Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
དཔལ་ཆོས་ཀྱི་རྒྱལ་པོ་དྷརྨཱ་ཀ་ར་ལ་མོས་གུས་ཀྱི་བདེན་གཏམ་དུ་བསྔགས་པ།
   
   
   
   
   
   
   
   
   
   


 
previousདཔལ་ཆོས་ཀྱི་རྒྱལ་པོ་དྷརྨཱ་ཀ་ར་ལ་མོས་གུས་ཀྱི་བདེན་གཏམ་དུ་བསྔགས་པ།next

དཔལ་ཆོས་ཀྱི་རྒྱལ་པོ་དྷརྨཱ་ཀ་ར་ལ་མོས་གུས་ཀྱི་བདེན་གཏམ་དུ་བསྔགས་པ།


LT28_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆོས་ཀྱི་རྒྱལ་པོ་དྷརྨཱ་ཀ་ར་ལ་མོས་གུས་ཀྱི་བདེན་གཏམ་དུ་བསྔགས་པ་བཞུགས་སོ། །


LT28_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲངྡྷཱ་སདྱ་ཀ་ཐཱ་ནཱ་མ། །བོད་སྐད་དུ། མོས་གུས་གྱི་བདེན་གཏམ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པ་ཉག་གཅིག་གི། རྣམ་པར་ཐར་པའི་དཔལ་བཟུང་བ། །ཆོས་ཀྱི་འབྱུང་གནས་ཞབས་པད་ལ། །གུས་པས་ལན་བརྒྱར་བཏུད་པར་བགྱི། ༡ །བསམ་མི་ཁྱབ་པའི་རང་བཞིན་ཅན། །བསམ་པའི་སྤྱོད་ཡུལ་མ་ཡིན་ཀྱང་། །དད་པ་ཁོ་ནའི་རྗེས་འགྲོ་བས། །ཇི་ལྟར་ནུས་བཞིན་བསམ་པར་བྱ། ༢ །སངས་རྒྱས་བསྟན་པའི་ཉིན་བྱེད་ཀྱི། །རྣམ་ཐར་སྣང་བ་བརྡལ་བ་ལ། །མདྨོ་བཞིན་ཏུ་དད་པའི་བློ། །རྟག་ཏུ་རབ་ཏུ་རྒྱས་པར་འགྱུར། ༣ །


LT28_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཚུལ་ཁོ་ནར་བརྣག་པའི་ཡིད། །བསྐལ་པས་བྱིན་འདིས་གཞན་གྱི་ཚུལ། །རབ་དང་ཕུལ་དུ་བསྒྲགས་ན་ཡང་། །རི་མོར་བྲིས་པ་ཙམ་དུ་བྱས། ༤ །ཁྱོད་ལ་འདི་ཙམ་མོས་པ་དང་། །འདི་ཙམ་གུས་པ་དང་ལྡན་པས། །བདག་ནི་མྱུར་དུ་གཙོ་བོ་ཡི། །བྱང་ཆུབ་རོ་གཅིག་གདོན་མི་ཟ། ༥ །གཞན་གྱིས་གཞན་ལ་བསྔགས་པ་ཡི། །ཚིག་དེ་ཕལ་ཆེར་ངོ་སོའི་ཕྱིར། །ཡང་ན་ཕྱོགས་ཞེན་ཟོལ་བསྟོད་དམ། །བླུན་པོ་གྲགས་རྗེས་རྒྱུག་པར་ཟད། ༦ །བདག་གིས་ཁྱོད་ཚུལ་གང་གླེང་བ། །བསྟོད་པར་མ་ལགས་སྨད་མ་ལགས། །འོན་ཀྱང་རང་བཞིན་བརྗོད་པ་སྟེ། །དེ་ཡང་ཆ་ཤས་ཙམ་ལགས་གྲང་། ༧ །ཁྱོད་ལ་ཕྱོགས་འགོ་ཙམ་བསྔགས་པས། །


LT28_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

།།རྒྱལ་ཀུན་བསྔགས་པར་འགྱུར་བ་སྟེ། །རྒྱལ་རྣམས་རྣམ་ཐར་བརྗོད་པས་ཀྱང་། །ཁྱོད་ཚུལ་ཁོ་ནར་བརྗོད་པར་འགྱུར། ༨ །བླུན་པོ་རྣམས་ཀྱིས་སྦྱར་བའི་ཚིག །ལེགས་ལེགས་ལྟར་དུ་འདུག་ན་ཡང་། །ཆགས་སྡང་གཡོ་སྒྱུའི་དབང་སོང་བས། །གཡོན་ཅན་ཚོང་པའི་བསླུ་ཚིག་འདྲ། ༩ །འདི་ནི་དེ་ལྟར་མ་ཡིན་ཏེ། །ཁྱོད་ཚུལ་དྲང་པོའི་ས་བོན་ལ། །དྲང་པོའི་གཏམ་གྱི་སྦྱོར་བ་ཡིས། །འཇིག་རྟེན་གསུམ་ཡང་མགུ་བར་ནུས། ༡༠ །གང་གི་རྣམ་ཐར་རྒྱ་མཚོ་ལ། །བདག་གི་འདི་ཙམ་མ་བས་ཏེ། །དཔྱོད་ལྡན་ཀུན་དགའི་མེ་ཏོག་གི། །དོགས་པ་ཆལ་ཆིལ་གཡོ་བར་ཟད། ༡༡ །དེ་ལྟ་མོད་ཀྱི་ངང་ཚུལ་དེའི། །དཔལ་ལ་མུ་མཐའ་མ་མཆིས་པས། །གཏམ་གྱི་ཟླ་བས་བློ་གྲོས་ཁ། །གསར་པའང་མང་དུ་འབྱེད་པར་འགྱུར། ༡༢ །གཏམ་ལ་འཇིག་རྟེན་འདི་བརྟེན་ནས། །རྨོངས་པ་མ་ལུས་བསལ་དེ་ཡིས། །ལེགས་ཉེས་གནས་ཀུན་མཐོང་ནས་དེས། །སྲིད་དང་ཞི་བའི་དཔལ་ཡང་མཐོང་། ༡༣ །ཁྱོད་ཀྱི་རྣམ་པར་ཐར་པ་ནི། །རྒྱལ་བ་ཀུན་དང་རོ་གཅིག་ཕྱིར། །མཐའ་དག་གླེང་བས་རྟོགས་མིན་ཀྱང་། །མཐའ་ཡས་བརྗོད་པས་དེ་རྟོགས་འགྱུར། ༡༤ །ཟབ་ཅིང་ཞི་བ་སྤྲོས་བྲལ་བའི། །དབྱིངས་འདི་སྔོན་ཆད་མ་ངེས་པས། །ཁྱོད་ཚུལ་ཕྱོགས་རེ་ཙམ་བཟུང་ནས། །ཆུང་ངུའི་


LT28_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལའང་ངོ་མཚར་བྱས། ༡༥ །ད་ནི་ཕྱོགས་ཙམ་གོ་བ་ཡིས། །ཁྱོད་ཞལ་མ་མཐོང་ཡི་མུག་དང་། །ཁྱོད་ཚུལ་མ་འཇལ་ནེམ་ནུར་སོགས། །གཅིག་ཅར་འཇོམས་པ་བཞིན་ཏུ་གྱུར། ༡༦ །འདི་ན་འགའ་ཞིག་མཆིས་རྣམས་ཀྱིས། །ཁྱོད་ལ་འཕགས་པ་ཙམ་དུ་མཐོང་། །བདག་ནི་མོས་པའི་ཁྱད་པར་གྱིས། །ཁྱོད་ལ་བསམ་མི་ཁྱབ་པར་མཐོང་། ༡༧ །བསམ་མི་ཁྱབ་ལ་མཐོང་མེད་པས། །དོན་ཏུ་ཅི་ཡང་མ་མཐོང་མོད། །མ་མཐོང་བ་ཡི་གནས་ལུགས་དེ། །མཐོང་བ་རྣམས་ཀྱི་མཆོག་ཏུ་གསུངས། ༡༨ །མཁའ་མཐའ་འདོམ་གྱིས་གཏུགས་པ་མིན། །ཁྱོད་ཚུལ་དེ་བཞིན་བསམ་པས་མིན། །རྒྱ་མཚོ་ཧུབ་ཀྱིས་ཟད་པ་མིན། །ཁྱོད་ཚུལ་དེ་བཞིན་བརྗོད་པ་མིན། ༡༩ །དེ་ལྟ་ཉིད་ནའང་བླུན་པོ་འགས། །འགའ་ཡང་བརྗོད་བྱར་མེད་དོ་ལོ། །མཚན་མའི་ཚུལ་ཡང་མི་ཤེས་ན། །མཚན་མ་མེད་པ་ཇི་ལྟར་རྟོགས། ༢༠ །ཟབ་མོ་འདི་ཚུལ་མི་ཤེས་པའི། །མི་མཁས་བྱིས་པའི་རང་བཞིན་ནི། །སྣང་དང་ཡུལ་གྱི་ཚིམས་པ་སྟེ། །དེ་ལ་ཚིམས་པ་བསྐྱེད་སླད་དུ། ༢༡ །ཉི་ཚེ་མིན་ཀྱང་ཉི་ཚེའི་གཟུགས། །ཕྱོགས་རེར་མིན་ཀྱང་ཕྱོགས་གཅིག་གི། །མཛད་པའི་རློ་རྩེད་གང་བསྒྱུར་བ། །བདག་གི་བརྗོད་པའང་དེ་བཞིན་ནོ། ༢༢ །ཀྱེ་མ་ཁྱོད་ཚུལ་ཅི་ཡང་སྣང་། །ཆོས་ཀྱི་དབྱིངས་


LT28_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཅི་ཡང་སྲིད། །ནམ་མཁའི་ཁོང་འདིར་ཅི་ཡང་ཤོང་། །རྣམ་པར་དག་པའི་མཐུ་ལ་ལྟོས། ༢༣ །ནམ་མཁར་སྤྲིན་གྱིས་གོས་པ་མེད། །རྦ་རླབས་རྒྱ་མཚོར་རོ་གཅིག་གྱུར། །དེ་བཞིན་ཁྱོད་ཐུགས་ཆོས་ཀྱི་དབྱིངས། །མཚན་མས་གོས་མིན་རོ་གཅིག་གྱུར། ༢༤ །གང་ལ་མཚན་མ་མེད་པ་ནི། །ཆོས་རྣམས་ཀུན་གྱི་གཞི་ཡིན་ཏེ། །མེད་བཞིན་སྣ་ཚོགས་སྣང་བ་ཡང་། །ཆོས་རྣམས་ཀུན་གྱི་གཞི་ཡིན་ནོ། ༢༥ །མཚན་མ་མེད་པ་ཆོས་སྐུ་ཏེ། །མཚན་མ་ཡང་ནི་ཆོས་ཀྱི་སྐུ། །ཁྱོད་ཀྱི་རང་བཞིན་དེ་ལྟ་བུ། །ངོ་བོ་ཡང་ནི་དེ་ཉིད་ལགས། ༢༦ །ཆོས་ཀྱི་དབྱིངས་ལ་ཚད་མེད་པས། །སྤྲུལ་པ་ལ་ཡང་ཚད་གཟུང་མེད། །སེམས་ཅན་གངྒཱའི་བྱེ་སྙེད་ལ། །གང་འདུལ་རིན་ཆེན་གསུམ་རང་བཞིན། ༢༧ ཁྱད་པར་པདྨོ་སྣང་བ་འདིར། །སྒྲོན་མེ་སྟོང་ལས་ཤཱཀྱ་ཡི། །སྲས་ཀྱི་ཆོས་ཚུལ་མཐར་ཐུག་ཅིང་། །འོ་མ་ཡི་ནི་མར་གྱུར་པ། ༢༨ །བྱང་གི་ཕྱོགས་ཀྱི་འགྲོ་བློའི་ཆུ། །ལེགས་བྱས་ཀེ་ཏ་ཀས་བགྲུངས་པས། །སྔོན་མེད་ཀརྨ་བཀའ་བརྒྱུད་ཀྱི། །ཟླ་སྣང་ཤར་ནས་རིང་ཞིག་ལོན། ༢༩ །འོན་ཀྱང་རེ་ཞིག་ཀརྨ་པའི། །བསྟན་པ་མེ་ཤིའི་དུད་པའམ། །རྫིང་བུ་སྐམ་པའི་ཡུར་ཆུ་བཞིན། །གཟུགས་བརྙན་ཙམ་ཡང་མི་གསལ་བས། ༣༠ །འཇིག་རྟེན་གསུམ་པོ་མཐའ་དག་འདི། །མིག་བྲལ་སྨག་ལ་འཕྱན་པའམ། །ཕ་མས་


