Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
འཇིག་རྟེན་དབང་ཕྱུག་རྒྱལ་མཆོག་བཅུ་བཞི་པ་གཙོ་བོར་གྱུར་པའི་དཔལ་ལྡན་བླ་མའི་དཀྱིལ་འཁོར་མཆོད་ཅིང་གསོལ་བ་གདབ་པ་ངེས་དོན་ལམ་འཇུག
   
   
   
   
   
   
   


 
previousའཇིག་རྟེན་དབང་ཕྱུག་རྒྱལ་མཆོག་བཅུ་བཞི་པ་གཙོ་བོར་གྱུར་པའི་དཔལ་ལྡན་བླ་མའི་དཀྱིལ་འཁོར་མཆོད་ཅིང་གསོལ་བ་གདབ་པ་ངེས་དོན་ལམ་འཇུགnext

འཇིག་རྟེན་དབང་ཕྱུག་རྒྱལ་མཆོག་བཅུ་བཞི་པ་གཙོ་བོར་གྱུར་པའི་དཔལ་ལྡན་བླ་མའི་དཀྱིལ་འཁོར་མཆོད་ཅིང་གསོལ་བ་གདབ་པ་ངེས་དོན་ལམ་འཇུག


LT28_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དབང་ཕྱུག་རྒྱལ་མཆོག་བཅུ་བཞི་པ་གཙོ་བོར་གྱུར་པའི་དཔལ་ལྡན་བླ་མའི་དཀྱིལ་འཁོར་མཆོད་ཅིང་གསོལ་བ་གདབ་པ་ངེས་དོན་ལམ་འཇུག་ཅེས་བྱ་བ་བཞུགས་སོ། །


LT28_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤྲཱི་མཱཾ་བཛྲ་དྷ་རཱ་ཡ། རིགས་དྲུག་ཁྱབ་བདག་རྡོ་རྗེ་འཆང་། །གཙོ་འཁོར་ཚུལ་དུ་རྣམ་རོལ་པ། །དངོས་གྲུབ་མ་ལུས་འབྱུང་བའི་གནས། །དཔལ་ལྡན་བླ་མའི་ཚོགས་ལ་འདུད། །རྡོ་རྗེའི་ཐེག་ལ་ཞུགས་པ་རྣམས། །གསང་ལམ་བགྲོད་པ་གཅིག་པ་ནི། །བྱིན་རླབས་རིམ་པ་ཁོ་ན་སྟེ། །དེ་ཉིད་སྐུལ་བའི་ཐབས་མཆོག་བཤད། །དེའང་སྡོམ་པ་འབྱུང་བའི་རྒྱུད་ལས། །མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཅེས་སོགས་ལུང་དང་རིགས་པ་དྲི་མ་མེད་པ་ལ་བརྟེན་ཏེ་བླ་མ་མཆོད་ཅིང་སྒྲུབ་པའི་རིམ་པ་གསང་སྔགས་གསར་རྙིང་རྣམས་ཀྱི་ཕྱག་སྲོལ་དུ་རྒྱ་ཆེ་དར་བ་ལས། སྐབས་སུ་བབ་པའི་དོན་འདི་ལ་གཉིས། །ཅུང་ཟད་སྤྲོས་པ་དང་བཅས་པར་བྱེད་ན་དཔལ་ལྡན་བླ་མ་མཆོག་གི་རྡོ་རྗེ་ཅན་རྣམས་ཀྱི་སྣང་བརྙན་སོགས་རྟེན་མངོན་པར་བཀྲམ་པའི་སྤྱན་སྔར། །མཆོད་པའི་བཀོད་པ་རིན་པོ་ཆེའི་མཎྜལ་དང་། མེ་ཏོག་བདུག་སྤོས་སྣང་


