Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
བླ་མ་དགོངས་པ་འདུས་པའི་ལྷ་ཚོགས་ལ་བསྟོད་སྨོན་ཏུ་སྦྱར་བ་བསམ་དོན་ཀུན་འགྲུབ།
   
   
   
   
   
   
   
   
   


 
previousབླ་མ་དགོངས་པ་འདུས་པའི་ལྷ་ཚོགས་ལ་བསྟོད་སྨོན་ཏུ་སྦྱར་བ་བསམ་དོན་ཀུན་འགྲུབ།next

བླ་མ་དགོངས་པ་འདུས་པའི་ལྷ་ཚོགས་ལ་བསྟོད་སྨོན་ཏུ་སྦྱར་བ་བསམ་དོན་ཀུན་འགྲུབ།


LT28_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དགོངས་པ་འདུས་པའི་ལྷ་ཚོགས་ལ་བསྟོད་སྨོན་ཏུ་སྦྱར་བ་བསམ་དོན་ཀུན་འགྲུབ་ཅེས་བྱ་བ་བཞུགས་སོ། །


LT28_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་བཛྲཱ་ཡ། །གསུང་གི་རྡོ་རྗེ་བདེ་བ་ཆེན་པོའི་དཔལ། །སྐད་ཅིག་དྲན་པས་འདི་ཕྱིའི་བདེ་བ་འཇོ། །ཚེ་དང་ཡེ་ཤེས་འོད་སྣང་མཐའ་ཡས་པ། །མགོན་པོ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །འཁོར་བ་མ་སྟོངས་བར་དུ་གཞན་དོན་མཛད། །མཚན་ཙམ་ཐོས་པས་ངན་འགྲོའི་སྐྱེ་སྒོ་བཅད། །མི་འཇིགས་སྦྱིན་པ་བཅོམ་ལྡན་འཇིག་རྟེན་དབང་། །ཐུགས་རྗེ་ཆེ་ལྡན་ཞབས་ལ་གུས་པས་འདུད། །སྐྱེ་འཆི་ཀུན་སྤངས་མི་ཤིགས་རྡོ་རྗེའི་སྐུ། །འཁོར་བ་དོང་སྤྲུགས་པདྨ་ཐོད་ཕྲེང་རྩལ། །སངས་རྒྱས་ཀུན་ལས་ལྷག་པའི་བཀའ་དྲིན་ཅན། །རིགས་ཀྱི་བདག་པོས་དུས་འདིར་བྱིན་རླབས་སྩོལ། ཧྲཱིཿ །ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྒྱ་མཚོ་ཡི། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་སྤྲིན། །གཅིག་ཏུ་རྫོགས་པ་འཁོར་ལོའི་བདག་པོ་སྟེ། །དགོངས་པ་ཀུན་འདུས་དཀྱིལ་འཁོར་ལྷ་ལ་འདུད། །ཕྱི་ལྟར་དྷུ་མ་ཐ་ལ་མཁའ་འགྲོའི་གྲོང་། །ནང་ལྟར་རྣམ་དག་བཀོད་པའི་དཀྱིལ་འཁོར་མཆོག །གསང་བ་རྡོ་རྗེ་བཙུན་མོའི་བྷ་ག་སྟེ། །ཐར་པ་ཆེན་པོའི་གཞལ་ཡས་ཡངས་པ་ན། །རང་བྱུང་རྒྱལ་བ་མགོན་པོ་འོད་དཔག་མེད། །གཉེན་པོས་མ་བཅོས་ངོ་བོ་ཉིད་རང་བཞིན། །སོང་རྟོགས་ཡེ་ཤེས་འདུས་མ་བྱས་པའི་སྐུ། །རིགས་ཀུན་ཁྱབ་བདག་པདྨ་བཛྲ་རྩལ། །འགྱུར་མེད་བདེ་དང་སྟོང་པ་འདྲེས་པའི་སྐུ། །དམར་གསལ་དྭངས་པ་པདྨ་རཱ་གའི་མདོག །སྤྱན་


LT28_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མཆེ་བཞིས་མཚན་པའི་ཁྲོ་འཛུམ་ཞལ། །དཀར་མཐིང་དམར་བར་བསྟན་ལ་ཕྱག་འཚལ་བསྟོད། །ལས་སྒྲིབ་ཀུན་བསྲེག་སྨར་སྨིན་མེ་ཡི་མདངས། །འཁྱིལ་ཞིང་འཕྱང་བ་ལྕང་ལོའི་ཟར་བུ་ནི། །མཐོན་མཐིང་ཡང་དག་ལྟ་བ་མཐར་ཕྱིན་རྟགས། །ཡོན་ཏན་ཡོངས་སུ་རྫོགས་ལ་ཕྱག་འཚལ་བསྟོད། །དགོངས་པ་མི་འགྱུར་རྡོ་རྗེ་རྩེ་ལྔ་པ། །ཉོན་མོངས་རྩད་གཅོད་ཤེས་རབ་རལ་གྲི་འབར། །སྙིང་པོའི་དབང་སྩོལ་བཅུད་ལྡན་རིན་ཆེན་གྱི། །བུམ་པས་གཡས་ཕྱག་མཚན་ལ་ཕྱག་འཚལ་བསྟོད། །ཚངས་པའི་དྲིལ་བུ་ཐེག་ཆེན་ཆོས་དབྱངས་སྒྲོགས། །བནྡྷ་བཅུད་བཀང་དངོས་གྲུབ་ཆར་རྒྱུན་འབེབས། །དུག་གསུམ་དྲུང་འབྱིན་ཁ་ཊཱཾྭ་གཡོན་ན་བསྣམས། །འགྲོ་དྲུག་ཕྱག་རྒྱས་སྒྲོལ་ལ་ཕྱག་འཚལ་བསྟོད། །མུ་ཏིག་བཀྲམ་པ་པདྨའི་ཟེའུ་འབྲུལ། །ཨཏྨ་གྷའི་མགོ་བོ་ནོར་བུས་སྤྲས། །རྩེ་གསུམ་རྩེ་ལྔ་རྩེ་དགུ་རྡོ་རྗེའི་བྲག །པདྨ་ཉི་ཟླས་མཚན་ལ་ཕྱག་འཚལ་བསྟོད། །དགུ་རྫོགས་གདན་ལ་དྲེགས་པ་བྱོལ་སོང་དང་། །སྲིད་པ་ལུགས་བཟློག་འཁོར་ལོ་མནན་པའི་ཞབས། །བདུད་བཞི་ཟིལ་གནོན་བརྐྱང་བསྐུམ་འདོར་སྟབས་བསྒྲད། །མཚན་དཔེའི་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོད། །རུས་པའི་རྒྱན་དྲུག་རིན་ཆེན་འཕྱང་འཕྲུལ་མཛེས། །གླང་ཆེན་ཀོ་རློན་སྟག་གི་ཤམས་་ཐབས་མནབས། །ཕྱག་ཞབས་སྤྲུལ་དང་ཞིང་ཆེན་སྐེད་པར་དཀྲིས། །ཕྲིན་ལས་འགྲོ་འདུལ་སྟོན་ལ་ཕྱག་འཚལ་བསྟོད། །ཁྲག་ཐིག་རྩིབས་


