Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེའི་ཡེ་ཤེས་འབེབས་པའི་བྱིན་རླབས་ལམ་ཟབ་ཀྱི་ཕྲེང་བ་ཡོངས་འདུས་ལྗོན་པའི་སྐྱེད་ཚལ།
   
   
   
   
   
   
   
   


 
previousརྡོ་རྗེའི་ཡེ་ཤེས་འབེབས་པའི་བྱིན་རླབས་ལམ་ཟབ་ཀྱི་ཕྲེང་བ་ཡོངས་འདུས་ལྗོན་པའི་སྐྱེད་ཚལ།next

རྡོ་རྗེའི་ཡེ་ཤེས་འབེབས་པའི་བྱིན་རླབས་ལམ་ཟབ་ཀྱི་ཕྲེང་བ་ཡོངས་འདུས་ལྗོན་པའི་སྐྱེད་ཚལ།


LT28_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ཡེ་ཤེས་འབེབས་པའི་བྱིན་རླབས་ལམ་ཟབ་ཀྱི་ཕྲེང་བ་ཡོངས་འདུས་ལྗོན་པའི་སྐྱེད་ཚལ་ཅེས་བྱ་བ་བཞུགས་སོ། །


LT28_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་དབང་ཕྱུག་སྤྲུལ་པའི་སྐུ་རྡོ་རྗེའི་རིགས་ལྡན་བླ་མའི་ངོ་བོར་མཆོད་ཅིང་གསོལ་བ་གདབ་པ་བདེ་ཆེན་ལྷན་སྐྱེས་རོལ་པ་ཞེས་བྱ་བ་བཞུགས་སོ།། ༈ །།གུར་གུམ་གཞོན་ནུས་ཁེབས་པའི་གསེར་གྱི་རིར། །ཉི་འོད་སྟོང་གི་དྲྭ་བས་འཁྱུད་པ་བཞིན། །ཡེ་ཤེས་སྐུ་ཁྱོད་ཡིད་མཁར་ཤར་ཙམ་གྱིས། །མུན་པའི་བརྟན་པ་གཅིག་ཅར་འཕྲོག་ལ་འདུད། །ས་བཅུ་པའི་དབང་ཕྱུག་ཐམས་ཅད་ལས་ཀྱང་ཁྱད་པར་གྱི་རྣམ་ཐར་འཆང་བ་རྒྱལ་བ་ཀུན་གྱི་ཡེ་ཤེས་མེ་ལོང་མིའི་བདག་པོ་བླ་མའི་སྐུར་བསྟན་པ་དེ་ལ་ཕུར་ཚུགས་སུ་གསོལ་བ་འདེབས་པ་ནི་ཡེ་ཤེས་དང་སྙིང་རྗེའི་རྟོགས་པ་རྒྱུད་ལ་སྐྱེ་བའི་ཉེ་ལམ་མཐར་ཐུག་ཅིང་། ཁྱད་པར་རྡོ་རྗེའི་རྣལ་འབྱོར་ལ་སྐྱེ་བ་ནས་སྐྱེ་བར་རྣལ་འབྱོར་དུ་བྱེད་པའི་སྐལ་པ་ཐོབ་སྟེ་ཐུན་མོང་མ་ཡིན་པའི་ཡེ་ཤེས་འབེབས་པ་ལ་མཚུངས་པ་མེད་པས། །དེ་ལྟ་ན། སྐྱབས་སུ་འགྲོ་བས་རྣལ་འབྱོར་གྱི་གཞི་བསྒྲུབ་པ་ནི། མི་བཟད་འཁོར་བས་འཇིགས་པ་བདག་ནི་དེ་རིང་ཉིད་ནས་རྒྱལ་བ་རྣམས་ལ་སྐྱབས་སུ་ལྷག་པར་


LT28_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

མཆི། ཁྱོད་ཀྱི་ཞབས་ཀྱི་ཆུ་སྐྱེས་ངེས་པར་སྲིད་པའི་འཇིགས་འཕྲོག་དག་ལ་ལུས་ངག་སེམས་ནི་དག་པས་སོ། །སེམས་བསྐྱེད་པས་རྣལ་འབྱོར་ལམ་དུ་འགྱུར་བ་བྱ་སྟེ། །མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །གོ་འཕང་ཚེ་འདིར་འཐོབ་པར་འགྱུར། ཁམས་གསུམ་རྡུལ་བྲལ་བདེ་གཤེགས་སྙིང་པོའི་དབྱིངས། །རྒྱུ་རྒྱུད་དང་པོའི་སངས་རྒྱས་འགྱུར་མེད་ཉིད། །རང་སྣང་ཁུ་རྡུལ་ཁམས་ཀྱིས་རྙོགས་པ་ལས། །འཇིག་རྟེན་རྨོངས་པ་འཛག་བདེའི་བག་ཆགས་དེ། །སྦྱང་ཕྱིར་འགྱུར་མེད་བདེ་ཆེན་བསྒྲུབ་པར་བྱ། །གསོལ་བ་གདབ་པའི་རྟེན་བསྒྲུབ་པ་ནི། །དངོས་པོ་མེད་ལ་བསྒོམ་པ་མེད། །བསྒོམ་པ་སྒོམ་པ་ཉིད་མ་ཡིན། །དེ་ལྟར་


LT28_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །གློ་བུར་གྱི་དྲི་མའི་ཚོགས་སྟོང་ཉིད་ཡེ་ཤེས་རྡོ་རྗེས་སྦྱངས། འོད་གསལ་གཉུག་མའི་ལུས་སེམས་སྐད་ཅིག་གིས་དཔལ་དུས་ཀྱི་འཁོར་ལོ་ཤེས་རབ་མ་དང་བཅས་པའི་སྐུར་གྱུར་པའི་སྤྱི་གཙུག་ཏུ་སྙིང་པོའི་དཀྱིལ་འཁོར་ཕྱོགས་ཀུན་ཏུ་ཡེ་ཤེས་ཀྱི་འོད་ཟེར་མཐའ་ཡས་པ་འཕྲོ་བ། རང་གི་སེམས་ཉིད་ཀྱིས་སོ་སོར་སྣང་བ། གཞོམ་དུ་མེད་ཅིང་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པའི་དབུས་སུ་རྡོ་རྗེ་སེང་གེའི་ཁྲི་སྣ་ཚོགས་པདྨ་དང་། ཟླ་བ་ཉི་མ་སྒྲ་གཅན་བརྩེགས་པའི་གདན་ལྔ་ཚོམ་གྱི་དབུས་སུ། རྩ་བའི་བླ་མ་དང་དབྱེར་མེད་པའི་རིགས་ལྡན་སྨྲ་བའི་དབང་ཕྱུག་འཇམ་དཔལ་གྲགས་པ་གུར་གུམ་གཞོན་ནུའི་ལང་ཚོ་ཅན། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱས་ཨུཏྤལ་སྔོན་པོས་བཏེགས་པའི་རལ་གྲི་དང་གླེགས་བམ་འཛིན་པ། གཡས་ཀྱི་ཁྲི་ལ་འཇིག་རྟེན་དབང་ཕྱུག་པདྨ་དཀར་པོ་པུཎྜ་རཱི་ཀའི་མདངས་ཅན། ཕྱག་གཡས་མཆོག་སྦྱིན། གཡོན་ཐུགས་ཀར་མཐེབ་སྲིན་སྦྱར་བས་པད་དཀར་གྱི་སྡོང་བུ་བསྣམས་པ། རྒྱབ་ཏུ་གསང་བའི་བདག་པོ་ཟླ་བ་བཟང་པོ་ཨིནྡྲ་ནཱི་ལའི་ཁ་དོག་ཅན་རྡོ་རྗེ་དང་དྲིལ་བུ་འཛིན་པ། གཡོན་ཏུ་དགྱེས་པའི་ཡུམ་ལྷ་མོ་སྒྲོལ་མ་པ་ལཱ་ཤའི་མདངས་ལྡན་མཆོག་སྦྱིན་དང་སྐྱབས་སྦྱིན་གྱིས་ཨུཏྤལ་བསྣམས་པ། བཞི་ཀའང་སྒེག་པའི་རྒྱན་གྱིས་རྣམ་པར་སྤྲས་ཤིང་ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་


LT28_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་རྡོ་རྗེའི་གར་མཁན་ནོ། །མདུན་གྱི་ཁྲི་ལ་ཀུན་མཁྱེན་དུས་གསུམ་སངས་རྒྱས་དོལ་པོ་པ་རྡོ་རྗེའི་སྐུ་ཉམས་ཤིན་ཏུ་རྒྱས་པ། ཕྱག་གཉིས་ས་གནོན་གྱི་ཕྱག་རྒྱས་པད་དཀར་བསྣམས་ཤིང་ཞབས་རྒྱལ་པོ་རོལ་པའི་འདུག་སྟངས་ཅན། ན་བཟའ་ཆོས་གོས་རྣམ་གསུམ་གསོལ་ཞིང་སྤྱན་གྱི་ལྟ་སྟངས་བར་སྣང་ལ་ཧྲིག་གེར་གཟིགས་པ། ཐམས་ཅད་ཀྱང་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ལྷན་ཅིག་སྐྱེས་པའི་དགའ་བ་དང་། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དོན་དམ་པའི་བདེ་བ་ཟུང་དུ་འཇུག་པའི་ངོ་བོ། །མཚན་ཐོས་པ་ཙམ་གྱིས་འཁོར་བ་དང་ངན་འགྲོའི་སྡུག་བསྔལ་ལས་སྐྱོབ་པར་མཛད་པ། གཙོ་བོའི་ཐུགས་ཆོས་ཀྱི་འཁོར་ལོའི་དབུས་སུ་ཐུགས་རྡོ་རྗེ་ཡབ་ཡུམ། འདབ་མ་བརྒྱད་ལ་ནུས་མ་བརྒྱད། གཙུག་ཏོར་གྱི་རྩ་ལ་གཙོ་བོ་ཡབ་ཡུམ། འདབ་མ་བཞི་ལ་མཚན་མ་བཞི། དཔྲལ་བ་བདེ་ཆེན་འཁོར་ལོར་སྐུ་རྡོ་རྗེ་ཡབ་ཡུམ། འདབ་མ་བཅུ་དྲུག་ལ་གཤེགས་པ་དང་གཤེགས་མ་ལུས་བསམ་གྱིས་ཕྱེ་བ། མགྲིན་པ་ལོངས་སྤྱོད་འཁོར་ལོར་གསུང་རྡོ་རྗེ་ཡབ་ཡུམ། འདབ་མ་སོ་གཉིས་ལ་སེམས་དཔའ་སེམས་མ་ཁྲོ་བོ་བཞི་ལུས་བསམ་གྱིས་ཕྱེ་བ། ལྟེ་བ་སྤྲུལ་པའི་འཁོར་ལོར་ཡེ་ཤེས་རྡོ་རྗེ། ནང་སྐོར་གྱི་རྩ་འདབ་བརྒྱད་ལ་རྣལ་འབྱོར་མ་བརྒྱད། ཕྱི་སྐོར་འདབ་མ་དྲུག་ཅུ་རྩ་བཞིར་ལྷ་མོ་རེ་བཞི། ཚིགས་ཆེན་བཅུ་གཉིས་