LT28_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གྱི་ཕྲེང་བ། ཞལ་ཟས་བཟའ་བཅའ་བཏུང་བའི་བྱེ་བྲག །ཚོགས་ཀྱི་ཡོ་བྱད་ལ་སོགས་པ་ཇི་ལྟར་འབྱོར་པ་གཙང་ཞིང་དག་པར་བཤམ། སྤྲོས་མེད་ཀྱི་ཚུལ་ལ་ཡིད་མངོན་པར་གཞོལ་བ་དག་གིས་ནང་གི་ཏིང་ངེ་འཛིན་ལ་རྣལ་འབྱོར་དུ་བྱེད་པ་ཁོ་ནས་དོན་འགྲུབ་ཅིང་། གང་ལྟར་ཡང་མཁའ་ཁྱབ་ཀྱི་སེམས་ཅན་མ་བསྒྲལ་བར་འདོད་པའི་རིས་མེད་སྙིང་རྗེའི་ཀུན་སློང་། དཔལ་ལྡན་བླ་མའི་རྣམ་ཐར་ལ་ཡིད་ཆེས་པའི་བཅོས་མིན་མོས་གུས་ཀྱི་གདུང་ཤུགས། གང་ལའང་བདེན་འཛིན་དང་རེ་དོགས་སྤངས་པ་སྟོང་ཉིད་ཟབ་མོའི་དོན་ཡིད་ལ་བྱས་ཏེ། ཆོ་གའི་རིམ་པ་ལ་དོན་བཅུ། སྐྱབས་སེམས་སྒྲིབ་སྦྱོང་ཚོགས་རྟེན་སྒྲུབ། །ཡན་ལག་བདུན་འབུལ་གསོལ་བ་གདབ། །རྒྱུད་བསྐུལ་ཚོགས་དང་དབང་བཞི་བླང་། །ཞུ་བསྟིམ་རྗེས་ཀྱི་བྱ་བའོ། །དེ་ལ་དང་པོ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། །ཆོས་དབྱིངས་ཀྱི་ཁམས་ཡེ་ཤེས་ཆེན་པོས་ཁྱབ་པའི་བླ་མ་སྐུ་གསུམ་གྱི་བདག་ཉིད་རྣམས་སྐྱབས་སུ་འགྲོ་བའི་ཡུལ་དང་བསྒྲུབ་བྱར་བྱས། རང་དང་མར་གྱུར་


LT28_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཅན་མཐའ་དག་བྱང་ཆུབ་བར་དུ་སྐྱབས་ཞུ་ཞིང་མཐའ་གཉིས་ལ་མི་གནས་པའི་ཟུང་འཇུག་ཆེན་པོ་བསྒྲུབ་པར་འདོད་པ་ལྷག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པས། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡི་དམ་མཁའ་འགྲོ་མ། །ཀུན་འདུས་དཔལ་ལྡན་བླ་མ་ལ། །མི་ཕྱེད་གུས་པས་སྐྱབས་སུ་མཆི། །འགྲོ་ཀུན་སངས་རྒྱས་སར་འགོད་ཕྱིར། །རྡོ་རྗེ་སློབ་དཔོན་མཆོག་བསྒྲུབས་ཏེ། །བྱང་ཆུབ་རྡོ་རྗེའི་དམ་ཚིག་བཟུང། །འགྲོ་བའི་འདྲེན་པར་བདག་གྱུར་ཅིག །ཅེས་ལན་ཁ་ཤས་བརྗོད། གཉིས་པ་ལམ་གྱི་མངོན་རྟོགས་རྒྱུད་ལ་སྐྱེ་བའི་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བྱེད་རིགས་འདུས་ཡེ་ཤེས་རྡོ་རྗེའི་བསྒོམ་བཟླས་ནི། །ཆོས་ཀུན་སེམས་ཀྱི་རོལ་པའི་རང་བཞིན་ལས། །སྐད་ཅིག་དྲན་རྫོགས་བདག་ཉིད་རྡོ་རྗེ་སེམས། །དཀར་འཚེར་རྡོར་དྲིལ་ཕྱག་རྒྱ་ལོངས་སྐུའི་ཚུལ། །ཐུགས་ཀར་ཧཱུྃ་ལ་ཡིག་བརྒྱས་བསྐོར་བར་གྱུར། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏེྭ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྷོ་མེ་བྷ་ཝ། སརྦ་སིངྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ལཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱ་ན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ ལོངས་སྐབས་དང་བསྟུན་ནས་བཟླ། །འཁོར་བ་ཐོག་མཐའ་མེད་པའི་བག་ཆགས་དང་། །ལས་ཉོན་དམ་སྡོམ་ཉམས་ཆགས་ཉེས་ལྟུང་རིགས། །མ་ལུས་སྔགས་དང་ཏིང་འཛིན་བྱིན་རླབས་ཀྱིས། །ཡོངས་དག་འགྲོ་བ་ཀུན་ཀྱང་དེ་བཞིན་གྱུར། །ཞེས་མོས། གསུམ་པ་ཚོགས་རྟེན་སྒྲུབ་པ་ལ་གསུམ། དང་པོ་གནས་