LT28_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་མཁུར་ཚོས་སོར་རིས་སོགས། །དུག་གསུམ་དབང་སྡུད་སྤངས་རྟོགས་འདུལ་ཐབས་རྫོགས། །ཐོད་སྐམ་དབུ་རྒྱན་རིན་ཆེན་རྩེ་བྲན་ཅན། །ཐོད་རློན་དོ་ཤལ་མཛད་ལ་ཕྱག་འཚལ་བསྟོད། །དར་སྣའི་ཅོད་པན་ཆེ་བའི་ཡོན་ཏན་རྒྱས། །ཆགས་ཐོགས་མེད་པར་འགྲོ་དོན་མཛད་པའི་ཚུལ། །འགྱིངས་བག་གར་དགུའི་ཉམས་ཀྱིས་དགྱེས་རོལ་བ། །དགོངས་སྤྱོད་ཀློང་དུ་གྱུར་ལ་ཕྱག་འཚལ་བསྟོད། །སྤྱི་གཙུག་ནོར་བུ་དབང་གི་རྒྱལ་པོ་ལ། །ལེ་བརྒན་དར་གྱི་ལྕེའུས་མཛེས་པའི་ཏོག །རིགས་བདག་མགོན་པོ་འོད་མི་འགྱུར་བས་མཚན། །དཀྱིལ་འཁོར་འཁོར་ལོའི་མགོན་ལ་ཕྱག་འཚལ་བསྟོད། །གཉིས་མེད་བདེ་རོལ་ལྷ་ལྕམ་མནྡཱ་ར། །དགའ་བཞིའི་ཡེ་ཤེས་སྐྱེད་མཛད་རྣལ་འབྱོར་མ། །དམར་གསལ་མདངས་ལྡན་འདོད་ཆགས་མ་སྤངས་དག །མཉམ་སྦྱོར་འཛུམ་ཞལ་སྟོན་ལ་ཕྱག་འཚལ་བསྟོད། །མ་རིག་གཉིད་སློང་ལྟག་སྤྲོད་རྗེའུ་ཆུང་བརྡུང་། །དམར་བཀང་ཆགས་པའི་དུང་ཆེན་ཡབ་ལ་སྟོབ། །རིན་ཆེན་རུས་རྒྱན་དར་དམར་ཅོད་པན་འཕུར། །གཞོན་ཚུལ་ལང་ཚོ་རྫོགས་ལ་ཕྱག་འཚལ་བསྟོད། །གསང་བ་ཡེ་ཤེས་གསང་གསུམ་བརྒྱུད་འཛིན་མ། །ཚེ་དབང་དངོས་གྲུབ་སྟེར་མཛད་བདེ་ཆེན་རྒྱལ། །དུར་ཁྲོད་མཁའ་འགྲོ་སྡུད་ཅིང་བླན་ཏུ་འཁོལ། །དབྱིངས་ཕྱུག་སྨན་གཅིག་མ་ལ་ཕྱག་འཚལ་བསྟོད། ཧྲཱིཿ །དུ་མ་རོ་གཅིག་གཙོ་དང་འཁོར་གྱི་ཚུལ། །ཉིད་ལས་མི་གཞན་ཚོགས་བརྒྱད་རྣམ་པར་དག །ཕྱོགས་


LT28_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ལིང་རྩེ་བརྒྱད་ཀྱི་དབུས་བཞུགས་པ། །དཔལ་ཆེན་ཡབ་ཡུམ་རྣམས་ལ་ཕྱག་འཚལ་བསྟོད། །ཆོས་ཀྱི་དབྱིངས་ལས་མཚན་མའི་ཕྱག་རྒྱར་སྣང་། །ཆ་ལུགས་མ་ངེས་གང་ལ་གང་འདུལ་ཚུལ། །རབ་འབྱམས་དཀྱིལ་འཁོར་འཁོར་ལོ་སྤྲོ་ཞིང་བསྡུ། །ཡབ་ཡུམ་སྲས་འཁོར་བཅས་ལ་ཕྱག་འཚལ་བསྟོད། །མཁའ་ཁྱབ་ཏིང་འཛིན་བདུད་དཔུང་ཟིལ་གྱིས་གནོན། །རྣམ་འཕྲུལ་དུ་མས་སྐལ་ལྡན་རྗེས་སུ་འཛིན། །བདེ་སྟོང་ཉམས་ཀྱིས་ཤེས་དང་ཤེས་བྱའི་དབྱིངས། །ཀུན་ཏུ་གར་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །རྡུལ་དང་རྡུལ་སྙེད་རོ་མཉམ་བརྟག་དཀའི་ཞིང་། །ཕུན་ཚོགས་ལྔ་ལྡན་སྲིད་ཞིའི་ཐིག་ལེ་ནི། །མ་འདྲེས་ལོངས་སུ་སྤྱོད་པ་བུམ་པ་སྐུའི། །ཡེ་ཤེས་ཞིང་ཀུན་ཁྱབ་ལ་ཕྱག་འཚལ་བསྟོད། །སྣ་ཚོགས་ལུས་དང་དེ་བཞིན་སྣ་ཚོགས་ངག །སྣ་ཚོགས་སེམས་ཏེ་མི་ཕྱེད་རྡོ་རྗེ་གསུམ། །ཤིན་ཏུ་གསང་བ་ཟབ་མོའི་ཡེ་ཤེས་སྐུར། །ཞིང་ཁམས་རབ་འབྱམས་རྫོགས་ལ་ཕྱག་འཚལ་བསྟོད། །རྣམ་ཐར་སྒོ་བཞི་རྡོ་རྗེ་བཙུན་མོའི་མཁར། །རྣམ་པ་ཀུན་ལྡན་བཅུ་དྲུག་ཆ་རྫོགས་པ། །བཏགས་པའི་ཆོས་རྣམས་འདུས་མ་བྱས་པས་ཕྱེ། །ཨེ་ཝཾ་རང་བཞིན་ཁྱོད་ལ་ཕྱག་འཚལ་བསྟོད། །རང་བྱུང་རང་བཞིན་འཇའ་ཟེར་ཐིག་ལེའི་སྦུབས། །རིག་པ་རང་གྲོལ་རྡོ་རྗེ་ལུ་གུ་རྒྱུད། །བྱ་རྩོལ་ལས་འདས་ཟང་ཐལ་འོད་ཀྱི་ལུས། །ཐོག་མའི་མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །མདོར་ན་སངས་རྒྱས་


