Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
རྒྱལ་དབང་ཀརྨ་པའི་སྐུ་བསྟོད།
   
   
   
   
   
   
   
   
   
   
   
   


 
previousརྒྱལ་དབང་ཀརྨ་པའི་སྐུ་བསྟོད།next

རྒྱལ་དབང་ཀརྨ་པའི་སྐུ་བསྟོད།


LT28_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཀུན་གྱི་ཕྲིན་ལས་གཟུགས་ཅན་ལ། །ཀརྨ་པ་ཞེས་གྲགས་པའི་རྔ་བོ་ཆེས། །ཞིང་ཁམས་རྒྱ་མཚོའི་མ་རིག་གཉིད་སློང་བ། །རྒྱལ་བ་བླ་ན་མེད་པ་ལ་ཕྱག་འཚལ། ༡ །རབ་འབྱམས་ཞིང་ན་མུ་མཐའ་མེད་པ་ཡི། །ཐེག་པ་གསུམ་དང་དེ་ཡི་བྱང་ཆུབ་སོགས། །དཔག་པར་དཀའ་བའི་ཆོ་འཕྲུལ་སྣ་ཚོགས་པས། །འཁོར་བ་དོང་ནས་སྤྲུགས་པ་ལ་ཕྱག་འཚལ། ༢ །འཇིག་རྟེན་དབང་ཕྱུག་སྙིང་རྗེའི་ཆུ་གཏེར་ལས། །སྐྱེ་དགུའི་མོས་པའི་མཁའ་ལ་ཀརྨ་པའི། །ཟླ་བ་གཞོན་ནུ་འཐོན་པའི་མོད་ཉིད་ནས། །རྩོལ་མེད་ཐར་པའི་མིག་འབྱེད་ལ་ཕྱག་འཚལ། ༣ །འཕགས་པའི་ཡུལ་དུ་ས་ར་ཧ་པ་དང་། །ལྗོངས་འདིར་རྒྱལ་བ་མཆོག་གི་དབྱངས་ལ་སོགས། །རྣམ་རོལ་ཉི་ཚེའི་གཟུགས་ཀྱིས་མཐའ་ཡས་འགྲོ། །གྲུབ་པའི་རྒྱལ་སར་འཁྲིད་པ་ལ་ཕྱག་འཚལ། ༤ །ཐོག་མེད་དུས་ནས་ཚོགས་གཉིས་དཀྱིལ་འཁོར་རྒྱས། །མཁྱེན་བརྩེ་ནུས་པའི་སྣང་བྱེད་འབུམ་བརྡལ་བས། །ཐུབ་ཆེན་བསྟན་པ་ཉིན་མོར་མཛད་པའི་ཕྱིར། །སྟོན་པ་གཉིས་པར་གྲགས་པ་ལ་ཕྱག་འཚལ། ༥ །ཤེས་བྱ་སྲིད་ཚད་མཁྱེན་པའི་རྣམ་དཔྱོད་དང་། །གྲུབ་པའི་ཆོ་འཕྲུལ་འཛམ་གླིང་ཁྱབ་སྟོན་པས། །མིང་ཙམ་མ་ཡིན་ཤེས་བྱའི་ཁོངས་འདི་ན། །ཕྱོགས་ལས་རྣམ་པར་རྒྱལ་བ་