LT28_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལྟེ་བར་ལྷ་ཆེན་བཅུ་གཉིས། རྩ་འདབ་སུམ་བརྒྱ་དྲུག་བཅུར་ཚེས་ཀྱི་ལྷ་མོ། །གསང་གནས་བདེ་སྤྱོད་འཁོར་ལོ་རྩ་འདབ་སོ་གཉིས་ལ་སྐུ་དཀྱིལ་གྱི་ཁྲོ་བོ་ཡབ་ཡུམ་གཟུངས་མ་བཅུ་གཉིས་བུམ་པ་དང་བཅས་པ། ཞབས་སོར་བཅུ་ཀླུ་བཅུ། ཕྱག་སོར་བཅུ་རབ་གཏུམ་མ། ས་ཉི་ཁྲི་ཆིག་སྟོང་གྲུབ་པ། ཕྱེད་དང་བཅས་པའི་བ་སྤུ་བྱེ་བ་ཕྲག་གསུམ་འབྱུང་པོ་རྣམས་ཏེ་སྣང་ལ་རང་བཞིན་མེད་པ། དབང་པོའི་གཞུ་དང་མེ་ལོང་གི་གཟུགས་བརྙན་དང་པྲ་ཕབ་བརྒྱད་དང་མཚུངས་པ། གཙོ་བོའི་དབུ་གཙུག་པད་ཟླའི་སྟེང་དུ་སྤྲུལ་པའི་སྐུ་ཤཱཀྱ། ཐུབ་པ། །དེའི་སྤྱི་བོར་པད་ཉི་ལ་ལོངས་སྐུ་དུས་ཀྱི་འཁོར་ལོ། །དེའི་སྤྱི་བོར་པད་ཉི་ལ་ཆོས་སྐུ་རྡོ་རྗེ་འཆང་། དེའི་སྤྱི་བོར་དམ་པ་དང་པོའི་སངས་རྒྱས། སྟེང་དང་འོག་གི་ཆ་མཐའ་བསྐོར་རྣམས་སུ་ཆོས་རྒྱལ་རིགས་ལྡན་བརྒྱུད་པའི་བླ་མ་ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་དཔག་ཏུ་མེད་པས་བསྐོར་བ། ཉི་མའི་ཤིང་རྟ་ལ་སོགས་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞིས་ཞལ་ལ་ལྟ་ཞིང་འཇིག་རྟེན་སྐྱོང་བ་རྣམས་དང་མི་བདག་གསེར་གྱི་ཐོད་ལྡན་དག་གིས་ཞབས་ལ་བཏུད་པ། ཐམས་ཅད་ཀྱང་ཡེ་ཤེས་སྒྱུ་མའི་རྣམ་རོལ་གང་འདུལ་གྱི་རོལ་མོར་འཆུར་ཞིང་ཆོས་ཀྱི་སྐུ་མཁའ་ཁྱབ་ཀྱི་ངོ་བོར་བཞུགས་པའི་གནས་བཞིར་ཟླ་བ་ཉི་མ་སྒྲ་གཅན་དུས་མེའི་གདན་ལ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ། དེ་དག་ཁ་སྦྱར་


LT28_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་རྡོ་རྗེ་ལྕགས་ཀྱུ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་སྤྲོས། ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་བཀུག་ནས་མཉམ་པ་ཉིད་དང་པོའི་སངས་རྒྱས་ཀྱི་རང་བཞིན་ཏུ་གྱུར། སྐྱེས་མཆོག་གཉིས་མེད་ཡེ་ཤེས་སྤྱན་ཅན་རྣམས། །ཆོས་ཀྱི་སྐུ་ལ་གཤེགས་འབྱོན་མི་མངའ་ཡང་། །གཟུགས་སྐུ་བརྩེ་བ་ཆེན་པོའི་རྣམ་འཕྲུལ་གྱིས། །འདིར་གཤེགས་ཐུགས་རྗེས་དགོངས་པར་མཛད་དུ་གསོལ། །གང་གིས་གང་ལ་དད་པའི་དམིགས་རྟེན་ཡོད། །དེ་ཡིས་དེ་ལ་འབྲེལ་བས་མི་འབྲལ་བ། །གཉིས་མེད་གསུང་པས་ཡང་ཡང་གསུངས་ལགས་ན། །སྙིང་པོའི་བར་དུ་འདུ་འབྲལ་མེད་པར་བཞུགས། །གཞི་ཡི་དུས་སུ་བདེ་གཤེགས་སྙིང་པོ་སྟེ། །ལམ་དུས་བྱང་ཆུབ་ཕྱོགས་ཀྱི་ཆོས་སུ་སྣང་། །འབྲས་བུ་སྐུ་དང་ཞིང་ཁམས་ཐམས་ཅད་པར། །སྟོན་མཛད་བླ་མ་འཇམ་པའི་དཔལ་ལ་འདུད། །ཚོགས་བསགས་པའི་རིམ་པ་ནི། ཁྱོད་ནི་མ་དང་ཁྱོད་ནི་ཕ་སྟེ་ཁྱོད་ནི་འགྲོ་བའི་བླ་མ་ཁྱོད་ནི་གཉེན་དང་གྲོགས་བཟང་ཡང་། །ཁྱོད་ནི་མགོན་པོ་ཁྱོད་ནི་བྱེད་པོ་ཕན་དང་སྡིག་འཕྲོགས་ཁྱོད་ནི་གོ་འཕང་ཕུན་སུམ་ཚོགས་པ་ཡང་། །ཁྱོད་ནི་འབའ་ཞིག་གནས་དང་ཁྱོད་ནི་ཡོན་ཏན་མཆོག་གི་གནས་ཏེ་སྐྱོན་རྣམས་བཅོམ་པ་ཁྱོད་ཉིད་དོ། །ཁྱོད་ནི་དམན་པ་རྣམས་ཀྱི་མགོན་དང་ཡིད་བཞིན་ནོར་བུ་རྒྱལ་བའི་དབང་པོ་ཁྱོད་ལ་བདག་སྐྱབས་མཆི། །རྣམ་པར་བཅས་ཀྱང་རྣམ་མེད་བཅོམ་ལྡན་


LT28_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

འདས་མ་ཤེས་རབ་མ་སྟེ་དེ་ཡིས་འཁྱུད། །སྐྱེ་འཇིག་སྤངས་པའི་འགྱུར་མེད་བདེ་བ་དང་ལྡན་བཞད་པ་ལ་སོགས་བདེ་བ་སྤངས། །སངས་རྒྱས་རྣམས་ཀྱི་སྐྱེད་མཛད་སྐུ་གསུམ་དག་དང་ལྡན་ཞིང་དུས་གསུམ་ཡང་དག་རིག །ཀུན་མཁྱེན་མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་གཉིས་མེད་དེ་ཉིད་ལ་ཕྱག་འཚལ། །སངས་རྒྱས་སེང་གེའི་ཁྲིར་བཞུགས་རྡོ་རྗེའི་རྣལ་འབྱོར་རྣམ་པར་དག་པ་སྲིད་པ་གསུམ་གྱིས་མཆོད། །དེ་ཉིད་གཅིག་པུ་སྐུའི་རབ་ཏུ་དབྱེ་བས་རྣམ་པ་བཅུ་དྲུག་སྲིད་མེད་སྲིད་པར་གནས། །ཤེས་དང་ཤེས་བྱ་གཅིག་གྱུར་རྒྱལ་བ་མཆོག་གི་དམ་ཚིག་ཡན་ལག་རྣམ་པ་བཅུ་གཉིས་ཀྱི། །བདེན་དོན་བྱང་ཆུབ་སེམས་ནི་རྒྱལ་བའི་རྡོ་རྗེའི་ཚིག་གྱུར་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། ཀུན་མཁྱེན་ཡེ་ཤེས་སྐུ་ནི་རྒྱལ་བའི་བདག་པོའི་ལྷན་ཅིག་སྐྱེས་དང་དེ་བཞིན་ཆོས་ཀྱི་སྐུ། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ་ནི་ཉིན་བྱེད་སྐུ་དང་པདྨ་འདབ་མ་རྒྱས་པའི་སྤྱན། །རྣམ་པར་ཐར་དང་སྐུ་གསུང་ཐུགས་ཆགས་སྲིད་འདས་འབྱོར་པ་རྣལ་འབྱོར་དག་པ་ཤེས་རབ་དང་། །ཐབས་ནི་གཉིས་མེད་གང་ཞིག་ལྷ་མི་ལྷ་མིན་གྱིས་བསྟོད་དང་པོའི་སངས་རྒྱས་དེ་ལ་འདུད། །ཞབས་གཅིག་རྡོ་རྗེ་ནོར་བུར་རྡུལ་དང་ཉི་མ་དང་། །གཉིས་པ་གཙུག་ཏོར་ཁུ་བ་རི་བོང་ཅན་ལ་ནི། །རྟག་ཏུ་མི་ཆོད་དབྱེར་མེད་འདོད་པར་བཀོད་གྱུར་པ། །འཇིག་རྟེན་གསུམ་གྱིས་མཆོད་པའི་གཙོ་འཁོར་ལ་ཕྱག་འཚལ། །བདེ་