LT28_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་གསང་བའི་མཛོད། །བྱིན་རླབས་དངོས་གྲུབ་ཕྲིན་ལས་ཡོངས་ཀྱི་གཏེར། །རིགས་ཀུན་ཁྱབ་བདག་པདྨ་བཛྲ་གྱི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །མདོ་རྒྱུད་ཡང་སྙིང་ཐེག་དགུའི་དོན་གྱི་བཅུད། །མཐོང་ཐོས་དྲན་རེག་མཆོག་གི་དངོས་གྲུབ་སྩོལ། །མཁའ་འགྲོའི་སྙིང་ཁྲག་རྩ་གསུམ་དགོངས་འདུས་ཀྱི། །ལུང་དང་རྟོགས་པའི་ཆོས་ལ་ཕྱག་འཚལ་བསྟོད། །སྨོན་ལམ་དབང་གིས་རྡོ་རྗེའི་རྒྱ་བཀྲོལ་ཞིང་། །གཞུང་བཞིན་སྤྱོད་པས་ཉིད་སྤྲུལ་ལུང་བསྟན་བརྙེས། །སྲིད་མཐའི་བར་དུ་རྒྱལ་བའི་མཛད་པ་ཅན། །རྩ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །གནས་ཡུལ་དཔའ་བོ་ཌཱ་ཀི་དམ་ཅན་ཚོགས། །འདོད་དགུར་བསྒྱུར་བའི་ཆོ་འཕྲུལ་མཐའ་ཀླས་པས། །དམ་ལྡན་རྣལ་འབྱོར་ཕོ་མོའི་གྲོགས་མཛད་ཅིང་། །ས་ལམ་བར་ཆད་སེལ་ལ་ཕྱག་འཚལ་བསྟོད། ཧྲཱིཿ །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་ལ། །བདག་ལུས་ཞིང་གི་རྡུལ་སྙེད་སྤྲུལ་པ་ཡིས། །མཁའ་ཁྱབ་སེམས་ཅན་བསམ་འོག་བཅུག་ནས་ནི། །སྒོ་གསུམ་རབ་གུས་གདུང་བས་ཕྱག་བགྱིའོ། །ཀུན་བཟང་མཆོད་སྤྲིན་བསམ་མི་ཁྱབ་པས་མཆོད། །དུག་གསུམ་མི་དགེའི་རིགས་གྱུར་མཐོལ་ལོ་བཤགས། །དེ་བཞིན་དགེ་བར་གྱུར་ལ་རྗེས་ཡི་རང་། །ཟབ་གསང་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་རྡོ་རྗེའི་སྐུར་བཞུགས་གསོལ། །དགེ་རྩ་བྱང་ཆུབ་ཆེེན་པོར་བསྔོ་བར་བགྱི། །ཇི་ལྟར་རྒྱལ་རྣམས་བསགས་སྦྱངས་ཕུན་


LT28_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ། །དེ་ལྟར་བྱང་ཆུབ་སྤྱོད་པ་ཡོངས་རྫོགས་ཤོག །བདག་གི་དུས་གསུམ་དགེ་བ་ཇི་སྙེད་པ། །རིགས་དྲུག་འགྲོ་བའི་ལས་ངན་ཟད་ནས་ཀྱང་། །བསླུ་མེད་བྱང་ཆུབ་སྤྱོད་ལ་འཇུག་པ་དང་། །མྱུར་དུ་ཟུང་འཇུག་གོ་འཕང་ཐོབ་ཕྱིར་བསྔོ། །མ་སྐྱེས་སེམས་ཀྱི་རང་བཞིན་ནམ་མཁའ་ལྟར། །བྱ་བྱེད་ལས་དང་འཁོར་གསུམ་མི་དམིགས་པར། །སྒྱུ་མ་ཙམ་དུ་བསྔོས་ཤིང་སྨོན་པ་ཡིས། །རྣམ་དག་འབྲས་བུ་ཡོངས་སུ་འགྲུབ་པར་ཤོག །རྒྱལ་བ་ཀུན་དངོས་པདྨ་སཾ་བྷ་བས། །ཚེ་རབས་ཀུན་ཏུ་ཡོངས་འཛིན་མཛད་གྱུར་ཅིག །འོད་གསལ་རྡོ་རྗེ་ཐེག་པའི་སྣོད་གྱུར་ནས། །མཆོག་ཐུན་དངོས་གྲུབ་སྐད་ཅིག་ཐོབ་པར་ཤོག །དལ་འབྱོར་ཐོབ་པ་དོན་མེད་མ་གྱུར་ཅིང་། །དཀོན་མཆོག་འབྱུང་བ་མི་མཉེས་མི་བགྱིད་པར། །ནམ་མཁའི་མཐའ་ཀླས་འགྲོ་བ་མ་ལུས་པ། །རྒྱལ་བས་བསྔགས་པའི་ལམ་བཟང་ལ་འཇུག་ཤོག །མི་རྟག་སྙིང་ལ་གཟེར་བས་ཞེན་ལོག་དང་། །ངེས་འབྱུང་དྲག་པོས་ཤེས་རྒྱུད་ཆོས་དང་འདྲེས། །སྡོམ་དང་དམ་ཚིག་རྒྱུ་འབྲས་སྤང་བླང་ནི། །སྲོག་ལྟར་བཙའ་བའི་བརྟུལ་ཞུགས་ཐོབ་གྱུར་ཅིག །བདེ་བའི་འབྱུང་གནས་ཀུན་རྫོབ་དོན་དམ་གྱི། །བྱང་ཆུབ་སེམས་མཆོག་སྐྱེས་བརྟན་གོང་དུ་འཕེལ། །བགྲོད་པ་གཅིག་པའི་ལམ་བཟང་རྨད་བྱུང་བ། །དག་སྣང་མོས་གུས་ཕྱོགས་མེད་འབྱོང་བར་ཤོག །སྒོ་གསུམ་སྒྲིབ་པ་དབང་བཞིའི་ཆུ་བོས་བཀྲུས། །པདྨ་བཛྲ་རྩལ་གྱི་གསང་གསུམ་དང་། །རོ་མཉམ་རྡོ་རྗེའི་རྣལ་འབྱོར་མཐར་


LT28_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ནས། །གྲུབ་པའི་རིག་འཛིན་ཆེན་པོར་བདག་གྱུར་ཅིག །གསལ་བརྟན་ཚད་བརྒྱད་ལྷ་སྣང་གྱད་དུ་གྱུར། །ཡན་ལག་བཞི་ལྡན་རྡོ་རྗེའི་བཟླས་པ་ཐེམས། །ལས་བཞི་གྲུབ་བརྒྱད་རྣམ་པར་སྨིན་པའི་རིག །དབང་བསྒྱུར་མ་ཧཱ་ཡོ་ག་མཐར་ཕྱིན་ཤོག །རྩ་ཡི་མདུད་གྲོལ་རླུང་བཅུ་དབུ་མར་ཐིམས། །དཀར་དམར་ཐིག་ལེའི་ཞུ་བདེ་ཚད་དུ་སྨིན། །གཉུག་མའི་ཕུང་ཁམས་རྡོ་རྗེའི་སྲོག་གྲུབ་ནས། །ཚེ་དབང་ཨ་ནུའི་རྣལ་འབྱོར་མཐར་ཕྱིན་ཤོག །པད་འབྱུང་བླ་མའི་བྱིན་རླབས་སྙིང་ལ་འཕོས། །རིག་པ་རྗེན་པར་བུད་པས་མཉམ་རྗེས་ཀྱི། །ཐ་སྙད་ལས་འདས་འོད་གསལ་རྫོགས་པ་ཆེ། །ཁྲེགས་ཆོད་ཕྱག་རྒྱའི་རིག་འཛིན་མཐར་ཕྱིན་ཤོག །འཆར་ཚུལ་བརྒྱད་ཀྱི་ཡིན་ལུགས་ངོ་འཕྲོད་ནས། །རང་བཞིན་ཤིན་ཏུ་སྟོང་དང་སྟོང་ཆེན་ཏེ། །སྣང་མཆེད་ཐོབ་པའི་འོད་གསལ་མངོན་གྱུར་ནས། །ཡེ་ཤེས་གསུམ་སྒྲིབ་རྟོག་ཚོགས་རང་དག་ཤོག །འཁོར་འདས་རུ་ཤན་ཕྱེད་ནས་དགུ་ཕྲུག་གི། བྱ་བ་ཀུན་བཏང་སྣང་བཞིའི་རྩལ་ཆེན་རྫོགས། །ཐོབ་གསུམ་གཟེར་ཐེབ་གདིང་བཞིའི་དྲོད་རྙེད་དེ། །རགས་པ་ཉི་ཤུ་ཟག་མེད་ལུས་འགྲུབ་ཤོག །མངོན་ཤེས་རྗེས་དྲན་དྲུག་པོར་དབང་འབྱོར་ནས། །ཐིམ་ལུགས་བརྒྱད་ཀྱིས་གདོད་མའི་གྲོལ་གཞིར་ཕྱིན། །འཕོ་ཆེན་བུམ་སྐུའི་གཏན་སྲིད་ཚེ་འདིར་ཟིན། །ཨ་ཏི་ལྷུན་གྲུབ་རིག་འཛིན་མཐར་ཕྱིན་ཤོག །ལས་ཀྱི་ལྷག་མས་ཚེ་འདིར་མ་གྲོལ་ཀྱང་། ཀ་དག་དགོངས་པས་འཆི་བ་ཆོས་སྐུར་རྟོགས། །གཞི་སྣང་འོད་གསལ་ཟུང་འཇུག་ཚོམ་བུ་དང་། །