LT28_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་བྱིན་གྱིས་བརླབ་པ་ནི། བདག་ཉིད་རྡོར་སེམས་ཐུགས་ཀའི་ཧཱུྃ་ཡིག་ལས། །ཡེ་ཤེས་འོད་འཕྲོས་སྣོད་བཅུད་ཀུན་ལ་ཕོག །གནས་ཡུལ་གདོས་བཅས་མ་ཡིན་ཆོས་དབྱིངས་ཞིང་། །མཆོད་རྫས་ཡོ་བྱད་ཀུན་བཟང་སྨོན་ལམ་ལས། །ལེགས་གྲུབ་བློ་ལས་འདས་པའི་མཆོད་སྨིན་ཚོགས། །ཟག་མེད་རྒྱུན་མི་ཆད་ཅིང་རབ་འབྱམས་ཞིང་། །མ་ལུས་ཡོངས་སུ་ཁྱབ་པའི་སྒྱུ་འཕྲུལ་ཆེ། །ཕྱི་ནང་གསང་བ་དེ་བཞིན་ཉིད་རྫོགས་གྱུར། ཨོཾ་ཨཱཿཧཱུྃ་བཛྲ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྦ་ར་་ས་མ་ཡེ་ཧཱུྃ་སྭཱ་ཧཱ། གཉིས་པ་རྟེན་བསྐྱེད་པ་ནི། སྣང་སྲིད་གདོད་ནས་རྣམ་དག་སངས་རྒྱས་ཞིང་། །ཡེ་ཤེས་རང་སྣང་རྒྱན་མཆོག་སྟུག་པོ་བཀོད། །ངོ་མཚར་རྨད་བྱུང་མཆོད་པའི་སྤྲིན་ཕུང་གཏིབས། །དེ་དབུས་བསམ་ཡས་དཔེ་མེད་དཀྱིལ་འཁོར་དབུས། །རྡོ་རྗེའི་ཁྲི་མཆོག་པདྨ་ཟླ་གདན་ལ། །གངས་ཅན་མགོན་པོ་རྒྱལ་དབང་ཀརྨ་པ། །རིགས་ཀུན་ཁྱབ་བདག་ཐེག་མཆོག་རྡོ་རྗེ་འཆང་། །ཐུགས་རྗེའི་རང་གཟུགས་སྤྱན་རས་གཟིགས་ཀྱི་ཚུལ། །དཀར་གསལ་དར་དང་རིན་ཆེན་རྒྱན་གྱིས་ཀླུབས། །དབང་རྟགས་ཞྭ་ནག་གསེར་གྱི་མདངས་ཅན་གསོལ། །ཕྱག་གཡས་མཆོག་སྦྱིན་གཡོན་པ་ངལ་གསོའི་རྒྱས། །པད་དཀར་སྡོང་བུ་ཚེ་བུམ་མཚན་པ་བསྣམས། །ཞབས་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། །གཡས་སུ་རྒྱལ་ཚབ་བྱམས་ཆེན་སྤྲུལ་པའི་སྐུ། །མཐོང་གྲོལ་ཞྭ་དམར་གསེར་མདངས་དབུ་ལ་གསོལ། །གཡས་གཡོན་རྡོ་རྗེ་བདེ་


LT28_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་ཚེ་བུམ་འཛིན། །གཡོན་ཏུ་འགྲོ་བའི་མགོན་པོ་འབྲུག་པ་རྗེ། །སྒོམ་ཞྭ་གཙུག་བཅིངས་མཉམ་བཞག་ཐོད་ཞལ་བསྣམས། །རྒྱབ་ཏུ་དཔལ་ལྡན་དཔའ་བོའི་དབང་ཕྱུག་ནི། །སྔགས་འཆད་ཆ་ལུགས་རྡོ་རྗེ་ཕུར་བུ་གདེངས། །བརྗིད་ལྡན་པདྨ་མཐོང་གྲོལ་གཙུག་ཏུ་བཅིངས། །མདུན་ཏུ་པདྨ་གར་དབང་པ་ཞུ་འཛིན། །གཡས་པས་མཆོག་སྦྱིན་ཚེ་བུམ་བདུད་རྩིས་བཀང་། །གཡོན་པས་ཆོས་འཆད་ཨུཏྤལ་རལ་པོད་མཚན། །ཤར་ལྷོར་ཆགས་མེད་མཆོག་སྤྲུལ་སྒོམ་ཞྭ་གསོལ། །མཆོག་སྦྱིན་སྐྱབས་སྦྱིན་པད་དཀར་འདབ་རྒྱས་བསྣམས། །ལྷོ་ནུབ་མཆོག་གྱུར་གླིང་པ་མཐོང་གྲོལ་མནབས། །སྔགས་ཆས་ཆོས་འཆད་མཉམ་བཞག་གཏེར་སྒྲོམ་བསྣམས། །ནུབ་བྱང་འཇམ་དབྱངས་མཁྱེན་བརྩེ་པ་ཞུ་གསོལ། །ཆོས་འཁོར་ཕྱག་རྒྱས་ཨུཏྤལ་རལ་པོད་བསྣམས། །བྱང་ཤར་ཟླ་བཟང་མཆོག་གི་སྤྲུལ་པའི་སྐུ། །སྒོམ་ཞྭ་གཙུག་བཅིངས་མཉམ་གཞག་ནོར་བུ་བསྣམས། །དེ་རྒྱབ་མདུན་ནས་བརྩམས་ཏེ་གཡས་བསྐོར་དུ། །མཆོག་སྤྲུལ་གསང་སྔགས་བསྟན་འཛིན་པད་ཞྭ་མནབས། །ཕྱག་གཉིས་ཌཱ་མ་རུ་དང་དྲིལ་བུ་བསྣམས། །ཐུགས་རྗེའི་མངའ་བདག་ཡེ་ཤེས་ཉི་མའི་སྡེ། །ཆོས་འཆད་མཉམ་བཞག་ཕྱག་རྒྱས་གླེགས་བམ་བསྣམས། །སྒྲུབ་བརྒྱུད་བསྟན་འཛིན་ཕྲིན་ལས་དབང་ཕྱུག་ནི། །ཐབས་ཤེས་ཕྱག་རྒྱ་རྡོ་རྗེ་དྲིལ་བུ་འཛིན། །རྗེ་དཔོན་བསམ་གཏན་མཆོག་གི་སྤྲུལ་པའི་སྐུ། །ས་གནོན་ཕྱག་རྒྱས་རིན་ཆེན་བགྲང་ཕྲེང་བསྣམས། །གསུམ་ཀ་བརྗིད་ལྡན་སྒོམ་ཞྭས་དབུ་