LT28_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སྙིང་པོའི་ས་གཞི་ལེགས་བསྟར་བར། །བྱང་ཆུབ་སེམས་གཉིས་དྲི་མེད་ཡོན་ཆབ་གཏམས། །དཀར་པོ་དགེ་བཅུའི་མེ་ཏོག་སིལ་མར་བཀྲམ། །སྡོམ་གསུམ་རྣམ་དག་སྤོས་སྤྲིན་གཏིབས་པས་མཆོད། །སྤྱན་དང་མངོན་ཤེས་རིན་ཆེན་སྒྲོན་མེ་འབར། །ཚངས་པའི་གནས་བཞིའི་དྲི་མཆོག་ཀུན་ནས་འཁྱིལ། །སྙོམས་འཇུག་རྣམ་དགུའི་ཞལ་ཟས་རོ་བརྒྱ་སྤུངས། །འཆད་རྩོད་རྩོམ་པའི་སིལ་སྙན་སྒྲོགས་པས་མཆོད། །ཐར་པའི་རིམ་གཉིས་འབྱུང་བཞིའི་དཀྱིལ་འཁོར་ཏེ། །བྱང་ཕྱོགས་སོ་བདུན་རི་གླིང་བཀོད་པ་མཛེས། །སྟོང་ཉིད་སྙིང་རྗེའི་ཉི་ཟླ་སྒྲིབ་མེད་གསལ། །ཚོགས་གཉིས་མུ་ཁྱུད་ཀུན་ནས་བསྐོར་བས་མཆོད། །ཚེ་སོགས་དབང་བཅུའི་རིན་ཆེན་གཏེར་ཁ་ཕྱེ། །ལམ་ལྔ་ས་བཅུའི་མ་རྨོས་ལོ་ཏོག་རྒྱས། །ཕ་རོལ་ཕྱིན་བཅུ་དཔག་བསམ་ལྗོན་བཟང་འཁྲིགས། །བསྡུ་དངོས་བཞི་ཡི་འདོད་འཇོའི་བ་མོས་མཆོད། །གཟུངས་སྤོབས་མཚན་དཔེའི་ལྷབ་ལྷུབ་གོས་རྒྱན་དབྱངས། །ཟག་མེད་ཕུང་པོའི་འདོད་ཡོན་སྣ་ལྔ་བཀྲམ། །འཕགས་ནོར་བདུན་གྱི་རྒྱལ་སྲིད་རིན་ཆེན་བཀོད། །རྣམ་ཐར་བཀྲ་ཤིས་རྫས་མཆོག་བརྒྱད་ཀྱིས་མཆོད། །སྐུ་བཞིའི་ཏོག་ལྡན་སྟོབས་བཅུའི་རྒྱལ་མཚན་བསྒྲེངས། །མི་འཇིགས་བཞི་ཡི་རིན་ཆེན་གདུགས་དཀར་འཁྱིལ། །མ་འདྲེས་བཅོ་བརྒྱད་སྣ་ཚོགས་བ་དན་ཕྱར། །ཟད་པར་ཟིལ་


LT28_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གནོན་རྔ་ཡབ་གཡོ་བས་མཆོད། །རིམ་གཉིས་སྨིན་གྲོལ་ལང་ཚོས་རབ་བརྗིད་པ། །དགའ་བ་བཅུ་དྲུག་དཔའ་བོས་གར་བྱེད་ཅིང་། །བདེ་སྟོང་རྣམ་འགྱུར་བྱེ་བའི་དཔལ་འབར་བའི། །སྟོང་ཉིད་བཅུ་དྲུག་རིག་མ་མཛེས་པས་མཆོད། །གྲུབ་ཆེན་བརྒྱད་ཀྱི་རྒྱན་གྱིས་རབ་བརྒྱན་ཅིང་། །དབང་ཕྱུག་བརྒྱད་ཀྱི་དཔལ་ལ་དབང་འབྱོར་པ། །ཕྲིན་ལས་རྣམ་བཞིའི་འཁོར་གྱིས་རབ་བསྐོར་བའི། །མཆོག་གི་དངོས་གྲུབ་འཁོར་ལོས་སྒྱུར་བས་མཆོད། །ཀུནྡ་རབ་ཏུ་ཁྱབ་བྱེད་དྲི་བཟང་དང་། །རྣམ་དག་ཉི་མས་དག་བྱེད་མེ་ཏོག་ཕྲེང་། །གཏུམ་མོ་འབར་བས་ཀུན་རྟོག་བསྲེགས་པའི་སྤོས། །སྙིང་ནང་གཞོམ་མེད་འབར་བའི་སྣང་གསལ་ཚོགས། །འདོད་ཡོན་གཞན་མཆོག་བདུད་རྩི་ཞལ་ཟས་ལྔ། །ཐིག་ལེ་ནོར་བུར་བཅིངས་པའི་མ་ཉམས་འབྲུ། །མ་དག་གནས་འགྱུར་ཡེ་ཤེས་སྒེག་མོའི་ལུས། །ལས་རླུང་དྷཱུ་ཏིར་ཐིམ་པ་བཞད་སྒྲའི་དབྱངས། །གཞོམ་མེད་ནཱ་དའི་རོལ་མོ་སིལ་སྙན་མཆོག །རྣམ་གསུམ་ཕྱག་རྒྱའི་རོལ་པ་བདེ་བའི་གར། །སྒྲ་དབྱངས་རྒྱ་མཚོ་ཆོས་ཉིད་རྡོ་རྗེའི་གླུ། །མི་འགྱུར་བདེ་སྒྲུབ་ཕྱག་ཆེན་འདོད་པ་མོ། །དོན་དམ་དབྱིངས་ཀྱི་ལྷ་ཚོགས་རྣམས་ལ་འབུལ། །གཞན་ཡང་ཐེག་གསུམ་གཞི་ལམ་འབྲས་བུ་ཡི། །སྤངས་རྟོགས་ཡོན་ཏན་ཇི་སྙེད་དེ་དག་ཀུན། །དད་འདུན་བློ་ཡིས་བླངས་ཤིང་སྤྲུལ་བྱས་ནས། །ཆོས་ཀྱི་རྒྱལ་པོ་སྲས་དང་བཅས་པ་མཆོད། །སྲིད་འགྲོ་ཉམ་ངར་


LT28_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མངའ་བའི་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འཕགས་པའི་ཚོགས་ཀྱིས་རྣམ་མང་དགེ་བ་གང་མཛད་པ། །དེ་དག་མཐའ་དག་ལ་ནི་སྡིག་པ་རྣམ་བྲལ་བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་པས་རྗེས་ཡི་རང་། །སངས་རྒྱས་ཆོས་དང་དགེ་འདུན་སྲིད་པའི་འཇིགས་འཕྲོག་ལ་ཡང་བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་ལུས་འབུལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་མྱ་ངན་མི་འདའ་ཡུན་རིང་བཞུགས་པར་གསོལ་བ་འདེབས། །རྫོགས་སངས་རྒྱས་སུ་བདག་གྱུར་ཅིག་ཅེས་འདིར་ནི་སྨོན་ལམ་སེམས་ཅན་དོན་གྱི་སླད་དུ་བདག་བགྱིད་དོ། །དེ་ནས་ལམ་རྒྱུད་ལ་བསྟེན་ཏེ། །བྱང་ཆུབ་མཆོག་གི་སེམས་དང་ནི། །ལྷག་བསམ་རྣམ་པར་དག་པ་དང་། །བདག་དང་བདག་གིར་འཛིན་སྤངས་པའི། །རྩ་བ་བསྟེན་བགྱི་ཚོགས་གསུམ་ཕྱིར། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཐབས་དང་ནི། །སྨོན་ལམ་སྟོབས་དང་ཡེ་ཤེས་ཀྱི། །ཕ་རོལ་བྱིན་བཅུ་རྫོགས་པར་བགྱི། །བྱམས་དང་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་རྣམས་ལ་གནས་བགྱི་ཞིང་། །སྦྱིན་དང་སྙན་པར་སྨྲ་བ་དང་། །དོན་སྤྱོད་པ་དང་དོན་མཐུན་སྤྱད། །འགྱོད་དང་གཉིད་རྨུགས་རྒོད་དང་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་པོ་ཡོངས་སུ་