LT28_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་བཞི་སྦྱོར་ལྷུན་གྲུབ་ཆེར་གྲོལ་ཤོག །ཁྱད་པར་གནད་གཅོད་སྡུག་བསྔལ་མི་འབྱུང་ཞིང་། །རྡོར་སེམས་གསང་བའི་ལམ་ནས་རང་རིག་པ། །སྐད་ཅིག་ཉིད་ལ་ཡར་གྱི་ཟང་ཐལ་དུ། །འཆུག་མེད་ཆོས་ཉིད་མ་བུ་འདྲེས་པར་ཤོག །ཇི་ལྟར་དམན་ཀྱང་རླུང་སེམས་ལྷ་ཡི་སྐུ། །བཙན་ཐབས་འཕོ་བས་བདེ་ཆེན་པད་འོད་སོགས། །དག་པའི་ཞིང་དུ་མཁའ་འགྲོའི་སྐྱེལ་བསུ་བཅས། །མཐའ་ཡས་པདྨའི་སྲས་ཀྱི་མཆོག་གྱུར་ཤོག །མི་བསྐྱོད་ཞལ་མཐོང་རིན་འབྱུང་དབང་བསྐུར་ཐོབ། །སྣང་མཐས་ལུང་བསྟན་དོན་གྲུབ་དབུགས་དབྱུང་སྩལ། །མདུན་མཁར་ཁྲོ་བོའི་དཀྱིལ་འཁོར་རང་སྣང་དུ། །ངོ་ཤེས་ཀུན་བཟང་རྒྱལ་ས་ཟིན་པར་ཤོག །དེ་སྲིད་ལྷ་འདྲེ་མི་གསུམ་བར་ཆད་ཀྱིས། །མི་ཚུགས་བསམ་དོན་མཐའ་དག་ཆོས་བཞིན་འགྲུབ། །རྗེ་བཙུན་པདྨའི་ཕྲིན་ལས་སྤེལ་བ་ལ། །ཞུམ་པ་མེད་པའི་བརྟུལ་ཞུགས་བརྙེས་པར་ཤོག །རྒྱལ་བསྟན་སྤྱི་དང་གསང་ཆེན་ཟབ་མོ་ཡི། །བསྟན་དང་བསྟན་འཛིན་དར་རྒྱས་ཡུན་རིང་བརྟན། །ཁྱད་པར་ཨོ་རྒྱན་རྗེ་དང་བི་མ་ལའི། །ཐུགས་ཏིག་བསྟན་པ་དབྱར་མཚོ་ལྟར་འཕེལ་ཤོག །འགྲོ་བ་ཀུན་ཀྱང་དེ་ལ་གུས་ཤིང་འདུན། །གྲོགས་མཛད་དཀར་ཕྱོགས་ཡོངས་ཀྱི་དབུ་འཕང་མཐོ། །འཇིག་རྟེན་ཁམས་སུ་ནད་མུག་འཁྲུགས་རྩོད་ཞི། །བསྟན་པ་ངང་ངམ་ཤུགས་ཀྱིས་རྒྱས་པར་ཤོག །སྐྱབས་གནས་བསླུ་མེད་པདྨ་བཛྲ་ལ། །སྒོ་གསུམ་གུས་པས་བདག་ཉིད་བྲན་ཏུ་


LT28_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། །འཕྲལ་ཡུན་རེ་ལྟོས་གཞན་ཏུ་མ་མཆིས་པས། །ཐུགས་རྗེ་མ་ཆུང་ཉམ་ཐག་འགྲོ་ལ་དགོངས། །བདག་སོགས་དུས་མིན་འཆི་ལས་རབ་རྒྱལ་ཏེ། །རྟག་བརྟན་རྡོ་རྗེའི་ཚེ་དབང་མཆོག་བརྙེས་ཤིང་། །མཐོ་རིས་ཡོན་ཏན་བདུན་གྱི་དཔལ་དང་འབྱོར། །འབད་པ་མེད་པར་ལྷུན་གྱིས་གྲུབ་པར་མཛོད། །རྒྱལ་བསྟན་རྟགས་ཙམ་འཛིན་པའི་མཐའ་ལ་ཐུག །མདོ་སྔགས་གཟུགས་བརྙན་ཙམ་ཡང་མི་གསལ་ཞིང་། །བོད་འབངས་ཡོངས་ཀྱི་བདེ་སྐྱིད་ཟད་པའི་དུས། །སྔོན་གྱི་དམ་བཅའ་མ་བསྙེལ་ཐུགས་རྗེས་གཟིགས། །ཁྱད་པར་ནག་ཕྱོགས་འབྱུང་པོ་ཁ་དར་བས། །ཚེ་ནོར་འདོད་དང་ཐར་ལ་བར་ཆད་ཀྱི། །མུན་པའི་དྲྭ་བར་བྱིན་རླབས་ཉི་ཟླ་ཡི། །འོད་ཟེར་མཚོན་ཆ་ད་ལྟ་ཉིད་དུ་ཕོབ། །སངས་རྒྱས་ཀུན་འདུས་མཚོ་སྐྱེས་རྡོ་རྗེ་མཁྱེན། །བདག་སོགས་འགྲོ་ཀུན་རྗེས་སུ་བཟུང་ནས་ཀྱང་། །རྫུ་འཕྲུལ་ནུས་མཐུ་དཔག་མེད་ཐོབ་པར་མཛོད། །བོད་འབངས་ཡལ་བར་མདོར་བཀའ་དྲིན་ཅན། །མདོར་ན་བདག་སོགས་སྒྲིབ་བྱང་ཚོགས་རྫོགས་ཤིང་། །སྣང་སེམས་དབང་འདུས་འབྲེལ་ཚད་དོན་དང་ལྡན། །འབྱུང་བཞིས་གར་ཁྱབ་སྤྲུལ་པ་སྣ་ཚོགས་ཀྱིས། །འཁོར་བ་དོང་སྤྲུགས་དོན་གཉིས་མཐར་ཕྱིན་ཤོག །འཁོར་འདས་ཀུན་ཀྱང་པདྨ་བཛྲ་དང་། །དབྱེར་མེད་སྐུ་དང་ཡེ་ཤེས་འབྱམས་ཀླས་པས། །རང་སྣང་རིས་མེད་ཐར་པ་ཆེན་པོའི་གྲོང་། །ཐེག་ཆེན་ཆོས་ཀྱི་རྒྱལ་སྲིད་བརྟན་གྱུར་ཅིག །ཅེས་པའང་། །རིགས་