LT28_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཚན། །དར་རྒྱས་རྒྱ་མཚོ་སྒྲུབ་ཆེན་གཡུ་བྲག་པ། །ཚུལ་ཁྲིམས་རྒྱ་མཚོ་ཀརྨ་འོད་འཕྲོ་རྣམས། །ཞྭ་ཁྲ་གསོལ་ཞིང་མཉམ་བཞག་ཕྱག་རྒྱ་མཛད། །གཙོ་འཁོར་ཀུན་ཀྱང་ཆགས་བྲལ་རབ་བྱུང་ཆས། །ཞི་འཛུམས་ལྷུན་ཆགས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །སྟེང་ཕྱོགས་ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་། །གཡས་ཕྱོགས་ནམ་མཁར་པདྨ་ཐོད་ཕྲེང་རྩལ། །གཡོན་ཕྱོགས་རྗེ་བཙུན་ཡིད་བཞིན་འཁོར་ལོ་ཡུམ། །འོག་ཕྱོགས་ནག་པོ་ཆེན་པོ་ལྕམ་དྲལ་སོགས། །ཡེ་ཤེས་ཚོམ་བུ་རྡོ་རྗེའི་དཀྱིལ་འཁོར་བ། །བྱིན་རླབས་འོད་ཟེར་མུ་མཐའ་མེད་པར་འཁྲིགས། །བརྟན་གཡོ་འཁོར་འདས་སྒྱུ་འཕྲུལ་རོལ་པས་ཁྱབ། །མཐོང་ཐོས་དྲན་པས་འཁོར་བ་དོང་ནས་སྤྲུགས། །གང་འདུལ་བཀོད་པ་བསམ་མི་ཁྱབ་པར་སྟོན། །མོས་པའི་ཡུལ་ལ་བརྩེ་བའི་ཐུགས་རྗེས་དགོངས། །དད་གུས་གདུང་བའི་ལྕགས་ཀྱུས་བསྐུལ་བ་ཡི། །དགོངས་པ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །དམིགས་མེད་སྙིང་རྗེའི་རང་གཟུགས་མཚན་མའི་སྐུ། །མཁའ་ལ་སྤྲིན་ཕུང་བཞིན་ཏུ་གཏིབས་པར་གྱུར། གསུམ་པ་ཐུགས་དམ་བསྐུལ་བ་ནི། ཨོཾ་ཨཱཿཧཱུྃ། ཆོས་དབྱིངས་གདོད་ནས་དག་པ་འོག་མིན་ཞིང་། །ལྷུན་གྲུབ་ཡེ་ཤེས་རང་གསལ་ཕོ་བྲང་ནས། །སྐུ་གསུམ་ཡོངས་རྫོགས་བླ་མ་སྤྱན་འདྲེན་ན། །དད་གུས་དམ་ཚིག་གནས་འདིར་གཤེགས་སུ་གསོལ། །ཞིང་རྣམས་སྐུས་ཁྱབ་གཤེགས་བཞུད་མི་དམིགས་ཀྱང་། །ཐུགས་རྗེའི་སྒྱུ་འཕྲུལ་ཅིར་ཡང་སྟོན་མཛད་ན། །གདུལ་བྱའི་ཡུལ་དང་། །