LT28_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བགྱི་ཞིང་། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་གྱི། །ཉོན་མོངས་བཞི་རྣམས་བདག་གིས་ཀུན་ཏུ་སྤང་། །འདོད་དང་སྲེད་པ་མ་རིག་ལྟ་བ་ཡི། །ཟག་པ་བཞི་ཡང་ཡོངས་སུ་སྤང་བགྱིའོ། །སྲིད་པའི་འཇིགས་པ་འཇོམས་མཛད་པའི། །བརྟུལ་ཞུགས་ཉི་ཤུ་རྩ་ལྔ་པོ། །སྣ་ཚོགས་གཙོ་བོའི་གསུང་ཇི་བཞིན། །བདག་གིས་བརྟན་པོར་གཟུང་བར་བགྱི། །དུས་འདི་ནས་ནི་བཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་དང་ནི་བྱང་ཆུབ་སེམས། །དཔལ་ལྡན་བླ་མ་ཁྱེད་སྤངས་ནས། །བླ་མ་གཞན་དག་རྨི་ལམ་དུའང་། །སྲོག་དོར་ནས་ནི་བསྟེན་མི་བྱ། །གཞན་ཡང་དེ་བཞིན་དུས་ཀུན་ཏུ། །གཡོ་སྒྱུ་མེད་པར་ནུས་ཚད་ཀྱིས། །ལུས་ངག་སེམས་དང་གསུམ་པོ་ནི། །གཙོ་བོའི་སྤྱན་སྔར་དབུལ་བར་བགྱི། །འདིར་ནག་ཟླའི་ཉས་མཚོན་བའི་དུས་ཆེན་ལྟ་བུར། །ཆོས་རྗེ་ཀུན་མཁྱེན་ཆེན་པོས་མཛད་པའི་དུས་འཁོར་བསྟོད་ཆེན། །སྦྱོར་དྲུག་བརྒྱུད་འདེབས། ཇོ་ནང་རིགས་ལྡན་སྤྲུལ་པའི་སྐུ་ཡབ་སྲས་རྣམས་ཀྱི་གསོལ་འདེབས་རྒྱས་བསྡུས་དང་། ཁོ་བོས་བྱས་པའི་བརྒྱུད་འདེབས་རྡོ་རྗེ་འབེབས་པ་སོགས་ཅི་ནུས་བྱ། །རྒྱུན་ཁྱེར་ལྟ་བུར། ཁྱབ་བདག་དང་པོའི་སངས་རྒྱས་རྡོ་རྗེ་འཆང་། །དུས་ཀྱི་འཁོར་ལོ་ཤཱཀྱའི་སྐྱེས་མཆོག་དང་། །ཆོས་རྒྱལ་རིགས་ལྡན་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རབ་འབྱམས་རྒྱལ་བ་ཡོངས་ཀྱི་སྐུ་རྡོ་རྗེ། །ཕྲེང་འཛིན་སྦྱོར་བས་བསྡུས་པའི་རྒྱུད་སྟོན་པ། །རྡོ་རྗེའི་རིགས་ལྡན་འཇམ་དཔལ་གྲགས་


LT28_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རབ་འབྱམས་རྒྱལ་བ་ཡོངས་ཀྱི་གསུང་རྡོ་རྗེ། །འཁྲུལ་མེད་རྡོ་རྗེའི་ཚིག་གི་ངེས་གསང་འགྲེལ། །སྙིང་རྗེའི་དབང་ཕྱུག་པདྨ་དཀར་པོ་ལ། །གསོལ་བ་འདེབས་སོ༴། རབ་འབྱམས་རྒྱལ་བ་ཡོངས་ཀྱི་ཐུགས་རྡོ་རྗེ། །རྩ་བའི་རྒྱུད་ཆེན་ཞུ་ཞིང་སྡུད་མཛད་པ། །གསང་བདག་རྡོ་རྗེ་ཟླ་བའི་འོད་བཟང་པོར། །གསོལ་བ༴ །རྒྱལ་བ་ཀུན་གྱི་ཡེ་ཤེས་རྡོ་རྗེའི་དངོས། །བདེན་གཉིས་གཤགས་འབྱེད་ཆོས་འཁོར་བཞི་པ་བསྐོར། །འཇིག་རྟེན་མགོན་པོ་ཀུན་མཁྱེན་ཆོས་རྗེ་ལ། །གསོལ་བ༴ །རབ་འབྱམས་རྒྱལ་བ་མ་ལུས་སྐྱེད་བའི་ཡུམ། །དཀྱིལ་འཁོར་དབང་ཕྱུག་ཀུན་གྱི་འདྲེན་པ་མོ། །འཇིགས་པ་ཀུན་སྐྱོབ་ལྷ་མོ་སྒྲོལ་མ་ལ། །གསོལ་བ༴ །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ལྷ་ཚོགས་དང་། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཕྱི་ནང་གཞན། །གཉིས་མེད་ཡེ་ཤེས་ཕྱག་རྒྱར་གྲུབརྣམས་ལ། །གསོལ་བ༴ །གཞི་རྒྱུད་བདེ་གཤེགས་སྙིང་པོའི་རིགས་སད་ནས། །ལམ་རྒྱུད་རྡོ་རྗེའི་རྣལ་འབྱོར་མཐར་ཕྱིན་ཏེ། །འབྲས་རྒྱུད་གཉིས་སུ་མེད་པའི་ཡེ་ཤེས་སྐུ། །ཚེ་འདིར་བདེ་བླག་འགྲུབ་པར་བྱིན་གྱིས་རློབས། །ཕུར་ཚུགས་གསོལ་འདེབས་གྲངས་གསོག་པར་སྤྲོན་སྦྱོར་དྲུག་སྔོན་འགྲོ་ལྟར་བྱས་ལ། །ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །ཡིད་རྣམ་རྟོག་འགྱུ་བ་སོ་སོར་བཅད། །ཉམས་འོད་གསལ་རྟགས་བཅུ་མངོན་གྱུར་ནས། །ལམ་སོར་སྡུད་འབྱང་


LT28_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱིན་གྱིས་རློབས། །ཕ་དྲིན་ཅན་བླ་མ་ལ་གསོལ་བ་འདེབས། །རིགས་ལྡན་ཡབ་སྲས་རྣམས་ཀྱི་བྱིན་གྱིས་རློབས། །ལྷ་བདེ་གཤེགས༴ །ཡིད་རླུང་སེམས་ངག་རྣམས་མི་གཡོ་ཞིང་། །ཉམས་ཤེས་རབ་རྟོག་དཔྱོད་དགའ་བདེ་འཕེལ། །ལམ་བསམ་གཏན་འབྱང་༴ །ཕ་དྲིན་ཅན༴ །རིགས་ལྡན༴ །ལྷ་བདེ༴ །རྩ་རོ་རྐྱང་རླུང་བཅུ་དབུ་མར་ཆུད། །ཉམས་གཏུམ་མེ་འབར་བས་ཧཾ་ཡི་གཞུ། །ལམ་སྲོག་རྩོལ་འབྱང་༴ །ཕ་དྲིན༴ །རིགས་ལྡན༴ །ལྷ་བདེ༴ །ཁམས་འཛག་མེད་ཐིག་ལེ་དཔྲལ་བར་བརྟན། །ཉམས་ཞུ་བདེ་འགྱུར་མེད་རྒྱུད་ལ་སྐྱེས། །ལམ་འཛིན་པ་འབྱང་༴ །ཕ་དྲིན༴ །རིགས་ལྡན༴ །ལྷ་བདེ༴ །ལུས་རྩ་འདབ་བདེ་ཆེན་ཐིག་ལེས་གང་། །ཉམས་ཕྱག་རྒྱ་གསུམ་ལ་མངའ་བརྙེས་པ། །ལམ་རྗེས་དྲན་འབྱང་༴ ཕ་དྲིན༴ །རིགས་ལྡན༴ །ལྷ་བདེ༴ །རྩ་འཁོར་ལོ་དྲུག་པོ་བདེ་བས་གང་། །ཉམས་སྤྲོས་པ་མེད་ལ་དབང་འབྱོར་བའི། །ལམ་ཏིང་འཛིན་འབྱང་༴ །ཕ་དྲིན༴ །རིགས་ལྡན༴ །ལྷ་བདེ་གཤེགས༴ །ལུས་བྱེད་བཅིང་གནད་དང་མ་བྲལ་ཞིང་། །ཆོས་མ་ནོར་མན་ངག་ཟབ་མོ་ཡིས། །ལམ་སྦྱོར་དྲུག་འབྱང་༴ །ཕ་དྲིན་ཅན་བླ་མ༴ །རིགས་ལྡན་ཡབ་སྲས༴ །དེ་ནས་དབང་བཞི་ལེན་པ་ནི། །དེ་ལྟར་གསོལ་བ་བཏབ་པས་འཁོར་གྱི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་འོད་དུ་ཞུ་ནས་གཙོ་བོ་ལ་ཐིམ། །གཙོ་བོ་འཇམ་པའི་རྡོ་རྗེ་གྲགས་པ་མིའི་དབང་པོའི་ལུས་དཀྱིལ་གྱི་གནས་བཞིར་ཡི་གེ་བཞི་དང་། །


LT28_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་གསལ་བ། །བདག་ལ་དགྱེས་པའི་ཐུགས་ཀྱིས་རྩེ་གཅིག་ཏུ་དགོངས་ཤིང་བྱིན་གྱིས་རློབ་པར་གྱུར། །ཨོཾ་ཨཱཿཧཱུྃ་ཧོཿ དཔལ་ལྡན་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ། །བདག་དང་སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །སྤྱི་བོའི་འཁོར་ལོ་ལུས་ཀྱི་ཐིག་ལེ་ལ། །རྟག་ཏུ་བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །བུམ་པའི་དབང་གིས་མངོན་པར་དབང་བསྐུར་ཏེ། །ལུས་ཀྱི་ལོངས་སྤྱོད་ཀུན་ལ་མེ་ལྟོས་པར། །བསྙེན་པའི་ཡན་ལག་དབྱིབས་ཀྱི་རྣལ་འབྱོར་དང་། །འདུ་མི་བྱེད་པའི་རྣམ་པར་ཐར་པ་ཡིས། །སད་པའི་གནས་སྐབས་ལུས་ཀྱི་སྒྲིབ་བྲལ་ནས། །དགའ་བའི་དགའ་བ་སྐུ་ཡི་རྡོ་རྗེ་འཛིན། །དྲི་བྲལ་འབྲས་བུ་པད་འདབ་ཡངས་པའི་སྤྱན། །སྒྱུ་འཕྲུལ་དྲྭ་བས་མངོན་པར་བྱང་ཆུབ་སྟེ། །སྣ་ཚོགས་གཟུགས་བརྙན་ངེས་པ་མེད་པའི་དབྱིབས། །རྣམ་པ་ཀུན་ཏུ་རྫུ་འཕྲུལ་བགྲོད་པ་ཅན། །གང་ལ་གང་འདུལ་ཅིར་ཡང་སྤྲུལ་པའི་སྐུ། །དམ་ཚིག་སེམས་དཔར་དེང་བདག་གྲུབ་པར་མཛོད། །དཔལ་ལྡན་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ། །བདག་དང་སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །མགྲིན་པའི་འཁོར་ལོ་ངག་གི་ཐིག་ལེ་ལ། །རྟག་ཏུ་བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །གསང་བའི་དབང་གིས་མངོན་པར་དབང་བསྐུར་ཏེ། །ངག་གི་ལོངས་སྤྱོད་ཀུན་ལ་ལྟོས་མེད་པར། །ཉེ་བར་སྒྲུབ་པ་སྔགས་ཀྱི་རྣལ་འབྱོར་དང་། །སྨོན་པ་མེད་པའི་རྣམ་པར་ཐར་པ་ཡིས། །