LT28_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་བའི་དྭ་ཕྲུག་བཞིན། །ཉམ་ཐག་དགོན་པར་འཕྱན་པའི་དུས། ༣༡ །གང་ཁྱོད་བསམས་བཞིན་སྲིད་པ་ཉེར་བླངས་ནས། །ས་ཡི་ཁྱོན་འདིར་སངས་རྒྱས་མཛད་པ་ཡིས། །དོན་ཆེན་བསྒྲུབ་ཕྱིར་ངེས་དོན་བསྟན་འདིར་ཡང་། །འཆི་ཀའི་སྲོག་གི་མཐུད་མ་ལྟ་བུར་གྱུར། ༣༢ །འཕགས་རྣམས་གང་དུ་སྐྱེས་ཀྱང་ཐབས་མཁས་ཀྱི། །བྱ་བས་འགྲོ་ཕན་སྒྲུབ་པ་ཆོས་ཉིད་དེ། །ཟླ་བའི་ཀུན་དགའ་ཉི་མའི་རབ་གསལ་དང་། །ནོར་བུའི་འདོད་སྟེར་དག་ཀྱང་ལྷན་སྐྱེས་ཡིན། ༣༣ །གཞོན་ནུར་རོལ་པའི་སྐྱེད་ཚལ་ཉམས་དགའ་བར། །དམ་པའི་རང་བཞིན་མེ་ཏོག་ཐོག་མ་ནས། །དགོད་པའི་ཡ་མཚན་དེ་ལ་དེ་མ་ཐག །དཔྱོད་ལྡན་ཡི་ག་དབང་མེད་འགུགས་པར་བྱས། ༣༤ །རང་གིས་བརྙེས་པ་དེ་ལ་གཞན་འཁྲིད་ཕྱིར། །ཐབས་མཁས་ཉིད་ཀྱིས་སྤྲོས་བཅས་མང་སྤྱོད་པ། །འདིས་ནི་རྒྱལ་བའི་སྲས་ཀྱིས་མི་བསླབ་པའི། །དངོས་འགའ་ཡོད་པ་མིན་ཞེས་དཔེ་ཚུལ་རྟོགས། ༣༥ །གཏན་གྱི་ཕན་བདེ་རྒྱལ་བསྟན་ལས་འབྱུང་ཞིང་། །དེ་ཉིད་གང་ཟག་རྒྱུད་ལ་གནས་ཤེས་བྱ། །སླད་ནས་བསྡམ་བྱའི་ཟག་པ་མ་མཆིས་ཀྱང་། །བསྟན་འཛིན་ཉིད་ཕྱིར་དེ་ལྟའི་བརྟུལ་ཞུགས་བླངས། ༣༦ །བག་མེད་པ་སོགས་ལྟུང་བའི་སྒོ་བཅད་ནས། །ངེས་པར་འབྱུང་བ་ཁོ་ནའི་རྗེས་སོང་བ། །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཉི་འོད་ཀྱིས་


LT28_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་པར་རློམས་རྣམས་མོག་མོག་པོ་རུ་གྱུར། ༣༧ །ཚུལ་ཁྲིམས་ལྡན་པ་ཆོས་ཀྱི་ས་གཞི་སྟེ། །བསྟན་པའི་གྲོང་ཁྱེར་ཉམས་དགའ་འདི་ལ་བསྟེན། །ཚུལ་ཁྲིམས་ལྡན་པ་སྨན་གྱི་ཆུ་ཀླུང་སྟེ། །འགྲོ་བའི་ལུས་འཚོ་མཆོག་ཏུ་གསོ་བར་བྱེད། ༣༨ །བྱང་ཆུབ་འཁོར་བ་ལས་གྲོལ་མྱང་འདས་ཏེ། །ཚུལ་འཆལ་ཞི་ལས་ཕྱིར་ཕྱོགས་སྲིད་པར་འཁོར། །དེ་ཕྱིར་དེ་མེད་དེ་ལ་དེ་མི་སྐྱེ། །དེ་ཉིད་སྤངས་པས་དམ་ཆོས་ཀུན་སྤང་འགྱུར། ༣༩ །མིག་མེད་ལང་ཚོ་རྒྱས་པ་སྐྱེས་བུ་ཡི། །བྱ་བ་མཐའ་དག་རྫོགས་པར་ནུས་མིན་ལྟར། །རྩ་བ་འདི་ཉིད་མེད་ལ་རྣམ་བྱང་གི། ལོ་འདབ་འབྲས་བཅས་འབྱུང་མིན་འདི་གཟིགས་ནས། ༤༠ །ཕྲ་སྤྱོད་ཁོ་ན་ཙམ་མིན་ལྷག་སེམས་ཀྱི། །གཞན་དབང་ནང་གི་ཟབ་མོའི་འདུལ་བ་ཡིས། །ཁྱོད་ཀྱི་རྗེས་འབྲང་བཅས་ལ་གསུང་རབ་དང་། །འགལ་བའི་ཉེས་པས་འགྱོད་ལ་སྦྱར་བ་མེད། ༤༡ །རྩྭ་ཆུ་ལོ་མ་ཙམ་གྱིས་མི་ཞུམས་ཤིང་། །ལུས་ངན་འབྱོར་པ་ཡིས་ཀྱང་ཁེངས་མིན་པར། །འདོད་དང་འདུ་འཛི་དག་ལ་ཆོག་ཤེས་པའི། །འཕགས་པའི་ནོར་གྱིས་འཛད་པ་མེད་པར་གཏམས། ༤༢ །རྣམ་རིག་བྱེད་མིན་གཟུགས་ཀྱིས་རྣམ་རིག་གི། །ཉེས་པ་འདུལ་བ་སྟོན་བསྟན་གཉིས་ཆར་གྱི། །བདུད་རྩིས་རབ་བརླན་བསྟན་པའི་ལུས་ཟུངས་ཀྱང་། །རེ་ཞིག་དར་ལ་བབ་པའི་ངང་ཚུལ་འཛིན། ༤༣ །འགྲོ་བའི་


LT28_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མ་ཆགས་པ་འདྲ་བ་མེད། །གཞན་ལ་གནོད་པ་ཕྲག་དོག་འདྲ་བ་མེད། །ཕུང་བྱེད་ང་རྒྱལ་དང་མཚུངས་ཡོད་མིན་ཞེས། །འདི་འདྲ་རྗེས་སུ་བསྟན་ནས་འགྲོ་མང་བཏུལ། ༤༤ །ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །དེ་ལས་སྒོམ་པ་ཡང་ནི་རབ་ཏུ་འབྱུང་། །དེ་ལས་བྱང་ཆུབ་བླ་ན་མེད་འཐོབ་ཅེས། །འདི་ལ་ངེས་པ་ཐུན་མིན་འབྲང་བར་མཛད། ༤༥ །ཤེས་རབ་དང་མཉམ་མིག་མེད་ལ། །རྨོངས་པ་དང་མཉམ་མུན་པ་མེད། །ཐོས་དང་མཉམ་པའི་ནོར་མེད་ལ། །བརྩོན་དང་མཉམ་པའི་བཞོན་པ་མེད། ༤༦ །ཐོས་མང་གང་དུ་འགྲོ་འགྱུར་བ། །གྲགས་པའི་འོད་དང་ལྷན་ཅིག་ཏུ། །འཇིག་རྟེན་ཉེ་བར་གསལ་འགྱུར་གྱི། །རྨོངས་པའི་ཚུལ་ནི་དེ་མ་ཡིན། ༤༧ །ཐོས་དང་བསམ་དང་སྒོམ་པ་དག །རྨོངས་པས་རྨོངས་པ་ཐོབ་འགྱུར་ལ། །ཤེས་རབ་ཀྱིས་ནི་རང་ནོར་བཞིན། །མ་འཁྲུལ་བ་དེ་ཐོབ་པར་འགྱུར། ༤༨ །དེ་ཕྱིར་དེ་ལྟའི་ཚུལ་ཉིད་ལ། །རྟག་དད་གུས་པའི་སྦྱོར་བ་ཡིས། །རང་ཉིད་ཀུན་མཁྱེན་ལ་ཞུགས་ཏེ། །ཕྱིས་ནས་འཇིག་རྟེན་རབ་གསལ་བྱས། ༤༩ །བསོད་ནམས་ཆེན་པོའི་རིན་གྱིས་ནི། །རྣམ་པར་དཔྱོད་པའི་གྲུ་ཉོས་ལ། །ཤེས་བྱའི་ཕ་མཐར་གཤེགས་ཟིན་པས། །རིགས་པའི་དབྱིག་ནི་ཅི་ཡང་སྦྱིན། ༥༠ །རྒྱལ་བའི་སྐུ་བརྙན་སྣ་ཚོགས་དང་། །རྒྱ་བོད་ཡི་གེའི་རྣམ་འགྱུར་དང་། །དཀྱིལ་འཁོར་གྱི་ནི་


LT28_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་དང་། །གར་སོགས་ལུས་ལ་གཏོགས་པའི་བཟོ། ༥༡ །སྙན་བརྗིད་རོལ་མོ་འབུད་བཀྲོལ་དང་། །དྲུག་ལྡན་དབྱངས་ཀྱི་འགྱུར་ཁུག་དང་། །འཆད་དང་རྩོད་དང་རྩོམ་པ་སོགས། །ངག་གི་ལས་སུ་གཏོགས་པའི་བཟོ། ༥༢ །ས་གཞི་རིན་ཆེན་རྟ་བརྟགས་སོགས། །རིག་པའི་གནས་ཆེན་བཅོ་བརྒྱད་དང་། །ཐོས་དང་བསམ་དང་སྒོམ་པ་སྟེ། །ཡིད་ལ་གཏོགས་སོ་ཅོག་གི་བཟོ། ༥༣ །མདོར་ན་བཟོ་ཡི་རིག་བྱེད་ལ། །ལས་སྣ་ཚོགས་པ་སོགས་ཀྱིས་ཀྱང་། །བརྒྱ་ཡི་ཆར་ཡང་མི་ཕོད་པའི། །ངོ་མཚར་ཕྲེང་བས་མགུལ་པ་མཛེས། ༥༤ །གཞུང་ལུགས་རྒྱ་མཚོར་མ་རྙོགས་ནས། །ཟབ་རློམས་ཁྲོན་པ་ལོག་སྤྱོད་ཀྱིས། །ཉམ་ཆུང་སྲོག་དབུགས་རབ་ལེན་པའི། །རུ་སྦལ་མི་ཟན་དེ་མིན་པར། ༥༥ །གསོ་བྱ་གསོ་བྱེད་གསོ་ཚུལ་སོགས། །ཆོ་གའི་ཡན་ལག་ཀུན་མཁས་པས། །རྒྱུ་དྲུག་ཚོགས་པའི་སློབ་མར་བཅས། །འགྲོ་བའི་སྲོག་འཚོ་གཅིག་པུར་གྱུར། ༥༦ །རྒྱུ་ནི་ཉེས་པ་གསུམ་ལས་ཏེ། །རྐྱེན་ནི་འབྱུང་བ་བཞི་ཡིས་བསྐྱེད། །དེ་ཡང་རྐྱང་ལྡན་གང་འདུས་པ། །རྣམ་དཔྱོད་དུ་མས་སོ་སོར་དབྱེ། །སྨན་ལ་རོ་ནུས་ཞུ་རྗེས་དང་། །དཔྱད་ལ་དྲག་དང་འཇམ་བཙལ་སོགས། །འབྱུང་བཞིའི་བསྡེབ་པའི་གཉེན་ལ་ཡང་། །དམན་ལྷག་ལོག་པའི་ཕྱག་མི་བརྐྱང་། ༥༨ །དེ་བཞིན་རྣམ་གྱུར་གསོ་


LT28_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། །རྣམ་པར་མ་གྱུར་རིང་འཚོ་བའི། །སྨན་དཔྱད་ཟས་སྤྱོད་ཐབས་གང་ཡང་། །མ་རྨོངས་སྨན་པའི་རྒྱལ་པོ་སྟེ། ༥༩ །དེ་སླད་སྔོན་གྱི་དྲང་སྲོང་གིས། །མེ་ཏོག་རྙིད་པ་ཆུས་བྲན་བཞིན། །འདི་བསྟན་ཁོལ་བུར་གསལ་འགྱུར་ཞེས། །དེང་སང་ཁྱོད་ལ་བསྙད་པ་འདྲ། ༦༠ །བཀླགས་དང་མ་བཀླགས་བྱིངས་ཀྱི་མཐར། །རང་དོན་རྒྱུ་དངོས་ལས་དག་ལ། །རྐྱེན་ལས་མིང་གི་རང་བཞིན་ཀྱང་། །ཕོ་མོ་མ་ནིང་དུ་གྲུབ་པ། ༦༡ །དེ་ལ་བྱེད་དངོས་ལས་གསུམ་ཕྱིར། །སུཔྲ་དང་ཁམས་ལ་ཏིང་རྣམས་ཀྱིས། །ལྟོས་དང་ལྟོས་མིན་ཚིག་གི་མཐའ། །གཅིག་ལའང་རྣམ་འགྱུར་དུ་མ་སྟེ། ༦༢ །གཞུང་དོན་སེང་གེའི་མིག་གིས་བལྟ། །བརྗོད་པ་ཡང་བརྗོད་མི་བྱ་ཞིང་། །མ་བརྗོད་པ་ནི་སླར་ཡང་བརྗོད། །སྟོབས་མཚུངས་འགལ་སོགས་དབྱེར་ཕྱེད་པས། ༦༣ །ཚིག་གི་དྲིན་གྱིས་དོན་གསལ་བ། །སྒྲ་ཡི་རིག་པ་རྒྱ་མཚོ་ཙམ། །འཐུངས་ཕྱིར་གཞུང་ལུགས་གང་ལ་ཡང་། །འཁྲུལ་པའི་དྲི་མ་གཏན་ནས་ཟད། ༦༤ །གནའ་བོའི་ལོ་ཙཱས་གང་བསྒྱུར་བ། །དེ་དེར་བཏགས་པ་ཙམ་ཤེས་ཀྱི། །ཁམས་དང་རྐྱེན་ནུས་སོ་སོར་གྱིས། །གང་འགྱུར་ཅི་བྱེད་མ་འཚལ་བཞིན། ༦༥ །གཞུང་ལས་བརྒལ་བའི་སྒྲ་མཁན་གྱི། །ཚང་ཚིང་ལྗོངས་འདིར་དཀྲིགས་པ་ལ། །ཁྱོད་ཀྱི་རྣམ་དཔྱོད་མེ་ཆེན་གྱིས། །སྔར་ཉིད་ལྷག་མེད་ཐལ་བྱས་ནས། ༦༦ །ཕྱིས་


