ་གསར་དུ་དྲངས། །རྡོ་རྗེ་འཆང་དབང་རྒྱལ་ཚབ་དུས་འདིར་བྱོན། །རང་གཞུང་གཙང་ལ་གཞན་གཞུང་མ་འདྲེས་འཆད། །རང་སྲོལ་ལེགས་བཙུགས་གཞན་སྲོལ་རྒྱུན་ཡང་སྐྱོང་། །རང་ཉིད་མཆོག་བརྙེས་གཞན་པ་སུན་མི་འབྱིན། །དེ་འདྲའི་དཔལ་གྱིས་ཆེན་པོར་གྲགས་རྣམས་བསྙིལ། །རྒྱལ་འཕགས་རྣམས་དང་དམ་པའི་ཆོས་བགྲོ་ཞིང་། །གྲུབ་པ་རྣམས་དང་ཉམས་ཀྱི་གླེང་མོ་འཆད། །མཁའ་འགྲོ་རྣམས་དང་ཚོགས་ཀྱི་འདུ་བར་རོལ། །སྐལ་ལྡན་རྣམས་ལ་ཆོས་ཀྱི་ཆར་ཕབ་ཏོ། །ངེས་གསང་སྙིང་པོའི་ཆོས་རྔ་རྡུང་བཞིན་ཏུ། །སྤྱོད་འཆང་དབང་པོ་གངས་ཅན་བྱོན་པའི་སྒྲས། །སྐལ་མེད་ནང་ཁྲོལ་ཁ་རུ་ལྡུག་བྱེད་ཅིང་། །སྐལ་ལྡན་རྣམས་


LT28_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཆོག་གི་ཕ་ཕོག་བསྩལ། །ཁོ་བོ་རྒྱལ་བ་པདྨའི་རྗེས་ཞུགས་ཀྱང་། །ཁྱོད་ཀྱི་བསྟན་པ་འདི་ལ་ཤིན་ཏུ་དད། །འོན་ཀྱང་བསྟན་པ་སྤེལ་བའི་མཐུ་མེད་པས། །སྨོན་ལམ་བཏབ་ཀྱང་རེ་བ་ཉིད་དུ་ཟད། །ཉི་མའི་སྣང་བས་སྲིན་བྱའི་མིག་ལྡོངས་ཤིང་། །ཡི་དྭགས་རྣམས་ལ་བདུད་རྩི་དུག་ཏུ་འགྱུར། །སྐལ་དམན་རྣམས་ཀྱིས་རྒྱལ་བའི་ཕྲིན་ལས་ཀྱང་། །ལོག་པར་མཐོང་བ་རང་གི་ཉེས་པའི་མཐུ། །སྙིགས་མའི་ཆུ་རླབས་རབ་འཁྲུགས་དུག་གི་མཚོ། །ལྟ་བའི་སྙིགས་མས་ཡང་དག་ལྟ་བ་བཀབ། །བསོད་ནམས་སྙིགས་མས་མཆོད་ཡུལ་དམན་ལ་མོས། །མཆོག་གི་བཤེས་གཉེན་ཕྲིན་ལས་ཞི་བར་གཟིམས། །སྙིང་པོའི་རྒྱལ་མཚན་བསྙོལ་མ་མཐུ་ཆེ་ཞིང་། །ཡིད་སྲུབ་བ་དན་སྒྲེང་ལ་དབང་བཙན་པ། །རྒྱལ་བསྟན་ཉི་འོད་ནུབ་ཀར་སྐར་མ་ལྟར། །དཔལ་གྱི་མགུར་ནས་ལུང་གིས་བསྟན་དེ་བཀྲ། །སྐྱེས་བུ་ཆེན་པོ་ཐོས་པའི་ཡུལ་དུ་གཤེགས། །བསྟན་པ་མེ་ཆེན་མནལ་བའི་དུད་པ་བཞིན། །བསྟན་འཛིན་ཉིན་མོའི་རྒྱུ་སྐར་དང་མཚུངས་པ། །སྐྱེ་དགུའི་བསོད་ནམས་སྐལ་པས་ཐོབ་འདི་སྐྱོ། །འདི་ལྟར་གྱུར་ན་དམ་པ་དམན་གྱིས་འཕྱ། །ཐུགས་བསྐྱེད་སྨོན་ལམ་འབྲས་བུས་སྟོང་པར་འགྱུར། །ལོག་རྟོག་བཅུད་མི་ལྡན་གྱི་གཡུལ་བཟློག་སྟེ། །རང་བསྟན་དཔག་བསམ་རྩ་བ་བསྲུང་དུ་གསོལ། །གདུལ་བྱའི་བསོད་ནམས་བྲི་གང་ཡོད་གྱུར་ཀྱང་། །རྒྱལ་བའི་ཐུགས་རྗེར་བྲི་གང་མ་མཆིས་པས། །ད་དུང་བསྟན་པའི་མི་རོ་ལྡངས་