LT28_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་གནས་སྐབས་ངག་གི་སྒྲིབ་བྲལ་ནས། །མཆོག་དགའི་དགའ་བ་གསུང་གི་རྡོ་རྗེ་འཛིན། །སྐྱེས་བུ་བྱེད་འབྲས་ཉིན་མོར་བྱེད་པའི་སྐུ། །རྣམ་པ་ཉི་ཤུས་མངོན་པར་བྱང་ཆུབ་སྟེ། །གཞོམ་དུ་མེད་པའི་རང་སྦྲ་མི་ཟད་དབྱངས། །ཐམས་ཅད་སྐད་ཀྱིས་ཇི་ལྟར་མོས་བཞིན་ཏུ། །ཐེག་པ་ཀུན་སྟོན་ལོངས་སྤྱོད་རྫོགས་པའི་སྐུ། །སེམས་དཔའ་ཆེན་པོར་དེང་བདག་གྲུབ་པར་མཛོད། །དཔལ་ལྡན་བླ་མ་འོད་གསལ་ཆོས་ཀྱི་སྐུ། །བདག་དང་སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །སྙིང་གའི་འཁོར་ལོ་ཡིད་ཀྱི་ཐིག་ལེ་ལ། །རྟག་ཏུ་བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །གསུམ་པའི་དབང་གིས་མངོན་པར་དབང་བསྐུར་ཏེ། །ཡིད་ཀྱི་ལོངས་སྤྱོད་ཀུན་ལ་མི་ལྟོས་པར། །སྒྲུབ་པའི་ཡན་ལག་ཆོས་ཀྱི་རྣལ་འབྱོར་དང་། །མཚན་མ་མེད་པའི་རྣམ་པར་ཐར་པ་ཡིས། །གཉིད་མཐུག་གནས་སྐབས་ཡིད་ཀྱི་སྒྲིབ་བྲལ་ནས། །ཁྱད་པར་དགའ་བ་ཐུགས་ཀྱི་རྡོ་རྗེ་འཛིན། །རྣམ་སྨིན་འབྲས་བུ་ཡེ་ཤེས་ཆེན་པོའི་སྐུ། །རྣམ་པ་ལྔ་ཡིས་མངོན་པར་བྱང་ཆུབ་སྟེ། །སེམས་ཀྱི་རང་བཞིན་གདོད་ནས་འོད་གསལ་ཆེ། །མཁའ་དབྱིངས་ཀུན་ཁྱབ་གཏི་མུག་ཆེན་པོའི་བདག །རྣམ་པར་མི་རྟོག་སྤྲོས་བྲལ་ཆོས་ཀྱི་སྐུ། །བྱང་ཆུབ་སེམས་དཔར་དེང་བདག་གྲུབ་པར་མཛོད། །དཔལ་ལྡན་བླ་མ་ལྷན་ཅིག་སྐྱེས་པའི་སྐུ། །བདག་དང་སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །ལྟེ་བའི་འཁོར་ལོ་ཡེ་ཤེས་ཐིག་ལེ་ལ། །རྟག་ཏུ་


LT28_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །བཞི་པའི་དབང་གིས་མངོན་པར་དབང་བསྐུར་ཏེ། །འཕོ་བའི་ལོངས་སྤྱོད་ཀུན་ལ་མི་ལྟོས་པར། །སྒྲུབ་པ་ཆེན་པོ་དག་པའི་རྣལ་འབྱོར་དང་། །སྟོང་པ་ཉིད་ཀྱི་རྣམ་པར་ཐར་པ་ཡིས། །ཆགས་པའི་གནས་སྐབས་ཡེ་ཤེས་སྒྲིབ་བྲལ་ནས། །ལྷན་ཅིག་སྐྱེས་དགའི་ཡེ་ཤེས་རྡོ་རྗེ་འཛིན། །རྒྱུ་མཐར་འབྲས་བུ་ཐམས་ཅད་མཁྱེན་པའི་སྐུ། །སྐད་ཅིག་གཅིག་གིས་མངོན་པར་བྱང་ཆུབ་སྟེ། །འགྱུར་བ་མེད་པ་མཆོག་གི་བདེ་བ་ཆེ། །སྣང་སྲིད་ཀུན་ཁྱབ་འདོད་ཆགས་ཆེན་པོའི་བདག །ལྷན་ཅིག་སྐྱེས་པའི་ཡེ་ཤེས་དག་པའི་སྐུ། །རྡོ་རྗེ་སེམས་དཔར་དེང་བདག་གྲུབ་པར་མཛོད། །ཅེས་བརྗོད་ཅིང་ཕྱི་བྱིས་པ་འཇུག་པ་སོགས་དང་། །ནང་ཡིག་འབྲུ་སྤྲོ་བ། །གསང་བ་ཟབ་མོའི་རིམ་པ། ཡང་གསང་དགའ་བཞིའི་གར་མཁན། །དེ་ཁོ་ན་ཉིད་ལ་བརྟེན་པ་སོགས་ལམ་དུས་ཀྱི་དབང་བློ་ནུས་དང་འཚམས་པར་བླངས་ནས། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨའི་ཟེའུ་འབྲུ་ལ། །འབྲལ་བ་མེད་པར་རྟག་པར་བཞུགས་ནས་ཀྱང་། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། གསོལ་བ་བཏབ་པས་བླ་མ་འཇམ་པའི་རྡོ་རྗེ་འོད་དུ་ཞུ། །རང་གི་སྤྱི་བོ་ནས་སྙིང་གར་ཞུགས། །བླ་མའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་དང་རང་གི་སྒོ་གསུམ་དབྱེར་མི་ཕྱེད་པར་གྱུར་པར་མོས་ལ་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་བཞག །མཐར་རྣལ་འབྱོར་སྤྱད་པའི་དགེ་རྩ་སྤེལ་བ་ནི། །བསོད་


LT28_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་འདི་ཡིས་འགྲོ་རྣམས་དུ་བ་ལ་སོགས་ལམ་གྱི་ལྷན་སྐྱེས་བདེ་བ་མཆོག་སྒོམ་སྟེ། །འགྲོ་བའི་བླ་མ་སུམ་ཅུ་རྩ་གཉིས་མཚན་ལྡན་སྐུ་འདི་ཆོས་ཀྱི་འཁོར་ལོར་ཡང་དག་གནས། །ལྷ་རྣམས་མགོ་ཡི་གཙུག་གི་ནོར་བུའི་འོད་ཟེར་ཚོགས་ཀྱིས་ཞབས་ཀྱི་པདྨ་ལ་གཏུགས་ཤིང་། །དམ་པའི་ལམ་སྟོན་ཉིན་བྱེད་བཞིན་ཏུ་མུན་པ་ཀུན་འཇོམས་དུས་ཀྱི་འཁོར་ལོ་ཉིད་གྱུར་ཅིག །གང་ཚེ་བལྟ་བར་སོགས། ཕྱོགས་བཅུ་ནམ་མཁའི་སོགས། དགེ་བ་འདི་ཡིས་མྱུར་དུ་བདག །ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་སོགས་བྱའོ། །རྒྱལ་བས་ལུང་བསྟན་སྨྲ་བའི་རྒྱལ། །རྡོ་རྗེའི་རིགས་ལྡན་འཇམ་དཔལ་ལ། །བརྟེན་ནས་རིགས་གསུམ་དཀྱིལ་འཁོར་པའི། །བྱིན་རླབས་ཆུ་བོ་འབེབས་པའི་ཐབས། །ཉམས་སུ་གང་བླངས་སྐྱེ་བོ་ཀུན། །རིགས་གསུམ་མགོན་དང་སྐལ་མཉམ་སྟེ། །རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད། །འགྱུར་མེད་བདེ་དང་ཟུང་འཇུག་ཤོག །ཅེས་པ་འདིའང་རང་སློབ་ངེས་གསང་ལ་མི་འཇིགས་པའི་བཟོད་པ་ཅན་སྤང་ཕུག་བླ་མ་ཀརྨ་ངེས་དོན་ནས་ཆེད་དུ་བསྐུལ་ངོར་བརྗོད་ན་བྱིན་རླབས་འཇུག་པའི་རྡོ་རྗེའི་གསུང་རྣམས་གོ་བསྒྲིགས། །ཆོས་རྗེ་རིགས་ལྡན་ཀུན་མཁྱེན་ཆེན་པོ་ཡབ་སྲས་ཀྱི་མན་ངག་གིས་བརྒྱན་ཏེ། །དུས་ཀྱི་འཁོར་ལོ་ལ་མོས་པའི་ངེས་པ་གཏིང་ཚུགས་རྙེད་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་ནག་པ་ཟླ་བའི་དུས་ཆེན་ལ་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ། གལ་ཏེ་རྒྱུན་ཁྱེར་ལྟ་བུར་བསྡུ་བར་འདོད་ན་སྐྱབས་སེམས་ནས། །སྡུག་བསྔལ་ལས་སྐྱོབ་པར་མཛད་པའོ། །སྐྱེས་མཆོག་གཉིས་མེད་ནས། །རྒྱལ་བའི་དབང་པོ་ཁྱོད་ལ་བདག་སྐྱབས་མཆི། །ཀུནྡ་རབ་ཏུ་ཁྱབ་བྱེད་ནས། སེམས་ཅན་དོན་གྱི་སླད་དུ་བདག་བགྱིད་དོ། །ཁྱབ་བདག་དང་