LT28_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལེགས་བཤད་ཆར་ཕབ་པའང་། །བྱིངས་ནས་བུད་མེད་ཚིག་སྡུད་ཕྲད། །དེ་ཕན་མཐའ་དཔྱོད་བཅས་འཇལ་བས། །སྐད་གཉིས་ཀྱི་ཡང་སྨྲ་བ་བྱིན། ༦༧ །འདི་ན་ཆགས་སྡང་འཁོར་ལོ་ཡིས། །རྟོག་གེའི་ཚིག་སྐམ་ལ་ཞེན་ནས། །འཐབ་རྩོད་ཁོ་ནས་ཚད་མའི་དོན། །གཏན་ལ་འགའ་ཡང་ཕེབ་མ་གྱུར། ༦༨ །ཚད་མས་ཚད་མ་མེད་པའི་དོན། །བདེ་བླག་ཉིད་དུ་ཅིས་མི་དགོས། །གང་ལའང་མངོན་པར་ཞེན་ཡོད་ན། །དེ་དག་བསྟན་འདིར་མུ་སྟེགས་ཡིན། ༦༩ །བྱར་ཡོད་བྱེད་པོ་ཅི་སྟེ་མེད། །དེ་ཡོད་དེ་འགོག་འགྱུར་བས་ཕམ། །འཇིག་རྟེན་ན་ནི་རང་ཚིག་གིས། །འགྱུར་གྱིས་གཞན་མིན་མ་གསུངས་སམ། ༧༠ །ཕན་མཛད་ཚད་མར་གྱུར་འདིས་ནི། །འདི་ལྟར་ཚད་མིན་འགའ་མེད་ལ། །ཚད་མ་ཞེས་བྱ་འགའ་ཡང་མེད། །འདི་ཤེས་དེ་ཉིད་མཐོང་བར་བསྟན། ༧༡ །དམ་བཅའ་སྒྲུབ་བྱེད་ལྟར་སྣང་མེད། །དེ་ཕྱིར་སུན་འབྱིན་བྱར་མེད་པས། །ཚིག་གི་བུད་ཤིང་ཅི་བསྣན་ཀྱང་། །ལུང་རིག་བསྲེ་གཟའི་རྒྱུ་བཞིན་གྱུར། ༧༢ །པི་ཝཾ་སྒྲ་ནི་ཚོགས་ལས་བཞིན། །ཟབ་མོ་སྟོང་པ་ཉིད་མཐོང་བ། །དགེ་རྩ་དུ་མའི་བདག་ཉིད་དེ། །དེས་ཁྱོད་ཚད་མ་མེད་པར་ལྟ། ༧༣ །རྨད་བྱུང་སྤོབས་པའི་སྤྲིན་ཆེན་ལས། །གཏན་ཚིགས་གཅིག་གི་མཚོན་ལྷུང་བས། །ལོག་པར་ཞེན་པའི་གཏན་ཚིགས་དང་། །དམ་བཅའི་ས་སྐྱེས་གཅིག་ཆར་


LT28_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས། ༧༤ །རྒོལ་བའི་རྒྱུ་ཟད་ཁྱུ་མཆོག་ནི། །རླབས་པོ་ཆེ་རུ་དམ་བཅས་ཤིང་། །ཆོས་མཐུན་སྨྲ་བའི་འཁོར་གྱི་དབུས། །མི་འཇིགས་སེང་གེའི་སྒྲ་ཆེན་བསྒྲགས། ༧༥ །ཕྱོགས་དང་རྩོད་པ་མ་མཆིས་པས། །དེ་ལ་གཞན་ཕྱོགས་ག་ལ་ཡོད། །མངོན་སུམ་ལ་སོགས་དོན་འགའ་ཡང་། །མ་དམིགས་ཀླན་ཀ་ཡོད་མིན་ཀྱང་། ༧༦ །མུར་འདུག་བྱེ་མདོ་རྣམ་རིག་དང་། །དབུ་མའི་གྲུབ་མཐའ་ཀུན་མཁྱེན་པས། །སྨྲ་ལ་ཐལ་འགྱུར་ལྗགས་རྐྱོང་ཞིང་། །བསླབ་ལ་ཕྲ་བའི་དབུ་མ་འཆད། ༧༧ །དེ་བས་ཁྱོད་ཉིད་མི་གནས་ཀྱང་། །འདིར་ནི་ཡང་དག་ལམ་གསལ་བས། །ཇི་ལྟར་འདས་ཀྱང་སྡིག་སེལ་བ། །མཁའ་ལྡིང་མཆོད་སྡོང་བཞིན་ཏུ་གྱུར། ༧༨ །གཞི་དང་རྒྱུ་མཚན་མ་མཆིས་པ། །འདོད་རྒྱལ་ཐོག་མའི་མིང་དེ་དང་། །རྗེས་གྲུབ་ཉིད་ཀྱི་མིང་འདོད་རྒྱལ། །དོན་ལྡན་གཉིས་སམ་རྣམ་དབྱེ་གཞན། ༧༩ །ཐོག་མ་རྗེས་གྲུབ་དོན་ཡོད་པའི། །དངོས་མིང་དང་ནི་བཏགས་མིང་ལ། །འདྲ་འབྲེལ་གཉིས་བཟློག་རྒྱུ་མཚན་ཅན། །འབྲེལ་ལ་རྒྱུ་མིང་འབྲས་བཏགས་དང་། ༨༠ །རྒྱུ་འབྲས་གོ་བཟློག་ཚོགས་པའི་མིང་། །ཡ་གྱལ་ལ་བཏགས་དེ་བཟློག་སོགས། །མངོན་བརྗོད་དད་པའི་ཤིང་རྟ་ཡིས། །འདེགས་ཚེ་གསེར་མངལ་ཅན་དུ་དྲན། ༨༡ །དགོས་པ་བརྒྱད་ཕྱིར་དོན་གཅིག་མིང་། །མང་དུ་བསྙད་


LT28_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

དང་མིང་གཅིག་དོན། །དུ་མར་འཇུག་སོགས་ཚུལ་འདི་ལ། །གཟིགས་པའི་སྤྱན་དཀྱུས་ཕྲ་ཞིང་རིང་། ༨༢ །རྒྱན་གྱི་བསྟན་བཅོས་མཐའ་དག་ལ། །ཆགས་ཐོགས་མེད་པའི་རྩལ་མངའ་བས། །ངག་གི་གླིང་བུ་གང་ལ་ཡང་། །ཉམས་འགྱུར་དུ་མ་ཅན་དུ་བསྒྱུར། ༨༣ །ལུས་གང་བཅད་ལྷུག་སྤེལ་མ་དང་། །ཙམྤཱུའི་རྒྱན་གྱིས་མཛེས་དེ་ཡང་། །གྲོལ་བ་དང་ནི་རིགས་དང་མཛོད། །འདུས་པ་ཞེས་བྱ་དེ་རྣམ་བཞི། ༨༤ །ཁྱད་པར་རྒྱན་གསུམ་ལམ་ལས་དྲངས། །ས་རྒས་བཅིངས་པ་སྙན་ངག་ཆེ། །སྨྲ་བའི་ངོ་མཚར་འདི་ཀས་ཀྱང་། །ཚངས་སྲས་མགྲིན་པར་རྩེན་པར་རྟོགས། ༨༥ །རང་བཞིན་བརྗོད་ན་གསལ་ལ་འཐུས། །འཁྱོགས་པོར་བརྗོད་ན་སྙན་འགྱུར་རྫོགས། །གང་ལའང་ཟློས་སོགས་སྐྱོན་སྤངས་པ། །འདི་འདྲའི་བརྗོད་པ་རྣམ་པར་དག ༨༧ །ཡི་གེ་གཅིག་ནས་རྒྱུན་ཆགས་པར། །རྐང་བཞིར་ཚིགས་སུ་བཅད་པ་ཡི། །སྡེབ་སྦྱོར་སྙན་ངག་རྒྱ་མཚོས་ནི། །ཟབ་མོ་བརྒལ་འདོད་རྣམས་ཀྱི་གྲུ། ༨༨ །མཉམ་དང་མི་མཉམ་ཕྱེད་མཉམ་གི། བྲྀ་ཏྟ་ངོ་མཚར་རྟོག་བྱེད་བཅས། །འཕགས་མ་དམར་སེར་བེ་ཏཱ་ལིའི། །ཚུལ་ཅན་ཛཱ་ཏིའི་ཕྲེང་བ་ལ། ༨༩ །སྒྲ་དོན་གྲོང་པ་མ་ཞུགས་ཤིང་། །ལྕི་ཡང་དང་ནི་སྡོད་པ་དང་། །མང་དང་ཉུང་སོགས་སྐྱོན་བྲལ་བར། །བྱ་སླ་བྱ་དཀའི་པྲསྟཱ་ར། ༩༠ །འགོད་ལ་ལེགས་སྦྱར་ཡན་ལག་ཚུན། །མ་མཉམ་


LT28_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འགྱུར་ངོ་མཚར་བ། །མཐོང་ན་སྲིན་བུའི་རི་མོ་གཞན། །རང་ཉིད་ངལ་བ་སྒྲུབ་པར་ཟད། ༩༡ །སཾ་སྐྲྀ་ཏ་དང་པྲ་ཀྲྀ་ཏ། །ཨ་བ་བྷྲཾ་ཤ་པི་ཤཱ་ཙི། །ནཻ་པཱ་ལ་དང་ཀ་སྨཱི་ར། །མ་ཧཱ་ཙི་ན་མོ་གོལ་སོགས། ༩༢ །སྐད་རིགས་རྣམས་དང་ཡུལ་གྱི་ཆོས། །སོ་སོའི་ཚུལ་ལ་མ་རྨོངས་པས། །འཕགས་བོད་ལི་ཡི་ཡུལ་ལྗོངས་སོགས། །གང་དུ་ཞབས་པད་བཀོད་པའམ། ༩༣ །ལེགས་བྱས་མིག་དང་རྣ་བ་ཡིས། །ཁྱོད་ཞལ་མཐོང་དང་གསུང་ཐོས་ན། །མཐོང་གྲོལ་ཆེན་པོའི་ཟློས་གར་གྱི། །གང་འདུལ་ཡིད་ཀྱི་བདུད་རྩིར་སྒྲུབ། ༩༤ །ནང་གི་ཁམས་དང་དུས་སྦྱོར་གྱིས། །ཕྱི་ན་མངོན་སུམ་ལྟར་སྣང་བ། །སྦས་པའི་དེ་ཉིད་དབང་འབྱོར་ཕྱིར། །མ་བསླབ་པར་ཡང་བདེ་བླག་བྱས། ༩༥ །གནམ་སའི་གོ་ལར་རྐང་པའི་ཆ། །ཉི་ཁྱིམ་ཚེས་ཞག་ཏུ་བགྲོད་པའི། །དབུགས་ནས་དབྱུག་གུ་དུས་སྦྱོར་བར། །ཆ་བཅས་སྐར་འབྱུང་ཚུལ་གྱིས་ནི། ༩༦ །འདི་ན་ལུང་དུ་སྟོན་པ་ལ། །ཡོ་གལ་མེད་པའི་ཐིག་ཉིད་དེ། །འཕོ་བས་སྟོང་པར་འཇུག་པ་སོགས། །ཞིབ་མོའང་འཁྲུལ་མེད་ཞར་ལས་གྲུབ། ༩༧ །དེ་ཕྱིར་བྱེད་གྲུབ་རྩིས་རིགས་དང་། །དབྱངས་འཆར་རྒྱ་ནག་སྤོར་ཐང་གི། །གསེར་རྩིས་ཁབ་སོ་ཟངས་ཀྱམ་སོགས། །གང་ལའང་མཁྱེན་པའི་སྣང་བ་རྒྱས། ༩༨ །ལུང་ནི་མིང་ཚིག་ཚོགས་པའི་ཆོས། །དེ་སྨྲ་བྱེད་པས་དེ་རྟོགས་འགྱུར། །