LT28_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སུ། །བདུད་ཀྱི་ཚང་ཚིང་བསྲེག་པར་མཛད་དུ་གསོལ། །སྐལ་དམན་དམུས་ལོང་ཁྱུ་ལ་བསྙད་བཏགས་ནས། །མཁའ་སྤྱོད་དགའ་མའི་རྩེད་འཇོས་མི་གཡེང་བར། །ཆོ་འཕྲུལ་སྐྱ་རེངས་གསར་པ་དང་འགྲོགས་པའི། །སྤྲུལ་པའི་ཉིན་བྱེད་རྩོད་མེད་འཆར་དུ་གསོལ། །སྤངས་རྟོགས་སྲིན་བུའི་འོད་ལས་རབ་དམན་ཀྱང་། །ལྷག་བསམ་སྣང་བའི་མུ་ཁྱུད་ལ་འགྲན་པ། །བདག་ཅག་མྱུར་དུ་རྗེས་སུ་བཟུང་ནས་ཀྱང་། །མཁྱེན་བརྩེ་ནུས་པའི་པདྨོ་འབྱེད་དུ་གསོལ། །སྙིང་པོའི་ཚུལ་འདི་ཟབ་ཅིང་གཏིང་དཔག་བཀའ། །འགྲོ་འདིས་རྟོགས་པའི་སྐལ་པ་མེད་གྱུར་ཀྱང་། །ཐོས་སོགས་བསོད་ནམས་དཔག་ཡས་གསུངས་པས་ན། །དེ་བཞིན་གཤེགས་པའི་དམ་ཆོས་འཛིན་ཏུ་གསོལ། །དཔའ་བོ་ཆེན་པོའི་ཆོ་འཕྲུལ་དཔག་མེད་ལྟར། །བདག་ཀྱང་ཆོ་འཕྲུལ་ཆེན་པོའི་གནས་ཐོབ་སྟེ། །སྲིད་ཞིར་མི་གནས་འདོད་དགུར་སྒྱུར་བའི་སྐུས། །སྲིད་པའི་འགྲོ་བ་མ་ལུས་སྒྲོལ་བར་ཤོག །ཅེས་པའང་དབོ་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་རྗེ་ཉིད་ཀྱི་དུས་དྲན་འཁོར་ལོ་སྡོམ་པའི་རྣལ་འབྱོར་ལ་གནས་པའི་ཚེ་མོས་པའི་ཚིག་གི་མེ་ཏོག་གུ་འི་མགྲིན་མཚོ་ལས་ཐལ་བྱུང་དུ་འཐོར་བའོ། །དགེ་ལེགས་འཕེལ། །


previousརྗེ་བཙུན་རས་ཆུང་པ་རྡོ་རྗེ་གྲགས་པ་ལ་བསྔགས་པ་རྡོ་རྗེའི་རྒྱུད་མངས།next