LT28_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ནས། །བྱིན་གྱིས་རློབ་པར་གྱུར། དབང་ལེན་པའི་དམིགས་པ་དང་བཅས་འབྲུ་བཞི་བརྗོད། དཔལ་ལྡན་རྩ་བའི་བླ་མ་སོགས་བརྗོད་ལ་མཐར་དབྱུང་ངོ་།། ༈ །།རིག་འཛིན་ཆེན་པོ་བི་མ་ལ་མི་ཏྲའི་བླ་མའི་རྣལ་འབྱོར་ཕྱི་ནང་གསང་བ་སྒྲོན་མ་འཕྲུལ་འབྱེད་ཅེས་བྱ་བ་བཞུགས་སོ། །པ་ཆེན་ལྔ་བརྒྱའི་དབུས་ན་མཁས་པའི་མཆོག །གཞོན་ནུ་བུམ་པར་གཤེགས་ཀྱང་འཕོ་ཆེན་སྐུས། །བསྐལ་པ་མ་སྟོང་བར་དུ་འགྲོ་དོན་མཛད། །ཕྱག་རྒྱ་རྒྱ་ཆེན་ཞབས་ལ་སྤྱི་བོས་འདུད། །འབྲེལ་བས་བོད་ལ་གཟིགས་པ་འཇུགས་གསོལ་བཏབ་ཨ་ཏིའི་རྟོགས་པ་སྐྱེད། །རྒྱལ་བ་ཀུན་དངོས་སྤྲུལ་པའི་སྐུའི། །རྣལ་འབྱོར་སྙིང་ཏིག་ལུང་བཞིན་བཀོད། །འདི་ལ་གསུམ། ཕྱི་ནང་གསང་བའི་གསོལ་བ་གདབ་ཅིང་བསྒྲུབ་པའོ། །དང་པོ་ནི། སྐུ་བརྙན་གྱི་སྤྱན་སྔར་མཎྜལ་དང་མཆོད་བཤམ་འབྱོར་ན་ལེགས། མ་འབྱོར་ན་ཡིད་ཀྱིས་དམིགས་པས་ཁྱབ་ཅིང་རྫས་མཆོག་དཀར་པོ་གཅིག་ཐུབ་ཉིད་འདིར་མེད་དུ་མི་རུང་སྟེ། གང་ཞེ་ན། རྩེ་གཅིག་པའི་དད་མོས་སོ། །དེ་ལ་ཐུན་མོང་མ་ཡིན་པའི་སྐྱབས་སེམས་ནི། །རླུང་ལྔ་རྣམ་དག་དྭངས་མའི་རླུང་། །ཉོན་མོངས་རྣམ་དག་ཡེ་ཤེས་ལྔ། །སྐུ་གསུམ་མཛད་པ་མཐར་ཕྱིན་པའི། །དཀོན་མཆོག་གསུམ་ལ་རྟོགས་པས་འདུད། ཨེ་མ་ཧོཿ མ་རིག་འཇིག་རྟེན་མུན་པའི་ཀློང་། །རང་གི་ཐབས་ཤེས་སྒྲོན་མེ་ཡིས། །རང་ལ་གནས་པའི་ཡེ་ཤེས་དེ། །བླ་མའི་དྲིན་གྱིས་རྟོགས་པར་བྱའོ། །དངོས་གཞི་ནི། རང་གི་སྤྱི་བོར་པདྨ་དཀར་པོ་དང་ཉི་ཟླའི་སྟེང་དུ་ཨ་དཀར་པོ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་དང་རྒྱ་ནག་རི་བོ་རྩེ་ལྔ་ནས་རྩ་བའི་བླ་མ་དང་དབྱེར་མ་མཆིས་པའི་


LT28_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་བི་མ་ལ་མི་ཏྲ་ལྗང་སེར་རབ་ཏུ་བྱུང་བའི་ཆ་ལུགས་ཅན་གླེགས་བམ་བསྣམས་པ་སྤྱན་དྲངས། གདན་གྱི་སྟེང་དུ་ཨལ་ཐིམ་སྟེ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་ལས་འོད་འཕྲོས། བརྒྱུད་པའི་བླ་མ་དང་ཆོས་འབྲེལ་ཐོགས་ཚད་སྤྱན་དྲངས་ཏེ་ཐིམ། གཞན་ཡང་ཡི་དམ་དཀྱིལ་འཁོར་མཁའ་འགྲོ་དམ་ཅན་རྒྱ་མཚོས་སྤྲིན་གཏིབས་པ་ལྟར་བསྐོར་ཏེ་བཞུགས་པར་གྱུར། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་ཀུན་གུས་པས་སྐྱབས་སུ་མཆི། །གདོད་མའི་གནས་སུ་རང་སར་གྲོལ། །ཐུགས་རྗེ་ལྷུན་གྲུབ་འགྲོ་བའི་དཔལ། །རིག་པ་འཛིན་པ་ཀུན་གྱི་རྗེ། །བི་མ་མི་ཏྲ་ལ་ཕྱག་འཚལ། །བསྐལ་བཟང་འདྲེན་པ་སྟོང་གི་བར། །གཞན་དོན་འཕོ་བ་ཆེན་པོའི་སྐུ། །རི་བོ་རྩེ་ལྔར་རྟག་ཏུ་བཞུགས། །བི་མ་མི་ཏྲ་ལ་ཕྱག་འཚལ། །མཁྱེན་བརྩེའི་ཕྲིན་ལས་ལྷུན་གྲུབ་ཀྱིས། །འགྲོ་བའི་དོན་རྣམས་རྫོགས་མཛད་ཅིང་། །ཟག་མེད་ལྷུན་རྫོགས་རྡོ་རྗེའི་སྐུ། །དྲི་མེད་བཤེས་གཉེན་ལ་ཕྱག་འཚལ། །ངོ་བོ་བརྗོད་འདས་ནམ་མཁའི་ཀློང་། །རང་བཞིན་འོད་གསལ་མཉམ་སྦྱོར་ཞིང་། །ཐུགས་རྗེས་འགྲོ་ཀུན་ཡོངས་ལ་ཁྱབ། །སྐྱབས་མཆོག་རྣམས་ལ་ཕྱག་འཚལ་ལོ། །རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན། །རྒྱལ་བའི་འབྱོར་ཚོགས་དཔག་མེད་དང་ལྡན་པ། །དཔག་ཡས་ནམ་མཁའི་རྒྱན་


LT28_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་འདི་ཕུལ་བས། །རང་བཞིན་སྤྲུལ་སྐུའི་ཞིང་ལ་སྤྱོད་པར་ཤོག །འོག་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང་། །སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་རེ་ཅན། །ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས། །ལྷུན་གྲུབ་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག །འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང་། །སྐུ་དང་ཐིག་ལེས་ཡེ་ནས་བརྒྱན་པ་འདི། །རང་སྣང་དག་པས་ལེགས་པར་ཕུལ་བ་ཡིས། །ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཐམས་ཅད་ཀུན་བཟང་རོལ་པའི་ངང་། །མཆོད་པར་མི་འོས་གང་ཡང་མེད། །སྣང་སྟོང་མཆོད་སྤྲིན་རོལ་པ་ཡིས། །ཀུན་ལ་དེ་བཞིན་མཆོད་པར་བགྱི། །དྲི་མ་གློ་བུར་དང་ལྡན་ཞིང་། །ཡོན་ཏན་ཡེ་ནས་རྫོགས་པའི་ངང་། །འཁྲུལ་པའི་བག་ཆགས་ཇི་མཆིས་པ། །ཐམས་ཅད་ཀུན་བཟང་རོལ་པར་བཤགས། །བླ་ན་ཡོད་མེད་དགེ་བའི་ཚོགས། །བགྱིད་དང་བགྱིད་སྩལ་བགྱིས་པ་ལའང་། །དགའ་བས་རྗེས་སུ་ཡི་རང་ཞིང་། །རང་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར། །ཀུན་ཀྱང་ཡེ་ནས་སྐྱེ་འཆི་མེད། །འདུ་འབྲལ་མེད་པའི་ཀློང་ཡངས་ལ། །མྱ་ངན་མི་འདའ་རྟག་པར་ཡང་། །སྒྱུ་མ་ཙམ་དུ་གསོལ་བ་འདེབས། །གདོད་ནས་ཁྱབ་བདལ་རོལ་བ་ཆེ། །རང་གྲོལ་ཀུན་བཟང་ཆོས་སྐུ་ཡི། །འགྲོ་ཀུན་མ་སྤངས་རང་གྲོལ་དུ། །དགེ་བ་གཉུག་མར་བསྔོ་བར་བགྱི། །དེང་ནས་བདག་དང་འགྲོ་བ་ཀུན། །སེམས་དང་སེམས་ཉིད་ཀུན་བཟང་