LT28_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

མིང་ཚིག་བརྗོད་པ་ཐམས་ཅད་ཀྱང་། །ཡི་གེའི་སྦྱོར་བས་རབ་གསལ་བྱེད། ༩༩ །སྟོང་ཆེན་ཐིག་ལེ་སྟོང་པ་ཡི། །ཡི་གེའི་དེ་ཉིད་ཁོང་ཆུད་ཕྱིར། །སྒྲ་དང་སྡེབ་སྦྱོར་ནས་བཤད་པའི། །སྦྱོར་བ་ཉིད་ལ་མཚུངས་པ་མེད། ༡༠༠ །ལྗོངས་འདིར་ཐུ་མིའི་བསྟན་བཅོས་བཅས། །ཟླ་བ་བཞིན་ཏུ་སྣང་བྱས་པ། །སླར་ཡང་ཁྱོད་ཀྱི་ལེགས་བཤད་ཀྱིས། །ཚུལ་དེ་ཉིད་བཞིན་སྣང་བར་བྱས། ༡༠༡ །ཆོས་ཀྱི་མ་མོའི་མཛོད་དང་ཕར་ཕྱིན་སོགས། །ལེགས་པར་གསུངས་དང་དེའི་དགོངས་འགྲེལ་ལ། །ཆོས་རབ་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས། །སྤོབས་པའི་ཆུ་གཏེར་རི་བོའི་ཁོངས་ན་འཕྱུར། ༡༠༢ །མདོར་ན་གཞུང་ལུགས་ཆེན་པོ་གང་ལ་ཡང་། །ཐོག་མར་དེ་སྟོན་བྱེད་དང་མཚུངས་པར་བསྟན། །དེ་བས་ཀུན་མཁྱེན་ཆོས་ཀྱི་ཉི་མ་ཡི། །མཁྱེན་རབ་སྣང་བར་མུ་མཐའ་ཡོད་པ་མིན། ༡༠༣ །དེ་སླད་འཕགས་བོད་ཚིན་དུ་གྲགས་པ་ཡི། །ཡི་གེ་གསལ་ལྡན་མཁས་པའི་སྐྱེ་བོ་ཡིས། །མགྲིན་ཅིག་རབ་བསྔགས་མེ་ཏོག་དོགས་པ་ནི། །རྣམ་ཐར་རྒྱ་མཚོའི་རྣ་རྒྱན་བྱས་པ་བཞིན། ༡༠༤ །སྙིགས་མའི་དུས་འདིར་འབྱོར་པ་རྒྱས་པ་དང་། །རྫུན་དང་གྲགས་པའི་ཕྱོགས་སུ་བློ་འཆེལ་ནས། །ཚད་ལྡན་དགེ་བའི་བཤེས་རྣམས་རྩྭ་བཞིན་དོར། །ཆོས་མིན་སྤྱོད་ལ་འབད་པས་སྐྱབས་སུ་བསྙེན། ༡༠༥ །ཕན་མཛད་དགེ་བའི་


LT28_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་གཉེན་ཁྱོད་འདྲ་བ། །དེང་སང་འཇིག་རྟེན་ཁམས་འདིར་མ་མཆིས་པས། །ཟོལ་ཟོག་མེད་པར་ཕན་པ་ལྷུར་མཛད་ཀྱི། །གསུང་ཟུར་ཙམ་ཡང་ཚད་མར་བཞུགས་ལགས་གྲང་། ༡༠༦ །མི་ཤེས་པས་ནི་བཏང་སྙོམས་གནས་སུ་བྱེད། །ཅུང་ཟད་ཤེས་ན་འདྲ་མིན་ཞིག་ཏུ་འཆོས། །མཁས་པར་རློམས་རྣམས་གང་ལའང་ཡིད་མི་ཆེས། །ཇི་ལྟར་བྱས་ཀྱང་དུག་གསུམ་ཁོ་ནས་བསླད། ༡༠༧ །ཀྱེ་མ་བྱིས་པས་རྒན་ཞུགས་བློ་ལྡན་ལ། །རྩེ་དང་སྡང་དང་ཡ་མཚན་བྱེད་པ་ལྟར། །རང་ཉིད་གཏོལ་མེད་ལོང་བའི་ཚུལ་བཟུང་ནས། །ལམ་སྟོན་མཁན་ལའང་ཡིད་ཆེས་མི་སྐྱེ་བར། ༡༠༨ །བཤད་ན་མཁས་པའི་ཚིག་ཅེས་སུན་འབྱིན་ལ། །སྒྲུབ་ན་མ་ནུས་པ་ཞེས་འཕྱས་འདོགས་ཤིང་། །བཟང་ལ་རོ་མྱོང་མེད་པར་གང་དགར་བོར། །ངན་ལ་ཆགས་སྡང་དྲན་པ་འབྲལ་མེད་བསྟེན། ༡༠༩ །མི་ཤེས་པ་ནི་མུན་པ་ཆེན་པོ་སྟེ། །དེ་བས་ཕུང་ཀྲོལ་ཆེ་བ་མཁས་འདོད་ལགས། །མཁས་པས་འདི་གཉིས་རྣམ་པར་སྤངས་ནས་ནི། །ཁྱོད་གསུངས་མྱོང་བས་བློ་གྲོས་ལུས་ཟུངས་རྒྱས། ༡༡༠ །གཞན་དག་ལེགས་པར་འཁྲིད་པའི་མཐུ་མེད་ཀྱང་། །དེ་ཡི་ལྷག་བསམ་བཟང་པོ་རྟག་འཆང་ཞིང་། །རང་ཉིད་ལོགས་པའི་ལམ་དུ་མི་འཕྱན་པ། །འདི་ཡང་ཁྱོད་ཀྱིས་ཆེད་དུ་བྱིན་པ་བཞིན། ༡༡༡ །རང་ཉིད་བགྱིའམ་གཞན་


LT28_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

དག་དཀྲི་ན་ཡང་། །རྒྱལ་བའི་བཀའ་དང་མཐུན་དེ་མཁས་པ་སྟེ། །གྲུབ་པའང་ཚུལ་དེ་ཉིད་ལས་ཡོད་མིན་པས། །གཞན་ནི་གཞན་དུ་ལགས་མོད་འདིར་མ་ཡིན། ༡༡༢། དེ་ཕྱིར་ཁྱོད་བསྟན་སློབ་མར་བཅས་པ་ཡང་། །དཔལ་དེས་བཟུང་བ་དེ་ཡང་ཁྱོད་ཀྱི་མཐུ། །གང་ཞིག་གསེར་གྱི་རི་ལ་གནས་བཅས་པ། །དེ་ཡི་འདབ་ཆགས་རྣམས་ཀྱང་གསེར་དུ་འགྱུར། ༡༡༣ །གྲགས་པར་རེ་བས་བཀའ་ལ་ཁྱད་བསད་དེ། །སྔོན་ཆད་མ་བྱུང་བ་ཞིག་གཙོར་བཟུང་ནས། །ཕྱིན་ཅི་ལོག་གིས་རྙེད་པ་འཚོལ་བ་ལ། །ཕྱུགས་དང་མཚུངས་པས་སངས་རྒྱས་ཙམ་དུ་བལྟ། ༡༡༤ །ཁྱོད་ཀྱིས་སངས་རྒྱས་བསྟན་དང་མི་འགལ་ཞིང་། །མཁས་པས་ཚད་མར་བྱས་པའི་ལྟ་དང་སྤྱོད། །གང་ན་མཆིས་དེར་བདག་ཉིད་བྲན་བཞིན་ཏུ། །རི་མོར་བགྱི་བའི་བརྟུལ་ཞུགས་གོ་ཆ་ལེན། ༡༡༥ །དེང་སང་འདོད་པས་མིང་ཐོས་ཙམ་ལ་བརྟེན། །མཁས་རྣམས་ཡིད་ལ་དགའ་སྐྱེད་མི་ནུས་པའི། །རྒྱུས་མེད་དཀོར་གཉེར་རྒན་པོའི་རྟེན་བཤད་བཞིན། །བསྐྱར་ཟློས་ཁོ་ནའི་མུ་ཅོར་སྤེལ་བར་སྣང་། ༡༡༦ །སྨྲ་བའི་ཁྱུ་མཆོག་འདི་ཡི་ཞལ་གྱི་གྲྭ། །གཞུང་ལུགས་གང་དང་གང་དུ་གཡོན་ཡང་། །བླུན་པོས་སྔོན་ཆད་གཞར་ཡང་མ་མྱོང་བའི། །ལེགས་བཤད་རོ་བརྒྱའི་ཐང་མ་ཁོ་ན་བརྡལ། ༡༡༧ །འཇིགས་འཇིགས་ལྟར་དུ་འདུག་ནས་སུ། །སངས་རྒྱས་བསྟན་ལ་རྨ་འབྱིན་པའི།


LT28_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་ཅན་རྣམས་ཀྱི་སྨིག་རྒྱུ་ཡིས། །བསྟན་པ་སོས་ཀའི་ཐང་བཞིན་བྱས། ༡༡༨ །གང་གི་ཐུགས་རྗེའི་དྲི་བཞོན་ལས། །གང་འདུལ་ཐབས་མཁས་སྦྲང་རྩི་ཡི། །ཆར་གྱིས་བྲན་པའི་མཐུ་ཁོ་ནས། །རེ་ཞིག་དབྱར་གྱི་དཔལ་ཡོན་འཛིན། ༡༡༩ །ཨེ་མ་སྙིང་རྗེའི་མཐུ་ཆེན་པོ། །དུས་དང་བསྟུན་པའི་སྟོན་པར་ཤར། །གསོལ་བ་བཏབ་པ་གསལ་བར་མཁྱེན། །འདུན་དང་གུས་བཅས་གདུང་བསིལ་མཛད། ༡༢༠ །ཉི་དང་ནོར་བུ་སྨན་ཆེན་བཞིན། །དམ་པ་གང་དུ་མཆིས་པ་དེར། །ཕན་བདེ་འབྱུང་བ་ཆོས་ཉིད་དེར། །དེ་ལ་རློམས་པ་ཡང་མི་མངའ། ༡༢༡ །ཉན་ཐོས་ཐེག་པས་ཞུགས་པ་ལ། །བྱང་ཆུབ་སེམས་དང་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མི་ཤེས་པས། །ཡོན་གནས་མཆོག་ཏུ་མིན་རྟོགས་ནས། ༡༢༢ །དྲིན་ཏུ་བཟོ་བའི་སྐྱེས་བུ་ཡིས། །སྡུག་གུའི་མ་ལ་ཇི་ལྟ་བར། །ཉམ་ཐག་འཁོར་བའི་འགྲོ་རྣམས་ལ། །ཕྱོགས་རིས་མེད་པར་བརྩེ་བས་བརླན། ༡༢༣ །བདག་བདེ་འདོད་ལས་སྡུག་བསྔལ་འབྱུང་། །གཞན་བདེ་འདོད་ལས་བདེ་བ་འབྱུང་། །འདིས་ནི་བསྐལ་པ་མང་གོམས་ཕྱིར། །གཞན་ཕན་ཁོ་ན་ཐོག་མར་སྒྲུབ། ༡༢༤ །བདག་གཞན་མཉམ་ཉིད་ལ་གོམས་ནས། །བྱང་ཆུབ་སེམས་ནི་རབ་བརྟན་པ། །འདི་ནི་བདེ་བར་གཤེགས་པའི་སྲས། །ཉམ་ཐག་རྣམས་ཀྱི་ཕ་མར་གྱུར། ༡༢༥ །སྐྱེ་བ་ཀུན་ཏུ་བྱང་ཆུབ་


LT28_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

སེམས། །རྨི་ལམ་ན་ཡང་དོར་མིན་ན། །མངོན་སུམ་ཉིད་དུ་གྱུར་པ་ལ། །ཕན་ལྟ་སྨོས་ཀྱང་ཅི་ཞིག་འཚལ། ༡༢༦ །རྟག་ཏུ་གཞན་ལ་རབ་དགོངས་པའི། །རྒྱལ་རྣམས་འདི་དེ་ཕན་པར་གཟིགས། །དེ་བས་འདི་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་སུའང་ཤོངས་མི་འགྱུར། ༡༢༧ །གང་ལ་བྱང་ཆུབ་སེམས་མངའ་བ། །དེ་དག་སྐྱེས་བུ་ཆེན་པོ་སྟེ། །ལྷ་དང་བཅས་པའི་སྐྱབས་ཡིན་ལ། །ཡོན་གནས་མཆོག་ཀྱང་དེ་ཡིན་ནོ། ༡༢༨ །ཆོས་ཀྱི་དེ་ཉིད་རྟོགས་གྱུར་ཅིང་། །འཁོར་བའི་གནས་ནས་རབ་སད་དེ། །དེ་ཡིས་སེམས་ཅན་སད་བྱེད་པ། །འདི་ནི་བྱང་ཆུབ་སེམས་དཔར་བརྗོད། ༡༢༩ །འདི་ལ་རང་འཁྲིས་མི་མངའ་བས། །ཅི་མཛད་རླབས་ཆེན་སྤྱོད་ཉིད་ཀྱང་། །མཉམ་གཞག་ལངས་པའི་རྣལ་འབྱོར་གྱིས། །ཚོགས་ལམ་བརྟན་པའི་ཚུལ་དུ་སྒྲུབ། ༡༣༠ །འཁོར་གསུམ་རྣམ་པར་མི་རྟོག་པས། །ཆོས་ཉིད་འདོར་བ་མི་མཛད་ལ། །ཀུན་གྱི་དོན་ཀུན་སྒྲུབ་བྱེད་ཕྱིར། །ཀུན་རྫོབ་དང་ཡང་རྗེས་སུ་མཐུན། ༡༣༡ །ཟང་ཟིང་ཆོས་དང་མི་འཇིགས་བྱམས། །སྦྱིན་པ་རྣམ་མང་ལེན་འཇུག་ཅིང་། །དེ་བཞིན་སྙན་སྨྲ་དོན་སྤྱོད་གཞན། །བདག་ཉིད་རྗེས་སུ་དོན་མཐུན་གཞུག ༡༣༢ །ས་སྟེང་ཚེར་མས་གང་བ་ལ། །དེ་ཉིད་གཡོགས་པས་ག་ལ་ལོངས། །རྐང་མཐིལ་གང་གི་ཀོ་བ་ཡིས། །ས་སྟེང་གཡོགས་དང་ཅི་མ་ཁྱད། །