LT28_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་བླ་མའི་དཀྱིལ་འཁོར་འདི་ཉིད་ལ་མི་ཕྱེད་པའི་དད་པ་ཅན་རིག་འཛིན་གྱི་བཙུན་པ་ཡོན་ཏན་རྒྱ་མཚོས་ཆུ་སྟག་ལོའི་གྲལ་ཚེས་བཅོ་ལྔ་ཤར་བ་ཅན་གསུམ་ལ་ཐུན་རེ་སྦྱར་བ་དགེ་ལེགས་འཕེལ།། ༈ །།གདོད་མའི་མགོན་པོ་འགྲོ་བའི་དོན་ཏུ་བྱོན། །འོད་གསལ་རྡོ་རྗེ་སྙིང་པོའི་སྟོན་པ་མཆོག །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ། །མི་ཕྱེད་དད་པས་སྙིང་གི་པདྨོར་བསྙེན། །གཞོན་ནུ་བུམ་སྐུའི་དབྱིངས་ལས་ལྷུན་གྲུབ་རྩལ། །སྲིད་དང་ཞི་བའི་ཐིག་ལེར་རང་ཤར་བས། །དུས་བཞིར་གྲོལ་བ་བཞི་ཡི་རྣམ་པར་ཐར། །ཆོས་དབྱིངས་སྲིད་པའི་མཐའ་དང་སྙོམས་པར་ཞུགས། །ཁྱད་པར་གངས་ཅན་གདུལ་བྱ་སྨིན་པ་དང་། །སངས་རྒྱས་ལས་ཀྱང་ངེས་པར་དཀོན་པའི་ལམ། །རྩོལ་མེད་ཨ་ཏིའི་གསང་བ་སྤེལ་བའི་ཕྱིར། །དྲི་མེད་བཤེས་གཉེན་མི་ཡི་ཟོལ་དུ་འཁྲུངས། །མང་དུ་ཐོས་ཤིང་དྲི་མེད་ལུང་གིས་ཕྱུག །སྒྲོ་འདོགས་ཆོད་ཅིང་སྤོབས་པའི་གཏེར་ཁ་བྱེ། །ཚུལ་ཁྲིམས་དྲི་ལྡན་བློ་གྲོས་གཟི་བརྗིད་འབར། །ཀུན་མཁྱེན་གཉིས་པ་གངས་རིའི་ལྗོངས་སུ་བྱུང་། །བློ་ཡི་མཆོག་ནི་ལྷག་པའི་ལྷ་ཡིས་བྱིན། །རྒྱལ་བའི་དགོངས་པ་སྐྱེས་སྦྱངས་སྟོབས་ཀྱིས་རྙེད། །ཆོས་ཉིད་ཟད་སར་སྣང་བཞིའི་ལམ་ནས་གཤེགས། །ཀུན་ཏུ་བཟང་པོའི་མཛད་པའི་གར་མཛད་དོ། །དགོངས་པའི་རྩལ་ཆེན་ཡོངས་སུ་རྫོགས་པ་ལས། །ཀུན་བཟང་དགོངས་ཟབ་ལྷུག་པར་བཀྲོལ་བ་ལ། །ཁྱོད་ཀྱི་རྣམ་དཔྱོད་རླབས་ཆེན་ཇི་འདྲ་བ། །


LT28_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འདྲ་འཕགས་བོད་མཁས་པ་སུ་ལའང་མེད། །ཐུན་མོང་གྲུབ་མཐའི་གཡའ་དྲིས་མ་སྦགས་པར། །འོད་གསལ་རྡོ་རྗེ་ཐེག་པ་བཻ་ཌཱུརྱ། །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་ལྷོངས་ཕུད་པའི། །དེད་དཔོན་ཁྱོད་ནི་ཨུདུམྦ་ར་འདྲ། །འཇམ་དཔལ་ཡབ་ཡུམ་བསྟི་བའི་ཐུགས་མཚོ་ན། །ཚར་གཅོད་རྗེས་འཛིན་བདག་ཉིད་ཀུན་ཤེས་དང་། །ཡན་ལག་ལྔར་བཅས་རིག་པའི་པད་ཚལ་དུ། །བློ་ལྡན་བུང་བའི་ན་ཆུང་རྩེད་འཇོས་བྲེལ། །རྩོལ་བཅས་ཐེག་པའི་རྐང་འགྲོས་ངལ་དུབ་ལ། །མ་ལྟོས་རྩོལ་མེད་ལྟ་སྒོམ་གཤོགས་རྒྱངས་ཀྱིས། །སྤྱི་རྒྱ་རླབས་ཀྱིས་གཅོད་པའི་མཁའ་ལྡིང་ཞིག །ཡེ་ཤེས་བླ་མའི་ས་མཐར་བདེ་བར་བསྙེགས། །ཀུན་བཟང་དགོངས་པའི་གཏེར་ཆེན་མཚོ་བཞིན་བརྡོལ། །རྡོ་རྗེ་རྩེ་མོའི་གཤེགས་ཤུལ་ཡངས་པར་མཛད། །སྙན་གྲགས་ལྷ་ཡི་རྔ་ཆེན་ཞིང་ཀུན་འགྲོ། །སྐྱེས་བུ་ཉི་མ་སངས་རྒྱས་ཞིང་འདིའི་རྒྱན། །ཁྱོད་ཀྱི་བླ་མ་དགེ་སློང་དཔལ་དང་ལྡན། །ཁྱོད་ནི་རྡོ་རྗེའི་སྒྲ་མཁས་དཔལ་འཛིན་ཏེ། །ཁྱོད་ཀྱི་བརྒྱུད་འཛིན་དགེ་སློང་མ་དཔལ་མོས། །ཐལ་འགྱུར་ལུང་བཞིན་ཨ་ཏིའི་སྣང་བ་བརྡལ། །སོ་སྐྱེའི་མཁས་པ་བློ་ལ་སྐྱོན་ཆགས་པས། །ཁྱོད་ཀྱི་གྲུབ་མཐའ་ཕྱོགས་ལྷུང་ལམ་དུ་འཁྲིད། །བཀའ་དང་དཔེ་དཔང་ཚད་མར་མི་འཛིན་པ། །འདི་དག་མྱུར་དུ་ཚར་བཅད་མི་མཛད་དམ། །མཁས་པའི་བྱ་བས་རྒྱལ་བསྟན་རབ་གསལ་ཞིང་། །གྲུབ་པའི་རྒྱལ་སར་ཁམས་གསུམ་ཡོངས་སྒྲོལ་བ། །ཀུན་ཏུ་བཟང་པོ་དྲི་མེད་འོད་ཟེར་གྱི། །རྣམ་ཐར་བདག་སོགས་འགྲོ་