LT28_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་། །གདོད་མའི་ངང་དུ་རབ་རྫོགས་ནས། །འགྲོ་བའི་དོན་ཀུན་འགྲུབ་པར་ཤོག །སྤྲོ་ན་འདིར་རྣམ་ཐར་གསོལ་འདེབས་སོགས་བྱ། །ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སིངྡྷི་ཕ་ལ་ཧཱུྃ། ཞེས་བཟླས་པ་མཐར། བླ་མ་རྡོ་རྗེ་འཛིན་པ་ནི། ཁམས་གསུམ་འཁོར་བའི་གཉེན་གཅིག་པོ། །འགྲོ་བ་མགོན་མེད་རྣམས་ཀྱི་སྐྱབས། །ཐར་པའི་ལམ་སྐས་ཆེན་པོ་སྟེ། །མ་རིག་སེལ་བའི་སྒྲོན་མེ་ལ། །མུན་པའི་ཚོགས་བདག་སྐྱབས་སུ་མཆི། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །དུག་གསུམ་མེ་ཡིས་གདུངས་བ་ལ། །རང་བྱུང་རླན་གྱིས་བསིལ་བར་མཛོད། །མ་རིག་འཁྲུལ་པས་བཅིངས་པ་ཡི། །གདོས་བཅས་ལུས་དག་སེམས་རྣམས་ཀུན། །རང་དེངས་འོད་ཀྱི་རང་བཞིན་ཏུ། །ལྷག་མེད་མྱ་ངན་འདས་ཐོབ་མཛོད། །བླ་མ་སངས་རྒྱས་རིན་པོ་ཆེ། །བདག་ལ་རེ་ས་གཞན་ན་མེད། །ཐུགས་རྗེའི་སྤྱན་གྱིས་གཟིགས་མཛོད་ལ། །འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །ཚེ་འདིར་ལེགས་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་མེད་པ་དང་། །འཆི་ཁར་ཟབ་མོའི་འོད་གསལ་ཟིན། །བར་དོའི་འཕྲང་ལས་སྒྲོལ་བར་མཛོད། །ལུས་དང་ངག་དང་ཡིད་རྩོལ་ཀུན། །རྟག་ཏུ་གཞན་ལ་ཕན་པ་དང་། །རྐྱེན་རྣམས་བྱང་ཆུབ་ལམ་མཆོག་ཏུ། །དེ་རིང་ཉིད་ནས་བསྒྱུར་དུ་གསོལ། །བདག་གིས་འབད་ཀྱང་ཐར་པ་དཀའ། །མགོན་པོ་ཁྱེད་ཀྱི་ཐུགས་རྗེའི་གྲུས། །མགོན་མེད་བདག་


LT28_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

དང་འགྲོ་བ་ཀུན། །ཐར་པའི་གླིང་དུ་ཕྱིན་པར་མཛོད། །གང་དག་བདག་ལ་དད་གྱུར་ཏམ། །སྨོད་དམ་སྐུར་པ་འདེབས་ཀྱང་རུང་། །དེ་དག་སྡིག་ཟད་ཉོན་མོངས་མེད། །སྲིད་པའི་ཆུ་བོ་སྤངས་པར་ཤོག །ནམ་ཞིག་བདག་གི་མིང་ཙམ་གྱིས། །འགྲོ་བའི་འདོད་རྒུ་རབ་འགྲུབ་ཅིང་། །ཕྱོགས་བཅུ་གང་བའི་ཞིང་རྣམས་སུ། །མཆོད་པའི་སྤྲིན་གྱི་ཆར་འབེབས་ཤོག །དགེ་བ་འདི་ཡིས་ལུས་ཅན་ཀུན། །ཐམས་ཅད་སྲིད་ལས་རྣམ་གྲོལ་ནས། །ཡེ་ཤེས་དམ་པ་གཉིས་ཐོབ་སྟེ། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་གསོལ་བ་བཏབ་པས་བླ་མའི་སྐུ་ལས་བདུད་རྩིའི་རྒྱུན་བབས། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ཕྱི་ནང་ཁྱབ། ནད་གདོན་སྡིག་སྒྲིབ་དག །དངོས་གྲུབ་རྣམ་གཉིས་ཐོབ། ལྟ་དགོངས་ཏིང་འཛིན་གོང་འཕེལ་དུ་སྐྱེས། མཐར་བླ་མ་འཁོར་བཅས་འོད་དུ་ཞུ་ནས་རང་གི་སྤྱི་བོར་ཐིམ་པར་གྱུར། གཉིས་པ་ནང་ལྟར་གསོལ་བ་གདབ་པ་ནི། སྟོང་པའི་ངང་ལས་པད་ཟླའི་གདན་ལ་རང་ཉིད་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་དར་དང་རིན་པོ་ཆེས་བརྒྱན་པ། ཞབས་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྤྱི་བོར་པདྨ་ཉི་ཟླའི་གདན་ལ། ཨ་ལྗང་སེར་ལས་མཁས་པ་ཆེན་པོ་བི་མ་ལ་མི་ཏྲ་སྐུ་མདོག་དཀར་སྔོ་འོད་ལྗང་སེར་འཕྲོ་བ། དབུ་ལ་པ་ཞུ་དང་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་བ། ཕྱག་གཉིས་མཉམ་བཞག་གི་སྟེང་དུ་ཀ་


LT28_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

པཱ་ལ་བདུད་རྩིས་གང་བའི་ནང་འཆི་མེད་ཚེའི་བུམ་པ་གསེར་གྱི་རྡོ་རྗེ་རྩེ་ལྔ་པས་མཚན་པ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། ཤངས་ཀྱི་རྩེ་མོར་ཨ་དཀར་ལྗང་ཐིགས་ལ་ཁད་པ་ལས་འོད་འཕྲོས། རྩ་བརྒྱུད་ཀྱི་བླ་མ་རྣམས་དང་། ཁྱད་པར་རྒྱ་ནག་རི་བོ་རྩ་ལྔ་ནས་རང་འདྲ་བའི་ཡེ་ཤེས་སེམས་དཔའ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས། ཧཱུྃ། ཤར་ཕྱོགས་རི་བོ་རྩེ་ལྔ་དང་། །བྷ་སིང་ཆེན་པོའི་དུར་ཁྲོད་ནས། །གུ་རུ་བི་མ་མི་ཏྲ་ལ། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །གདུགས་དང་རྒྱལ་མཚན་ཐིབས་སེ་ཐིབ། །རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ། །རོལ་མོ་མང་པོ་དི་རི་རི། །སིལ་སྙན་མང་པོ་སི་ལི་ལི། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ། །སྤྱི་གཙུག་གི་བླ་མ་ལ་ཐིམ་པས་འོད་དང་འོད་ཟེར་འབར། ཕྱི་སྣོད་དག་པའི་ཞིང་ཁམས། ནང་བཅུད་དཔའ་བོ་མཁའ་འགྲོ། སྣང་བ་ཐམས་ཅད་འོད་གདངས་སུ་འཁྱིལ་བར་གྱུར། བླ་མའི་ཕྱོགས་བཞིར་རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་མཁའ་འགྲོ་དཀར་སེར་དམར་ལྗང་གི་ཁ་དོག་ཅན། གྲི་གུག་དང་ཐོད་པ་བདུད་རྩིས་བཀང་བ་འཛིན་ཅིང་གྲུ་མོ་ན་ཁ་ཊྭཱཾ་ག་ཡོད་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་པདྨ་ཉི་མ་རོའི་སྟེང་ན་གར་སྟབས་ལིང་ལིང་བྱེད་པ། །ཕྱོགས་མཚམས་སྟེང་འོག་དཔའ་བོ་མཁའ་འགྲོས་གང་བ་རྣམས་ཀྱིས་


LT28_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཕཊ་དང་ཧ་རི་ནི་སའི་སྒྲ་དིར་དིར་སྒྲོགས་པར་གྱུར་པར་མོས་ལ་རླུང་ཁ་སྦྱོར་དུ་བཅིང་སྟེ་ཇི་སྲིད་མི་སྐྱོའི་བར་དུ་བསྒོམ་མོ། །བཟླས་པ་བྱེད་ན། བླ་མའི་ཐུགས་ཀར་པད་ཉི་ལ་ཨ་དཀར་ལྗང་། མཁའ་འགྲོ་བཞིའི། ཐུགས་ཀར་ཧ་རི་ནི་ས། །སྔགས་ཀྱི་རང་སྒྲ་དིར་དིར་བྱུང་བས་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པར་གྱུར། ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་ཧ་རི་ནི་ས་ཙིཏྟ་ཧྲི༚་ཧྲི༚་སིངྡྷིཕ་ལ་ཧཱུྃ། ཞེས་ཅི་འགྲུབ་བཟླས་ལ་ཡིད་ཀྱིས་གསོལ་བ་བཏབ་ཅིང་རང་ལ་བསྟིམས་བས་བླ་སྒྲུབ་ཏུ་འགྱུར་ཞིང་། གལ་ཏེ་དབང་ལེན་པར་སྤྲོ་ན། ཐལ་མོ་སྦྱར་ལ། ཨེ་མ་ཧོཿ སྐྱེ་ཤི་ཀུན་བྲལ་ཚེ་ལ་དབང་ཐོབ་པའི། །མཁས་པ་ཆེན་པོ་བི་མ་ལ་མི་ཏྲ། །དགོངས་པ་གཡོ་མེད་མཁའ་ལྟར་རྣམ་དག་ཅིང་། །འབྱུང་བ་རང་དེངས་ཟག་མེད་དབྱིངས་བཞུགས་ཀྱང་། །སྔོན་གྱི་ཐུགས་རྗེ་ཆེན་པོ་ཉིད་གཡོས་ལ། །ཐུགས་རྗེས་དགོངས་ཤིག་བདག་ལ་བྱིན་གྱིས་རློབས། ཨོཾ་ཨཱཿཧཱུྃ་གུ་རུ་སརྦ་སིངྡྷི་ཧཱུྃ། ཨོཾ་ཨཱ་ཧཱུྃ། རྒྱལ་བའི་གདུང་འཛིན་མཁས་བློར་སྐྱེ་བ་གྲངས་མེད་སྦྱངས། །མཁྱེན་རབ་མཆོག་གྱུར་སྡེ་སྣོད་ཀུན་ལ་རྨོངས་པ་མེད། །སྐྱེ་ཤིའི་འཇིགས་བྲལ་སྤྲུལ་པས་འགྲོ་བའི་དོན་མཛད་པ། །དམ་པ་བདེ་གསལ་མྱུ་གུ་ཉིད་ལ་ཕྱག་འཚལ་བསྟོད། ས་མ་ར་ཐཱ་ཡ་སིང་། མཧཱ་སིངྡྷི་ས་མ་ཡཱ། བི་མ་ལ་མི་ཏྲ་གུ་རུ་ན་མོ། །ཨོཾ་ཨཱཿཧཱུྃ། མཁྱེན་རབ་རྨད་བྱུང་སྒྲ་ཚིག་རྣམ་པ་མང་པོ་ཡིས། །འགྲོ་མགོན་ཡེ་ཤེས་ཉི་མའི་འོད་ཀྱིས་འཛམ་གླིང་