LT28_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

༡༣༣ །དེ་བཞིན་ཉོན་མོངས་འདི་གཟིགས་ནས། །བཟོད་པའི་གོ་ཆ་རྟག་ཏུ་བཞེས། །ཁྲོ་ཡང་འབྱུང་པོའི་བཟུང་བ་ལ། །སྨན་པ་འཁྲུགས་པ་མིན་བཞིན་ནོ། ༡༣༤། འདིར་ནི་སེམས་ཅན་སྐྱོན་མིན་གྱི། །འདི་རུ་ཉོན་མོངས་རྣམས་སྐྱོན་ཞེས། །རྣམ་པར་དཔྱད་ནས་མཁས་པ་ཡིས། །སྡོང་དུམ་ལ་ཡང་ཁྲོ་མི་འགྱུར། ༡༣༥ །ཞེ་སྡང་ལྟ་བུའི་སྡིག་མེད་ཅིང་། །བཟོད་མཉམ་དཀའ་ཐུབ་ཡོད་མིན་ཞེས། །སྙིགས་མའི་རྣམ་འགྱུར་འདི་གཟིགས་ནས། །ཁྱོད་ཀྱིས་འབད་པས་བསྙད་པ་འདྲ། ༡༣༦ །མི་ཡི་ཆོས་ལས་འཕགས་པའི་དོན་རྣམས་ཀྱིས། །ཡོན་ཏན་ཨུཏྤ་ལ་བཞིན་རྣམ་རྒྱས་པ། །ཡོངས་སུ་སྐྱོ་མེད་བརྩོན་འགྲུས་ཆེ་ལྡན་པས། །མ་ཐོབ་རྣམ་པ་འགའ་ཡང་ཡོད་པ་མིན། ༡༣༧ །བརྩོན་འགྲུས་ཀྱིས་ནི་ཕ་རོལ་ཕྱིན་ཀུན་འགྲུབ། །བརྩོན་འགྲུས་ཀྱིས་ནི་འཇིགས་ཚོགས་འདས་ནས་གྲོལ། །བརྩོན་འགྲུས་ཀྱིས་ནི་གཞན་དོན་འབད་མེད་འབྱུང་། །བརྩོན་འགྲུས་ཀྱིས་ནི་བྱང་ཆུབ་མྱུར་འཚང་རྒྱ། ༡༣༨ །འདི་ཡིས་ཁྱོད་ཀྱིས་ཏིང་འཛིན་མཆོག་ཀུན་བརྙེས། །ཉིན་མཚན་དུས་རྣམས་འབྲས་བུ་ཡོད་པས་འདའ། །མི་མ་ལགས་པ་རྣམས་ཀྱང་ཕན་པར་དགའ། །ཡོན་ཏན་ཚོགས་ཀྱིས་དམའ་བ་འགྱུར་བ་མེད། ༡༣༩ །ལྷ་དབང་ཕྱིར་ཡང་ངོ་ཚ་བོར་ནས་ནི། །ཡིད་ལ་ཆོས་དང་འགལ་བར་བྱེད་པ་ལས། །གྱོ་མོའི་སྣོད་ཐོགས་


LT28_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

གོས་ངན་གྱོན་ནས་ནི། །དགྲ་བོའི་ཁྱིམ་དུ་འབྱོར་པར་མཐོང་ཡང་བླ། ༡༤༠ །ཐོས་བརྩོན་དད་ལྡན་བགྲོད་ཅིག་ལམ་གནས་ཀྱང་། །ཤེས་བཞིན་བསྒྲིམས་ནས་མངོན་པར་མི་སྲུང་ན། །དྲན་པ་ཉམས་པས་ཆོས་ཀུན་འཇིག་འགྱུར་ཞེས། །མཉམ་པར་མ་བཞག་མེད་པས་དེ་སྐད་འདོམས། ༡༤༡ །ཤེས་བཞིན་མེད་པའི་ཆོམ་རྐུན་དག །དྲན་པ་ཉམས་པའི་རྗེས་འབྲངས་ནས། །རྟག་ཏུ་ཚུལ་མིན་ལ་སྦྱོར་བ། །འདི་ནི་ཁྱོད་ལ་སྲིད་མ་ཡིན། ༡༤༢ །སྣང་བས་ལས་ལམ་མི་འདོར་ཞིང་། །སྟོང་པས་དངོས་ཞེན་མི་སྐྱེ་བར། །མ་ནོར་ཟུང་འཇུག་དབུ་མའི་ལམ། །ཟབ་མོའི་སྤྱོད་ཡུལ་འདི་འདྲ་མཁྱེན། ༡༤༣ །བདེན་པ་གཉིས་ཀྱི་ཚུལ་ཤེས་པ། །དེ་ཡིས་བསྟན་པའི་དེ་ཉིད་ཤེས། །སྡུག་བསྔལ་རྩ་བ་ཐེར་ཟུག་ཏུ། །བདེན་པར་རྟོགས་པའང་འགག་པར་འགྱུར། ༡༤༤ །ཁམས་གསུམ་སེམས་ཙམ་ཞེས་བསྟན་པ། །འཇིགས་སྤངས་ཕྱིར་ཡིན་དེ་ཡོད་མིན། །ཐམས་ཅད་སྟོང་པར་གང་གསུངས་པ། །བདག་བཟློག་ཕྱིར་ཡིན་ཅང་མེད་མིན། ༡༤༥ །དེ་ཕྱིར་སེམས་ལས་གཞན་མེད་ཅིང་། །དེ་ནས་དེ་ཡང་མེད་རྟོགས་ཏེ། །གཉིས་ཀ་ལ་ཡང་མི་གནས་པས། །ཆོས་ཀྱི་དབྱིངས་སུ་གནས་པར་གསུངས། ༡༤༦ །ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་ཅིག་ཤོས་ཏེ། །མེད་བཞིན་སྣང་དང་གཉིས་མེད་ཀྱི། །ཡེ་ཤེས་བདེན་པ་ཉིད་དུ་བཞེད། །


LT28_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

༡༤༧ །སྣོད་ཀྱིས་མཁའ་ལ་དབྱེར་མེད་བཞིན། །ཅི་ཡང་མིན་པའི་གནས་ལུགས་ལ། །འདི་བདེན་གཞན་ནི་ཅིག་ཤོས་ཞེས། །དངོས་ཀྱིས་བྱེ་བ་བྱར་མེད་པས། ༡༤༨ །འདུ་བྱེད་དོན་དམ་མཚན་ཉིད་ལ། །གཅིག་དང་དུ་མར་བྲལ་དེའི་ཕྱིར། །དེ་དག་ཉིད་དུ་གང་སེམས་པ། །ཚུལ་མིན་སེམས་ལ་ཞུགས་པར་ཤེས། ༡༤༩ །ཕན་ན་ཇི་ལྟར་སྨྲས་ཀྱང་བདེན། །སླུ་དང་ལྡན་ན་དེ་མིན་ཕྱིར། །གང་ལ་གང་གིས་གྲོལ་འགྱུར་པ། །དེ་ཡི་འདོད་པ་སྔར་བཤད་མཛད། ༡༥༠ །མཁས་པས་བདག་ཉིད་ཤིན་ཏུ་ནི། །དུལ་བས་ཐར་པ་ཐོབ་དེའི་ཕྱིར། །ང་དང་ང་ཡིར་འཛིན་བྲལ་བ། །ཁྱོད་མཐོང་བ་ཡང་དུལ་བར་འགྱུར། ༡༥༡ །གང་ལ་རྣམ་པར་འགྱུར་ཡོད་པ། །རྟག་རུང་མིན་ཀྱང་ཚུལ་དེར་ཞེན། །དེ་བཞིན་ལོག་པའི་འཛིན་སྟང་གིས། །ཆུ་བཞིས་འཁོར་བའི་འཁྲི་ཤིང་དག ༡༥༢ །བདག་དང་སེམས་ཅན་གང་ཟག་དང་། །ཟ་དང་བྱེད་པོ་ཤེད་ཤེད་བདག །ཕྱི་ནང་གཉིས་ཀར་མི་དམིགས་པའི། །ཤེས་རབ་རལ་གྲིས་འདིར་བཅད་དོ། ༡༥༣ །ཇི་ལྟར་ཡན་ལག་ཚོགས་པ་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བསྟེན་ནས། །བདག་དང་སེམས་ཅན་འཛིན་པ་གང་། ༡༥༤ །རབ་རིབ་མཐུ་ཡིས་སྐྲ་ཤད་སོགས། །ངོ་བོ་ལོག་པར་བརྟགས་ན་ཡང་། །གཞན་ཏུ་བདག་ཉིད་མིག་དག་པས། །ཚོགས་པའི་རང་བཞིན་མཐོང་བ་ལྟར། །


LT28_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

༡༥༥ །ནང་ལྟར་སྣང་བ་གཞན་མིན་ལ། །ཕྱི་རོལ་ཆ་ཡང་གཞན་མིན་ཏེ། །ཇི་ལྟར་མར་མེའི་སྙིང་པོ་བཞིན། །བདེན་དང་རྫུན་པ་མེད་ཅེས་བསྟན། ༡༥༦ །རང་ཉིད་ངེས་པས་གཞན་དག་གི། །ངེས་པ་བསྐྱེད་པར་བྱ་དགོས་ཕྱིར། །ཁྱོད་ལ་མ་ངེས་འགའ་མེད་པས། །གསུང་ཟེར་གྱིས་ཀྱང་ངེས་པ་སྐྱེད། ༡༥༧ །རྟོག་པའི་ཚུལ་གྱིས་དེ་མེད་ཀྱང་། །ཕྱི་དང་ནང་གི་བདག་ཉིད་ཅན། །ས་བོན་ཀུན་ལྡང་ཀུན་གྱི་གཞི། །བཏགས་པའི་གནས་སྐབས་གསུམ་པ་ཅན། ༡༥༨ །ཐམས་ཅད་བདག་ཉིད་རྒྱུའི་རྒྱུ་ལ། །བྲལ་བྱའི་ཚུལ་དུ་ནོག་པ་གང་། །མྱུར་དུ་ཐབས་ཀྱིས་མངོན་བྱེད་ཕྱིར། །ཟབ་གསང་སྔགས་ཀྱི་རྣལ་འབྱོར་ལྡན། ༡༥༩ །གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་གཉིས་ཐམས་ཅད་ལ་ཡོད་པས། །མ་བཅོས་ལྷུན་གྱིས་གྲུབ་པ་ཡི། །སངས་རྒྱས་འདིར་ནི་ལམ་བྱེད་ཕྱིར། ༡༦༠ །རྟེན་འབྲེལ་ལུས་ལ་བསྒྲིགས་པ་ཡིས། །རྟོགས་པ་སེམས་ལ་འཆར་བྱེད་པ། །བརྡ་དང་ཐབས་ཀྱི་ཚུལ་དག་གིས། །དབང་རྣོན་སྨིན་ཅིང་གྲོལ་བར་བྱས། ༡༦༡ །གང་དུ་དེ་ཡི་བརྡ་བསྟན་པས། །དེ་རུ་ཡེ་ཤེས་འཆར་ནས་ཀྱང་། །རང་དང་གཞན་དོན་ནུས་གྱུར་པ། །དབང་གི་ཆུ་བོ་ཆེན་པོ་ཕབ། ༡༦༢ །དད་མེད་སྡོམ་ལ་མི་གནས་པའང་། །འཇུག་པ་འདི་ལ་དགག་མི་མཛད། །ཅི་ཕྱིར་སངས་རྒྱས་ཐབས་མཁས་ཕྱིར། །མཐོང་