LT28_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བས་བརྙེས་གྱུར་ཅིག །ཅེས་པའང་རྗེ་འདི་ཉིད་ཀྱི་བཀའ་གསང་མཛོད་ཆེན་བདུན་དང་། །སྙིང་ཐིག་མ་བུ་སོགས་ལས་འོད་གསལ་རྡོ་རྗེ་ཐེག་པ་ལ་གོ་ཉམས་ཅུང་ཟད་ཤར་བ་བློ་གྲོས་མཐའ་ཡས་ད་རི་དྲཱས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་ཚིགས་སུ་བཅད་དེ་སྨྲས་པའོ།། ༈ །།སྣང་མཛད་སྲུང་བའི་རྡོ་རྗེའི་སྒྱུ་འཕྲུལ་ལས། །གངས་ཅན་བསྟན་འགྲོ་རིང་འཚོའི་དཔྱིད་དཔལ་དུ། །ཡོངས་རྫོགས་བཤེས་གཉེན་དམ་པའི་སྐུར་སྣང་བ། །ལྷ་མིའི་གཙུག་གི་རྒྱན་གཅིག་དེ་ལ་འདུད། །ཤེས་བྱ་རབ་འབྱམས་གནས་ལ་སྤོབས་པའི་གཏེར། །གྲོལ་བས་འཆད་རྩོད་རྩོམ་པའི་པདྨོའི་ཀླུང་། །མཐོ་རིས་ཚལ་མཚུངས་མཚུངས་མེད་འབྱེད་པ་ལ། །བློ་གྲོས་འོད་ཟེར་ཉི་བཞིན་བརྡལ་དེར་འདུད། །འགྲོ་བའི་ཁམས་ལ་ཉེ་དང་རིང་མེད་པར། །ཐུགས་བསྐྱེད་བཟུང་ཡང་ཕྱོགས་སུ་ལྷུང་བ་བཞིན། །འཇམ་པའི་དབྱངས་དེ་ཁྱོད་ཐུགས་སྐྱེད་ཚལ་ན། །གཞོན་ནུའི་རོལ་རྩེད་མཛད་བཞིན་བཞུགས་སམ་སྙམ། །འཆལ་བའི་དྲི་སྤངས་ཚུལ་ཁྲིམས་ཕ་རོལ་དུ། །སོན་ཀྱང་ལུང་རྟོགས་ལང་ཚོའི་གཞོན་ཤ་ནི། །ཤིན་ཏུ་མཛེས་ལ་ཆགས་པའི་མཚོ་ལྡན་མ། །མགྲིན་པའི་འཁོར་ལོར་དལ་གྱིས་ཡིབ་པ་འདྲ། །གང་ཟག་གཞན་ལ་རྨི་ལམ་ཙམ་དུ་ཡང་། །དབུགས་འབྱིན་མི་མཛད་ཐོད་ཕྲེང་རྩལ་ཡབ་ཡུམ། །ཁྱོད་དང་འབྲལ་མི་ཕོད་པར་བྱིན་རློབ་ཅིང་། །ལུང་སྟོན་རྩོལ་བའི་ཐུགས་རྗེ་དེ་ཅི་ཞིག །གཞན་གྱིས་སྨྲས་པའི་རྗེས་སུ་མི་ཟློས་པར། །རང་གི་བློ་གྲོས་སྟོབས་ཀྱིས་གྲུབ་པའི་མཐའི། །ལྟ་


LT28_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་སྤྱོད་ཚུལ་སྔོན་དང་མི་འགལ་བར། །སྔོན་མེད་ལེགས་བཤད་འབྱིན་དེ་ཁྱད་པར་ཆོས། །བསླབ་གསུམ་གསེར་གྱི་ཀ་བས་བཏེགས་པ་ཡི། །རྣམ་ཐར་ནོར་བུའི་གཞལ་ཡས་ཉམས་དགའ་བར། །དམ་པའི་སྐྱེ་བོ་བྱེ་བ་ངལ་གསོའི་གནས། །རྣམ་རྒྱལ་ཁང་བཟང་གཉིས་པ་ས་འདིར་བྱུང་། །དམ་པའི་སྐྱེ་བོ་བྱེ་བ་ངལ་གསོའི་གནས། །རྣམ་རྒྱལ་ཁང་བཟང་གཉིས་པས་འདིར་བྱུང། །དམ་པའི་རྣམ་ཐར་ལྷ་ཡི་རྔ་བོ་ཆེ། །སྐལ་མེད་ས་སྤྱོད་རྣ་བར་ལྷུང་དཀའ་ཡང་། །དམ་པ་རྣམས་ཀྱི་སྙིང་ལ་བདུད་རྩི་དང་། །རྣ་བའི་བུ་གར་དྲི་ཟའི་གླུ་བཞིན་གྱུར། །ངེས་པར་འབྱུང་བས་དབེན་གསུམ་བདུད་རྩི་གྲུབ། །རྨི་ལམ་དུ་ཡང་ཆོས་བརྒྱད་སྒྲོག་ལས་གྲོལ། །མདོ་སྔགས་ཚུལ་ལ་མི་འཇིགས་སློབས་པ་ཐོབ། །སྙིང་པོའི་ལམ་བཟང་འཁྲུལ་མེད་སྟོན་པར་མཛད། །གཟུང་འཛིན་རྟོག་པའི་སྤྲིན་རིས་ཀུན་ཟོས་པས། །འོད་གསལ་དྷཱུ་ཏིའི་མཁའ་སྔོན་དྭངས་པ་ལ། །སྒྱུ་འཕྲུལ་རྒྱན་གྱི་བཀོད་པའི་དབང་གཞུ་བྲེས། །ཧེ་རུ་ཀ་དཔལ་མཚན་གྱི་ཅོད་པན་དཔྱངས། །གཞན་ལ་སྦས་པ་ཕྱི་དང་ནང་གི་གཏེར། །སྐལ་ལྡན་ལག་པའི་མཐིལ་དུ་འདུག་པ་བཞིན། །ཁྱོད་ལ་གྲུབ་པའི་རྟགས་སུ་ཨོ་རྒྱན་རྗེས། །ཐུན་མོང་མིན་པའི་མནོག་ནོར་ཉིད་དུ་བསྩལ། །ཚིག་སྟོང་སྦུ་བས་བསྙེམས་པའི་མཁས་པ་དང་། །བླུན་སྒོམ་ཡིད་དཔྱོད་ཅན་གྱི་གྲུབ་པ་དང་། །རང་བཟོས་བསླད་པའི་གཏེར་ཆོས་སྨྲིག་རྒྱུའི་ཕྲེང་། །ཁྱོད་ཀྱི་རྣམ་ཐར་འཇམ་ཆར་ཟེགས་མས་བསྙིལ། །བདག་ཀྱང་སྐྱེ་བར་ཁྱོད་འདྲའི་བཤེས་བསྟེན་ཅིང་། །ཁྱོད་དང་རྣམ་ཐར་མཉམ་པ་ཉིད་གྱུར་ནས། །ཕྲིན་ལས་མི་ཟད་