LT28_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་བཀོད་སྤྲུལ་གྱི། །ཟློས་གར་ཡང་དག་བསྒྱུར་བས་གཤེགས་སུ་གསོལ། །ཆོས་སྐུ་གཅིག་དང་དུ་མའི་སྤྲོས་བྲལ་ཡང་། །གཟུགས་སྐུ་ཡེ་ཤེས་རང་གདངས་འགག་མེད་ལས། །སྤྲུལ་སྐུ་གདུལ་བྱའི་གྲངས་མཉམ་དེ་སྲིད་ཀྱི། །རྣམ་འདྲེན་བླ་མའི་ཚོགས་རྣམས་གཤེགས་སུ་གསོལ། །རྡོ་རྗེ་འཆང་ཆེན་པདྨ་ཐོད་ཕྲེང་རྩལ། །ཡིད་བཞིན་འཁོར་ལོ་རྒྱལ་དབང་ཀརྨ་པ། །ཡབ་སྲས་གཙོ་དང་འཁོར་དུ་རྣམ་རོལ་བ། །རྡོ་རྗེའི་ཆོས་སྐྱོང་ཚོགས་བཅས་གཤེགས་སུ་གསོལ། །སྣང་གྲགས་བླ་མའི་ངོ་བོར་རོ་གཅིག་ཀྱང་། །གང་འདུལ། ཐུགས་རྗེའི་རྣམ་འགྱུར་སྣ་ཚོགས་པའི། །སངས་རྒྱས་སྲས་བཅས་ལྷ་དང་མཁའ་འགྲོའི་ཚོགས། །མ་ལུས་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གུ་རུ་རཏྣ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ཛ༔ཧཱུྃ་བཾ་ཧོཿ ཆོས་དབྱིངས་ཡེ་ཤེས་སྒྱུ་མའི་སྐུར་སྣང་བའི། །བླ་མ་མཆོག་ལ་གཉིས་འཛིན་མི་དམིགས་ཀྱང་། །བདག་སོགས་འགྲོ་བའི་གཉིས་འཛིན་ཞི་སླད་དུ། །སྐུ་དང་ཡེ་ཤེས་དབྱེར་མེད་བརྟན་པར་བཞུགས། །ཛྙཱ་ན་ཀ་ཡ་ཏིཥྛ་བཛྲ་ཧཱུྃ། བཞི་པ་ཡན་ལག་བདུན་གྱི་དང་པོ་ཕྱག་འཚལ་བ་ནི། གང་སྐུ་མཚན་དཔེའི་ཆ་ཤས་གདུལ་བྱའི་མཁར། །འགྲིབ་མེད་རྟག་པར་གསལ་བའི་འོད་སྣང་གིས། །ཐར་ལམ་ངེས་ལེགས་སྟོན་པའི་སྒྲོན་མ་མཆོག །ཕན་བདེའི་ཟླ་བ་ཁྱོད་ལ་ཕྱག་འཚལ་ལོ། །གང་གསུང་དགེ་བ་འབུམ་གྱི་བདུད་རྩིའི་ཆར། །ཉོན་མོངས་ཚ་གདུང་ཞི་མཛད་ཡེ་ཤེས་རྒྱུན། །བྱང་ཆུབ་མྱུ་གུ་སྐྱེད་