LT28_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བས་དག་པ་འགྲུབ་པར་གསུངས། ༡༦༣ །མི་སྲུན་བདག་ཉིད་ངན་པ་དང་། །ཁྲོ་ཞིང་ཤིན་ཏུ་གཤེ་བ་དང་། །བཞད་གད་འཕྱར་ཀ་བཏང་ཡང་རུང་། །དེ་ཉིད་འདི་ཡི་རྒྱུ་རུ་མཛད། ༡༦༤ །ཉི་མ་དམུས་ལོང་ཡུལ་མིན་ལྟར། །དོན་དམ་རྟོག་གེའི་ཡུལ་མིན་པས། །གལ་ཏེ་བློ་ཡིས་ལེགས་རྙེད་ཀྱང་། །གསོར་མི་རུང་བའི་ལྟ་ཅན་འགྱུར། ༡༦༥ །གཅིག་དང་དུ་མར་བྲལ་བ་ཡི། །སྐད་ཅིག་གཅིག་ལ་མཆོག་དགའ་བ། །ངག་གི་ལམ་འདས་སྤྱོད་ཡུལ་ཏེ། །འདི་ནི་བྱིན་རླབས་རིམ་པའི་ཕྱིར། ༡༦༦ །བླ་མའི་དུས་ཐབས་བསྟན་པ་དང་། །བདག་གི་རིགས་ཀྱི་བསོད་ནམས་ཀྱིས། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །སྐད་ཅིག་གཅིག་གིས་ཁོང་དུ་ཆུབ། ༡༦༧ །སྤྲོས་པ་ཀུན་ལ་དམིགས་ནས་ནི། །སྤྲོས་པ་སྤྲོས་པ་མེད་པར་སྤྱོད། །གཞན་ནི་དེ་དག་མི་ཤེས་པས། །སྤྲོས་པ་མེད་ལ་སྤྲོས་པས་འཁོར། ༡༦༨ །འདིར་ནི་དུ་མས་ཉོན་མོངས་ཤིང་། །ཤིན་ཏུ་གདུལ་དཀར་གྱུར་པ་ལ། །ལྷག་པར་བརྩེ་བའི་གཞན་དབང་གིས། །ཀུན་ཏུ་བཟང་པོའི་སྤྱོད་པ་བླངས། ༡༦༩ །རྣལ་འབྱོར་ཐབས་ཀྱི་ཚུལ་མིན་ཞིང་། །ཤེས་རབ་གཅིག་པུ་ཉིད་ཀྱང་མིན། །སྙོམས་འཇུག་དེ་དེ་གང་གསུངས་པ། །ཁྱོད་སྐྱེས་སློབ་མར་བཅས་པས་རྟོགས། ༡༧༠ །ཐབས་ཀྱིས་འཁོར་བར་འཁོར་འགྱུར་ལ། །ཤེས་


LT28_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཁོ་ནས་གཞན་དུ་གོལ། །འདབ་མ་གཉིས་ཀྱིས་བྱ་འཕུར་བཞིན། །ཟུང་དུ་འཇུག་པས་བདེ་བར་སྦྱོར། ༡༧༡ །བདག་ལ་ལྟོས་ནས་གཞན་བཞག་པས། །ཕན་ཚུན་ལྟོས་འཇོག་རྟེན་འབྲེལ་གྱིས། །གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད། །འདི་ཤེས་འབད་པ་མེད་པར་གྲོལ། ༡༧༢ །དེ་ཕྱིར་ཐབས་གཙོ་ཕ་རྒྱུད་དང་། །ཤེས་རབ་གཙོར་བསྟན་མ་རྒྱུད་སོགས། །གཉིས་མེད་ཨ་ཝཾ་སྡོམ་པ་ཡིས། །འདྲིལ་ནས་ཁམས་དང་བསྟུན་པར་འཆད། ༡༧༣ །གཞི་ལམ་འབྲས་བུར་རྒྱུན་ཆགས་པ། །འདྲ་བ་ལམ་དུ་བྱེད་པ་ཡི། །ལྷ་སྐུ་ཞུ་བདེའི་ཁྱད་པར་ཅན། །དབྱིབས་ཀྱི་རྣལ་འབྱོར་འདི་གོམས་པས། ༡༧༤ །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཕྱི་ནང་གཞན་གསུམ་དཀྱིལ་འཁོར་ཡང་། །གདོད་ནས་གྲུབ་པ་ལྷའི་འཁོར་ལོར། །མ་བྱས་རང་བཞིན་གསལ་བར་དག ༡༧༥ །སྣང་བ་འདི་ཀ་ལྷ་ཡིན་ལ། །དེ་བཞིན་བརྗོད་པ་ནཱ་དའི་སྔགས། །རྣམ་རྟོག་ཆོས་སྐུའི་རང་བཞིན་ཕྱིར། །རྒྱས་གདབ་ང་རྒྱལ་ཁྱོད་ལ་མེད། ༡༧༦ །འོན་ཀྱང་སེམས་ཉིད་ལྷར་ཤར་ཕྱིར། །དེ་ཡི་སྣང་ཆར་མ་དག་པས། །བསླང་མིན་གསལ་སྣང་ཆེན་པོ་ཡིས། །སྐུ་དང་ཞིང་ཁམས་ཁོ་ནར་འཆར། ༡༧༧ །གཟུང་དང་འཛིན་པ་དོན་ཡོད་མིན། །ལྟར་སྣང་ཙམ་ཡང་རིགས་འདུས་ཀྱི། །དཀྱིལ་འཁོར་ཐིག་ལེ་གཅིག་ཉིད་དུ། །


LT28_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་ཚུལ་འདི་མ་མཐོང་ནས། ༡༧༨ །རང་གི་གྲིབ་མ་ཕྱི་རོལ་དུ། །སྣང་བར་དགྲ་རུ་མངོན་ཞེན་ནས། །རིངས་པར་བྲོས་ཀྱང་ཕྱི་ཕྱིར་ཞིང་། །མི་འདོར་རྟག་ཏུ་འདོད་པ་ལྟར། ༡༧༩ །ཤིན་ཏུ་མ་རུངས་སྡང་སེམས་ཅན། །སེམས་དམྱལ་མཐའ་མེད་མྱོང་ཤེས་ནས། །བྱང་ཆུབ་སེམས་ནི་བརྟན་པ་ཡིས། །རིག་སྔགས་ཆད་པ་ཅུང་ཟད་འབེབས། ༡༨༠ །ཇི་ལྟར་སྨན་པས་སེམས་ཅན་གྱི། །ནད་ལ་དཔྱད་ཀྱིས་བཅོས་པ་བཞིན། །གཟིར་བ་ཉེས་པ་མ་མཆིས་ཤིང་། །འདི་ནི་རྒྱལ་བས་རབ་ཏུ་བསྔགས། ༡༨༡ །དེ་བཞིན་རབ་འབྱམས་ལས་བཞི་ཡི། །འཁོར་ལོས་སྲིད་འདིར་དབང་བསྒྱུར་བས། །དམན་རྣམ་དབུལ་འཕོང་རབ་བསླངས་ཤིང་། །ཁེངས་རྣམས་དྲེགས་པ་གཅིག་ཆར་བསྙིལ། ༡༨༢ །སངས་རྒྱས་རྟོག་པས་རྒྱ་མི་འགྱུར། །རང་སེམས་རྟོགས་ན་འཚང་རྒྱ་ཕྱིར། །བློ་ལྡན་ཉོན་མོངས་བཅས་གྱུར་ཀྱང་། །དེས་ནི་དེ་ཉོན་མོངས་མི་འགྱུར། ༡༨༣ །ཇི་ལྟར་པདྨ་མདངས་མཛེས་པ། །འདམ་གྱི་ནང་དུ་དག་པ་ལྟར། །འདོད་ཁྲོ་རྨོངས་པ་སོགས་དེ་བཞིན། །དེ་ལྡན་ཡེ་ཤེས་དག་པར་འགྱུར། ༡༨༤ །གང་དང་གང་གིས་འཆིང་འབྱུང་བ། །དེ་ཉིད་ཐབས་དང་བཅས་ལྡན་པས། །སྲིད་པའི་འཆིང་ལས་རྣམ་གྲོལ་ཞེས། །ལམ་འདི་རྩལ་དུ་བཏོན་པར་མཛད། ༡༨༥ །ཆགས་


LT28_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

པས་འཇིག་རྟེན་འཆིང་འགྱུར་ལ། །འདོད་ཆགས་ཉིད་ཀྱིས་དེ་གྲོལ་འགྱུར། །དེ་བཞིན་བཟློག་པའི་སྒོམ་པ་ཡིས། །རིམ་པ་མང་པོའི་རྣལ་འབྱོར་གསུངས། ༡༨༦ །འདོད་ཆགས་ཀྱིས་ནི་འཁོར་བ་ན། །དཀར་དམར་རྫས་ཀྱི་ཐིག་ལེ་སྟེ། །ཞེ་སྡང་ཆེ་ལ་ཀུན་བརྟགས་པའི། །སྔགས་ཀྱི་ཐིག་ལེའི་རིམ་པ་དང་། ༡༨༧ །མུན་པས་དུད་པ་ལས་སྐྱོབ་ཕྱིར། །གྲུབ་ཆེན་བརྒྱད་ཕྱིར་ཡེ་ཤེས་ཕྱིར། །རླུང་གི་ཐིག་ལེའི་ཐབས་མཁས་ནི། །བསམ་མི་ཁྱབ་པ་ཆུབ་ཅིང་བསྟན། ༡༨༨ །ཕྱག་རྒྱ་བཞི་ཡི་ཐབས་ལྡན་པས། །འཁོར་ལོ་བཞི་རུ་ཐིག་རླུང་སེམས། །གནས་སྐབས་བཞི་པོར་མ་འཁྲུལ་བར། །སྐུ་དང་ཡེ་ཤེས་རྣམ་བཞིར་བཅིངས། ༡༨༩ །ཕྲ་བའི་ཡེ་ཤེས་ཞིང་ཀུན་དུ། །སྒྱུ་མ་ལྟ་བུར་སྦྱོང་ཞིང་འཇུག །རྒྱལ་དང་གྲུབ་པའི་སྐྱེ་བོ་ལ། །རྟག་ཏུ་ཆོས་ཀྱི་འགྲོ་བ་གླེང་། ༡༩༠ །གཞོམ་མེད་ཧཾ་གི་རྣམ་པ་ཅན། །བཅོམ་ལྡན་ཐོད་པའི་དུམ་བུ་དཔྱིད། །དེ་ཡི་བདེ་བ་འདོད་པ་མོ། །རབ་གཏུམ་འབར་ཞུའི་མཐར་ཐུག་པ། ༡༩༡ །ཕྲ་བ་བྱང་ཆུབ་སེམས་ཀྱི་གནས། །སྣང་མཆེད་ཐོབ་གསུམ་ཉེར་དག་པ། །བྱང་ཆུབ་སྙིང་པོ་རྡོ་རྗེའི་གདན། །གནས་པ་མེད་པར་བརྟེན་པ་ན། ༡༩༢ །དཀར་དམར་ཡུལ་དང་ཡུལ་ཅན་ཆ། །མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །བདེ་བ་ཆེན་པོར་རྣམ་པར་དག ༡༩༣ །ཕྲ་མོའི་གཟུགས་


LT28_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རྩ་རྣམས་ཟོས། །ཇོ་ཊ་ཁྱ་སོགས་འགྲོ་ལྡོག་བྲལ། །ཆར་ཡང་འཕོ་འཛག་ཀུན་བྲལ་བ། །རྡོ་རྗེ་བཙུན་མོའི་བདག་པོ་མཆོག ༡༩༤ །མཆོག་ཏུ་མི་འགྱུར་བདེ་བ་ཆེ། །བྲལ་དང་ཟད་པ་ཞེ་སྡང་ཆེ། །མ་རིག་ཟད་པ་གཏི་མུག་ཆེའི། །ཉེ་བར་ཐོབ་པས་དངོས་ཀུན་སྡུད། ༡༩༥ །གདོད་ནས་དག་པའི་རིགས་དང་ནི། །ཡུམ་ལྔ་ནང་གི་སྐྱེ་བདུན་གྱི། །སྨན་ཆེན་པོ་ཡི་སྦྱོར་བ་ཡིས། །རྟོག་པའི་ཟུག་རྔུ་རྣམ་ཀུན་བཅིལ། ༡༩༦། སངས་རྒྱས་རྣམས་ཀྱི་ཡེ་ཤེས་དང་། །བྱང་སེམས་བརྟན་པ་གང་ཡིན་པ། །དེ་ནི་གཙོ་བོ་རྡོ་རྗེ་འཛིན། །དེ་བཞིན་གཤེགས་པ་ཀུན་གྱི་བདག ༡༩༧ །རྟོག་པ་ཐམས་ཅད་དང་བྲལ་ཞིང་། །ཆོས་སུ་འཛིན་པ་རྣམ་སྤངས་པ། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །རྡོ་རྗེ་སེམས་དཔའ་དེ་མངོན་མཛད། ༡༩༨ །མ་བཅིངས་ཞེས་བཟུང་དེ་འཆིང་འགྱུར། །གྲོལ་ན་གྲོལ་བ་མིན་པར་འགྱུར། །གང་དེ་ཁྱོད་ལ་མ་མཆིས་པས། །འདུ་ཤེས་འཁོར་ལོ་ཟད་མོད་ཀྱང་། ༡༩༩ །དེ་ལྡན་ཉིད་ལ་དེ་སྟོན་ཕྱིར། །ཕྲ་རྒྱས་སྒོམ་པས་སྤང་བ་དང་། །ཡིད་ཀྱིས་པ་མཐོང་སྤངས་སོགས། །སྒྲིབ་པ་གསུམ་པོ་དྲུང་ནས་འབྱིན། ༢༠༠ །དངོས་ཀུན་གྱི་ནི་དེ་བཞིན་ཉིད། །མཐོང་དང་སེམས་པའི་སྤྱོད་ཡུལ་མིན། །སྤྱོད་ཡུལ་གྱི་ནི་དོན་དམ་དེ། །སྒྱུ་བཞིན་ཤིན་ཏུ་གསོག་གསོབ་གྲང་། ༢༠༡ །མིན་པ་ཉིད་ཀྱང་དེར་བཟློག་ནས། །འདི་ལྟར་རྟོག་