LT28_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་འཚལ། ༦ །འཆད་ན་སྔོན་མེད་ལེགས་བཤད་སྒོ་བརྒྱ་ཕྱེ། །རྩོད་ན་རྒོལ་ངན་ལུང་རིག་ཕྱེ་མར་འཐག །རྩོམ་ན་ཐུབ་པའི་དགོངས་ཟབ་ལྷུག་པར་དཀྲོལ། །མཁྱེན་གཉིས་མཁའ་ལྟར་ཡངས་པ་ལ་ཕྱག་འཚལ། ༧ །མདོ་དང་སྔགས་ཀྱི་ལྟ་སྒོམ་སྤྱོད་པ་ལ། །འཇིགས་པ་མེད་པའི་དམ་བཅའ་སྔོན་འགྲོ་བས། །གྲུབ་མཐའི་རྒྱལ་མཚན་གསར་དུ་འཛུགས་པ་ཡིས། །ཐུབ་བསྟན་ཁང་བཟང་མཛེས་བྱེད་ལ་ཕྱག་འཚལ། ༨ །དོན་དམ་ཕྱག་རྒྱ་ཆེན་མོའི་བཙུན་མོ་དང་། ཁ་སྦྱོར་རྟག་བདེའི་ཡན་ལག་ཡོངས་རྫོགས་པས། །འཁོར་ལོ་ཀུན་གྱི་སྲོག་བཞུགས་ཧེ་རུ་ཀ །ཟུང་འཇུག་ཡེ་ཤེས་སྐུ་ཅན་ལ་ཕྱག་འཚལ། ༩ །གསང་བ་གསུམ་གྱི་ཟླ་བ་གཅིག་ཤར་བས། །ཡུལ་ཁམས་སྐད་རིགས་མི་གཅིག་དུ་མ་ཡི། །མོས་པའི་ཆུ་སྣོད་བྱེ་བ་བཟུང་ནས་སུ། །མཐོང་ཐོས་དན་རེག་གྲོལ་བ་ལ་ཕྱག་འཚལ། ༡༠ །མི་མ་ཡིན་དང་སེམས་མེད་བེམས་པོས་ཀྱང་། །ཁྱོད་ཀྱི་བཀའ་སྒྲུབ་ཁྱོད་ལ་འདུད་བྱེད་ན། །སེམས་ལྡན་གཞན་ལྟ་སྨོས་ཀྱང་ཅི་ཞིག་འཚལ། །སྣང་སེམས་དབང་དུ་མཛད་པ་ལ་ཕྱག་འཚལ། ༡༡ །བཟང་ངན་འབྲེལ་དང་བར་མའི་ཡིད་ཅན་ཀུན། །བཏང་སྙོམས་ཆེན་པོའི་ངང་ནས་བྱང་ཆུབ་པར། །ཆམ་གཅིག་འགོད་པའི་གོ་ཆ་རབ་བཞེས་པ། །བྱང་ཆུབ་སེམས་ཀྱི་བདག་


LT28_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་ཕྱག་འཚལ། ༡༢། གསེར་གྱི་སྐུད་པར་མུ་ཏིག་བརྒྱུས་པ་བཞིན། །སྐྱེས་རབས་རིན་ཆེན་ཕྲེང་བར་བྱོན་རྣམས་ལ། །རྩེ་གཅིག་གུས་པ་ཆེན་པོས་གསོལ་བ་འདེབས། །རྟག་ཏུ་རྗེས་འཛིན་རྣམ་ཐར་ཡོངས་འགྲུབ་ཤོག༡༣། ཅེས་པའང་ལུང་དང་རྟོགས་པའི་མངའ་བདག་ཆོས་རྒྱལ་བླ་མ་རིན་པོ་ཆེ་ཚེ་དབང་ཕུན་ཚོགས་བསྟན་སྐྱོང་མཆོག་གི་བཀའ་སྩལ་ལྟར། །ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་བྲིས་པ་དགེ་ལེགས་འཕེལ།། ༈ །།དཔལ་ལྡན་འགྱུར་མེད་སྙིང་པོའི་བསྟན་པ་འཛིན། །ཀུན་བརྟགས་ཕྱོགས་ལས་རྣམ་གྲོལ་པདྨ་ཡི། །རྒྱལ་ཚབ་བསྟན་འགྲོར་ཉིན་བྱེད་དབང་པོའི་སྡེ། །གང་ལ་མི་ཕྱེད་དད་པའི་ཡིད་ཀྱིས་བསྔགས། ༡ །བྱང་ཆུབ་སྤྱོད་པ་རྒྱ་མཚོ་གཏིང་བྲལ་བ། །ཆོས་ཁམས་སྣོད་དུ་གཟོད་ནས་ཡོངས་གང་བས། །ཟབ་རྒྱས་དམ་ཆོས་ཆུ་ཀླུང་བྱེ་བ་སྙེད། །འགྱེད་མཛད་ས་བཅུའི་དབང་ཕྱུག་མ་ཕམ་པ། ༢ །རང་གི་ཞིང་ཁམས་ཡོངས་སུ་སྦྱོང་་བ་དང་། །ཤཱཀྱའི་བསྟན་ལ་རི་མོར་མཛད་པའི་སླད། །སྲིད་ལས་འདས་ཀྱང་སྲིད་པའི་རྣམ་པ་དང་། །མཚུངས་པའི་ཆོ་འཕྲུལ་ཡང་ཡང་སྟོན་ལ་འདུད། ༣ །རྒྱལ་ཀུན་སྤྱི་གཟུགས་པདྨ་དཀར་འཛིན་དང་། །སྟོན་འཁོར་དབྱེ་བ་མེད་པའི་ཕྲིན་ལས་ཀྱིས། །འཁོར་བ་ཇི་སྲིད་འགྲོ་སྒྲོལ་བརྟུལ་ཞུགས་ཅན། །བསམ་གྱིས་མི་