LT28_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་ཐུགས་རྗེའི་བཅུད། །ཡིད་བཞིན་འདོད་འཇོ་ཁྱོད་ལ་ཕྱག་འཚལ་ལོ། །གང་ཐུགས་ཟབ་ཞི་སྤྲོས་བྲལ་རྟོག་མེད་ལས། །གུས་ལྡན་ཡིད་ལ་ཇི་ལྟར་བསམ་པའི་དོན། །མཆོག་ཐུན་དངོས་གྲུབ་འབྱུང་གནས་ཟླ་མེད་པའི། །རིན་ཆེན་གཏེར་མཛོད་ཁྱོད་ལ་ཕྱག་འཚལ་ལོ། །བསྡུ་ན་དེ་ཙམ་གྱིས་མཐུས། ཅུང་ཟད་སྤྲོ་ན། །ཡོན་ཏན་ཀུན་གྱི་གཏེར་གྱུར་པས། །གང་གི་མཚན་ཙམ་དྲན་པས་ཀྱང་། །བདག་བློའི་རྒུད་པ་ཞི་མཛད་པ། །དཔལ་ལྡན་བླ་མ་ལ་ཕྱག་འཚལ། །དྲི་མེད་ཡོན་ཏན་རབ་རྒྱས་པས། །འགྲོ་ཀུན་གཙུག་གི་རྒྱན་གྱུར་པའི། །དགོས་འདོད་འབྱུང་བའི་རིན་པོ་ཆེ། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བླང་དོར་རྟོགས་པའི་སྣང་བ་ཡིས། །འགྲོ་ཀུན་མི་ཤེས་མུན་སེལ་བ། །དྲི་མེད་ཉི་མའི་དཀྱིལ་འཁོར་མཆོག །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བསོད་ནམས་ཡེ་ཤེས་བསིལ་ཟེར་གྱིས། །ཕན་བདེའི་ཚལ་རབ་རྒྱས་མཛད་པ། །རྣམ་དག་ཟླ་བའི་དཀྱིལ་འཁོར་མཆོག །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དམ་ཆོས་བདུད་རྩིའི་སྨན་མཆོག་གིས། །ཉོན་མོངས་སྡུག་བསྔལ་ནད་སེལ་བ། །ཐབས་མཁས་འགྲོ་བའི་སྨན་པ་མཆོག །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཐབས་དང་ཤེས་རབ་གྲུ་ཆེན་གྱིས། །སྲིད་ཞིའི་རྒྱ་མཚོའི་མཐར་སྒྲོལ་བ། །སྟོབས་ལྡན་འགྲོ་བའི་དེད་དཔོན་མཆོག །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གནོད་པ་ཀུན་ལས་སྐྱོབ་བྱེད་ཅིང་། །ཕན་པ་དཔག་མེད་སྒྲུབ་མཛད་པའི། །བྱམས་མགོན་འགྲོ་བའི་གཉེན་གཅིག་


LT28_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

པོ། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གཉིས་པ་མཆོད་པ་ལ། ཕྱི་མཆོད་ནི། །ཞིང་ཁམས་རབ་འབྱམས་བྱེ་བ་ཕྲག་བརྒྱ་ཀུན། །མཆོད་ཡོན་བདུད་རྩི་ཡན་ལག་བརྒྱད་ལྡན་གྱིས། །ཡོངས་བཀང་བླ་མ་མཆོག་ལ་འབུལ་ལགས་ཀྱི། །འགྲོ་ཀུན་བསམ་གཏན་རྒྱ་མཚོར་དབང་འབྱོར་ཤོག །ཨོཾ་རཏྣ་གུ་རུ་ཀརྨ་ཀ་ས་པ་རི་བཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། འདབ་སྟོང་གེ་སར་རྒྱས་པའི་པདྨོའི་ཚོགས། །དབང་པོའི་གཞུ་ལྟར་བཀྲ་བའི་མདངས་ཅན་གྱིས། །ནམ་མཁའ་ས་གཞི་ཀུན་བཀང་འབུལ་ལགས་ན། །འགྲོ་ཀུན་བརྩོན་འགྲུས་མཆོག་ལ་སྦྱོར་བར་ཤོག །སྔགས་ཐོག་མཐའ་སྔ་མས་འགྲེས་ཏེ། །བཛྲ་པུཥྤེ༴ སྤོས་ཀྱི་ཕྱེ་ཕུར་རི་རབ་མཉམ་པ་དང་། །ཡིད་འོང་བསུང་ཞིམ་བདུག་པའི་སྤྲིན་ཚོགས་བཅས། །དཔག་ཚད་བྱེ་བར་ཁྱབ་པའི་དྲི་བཟང་མཆོག །ཕུལ་བས་འགྲོ་ཀུན་ཚུལ་ཁྲིམས་རྣམ་དག་ཤོག །བཛྲ་དྷཱུ་པེ༴ །གང་གིས་མི་སྒྲིབ་རིན་ཆེན་སྣང་བའི་འོད། །ཉིན་མཚན་ཀུན་ཏུ་གསལ་དང་རྩི་མཆོག་འབྲུའི། །སྒྲོན་མ་འཇིག་རྟེན་མཐའ་དག་སྣང་བྱེད་འོད། །ཕུལ་བས་འགྲོ་ཀུན་ཤེས་རབ་གསལ་འབར་ཤོག །བཛྲ་ཨཱ་ལོ་ཀེ༴ །འཁོར་བའི་ཚ་གདུང་ཀུན་སེལ་དྲི་ཡི་ཆབ། །མ་རིག་རྨོངས་པའི་ཐིབ་པོ་ཞི་བ་དང་། །མངོན་མཐོ་ངེས་ལེགས་བདེ་ཆེན་སྐྱེད་བྱེད་པ། །ཕུལ་བས་འགྲོ་ཀུན་བཟོད་པའི་གོ་ལྡན་ཤོག །བཛྲ་གནྡྷེ༴ ལྷ་ཡི་ཞལ་ཟས་རོ་བརྒྱའི་ཡོན་ཏན་གྱིས། །ཏིང་འཛིན་སྒོ་བརྒྱ་འབྱེད་ནུས་ཟས་མཆོག་བཤོས། །སྟོང་གསུམ་ཡོངས་བཀང་བླ་མ་རྗེ་