LT28_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་ཁྱབ། །བི་མ་མི་ཏྲ་སྐྱེ་ཤི་ཀུན་བྲལ་རྡོ་རྗེའི་ཞལ། །བདག་བློའི་ཉོན་མོངས་དྲི་མ་ཟད་མཛད་བསྟན་དུ་གསོལ། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། འཁོར་རྣམས་འོད་དུ་ཞུ་མཁའ་འགྲོ་བཞི་ལ་ཐིམ། བཞི་པོ་གཅིག་ཏུ་འདུས། བླ་མ་དཔལ་ཆེན་པོ་དང་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་ཐིག་ལེ་བྱང་སེམས་ཀྱི་རྒྱུན་བབས། བདག་གི་ཚངས་བུག་ནས་ཞུགས། ལུས་ཁེངས། ལུས་ངག་ཡིད་གསུམ་ལྷན་སྐྱེས་དང་བཅས་པའི་སྒྲིབ་པ་དག །བདེ་བ་གསུམ་དང་ངོ་བོ་སྟོང་ལ་གསལ་བས་དབང་བཞི་ཐོབ། འཇམ་རླུང་བཟུང་ལ། སྟེ་པའི་ཨ་ཤད་འབར་སྤྱི་བོའི་ཧཾ་ཞུ་བ་དང་བླ་མ་ཡབ་ཡུམ་གྱི་བདུད་རྩི་ཞུ་བ་བབས། སྤྱི་མགྲིན་སྙིང་ག་ལྟེ་བའི་བར་རིམ་བཞིན་ཁེངས། དགའ་བ་བཞི་དང་སྟོང་པ་བཞིའི་འོད་གསལ་རྒྱུད་ལ་སྐྱེས། མཐར་བླ་མ་ཡབ་ཡུམ་བདེ་བའི་ངོ་བོར་ཞུ་ནས་རང་གི་སྙིང་གར་ཐིམ་པས་བླ་མའི་གསང་བ་གསུམ་དང་། རང་གི་སྒོ་གསུམ་དབྱེར་མེད་དུ་གྱུར་བར་མོས་ལ་འོད་གསལ་གཉུག་མའི་རང་འགྲོས་བསྐྱང་། གསུམ་པ་གསང་བ་ལྟར་ན། རང་གི་སྙིང་གར་པདྨ་ཉི་ཟླའི་སྟེང་དུ་ངོ་བོ་རྩ་བའི་བླ་མ་དང་དབྱེར་མེད་པའི་སློབ་དཔོན་བི་མ་ལ་ཡིན་པ་ལ་རྣམ་པ་ཀུན་བཟང་ཡབ་ཡུམ་མཐིང་ག །རྒྱན་མེད་པ། མཉམ་བཞག་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། སྤྲོ་ན་ནང་སྒྲུབ་ཀྱི་གསོལ་འདེབས་བྱས་པས། སྐུ་ལས་འོད་ཟེར་སྔོ་སེར་དམར་ལྗང་དཀར་པོ་ལྔ་རིམ་པར་སྤྲོས། ཐོག་མར་ལུས་ཁེངས། །ནད་གདོན་སྡིག་


LT28_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་དག །ཡེ་ཤེས་ལྔའི་དོན་རྟོགས་གདོས་བཅས་ཀྱི་སྒྱུ་ལུས་འོད་གསལ་དུ་གྲོལ། ཡང་འོད་ཟེར་ལྔ་འཕྲོས། སྣོད་བཅུད་འོད་གསལ་གྱི་ངང་དུ་གྲོལ། ནམ་མཁའི་མཐའ་ཀླས་པ་ཐམས་ཅད་ཡེ་ཤེས་ལྔའི་ཞིང་ཁམས་སུ་གྱུར་བར་མོས་པ་ལ་རིག་པ་གཏད་དེ་ཡུན་རིང་དུ་བསྒོམ། མཐར། སྣོད་བཅུད་འོད་དང་བཅས་པ་ཚུར་འདུས་སྙིང་གའི་བླ་མ་ལ་ཐིམ། ཡུམ་ཡབ་ལ། ཡབ་ཀྱང་འོད་གསལ་གྱི་ངང་དུ་ཐིམ་པར་གྱུར། ཞེས་མོས་ལ་ནང་དབྱིངས་ཀ་དག་གི་དགོངས་པ་སྟོང་གསལ་མཐའ་དབུས་མེད་པའི་རང་ངོ་བསྐྱང་། རྗེས་ཤེས་སྣང་སྟོང་ཟང་ཐལ་རྗེན་པར་སྦྱང་། དུས་ཐམས་ཅད་དུ་སྣང་སྲིད་བླ་མའི་རོལ་པར་མོས་ལ་བཅོས་མིན་གྱི་མོས་གུས་དང་མ་བྲལ་བས་གང་སྣང་རང་གྲོལ་གྱི་སྤྱོད་པ་སྤྱད་ཅིང་། བཟའ་བཏུང་གོས་རྒྱན་གྱི་ཕུད་ཀྱིས་བླ་མ་མཆོད། སྤྱོད་ལམ་རྣམ་བཞིར་སྤྱི་དང་མཐུན་པར་ལམ་དུ་ཁྱེར་ཉིང་ཁྱད་པར་རང་གྲོལ་ཆོས་ཉིད་ཀྱི་ངང་ནས་བྱ། ཐུན་མཐར་དགེ་བ་བསྔོ་བའང་། །བླ་མ་གདོད་མའི་མགོན་པོ་ལ། །དད་པས་དགེ་བསགས་དངོས་ཀུན་གྱིས། །འགྲོ་ཀུན་རང་གྲོལ་གཉུག་མའི་ངང་། །ཀུན་བཟང་ཀློང་དུ་རྫོགས་པར་ཤོག །ཅེས་སོགས་ཐུན་མོང་མ་ཡིན་པའི་བསྔོ་སྨོན་གྱི་རྒྱས་གདབ་བོ། །འདི་ལ་རྒྱུན་ཏུ་འབད་པས་སྣང་བ་དབང་དུ་འདུ། །ཚེ་དང་དཔལ་དང་ཏིང་འཛིན་ཁྱད་པར་ཅན་ཐོབ་སྟེ་མཐར་སྐྱེ་ཤི་མེད་པ་རྡོ་རྗེའི་སྐུ་འཐོབ་པར་འགྱུར་ལ། ཁྱད་པར་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་ལ་ཐོས་བསམ་སྒོམ་གསུམ་དང་། །གཞན་རྗེས་སུ་འཛིན་པའི་སྐལ་པ་མཆོག་དང་ལྡན་པར་འགྱུར་བར་གསུངས་སོ། །དོན་བཟང་བརྗོད་པ་སྙན་རློམས་


LT28_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །ཕལ་ཚིག་བསྒྲིགས་ན་ཤེས་མོད་ཀྱང་། །ཆོས་འདོད་དངོས་གྲུབ་མི་བསླུའི་ཕྱིར། །རྡོ་རྗེའི་གསུང་ལ་བརྟེན་ནས་བཀོད། །འཁོར་འདས་ཀུན་ཁྱབ་དྲི་མེད་བཤེས་གཉེན་གྱིས། །དད་ཅིང་མོས་པའི་ཡུལ་ལ་རྗེས་དགོངས་ཏེ། །ལས་ཀྱི་མཐའ་ཟད་འཁོར་བ་དོང་སྤྲུགས་ཤིང་། །ཉིད་དང་དབྱེར་མེད་གཞི་ཐོག་གྲོལ་མཛད་གསོལ། །ཚུལ་འདིའང་ལས་སྨོན་དཀར་པོའི་འཕྲོ་ཅན་པདྨ་རྣམ་པར་རྒྱལ་བས། རྟག་ཏུ་དུས་ཆོས་འཕགས་ཚོལ་བའི་རྣམ་ཐར་ལ་རྐང་བཀོད་དེ་རིང་མོ་ནས་ཡང་ཡང་བསྐུལ་བའི་ངོར། རྗེ་འདིའི་རིང་ལུགས་ལ་ཡི་དམ་འཆའ་བ་པདྨ་གར་དབང་བདེ་བའི་རྡོ་རྗེས། གདོད་མའི་མགོན་པོ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱི་མན་ངག་ལ་བརྟེན་ནས་ཁྱེར་བདེར་བཀོད་པ་འབྲེལ་ཚད་ཕྱག་རྒྱ་རྒྱ་ཆེན་གྱི་རིག་པ་འཛིན་པར་གྱུར་ཅིག །དགེ་ལེགས་འཕེལ།། །།


previousརྡོ་རྗེའི་ཡེ་ཤེས་འབེབས་པའི་བྱིན་རླབས་ལམ་ཟབ་ཀྱི་ཕྲེང་བ་ཡོངས་འདུས་ལྗོན་པའི་སྐྱེད་ཚལ།next