LT28_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་སྤྱོད་ཡུལ་མངའ་དེར་འདུད། ༤ །བསྟན་འཛིན་བྱེ་བའི་དབུས་ན་ཟླ་མེད་པའི། །མཁྱེན་རྟོགས་ཆོས་ཆེན་རྒྱལ་སྲིད་དར་དྲགས་བས། །སི་ཏུ་པ་ཞེས་འཇིག་རྟེན་གསུམ་གྱི་ཁོངས། །མཚན་གྱི་ཡི་གེས་རབ་ཏུ་བརྗིད་ལ་འདུད། ༥ །འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི། །དཔལ་ལ་འགྲན་པ་བསྟན་པའི་ཉིན་མོར་བྱེད། །རྩོད་པའི་དུས་མཐར་འགྲོ་བའི་སྒྲོན་མེ་རུ། །སླར་ཡང་བསམས་བཞིན་སྐྱེ་བ་བཞེས་ལ་འདུད། ༦ །ཚད་མེད་ཐུགས་རྗེའི་འོད་ཀྱི་མཚོན་ཆ་ཡིས། །ཡིད་སྲུབ་མུན་པའི་ཕྲུ་མ་འཐག་པ་ཡི། །ལུང་གི་སྤྲིངས་ཡིག་ཁ་བ་ཅན་ལྗོངས་སུ། །མཚོ་སྐྱེས་རྡོ་རྗེས་ཟོལ་མེད་བྱིན་ལ་འདུད། ༧ །རྒྱལ་བས་ཇི་སྐད་གསུངས་པའི་བསླབ་པ་གསུམ། །དྲི་མེད་སློབ་པའི་ཚུལ་ལ་རབས་ཞུགས་པས། །ཆར་གྱིས་གསོས་པའི་པདྨ་རྙིངས་པ་བཞིན། །བསྟན་པའི་ལང་ཚོ་གཞོན་ནུར་གྱུར་ལ་འདུད། ༨། རྡོ་རྗེའི་བརྡ་ཐབས་ལ་བརྟེན་གཞི་ལུས་སུ། །སྨིན་གྲོལ་རྟེན་འབྲེལ་བདེ་བླག་འགྲིག་པ་ཡིས། །བདེ་སྟོང་ཕྱག་རྒྱ་ཆེན་པོ་བཅུ་དྲུག་ཆ། །གཙུག་ཏོར་འཁོར་ལོར་ཡོངས་སུ་གང་ལ་འདུད། ༩ །རྒྱུ་རྐྱེན་ལས་འདས་གདོད་མའི་ཡེ་ཤེས་ཀྱི། །རྩལ་ཆེན་རྫོགས་པས་བློ་འདས་གྲུབ་མཐའ་སྙོགས། །འཁོར་འདས་རྟོག་པའི་ལྕགས་ཁམས་གཉུག་མའི་རྩིས། །སྤང་བླང་མེད་


LT28_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསེར་དུ་བསྒྱུར་ལ་འདུད། ༡༠ །དོན་དམ་མཐའ་བྲལ་བདེན་པ་གཟིགས་པ་ཡིས། །རྡོ་རྗེའི་དབང་བསྐུར་སྩོལ་ལ་མཐུ་གྲུབ་ཅིང་། །གནས་ལུགས་ཆོས་ཀྱི་མཛོད་ལ་རང་དབང་ཅན། །ཆོས་ཀྱི་རྒྱལ་པོ་དཔལ་ལྡན་བླ་མར་འདུད། ༡༡ །བློ་བྲལ་ཆེན་པོའི་དབྱིངས་སུ་ལ་ཟློས་པས། །མི་འཇིགས་སྤོབས་པའི་གཟི་བརྗིད་ངོམས་བཞིན་ཏུ། །རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་འདོམས་པས། །འབྲེལ་ཚད་དོན་དང་ལྡན་པར་མཛད་ལ་འདུད། ༡༢ །ཐུབ་བསྟན་སྲོག་ཟུང་འཚོ་བའི་བསྟན་འཛིན་མཆོག །རྡོ་རྗེ་སློབ་དཔོན་ཆེན་པོའི་གོ་འཕང་བ། །བླ་ན་མེད་པའི་བླ་མ་མཆོག་ཁྱོད་ཀྱིས། །བྱང་ཆུབ་བར་དུ་རྗེས་འཛིན་སྩལ་དུ་གསོལ། ༡༣ །ཅེས་པའང་སྡེ་བཞིའི་རྒྱལ་ཐབས་ལ་དགེ་བཅུའི་འཁོར་ལོས་སྒྱུར་བ་ལྷ་རིགས་བླ་མ་རིན་པོ་ཆེས་བཀའ་བསྐུལ་གནང་བ་ལྟར། །ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་དཔལ་སྤུངས་ཀྱི་གདན་སར་བྲིས་པ་མངྒ་ལཾ། །དགེ་ལེགས་འཕེལ།། །།


previousརྒྱལ་དབང་ཀརྨ་པའི་སྐུ་བསྟོད།next