LT28_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབུལ། །འགྲོ་ཀུན་སྦྱིན་པའི་དཔལ་ལ་ལོངས་སྤྱོད་ཤོག །བཛྲ་ནཻ་ཝི་དྱ༴། ཟིན་དང་མ་ཟིན་རྣམ་པར་གྲགས་པའི་སྒྲ། །གཏི་མུག་གཉིད་སློང་ལོག་ལྟའི་སྡེ་ཚོགས་སྐྲག །ཆོས་སྒྲས་འཇིག་རྟེན་ཁྱབ་བྱེད་རོལ་མོའི་ཚོགས། །ཕུལ་བས་འགྲོ་ཀུན་ཆོས་དབྱངས་ཐོབ་པར་ཤོག །བཛྲ་ཤབྡ༴ ནང་མཆོད་ནི། །འཇིག་རྟེན་གཟུགས་ཀྱི་སྣང་བ་ཇི་སྙེད་པ། །མཛེས་དང་མི་མཛེས་བརྟགས་པ་སེམས་ཀྱི་འཕྲུལ། །གང་སྣང་ངོ་བོས་སྟོང་པའི་མཆོད་འབུལ་བས། །འགོ་ཀུན་གཏི་མུག་རྣམ་སྣང་སྐུར་གྲོལ་ཤོག །བཛྲ་རཱུ་པ༴ །ཇི་ལྟར་གྲགས་པའི་སྒྲ་རུ་གང་བཟུང་བ། །སྙན་དང་མི་སྙན་འཛིན་པས་ཕྱེས་པ་ཙམ། །ཐམས་ཅད་གྲགས་སྟོང་རང་གྲོལ་མཆོད་པར་འབུལ། །འགྲོ་ཀུན་ཞེ་སྡང་མི་བསྐྱོད་སྐུར་གྲོལ་ཤོག །བཛྲ་ཤབྡ༴ །ཚོར་བ་བཟང་དང་ངན་པར་བཟུང་བའི་དྲི། །གང་ཡང་རྣམ་པར་རྟོག་པས་བཏགས་པ་ན། །བློ་ཡིས་མ་བསླད་ཚོར་སྟོང་མཆོད་པ་ཡིས། །འགྲོ་ཀུན་ང་རྒྱལ་རིན་འབྱུང་སྐུར་གྲོལ་ཤོག །བཛྲ་གནྡྷེ༴ །ཐོག་མེད་བག་ཆགས་མཐུ་བརྟས་ཞིམ་མངར་རོ། །གང་ལ་སྤོང་ལེན་འཁྲུལ་བའི་འཁོར་ལོ་ནི། །རྒྱུན་བཅད་མྱོང་སྟོང་རོ་མཉམ་མཆོད་ཕུལ་བས། །འགྲོ་ཀུན་འདོད་ཆགས་སྣང་མཐའི་སྐུར་གྲོལ་ཤོག །བཛྲ་རཱ་ས༴ །ཅིར་སྣང་སྒྱུ་མར་མ་ཤེས་ཨ་འཐས་ཀྱི། །རང་གཟུགས་རེག་བྱ་བཟང་ངན་དགག་སྒྲུབ་ཀུན། །ཆོས་ཉིད་ཀློང་དུ་ལ་ཟློའི་མཆོད་པ་ཡིས། །འགྲོ་ཀུན་ཕྲག་དོག་དོན་གྲུབ་སྐུར་གྲོལ་ཤོག །བཛྲ་སྤརེྴ༴ །