LT28_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཏགས་པའི་ཆོས། །ཐམས་ཅད་བཏང་བས་མྱ་ངན་ལས། །འདས་ཤེས་རྡོ་རྗེ་ཅན་ཁྱོད་གསུངས། ༢༠༢། འབད་པས་འདི་དག་འཁོར་གྱུར་ལ། །མ་འབད་པས་ཀྱང་འཁོར་བར་འགྱུར། །དེ་ཕྱིར་ཆོས་ལ་མི་འབད་ཅིང་། །ཆོས་མ་ཡིན་པའང་མི་འབད་ངོ་། ༢༠༣ །ཇི་ལྟར་སྦུར་འགྲོ་འདོད་པ་ལ། །བལ་ལ་འཐུམ་ནས་དེ་གཡེངས་ལྟར། །གྲོལ་བའི་ཕྱིར་དུ་མཚན་མར་སྤྱོད། །མཚན་མས་གྲོལ་བ་ག་ལ་འགྱུར། ༢༠༤ །མཚན་བཅས་མཚན་མ་འགྲུབ་འགྱུར་ལ། །མཚན་མེད་ཀྱིས་ནི་གཉིས་ཀ་འགྲུབ། །དེ་བས་རྣམ་ཀུན་མཚན་མ་མེད། །སྤྱོད་དུ་མེད་པས་སྤྱད་པར་མཛད། ༢༠༥ །འཁོར་བ་ཐོག་མ་མེད་ཡིན་ཐ་མ་མིན། །འདི་ཤེས་དེ་ལ་དེ་ཉིད་ཐ་མར་འགྱུར། །མྱ་ངན་འདས་ལ་ཐོག་མཐའ་གཉིས་མེད་པའི། །སྐད་ཅིག་འདི་ཤེས་དེ་ཡིས་དེ་ཐོབ་གསུངས། ༢༠༦ །མཁའ་ལྟར་དྲི་མེད་ངོ་བོ་ཉིད་མེད་པ། །རྐྱེན་ལ་རག་ལས་ཟབ་ཅིང་བལྟ་བར་དཀའ། །འགྲོ་བ་རྣམས་ལ་རྟག་ཅིང་ཁྱབ་པ་རུ། །རྣམ་མང་ཡེ་ཤེས་དག་ནི་སྦྱིན་བྱེད་པ། ༢༠༧ །ཇི་ལྟར་ནམ་མཁའ་ཆགས་མེད་སྤྱོད་ཡུལ་ཅན། །འགྲོ་བ་ཀུན་གྱི་གནས་སུ་གྱུར་པ་ལྟར། །སྲིད་གསུམ་མ་ལུས་འབྱོར་པའི་དཔལ་མངའ་བ། །རྣམ་པར་དག་པའི་ཆོས་ཉིད་འདི་གཟིགས་ནས། ༢༠༨ དབུལ་པོའི་ཁྱིམ་གྱི་གཏེར་དང་གྱད་ཀྱི་མགོར། །ནོར་སོགས་དཔེ་ཚུལ་དགུ་ཡིས་བདེ་གཤེགས་སྙིང་། །སེང་གེའི་སྒྲ་ཡིས་


LT28_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་དབུས་དག་ཏུ། །བྲལ་དང་སྨིན་པའི་རང་བཞིན་རྒྱས་པར་བསྒྲགས། ༢༠༩ །རྩ་བར་གྱུར་པ་སེམས་ཀྱི་མཚན་ཉིད་འདི། །བརྟགས་ནས་སྒོམ་དུ་མེད་པར་ལྷུག་བའི་ངང་། །ཡིད་ལ་མི་བྱེད་ནམ་མཁའི་དཀྱིལ་ལྟ་བུ། །བློ་འདས་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་པ། ༢༡༠ །ལྟ་བས་བལྟར་མེད་སྣང་བ་སེམས་སུ་འདུས། །སྒོམ་མེད་དྲན་རིག་རྒྱུན་ཆད་མེད་པར་གསལ། །མི་སྤྱོད་ཤུགས་འབྱུང་སྙིང་གི་དཀྱིལ་ནས་བརྡོལ། །རེ་དོགས་ཟད་པ་འབྲས་བུའི་མཆོག་བརྙེས་གྱུར། ༢༡༡ །གཉུག་མའི་དོན་ལ་རྩལ་རྒྱས་ནས། །གཉིས་སུ་འཛིན་པ་ཟད་སར་བསྐྱལ། །སྣང་སྲིད་ཆོས་སྐུའི་རོལ་པར་ཤར། །འཁོར་འདས་མཉམ་པ་ཉིད་དུ་ཐིམ། ༢༡༢ །མཐའ་བྲལ་ལྟ་བ་བློས་བྱས་དང་། །སྒོམ་པ་གཉིས་འཛིན་མ་བྲལ་དང་། །སྤྱོད་པ་ཞེན་ཆགས་ཡིད་བྱེད་དང་། །འབྲས་བུ་ཕྱིས་སུ་རེ་བ་སོགས། ༢༡༣ །ཉེས་པ་མང་པོ་རབ་བཀག་ནས། །གང་སྐྱེས་གཉུག་མ་ཉིད་ཀྱི་ཕྱིར། །གང་ཤར་དྲན་པས་སོར་བཞག་ནས། །གཏད་མེད་ཉིད་ལ་གོམས་པ་སློབ། ༢༡༤ །གཉེན་པོའི་ལྷན་པས་གདབ་པ་དང་། །དྲན་འཛིན་རྟོད་ལ་མནན་པ་དང་། །ཤར་གྲོལ་རྩིས་ལ་གཞལ་བ་སོགས། །བློ་ཡི་ཡུལ་དུ་མི་གནས་པ། ༢༡༥། བསྟན་དུ་མེད་ཅིང་གོ་རུ་མེད། །བདེ་གསལ་མི་རྟོག་རྐྱེན་གྱིས་མིན། །ངེས་ཤེས་ཉམས་མྱོང་གིས་མ་སྦགས། །སུས་


LT28_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མ་བཅིངས་མ་གྲོལ་བ། ༢༡༦ །ལྐུགས་པས་བུ་རམ་རོ་མྱོང་བཞིན། །ཚིག་ཏུ་འདས་ཀྱང་མྱོང་བྱ་བ། །བློ་ལས་འདས་ཀྱང་བསྟན་བྱའི་དོན། །ཟབ་མོའི་ཚུལ་འདི་མངོན་དུ་མཛད། ༢༡༧ །དེ་ཡི་སྐད་ཅིག་རེ་རེར་ཡང་། །ཏིང་འཛིན་དུ་མར་འཇུག་ལྡང་དང་། །དབང་སྟོབས་མངོན་པར་ཤེས་པ་སོགས། །ཡོན་ཏན་ཕ་མཐའ་མཁའ་དང་མཚུངས། ༢༡༨ །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །བསམ་གྱིས་མི་ཁྱབ་ཐམས་ཅད་པ། །འདི་འདྲ་ཁྱོད་ཀྱི་གཤེགས་ཤུལ་ལགས། ༢༡༩ །མདོར་ན་ཀུན་མཁྱེན་བླ་མ་ནི། །ཇི་ལྟ་ཇི་སྙེད་མཁྱེན་པ་རྒྱས། །སྙིང་རྗེའི་ཆུ་གཏེར་རབ་ཏུ་འཕྱུར། །རྣམ་ཐར་གསུམ་གྱི་ཕྱག་རྒྱ་འཛིན། ༢༢༠ །ཡོངས་རྫོགས་བསྟན་པའི་མངའ་བདག་མཆོག །ས་ལ་སངས་རྒྱས་གཉིས་པ་སྟེ། །སྤྲུལ་པས་སྤྲུལ་པའི་བརྒྱུད་འཛིན་ཕྱིར། །མཐུན་སྣང་འདི་ཙམ་བསྟན་པར་ཟད། ༢༢༡ །བསྟན་པའི་པད་ཚལ་རྒྱས་བྱེད་ཉི་མ་སྟེ། །ནང་གི་མུན་པ་སེལ་བྱེད་མཚན་མོའི་མགོན། །དགོས་འདོད་མ་ལུས་སྟེར་བའི་ནོར་བུ་དང་། །ཐར་བདེའི་སྲོག་སྦྱིན་བདུད་རྩིའི་བུམ་བཟང་ཡིན། ༢༢༢ །འཁོར་བའི་ཆུ་བོ་སྒྲོལ་བའི་གྲུ་ཆེན་སྟེ། །བདག་ལྟའི་གླང་པོ་འཇོམས་བྱེད་ཤ་ར་བྷ། །སྣ་ཚོགས་རིག་པའི་ནོར་སྟེར་རྒྱ་མཚོ་དང་། །བསམ་གྱིས་མི་ཁྱབ་ནམ་མཁའ་ཉིད་དུ་འཁུམ། ༢༢༣ །དུས་ཀྱི་མུན་


LT28_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རུམ་ན་རྟགས་ཙམ་ཡང་། །ཤིན་ཏུ་འཆོལ་བ་གནས་སྐབས་འདི་ལྟ་བུར། །བསྟན་པའི་ཉིན་བྱེད་ཁྱོད་འདྲ་སྔོན་ཆད་དུ། །མ་བྱུང་སླད་ནས་འབྱུང་བར་མི་འགྱུར་རོ། ༢༢༤ །རྒྱལ་བ་རྣམས་ཀྱི་ཟབ་གསང་ངོ་མཚར་བ། །དེ་འདྲ་བདག་གི་སྤྱོད་ཡུལ་མ་ཡིན་པས། །དེང་སང་རི་བོའི་ཁོངས་འདིར་རླུང་ལྟར་དུ། །ཡོངས་གྲགས་ཆེ་ལོངས་ཙམ་ཞིག་བསྡུས་ནས་འཆད། ༢༢༥ །དམ་པས་རང་ཚུལ་རང་གིས་བསྡགས་མིན་ཞིང་། །སློབ་མས་སྦྱར་བའང་དམན་དང་ལྷག་པ་ཡིས། །འཇིག་རྟེན་མཚམས་ལས་བརྒལ་མཐོང་ཚིག་རྒྱན་གྱིས། །མ་བཀླུབས་དོན་གྱི་བཞིན་རས་རྗེན་པར་ངོམས། ༢༢༦ །མཐོང་སྐར་ཉི་ཞུང་ཙམ་ལ་རྣམ་བརྟགས་ནས། །བུ་ཆུང་གིས་ནི་ཉི་མ་དེར་སྨྲ་བཞིན། །ཕྱོགས་ཙམ་དད་པས་འབད་ནས་བསྒྲགས་འདི་ཡང་། །དབང་རྣོན་ཆོས་རྗེས་འབྲངས་ལ་དོན་ལྡན་ཡིན། ༢༢༧ །ཇི་ལྟར་དྲི་ཚོར་ཙམ་གྱིས་ས་མཆོག་དང་། །དུམ་བུས་གསེར་གྱི་རང་བཞིན་ཤེས་པ་ལྟར། །ཆུ་ཐིགས་ཙམ་གྱི་བརྗོད་པ་འདི་མྱོང་བས། །མཁས་པས་རྣམ་ཐར་རྒྱ་མཚོའི་རོ་མྱོང་འགྱུར། ༢༢༨ །འདི་ཐོས་ནས་ནི་དགའ་བ་རྒྱས་འགྱུར་ཏེ། །རང་གི་ཁེངས་པ་རྣམ་པར་བསྙིལ་བ་དང་། །དད་པའི་མདོངས་ཐ་ལྷན་ཅིག་བཀྲམ་འགྱུར་བ། །རྨ་བྱ་དགའ་བའི་འབྲུག་སྒྲ་འདི་ལགས་སོ། ༢༢༩ །དུས་གསུམ་སངས་རྒྱས་རྒྱས་འདུས་པའི་སྐུ། །རྗེ་བཙུན་བླ་མ་འཇམ་པའི་