LT28_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་གྱི་འཁོར་ལོའི་སྤྲིན། །མཁའ་དང་འགྲོ་ཁམས་མཐར་ཐུག་བཀོད་བྱེད་ཤོག །ཅེས་པའང་ཀུན་གཟིགས་སྤྲུལ་པའི་གཏེར་ཆེན་པྲཛྙ་ར་སྨིའི་རྣམ་ཐར་ལ་སྨོན་པ་བློ་གྲོས་མཐའ་ཡས་ཀྱིས་སོ།། ༈ །།སྔ་འགྱུར་བསྟན་པའི་མེ་རོ་གཞི་བཞེངས་སུ། །སློང་ལ་སྨོན་ལམ་མཐུ་གྲུབ་རིག་པ་འཛིན། །པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ། །གསང་ཆེན་འཁོར་ལོས་སྒྱུར་ལ་གུས་ཕྱག་འཚལ། །རྡོ་རྗེ་ཆོས་སུ་གྲགས་པའི་རྒྱལ་བའི་སྙན། །དབང་པོའི་སྣོད་དང་མཚམས་པའི་གཟུགས་ཀྱི་གར། །དབུས་འགྱུར་ས་ཡི་ཐིག་ལེར་ཤར་ཙམ་ནས། །གངས་ལྗོངས་མཐའ་དག་སྣང་བས་བྲན་དེར་འདུད། །བཀོད་པའི་རྒྱལ་སོགས་དེ་བཞིན་གཤེགས་རྣམས་ལས། །ཐུགས་བསྐྱེད་མཁའ་མཐར་སོན་པའི་གོ་ཆ་ནི། །རབ་མཁྲེགས་རྡོ་རྗེའི་ཞུབ་ཆེན་ལྟར་བཞེས་ནས། །སངས་རྒྱས་སྟོང་གི་རྣམ་ཐར་བཟླུམས་ལ་འདུད། །རྒྱལ་བའི་གསུང་རབ་འཛིན་ཞིང་སྡུད་པ་དང་། །བོད་ཡུལ་བརྡ་དང་ཡི་གེའི་ལམ་སྲོལ་གཏོང་། །ཆོས་ཀྱི་ཤིང་རྟ་ཐོག་མར་འདྲེན་ལ་སོགས། །སྐབས་དང་འཚམས་པའི་འཕྲུལ་ཆེན་སྒྱུར་ལ་འདུད། །ཆོས་ཀྱི་བང་མཛོད་འཛིན་ལ་བདག་པོའི་གནས། །བརྙེས་ཀྱང་ཆོས་མཆོག་འོད་གསལ་རྡོ་རྗེ་ཐེག །རྩལ་དུ་བཏོན་ནས་ཆོས་ཀྱི་རྒྱལ་མཚན་བསྒྲེངས། །ངེས་གསང་བསྟན་པའི་ཆུ་མགོར་གྱུར་ལ་འདུད། །བཀའ་མའི་བཤད་སྒྲུབ་འགྱེལ་བ་རྨངས་ནས་བསླངས། །ཟབ་གཏེར་སྨིན་གྲོལ་སྐམ་པའི་རྒྱུན་སྲོལ་མཐུད། །སེམས་


LT28_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་མན་ངག་ཉམས་ལེན་བརྒྱུད་སྤེལ་ནས། །ཡོ་ག་རྣམ་གསུམ་སྲོག་རྩ་བཟུང་དེར་འདུད། །ལོ་ཙཱ་ཆེན་པོའི་ཐུགས་བསྐྱེད་ཤིང་རྟ་ཡིས། །གསང་ཆེན་ཉི་མ་གསར་དུ་དྲངས་ཙམ་ནས། །མཁན་སློབ་ཆོས་གསུམ་རྒྱལ་ཚབ་ལྷན་ཅིག་ཏུ། །བོད་ཡུལ་དབུས་སུ་འཇོམས་པར་གྱུར་ལ་འདུད། །རྩོད་བྲལ་རང་གཏེར་ནོར་བུའི་མཆོག་བླངས་ཤིང་། །བསྟན་འགྲོར་སྙིགས་མའི་རྒུད་པ་རིང་དུ་འཕྲོག །ཟོལ་མེད་བརྟུལ་ཞུགས་སྤྱོད་པའི་གར་བརྒྱ་ཡིས། །དོན་ཆེན་མཛད་པ་འབའ་ཞིག་བསྒྲུབས་ལ་འདུད། །ལུང་བསྟན་དུས་བབ་ཨོ་རྒྱན་མཁའ་འགྲོའི་གནས། །གཉིས་པ་སྨིན་གྲོལ་རྒྱུན་བཟང་ཐུབ་བསྟན་མཐར། །མཉམ་དུ་འབབ་པ་མཁས་གྲུབ་ངང་མོའི་གནས། །གཏིང་དཔག་དཀའ་བའི་མཚོ་གླིང་བསྐྱིལ་ལ་འདུད། །ལུང་ཁུངས་བཙུན་ལ་མན་ངག་ཤིན་ཏུ་ཟབ། །ཕྱག་བཞེས་གཙང་ཞིང་རྣམ་དཔྱོད་ཆེ་ལྡན་པས། །འཕགས་བོད་མཁས་པའི་ལེགས་ཆ་ཕྱོགས་གཅིག་ཏུ། །བསྡུས་པ་ལྟ་བུའི་བཀའ་སྲོལ་བཙུགས་ལ་འདུད། །མཁས་པ་མང་ཡང་གསང་དོན་ཕིག་པ་ཁྱོད། །གྲུབ་པ་མང་ཡང་ཕྱག་རྗེས་ཐོན་པ་ཁྱོད། །གཏེར་སྟོན་མང་ཡང་བསྟན་ལ་ཕན་པ་ཁྱོད། །གཟུར་གནས་བློ་ངོར་ཁྱོད་ནི་ཟླ་ལྟར་བསིལ། །སྙིགས་མའི་སྐྱེ་བོའི་བློ་མུན་སྟུག་དྲག་པས། །ཁྱོད་ཀྱི་བསྟན་པའང་ཧ་ཅང་མི་གསལ་བས། །མཁྱེན་བརྩེ་ནུས་པའི་གདིང་ཚད་རྩལ་སྤྲུགས་ལ། །ཕྲིན་ལས་ཉི་མ་བྱེ་བའི་རླབས་འབར་མཛོད། །བདག་ཀྱང་ཁྱེད་དང་དབྱེར་མེད་


LT28_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གྱུར་ནས། །དོན་གཉིས་ལྷུན་གྱིས་གྲུབ་པས་གནས་སྐབས་དང་། །མཐར་ཐུག་བདེ་ལེགས་སྣང་བ་འོད་པོ་ཆེ། །མི་ནུབ་སྲིད་ཞིའི་ཁམས་ཀུན་བརྡལ་གྱུར་ཅིག །ཅེས་པའང་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་སྨྲས་པ་སྟེ། །ཐུགས་རྗེའི་གོ་སྐབས་ལ་འགགས་པས་སྨོན་ལམ་གྱི་མཐུ་ལས་བྱིན་རླབས་ཆ་ཙམ་འཇུག་པའང་སྲིད་པའི་ཕྱིར་དང་། །ངོ་མཚར་བའི་མཛད་པ་ལ་སྙིང་ནས་གུས་པ་ཆེན་པོ་ལྷན་སྐྱེས་སུ་མཆིས་པས་སོ།། ༈ །།འཇིག་རྟེན་དབང་ཕྱུག་བཤེས་གཉེན་ཚུལ་བསྟན་པ། །ཐུགས་རྗེའི་རང་གཟུགས་སྙིགས་དུས་འགྲོ་བའི་མགོན། །མཁྱེན་བརྩེ་ནུས་པའི་ཕུང་པོ་བླ་ན་མེད། །ཀརྨ་ཆགས་མེད་ཞབས་ལ་གུས་ཕྱག་འཚལ། །སྔོན་རབས་སྐྱེ་བའི་ཕྲེང་བ་དུ་མ་རུ། །ཚོགས་གཉིས་གོམས་ཤིང་སྨོན་ལམ་རྒྱུན་དག་པས། །བསྟན་ལ་ཞུགས་ནས་གྲུབ་པའི་སར་གཤེགས་པར། །དགོངས་སྤྱོད་ཆོས་བཞིན་ལྷུན་གྱིས་གྲུབ་ལ་འདུད། །ལྷག་པའི་བསམ་པ་གསེར་ལྟར་ཕུན་སུམ་ཚོགས། །ཀུན་ཏུ་སྤྱོད་པར་ཁ་ན་མ་ཐོ་སྤངས། །སྒྲུབ་པའི་རྒྱལ་མཚན་ཐད་ཀློད་མེད་པར་བཙུགས། །ཕྲིན་ལས་ནམ་མཁའི་མཐའ་དང་མཉམ་ལ་འདུད། །རྩ་བརྒྱུད་བླ་མ་རྣམས་ཀྱིས་བྱིན་རླབས་བསྩལ། །ཡི་དམ་མཁའ་འགྲོའི་ཚོགས་ཀྱིས་ལུང་བསྟན་ཐོབ། །ཆོས་སྐྱོང་དམ་ཅན་རྒྱ་མཚོས་བྲན་བཞིན་ཉན། །བདེན་པ་གྲུབ་ཅིང་མངོན་ཤེས་ལྡན་ལ་འདུད། །གྲགས་ཕྱིར་མ་ཡིན་གཞན་ཕན་འབའ་ཞིག་ཕྱིར། །རྩོལ་མེད་གསུང་


LT28_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དོན་བཟང་གོ་སླ་ཞིང་། །བྱིན་རླབས་དད་ཆགས་ཚིགས་བཅད་རེ་རེས་ཀྱང་། །འགྲོ་ཕན་གངྒཱའི་རྒྱུན་ལྟར་མཛད་ལ་འདུད། །ཡུལ་དུས་དབང་པོར་འཚམས་བའི་ཆོས་སྟོན་ཅིང་། །གདུལ་བྱ་སྣ་ཚོགས་འདུལ་བའི་ཐབས་མཁས་ཅན། །འབྲེལ་ཚད་བདེ་ཆེན་ཞིང་དུ་སྐྱིལ་བ་ལ། །སྔ་ན་མེད་པའི་ལམ་མཁན་གྱུར་ལ་འདུད། །རྒྱལ་བའི་མྱུ་གུ་ཀུན་གྱི་སྙིང་རྗེའི་གར། །ཞིང་འདིར་ཀརྨ་ཆགས་མེད་མཚན་གྱི་དབྱངས། །དཔྱིད་ཀྱི་སྐྱེ་བོར་དུས་ཀྱི་ཁུ་བྱུག་བཞིན། །ཐོས་པ་ཙམ་གྱིས་ཀུན་དགའ་སྟེར་ལ་འདུད། །སྙིགས་མའི་སྐྱེ་བོ་བློ་གྲོས་སྣོད་ཆུང་ཞིང་། །འདོད་པའི་དྲྭ་བ་རབ་ཏུ་འཛིངས་པ་ལ། །སོ་སོར་འཚམས་པའི་ཆོས་སྒོ་སྣ་ཚོགས་པས། །རེ་སྐོང་ཡིད་བཞིན་དབང་གི་རྒྱལ་པོར་འདུད། །རྣམ་དག་མཛད་པའི་ཆ་ཤས་ཕྲ་མོས་ཀྱང་། །འཕྲལ་དང་ཡུན་གྱི་ཕན་བདེ་སྟེར་བ་ལ། །ནོར་བུ་བུམ་བཟང་དཔག་བསམ་ཤིང་གིས་ཀྱང་། །མི་བསྐྲུན་དབྱིག་གི་སྙིང་པོ་དེ་ལ་འདུད། །ཀཾ་ཚང་བསྟན་པའི་ཆུ་རྒྱུན་རིང་དུ་བསྲིངས། །ཟབ་གཏེར་ཆོས་ཀྱི་ནུས་བྱིན་རྣོ་སོ་ཕྱུང་། །གཏོ་དཔྱང་རྣམས་ཀྱང་བྱང་ཆུབ་ལམ་དུ་བསྒྱུར། །ཀུན་ཀྱང་གོ་སླ་འཇུག་བདེར་མཛད་ལ་འདུད། །ཁྱོད་ཀྱི་ངོ་མཚར་ཕྲིན་ལས་རྒྱ་ཆེ་བ། །གང་ཟག་ཕལ་གྱིས་ནམ་ཡང་བསྒྲུན་མེད་པས། །སྤྱན་རས་གཟིགས་དབང་


LT28_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་འབའ་ཞིག་ཕྱིར། །བསམ་མི་ཁྱབ་པའི་རྣམ་ཐར་ལྡན་ལ་འདུད། །མགོན་པོ་ཁྱོད་ལ་སྙིང་ནས་དད་པའི་མཐུས། །བདག་ཀྱང་ཁྱོད་ཀྱི་རྣམ་ཐར་ཀུན་འགྲུབ་ཅིང་། །སྲིད་པ་འདི་ནས་བདེ་བ་ཅན་ཞིང་དུ། །ལམ་སྣ་དྲོང་ཞིང་རྗེས་སུ་འཛིན་གྱུར་ཅིག །ཅེས་པའང་ཀར་རྙིང་ཟུང་འཇུག་གི་དགེ་སྦྱོང་ལྟར་སྣང་བ་ཡོན་ཏན་རྒྱ་མཚོས་སྙིང་ནས་གུས་པས་བྲིས་པ་སིངྡྷི་ྷ་བནྟུ། །དགེ་ལེགས་འཕེལ།། །།


previousབླ་མ་དགོངས་པ་འདུས་པའི་ལྷ་ཚོགས་ལ་བསྟོད་སྨོན་ཏུ་སྦྱར་བ་བསམ་དོན་ཀུན་འགྲུབ།next