LT28_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས། །དཀྱིལ་འཁོར་བདག་པོ་རྡོ་རྗེ་འཆང་། །ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཞབས། ༢༣༠ །གདོང་ནས་རང་སེམས་ལྷན་ཅིག་སྐྱེས། །གཤེགས་བཞུད་མཚན་མ་མ་མཆིས་པར། །བཟུང་འཛིན་སྤང་བླང་རང་སར་དག །འཁོར་འདས་མཉམ་པ་ཉིད་དུ་འདུད། ༢༣༡ །བདག་དང་བདག་གིར་འཛིན་པ་ཟད། །ཐམས་ཅད་གཉུག་མ་ཁྱབ་བརྡལ་ཆེ། །མ་སྐྱེས་འགག་པར་མི་འགྱུར་བར། །གཉིས་མེད་ཤར་གྲོལ་ངང་དུ་མཆོད། ༢༣༢ །སྐད་ཅིག་འདུ་འབྲལ་མ་མཆིས་ཤིང་། །སྒྲིབ་པས་བསྒྲིབས་པར་མ་ནུས་ཀྱང་། །རང་གིས་གཞན་དུ་རྟོག་པས་ནོངས། །ཡིད་ལ་མི་བྱེད་པ་རུ་བཤགས། ༢༣༣ །དགེ་སྡིག་སུས་ཀྱང་མ་གོས་ཤིང་། །ཕན་གནོད་གང་ཡང་མ་ཡིན་པ། །རྒྱུ་རྐྱེན་ལས་འདས་ནམ་མཁའི་ངང་། །ངེས་ཤེས་བྲལ་བས་ཡི་རང་ངོ་། ༢༣༤ །ཐམས་ཅད་ལྷན་ཅིག་ཟུང་འཇུག་ཅིང་། །སོ་སོ་རང་གིས་མྱང་བྱ་ཡང་། །སྨྲ་བསམ་བརྗོད་མེད་ཆོས་འཁོར་ལོ། །རྒྱུན་ཆད་མེད་པར་བསྐོར་བར་བསྐུལ། ༢༣༥ །སྐྱེ་དང་འཆི་བ་རྣམ་སྤངས་ཤིང་། །ཟབ་ཅིང་གསལ་བ་དེ་བཞིན་ཉིད། །བརྟན་གཡོ་ཀུན་ཁྱབ་ཀུན་འགྲོ་བར། །རང་གསལ་ཆེན་པོར་བཞུགས་སུ་གསོལ། ༢༣༦ །སངས་རྒྱས་སེམས་ཅན་མ་དམིགས་ཤིང་། །འཁྲུལ་སྣང་ཙམ་དུའང་ཕྱག་རྒྱ་ཆེ། །ཐམས་ཅད་ཆོས་སྐུར་རོ་གཅིག་ཉིད། །ཡུལ་དང་ཡུལ་ཅན་མེད་པར་བསྔོ། ༢༣༧ །མདོར་ན་ལྷན་སྐྱེས་


LT28_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ། །མ་བཅོས་གཅེར་གྱིས་མཐོང་བས་འདུད། །སྣང་སྟོང་ཉེ་རིང་མེད་པར་མཆོད། །གང་ཤར་རང་གྲོལ་ཀློང་དུ་བཤགས། ༢༣༨ །མ་བྱས་དགེ་ལ་རྗེས་ཡི་རང་། །འགག་མེད་བློ་འདས་ཆོས་འཁོར་བསྐུལ། །ཅིས་ཀྱང་འཕོ་འགྱུར་མེད་པར་བཞུགས། །རེ་དོགས་འཛིན་མེད་ལྷུག་པར་བསྔོ། ༢༣༩ །གནས་ལུགས་ཅི་ཡང་མ་ཡིན་ཀྱང་། །སྒྱུ་མ་ཙམ་འདི་མ་རྟོགས་པའི། །སྡུག་བསྔལ་འཁོར་བའི་སེམས་ཅན་རྣམས། །ཁྱོད་ཀྱིས་རྗེས་སུ་འཛིན་པར་ཤོག ༢༤༠ །དམིགས་པ་མེད་པའི་སྙིང་རྗེའི་མཐུས། །ཁྱོད་ཐུགས་བདག་དང་སེམས་ཅན་གྱི། །རྒྱུད་ལ་མྱུར་དུ་འཕོས་གྱུར་ནས། །སྟོང་ཉིད་སྙིང་རྗེ་སད་པར་ཤོག ༢༤༡ །དེ་ཡི་དྲིན་གྱིས་སྐྱེ་བོ་ཀུན། །ཞི་ལ་ཆགས་པར་མི་འགྱུར་ཞིང་། །སྲིད་པས་འཆིང་བར་མི་འགྱུར་བ། །ཁྱོད་ཀྱི་རྣམ་ཐར་མཆོག་བརྙེས་ཤོག ༢༤༢ །རྟག་ཏུ་འཁོར་བས་ཡིད་བྱུང་ནས། །རྨི་ལམ་དུ་ཡང་ཆོས་མིན་ལས། །སྤྱོད་པར་མ་གྱུར་དམ་པའི་ཆོས། །འཚོ་བ་བཞིན་དུ་འདོད་པར་ཤོག ༢༤༣ །བྱས་པ་ལམ་དུ་འགྲོ་བ་དང་། །འབད་པ་མཐའ་རུ་ཕྱིན་པ་ཡི། །བར་ཆད་ཞི་ནས་མཐུན་རྐྱེན་འགྲུབ། །ཆོས་ཀྱི་རྒྱལ་པོར་འགྱུར་བར་ཤོག ༢༤༤ །ཀུན་མཁྱེན་བླ་མའི་བདེན་པ་ཡིས། །རང་སེམས་རང་ངོ་ཤེས་གྱུར་ཏེ། །གྲོག་སྦུར་ཙམ་ཡང་མ་ལུས་པ། ཁམས་གསུམ་འཁོར་བ་སྟོང་པར་ཤོག ༢༤༥ །


LT28_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོར་བློ་སེམས་བཅོས་སླ་ཞིང་། །བར་དུ་ངམ་ངམ་ཤུགས་ཀྱིས་འབྱུང་། །ཐ་མ་མ་བཅོས་རང་ལུགས་སུ། །བཞག་པས་ཆོག་པའི་གདིང་རྙེད་ཤོག ༢༤༦ །དེ་སྲིད་ཡངས་པའི་རྒྱལ་ཁམས་འདིར། །རྣམ་དཀར་དགེ་བ་སྟོབས་གྱུར་པས། །བདེ་སྐྱིད་བདུད་རྩི་ཁོ་ན་ལ། །ཡང་དང་ཡང་དུ་སྤྱོད་པར་ཤོག ༢༤༧ །སྐྱེ་དང་ཚེ་རབས་ཐམས་ཅད་དུ། །དཔལ་ལྡན་བསྟན་པའི་ཉིན་བྱེད་ཀྱིས། །བདག་ནི་རྗེས་སུ་བཟུང་གྱུར་ནས། །གསུང་གི་བདུད་རྩིར་འཐུང་བར་ཤོག ༢༤༨ །ལུས་སྲོག་ཡལ་བར་འདོར་ནས་སུ། །མཉེས་པའི་ཞབས་ཏོག་སྒྲུབ་པ་ཡི། །བྱིན་རླབས་ཡོངས་རྫོགས་ཐོབ་ནས་ཀྱང་། །ཐུགས་ཡིད་གཅིག་ཏུ་འདྲེ་བར་ཤོག ༢༤༩ །ཡུན་དང་ཚེགས་ལ་མི་ལྟོས་པར། །སྐད་ཅིག་ཅིག་ལ་བྱང་ཆུབ་ནས། །མཁྱེན་བརྩེ་ནུས་པ་མཐར་ཕྱིན་ཏེ། །ཁྱོད་དང་གོ་འཕང་མཉམ་གྱུར་ཅིག ༢༥༠ །བདག་ནི་སྲིད་པ་ཇི་སྲིད་དུ། །ཁྱོད་ཀྱི་ཕྲིན་ལས་པར་གྱུར་ནས། །བསྟན་པ་འཛིན་སྐྱོང་སྤེལ་ལ་སོགས། །རླབས་ཆེན་སྤྱད་པ་སྤྱོད་གྱུར་ཅིག ༢༥༡ །གང་ཚེ་བལྟ་བར་འདོད་པའམ། །ཅུང་ཟད་འདྲི་བར་འདོད་ན་ཡང་། །རྒྱལ་དབང་ཆོས་ཀྱི་འབྱུང་གནས་ཉིད། །གེགས་མེད་པར་ཡང་མཐོང་བར་ཤོག༢༥༢། བདག་གི་བྱང་ཆུབ་སྤྱོད་པ་དང་། །སེམས་དང་སྨོན་ལམ་ཡོངས་བསྔོ་སོགས། །ཁྱོད་ཀྱི་མཛད་པ་ཇི་འདྲ་བ། །དེ་འདྲ་ཁོ་ནར་རེད་གྱུར་ཅིག ༢༥༣ །བྱང་


LT28_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སྙིང་པོར་མཆིས་ཀྱི་བར། །རེ་ས་གཞན་དུ་མ་མཆིས་པས། །འདི་ཕྱི་བར་དོའི་གནས་ཀུན་ཏུ། །སྐྱབས་སུ་མཆིའོ་ཐུགས་རྗེས་ཟུངས། ༢༥༤ །གཞན་གྱིས་སྤངས་པའི་སྐལ་ངན་བདག །ཅི་མཛད་བསྟན་པའི་ཉིན་བྱེད་མཁྱེན། །དེ་ཕྱིར་ཁྱད་མཉེས་མ་གྱུར་བར། ༢༥༥ །སྐྱབས་གཞན་ཚོལ་བ་མ་གྱུར་ཅིག ༢༥༥ །ཁྱད་པར་བདག་སོགས་མགོན་གྱུར་པ། །བརྩེ་གཏེར་ཕྱག་ན་པདྨོ་འཆང་། །བསྟན་པའི་བདག་པོ་ཀརྨ་ཀ །རྒྱལ་དབང་ཐེག་མཆོག་རྡོ་རྗེ་དང་། ༢༥༦ །བདེ་ཆེན་གྲུབ་པའི་ཐིག་ལེ་ཅན། །རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །པདྨ་ཉིན་བྱེད་དབང་པོ་ཡི། །གསང་གསུམ་བསྐལ་བརྒྱར་འཚོ་གཞེས་ཤོག ༢༥༧ །བཞེད་དོན་མཐའ་དག་ལྷུན་གྲུབ་ཅིང་། །གདུལ་བྱའི་བསམ་པ་དག་པ་དང་། །མཉེས་པ་ཁོ་ན་སྒྲུབ་པ་ཡིས། །ཁྱོད་དང་དབྱེར་མེད་མཉམ་གྱུར་ཤོག ༢༥༨ །ཐུབ་ཆེན་བླ་མ་ཀརྨ་པའི། །བསྟན་པའི་ཁུར་ཆེན་ཁྱེར་བར་ཤོག །མི་ནུས་པས་ཀྱང་བསྟན་པ་ལ། །སེམས་ཁྲལ་ཙམ་ཡང་འབྱུང་བར་ཤོག ༢༥༩ །བྱང་ཆུབ་སེམས་བློ་འབྱོང་བ་དང་། །རང་སེམས་མངོན་སུམ་རྟོགས་གྱུར་ནས། །དོན་གཉིས་འབད་མེད་འགྲུབ་པ་ཡིས། །བདག་གི་བསམ་པ་རྫོགས་གྱུར་ཅིག ༢༦༠ །བསོད་ནམས་གསེར་གྱི་སྤྲིན་གྱི་བླ་བྲེ་ལས། །དགེ་ལེགས་མནྡཱ་ར་བའི་ཆར་ལྷུང་བས། །བཀྲ་ཤིས་རྟག་པ་དམ་པའི་ཕན་བདེ་ཡི། །ནོར་བུའི་སྙེ་མ་གཡུར་དུ་ཟ་བར་ཤོག །


LT28_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

༢༦༡ །ཇི་ཙམ་ན། ན་ཚོད་དང་བློ་གྲོས་ཀྱི་ཆུ་གཏེར་ཧ་ཅང་་རྒྱས་པར་མ་གྱུར་ཀྱང་། དད་པ་དང་སྤོབས་པའི་རླབས་ཕྲེང་གོམས་པའི་དབང་གིས་ཅུང་ཟད་འཆེལ་བ་ལས། རྡོ་རྗེ་འཆང་ཏཱ་ཡི་སི་ཏུ་ཡབ་སྲས་ཀྱི་བསྟན་པ་ལ་ཞུགས་ཤིང་མི་ཕྱེད་པའི་འདུན་པ་ཅན། ཡུལ་མཐའ་མཁོབ་ཏུ་རིག་པར་སྨྲ་བའི་བཙུན་པ་ཡོན་ཏན་རྒྱ་མཚོས། བགྲང་བྱ་ཉེར་གསུམ་ལ་མངོན་ཏུ་ཕྱོགས་པ་ན་མདོ་རྒྱུད་དང་མཐུན་པར་གསེར་ལྡན་ཆུ་ཀླུང་གི་ཀུ་སཱ་ལིའི་དབེན་པའི་མལ་སྐྱིབས་ན། སྐབས་འགར་འབང་ནས་བྲིས། སྐབས་འགར་ལྷུག་པར་བྲིས་ཏེ། །ཐམས་ཅད་མཁྱེན་པའི་རིན་པོ་ཆེའི་མཆོད་སྡོང་གི་མདུན་ཏུ་མངོན་པར་ཤེས་བཞིན་ཏུ་གསོལ་བ་བཏབ་པའོ། །དགེ་ལེགས་འཕེལ། ཤུ་བྷཾ།། །།


previousདཔལ་ཆོས་ཀྱི་རྒྱལ་པོ་དྷརྨཱ་ཀ་ར་ལ་མོས་གུས་ཀྱི་བདེན་གཏམ་དུ་བསྔགས་པ།next