LT28_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

གསང་མཆོད་ནི། །གང་ཞིག་འཁོར་བའི་གཞི་རྩ་ཆགས་སྡང་གི། །རྒྱུ་རྐྱེན་འབྲས་བུས་ཉོན་མོངས་ཀུན་བསྐྱེད་པའི། །མཚན་ཉིད་ཇི་བཞིན་རིག་པ་ལྷན་སྐྱེས་ཀྱི། །དགའ་བ་བཅུ་དྲུག་མཆོད་པ་ཀུན་གྱི་རབ། །ཐབས་ཤེས་ཟུང་འཇུག་འགྱུར་བྲལ་བདེ་བའི་མཆོག །ཟག་མེད་ཏིང་འཛིན་དབང་སྒྱུར་བླ་མ་རྣམས། །བདེ་སྟོང་ཡེ་ཤེས་མཆོད་པའི་དགའ་སྟོན་ཆེར། །རོལ་ནས་སེམས་ཅན་སྡུག་བསྔལ་ཞི་བར་མཛོད། །གུ་ཧྱཛྙཱ་ན་ས་ཧ་ཛ་མ་ཧཱ་པཱུ་ཛ་ཧོཿདེ་ཁོ་ན་ཉིད་དོན་དམ་གྱི་མཆོད་པ་ནི། །ཆོས་རྣམས་ཀུན་གྱི་རང་བཞིན་མ་བཅོས་པ། །ཐོག་མཐའ་དབུས་མེད་འཁོར་དང་མྱང་འདས་ཞེས། །མཚན་མས་མ་བཅིངས་འཕོ་འགྱུར་བྲི་གང་བྲལ། །འདི་ནི་མཆོད་པའི་ནང་ནས་མཆོད་ཆེན་པོ། །མཆོད་ཡུལ་བླ་མ་གདོད་མའི་ཆོས་ཀྱི་སྐུ། །མཆོད་བྱེད་རང་གསལ་རང་རིག་རྣལ་འབྱོར་པ། །མཆོད་བྱའི་དངོས་ཀུན་རང་རྩལ་སྒྱུ་མའི་འཕྲུལ། །མཐའ་དག་གཟོད་ནས་ཡང་དག་མཆོད་པའོ། །སརྦ་དྷརྨཱཿམ་ཧཱ་ཤཱུ་ནྱ་དཱ་པཱུ་ཛ་ཧོཿ དེ་ནས་མཎྜལ་ཚོམ་བུ་སོ་བདུན་མ་བཀོད་ཅིང་ཕུལ་ལ། །ས་གཞི་སྤོས་བྱུགས། ཕྱོགས་བཅུ་དུས་གསུམ་སོགས་གྲངས་གསོག་ཅིང་། མཐར། མཉེས་བྱེད་མཎྜལ་སོགས་ཀྱིས་འདོད་དོན་གསོལ་ལོ། །གསུམ་པ་ཕྱག་མཆོད་མདོར་བསྡུས་དང་ཆབ་གཅིག་ཡན་ལག་ལྷག་མ་སྡོམ་བཟུང་དང་བཅས་པ་ནི། །བླ་མ་མཆོག་དང་ཕྱག་འོས་ཐམས་ཅད་ལ། །ཞིང་རྡུལ་གྲངས་དང་མཉམ་པའི་ལུས་བཏུད་ནས། །ཡོན་ཏན་བརྗོད་པའི་ངག་གིས་བསྟོད་བྱེད་ཅིང་། །ལྷག་བསམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །


LT28_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་ལུས་དང་ལོངས་སྤྱོད་དགེ་བ་སོགས། །འཇིག་རྟེན་འཇིག་རྟེན་འདས་པའི་དཔལ་འབྱོར་ཀུན། །ཕྱི་ནང་མཆོད་སྤྲིན་རྒྱ་མཚོར་བློས་སྤྲུལ་ནས། །མཆོད་འོས་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ཐོག་མེད་དུས་ནས་ཉོན་མོངས་དབང་གྱུར་པས། །སྒོ་གསུམ་སྒོ་ནས་རང་བཞིན་བཅས་པའི་སྡིག །བགྱིས་དང་བགྱིད་སྩལ་ཡིད་རང་བགྱིས་པ་ཀུན། །གནོང་འགྱོད་སྡོམ་པའི་སེམས་ཀྱིས་མཐོལ་ཞིང་བཤགས། །སྐྱེས་མཆོག་སྲས་དང་བཅས་པའི་རྣམ་ཐར་དང་། །གཞན་ཡང་འགྲོ་ཀུན་སྒོ་གསུམ་དགེ་བའི་ཚོགས། །བྱས་དང་བྱེད་འགྱུར་ད་ལྟ་མཛད་རྣམས་ལ། །རབ་ཏུ་དགའ་བའི་ཡིད་ཀྱིས་ཡི་རང་ངོ། །འགྲོ་ཀུན་ཕན་ཅིང་དགེ་བར་བགྱིད་པའི་སླད། །ཆོས་ཀྱི་རྒྱལ་པོ་སྲས་དང་བཅས་རྣམས་ཀྱིས། །གང་ལ་གང་འདུལ་ཟབ་དང་རྒྱ་ཆེ་བའི། །ཆོས་ཀྱི་འཁོར་ལོ་རྒྱུན་དུ་བསྐོར་དུ་གསོལ། །ཆོས་ཀྱི་སྐུ་ལ་སྐྱེ་འཇིག་མི་མངའ་ཡང་། །གཟུགས་སྐུ་ཞིང་གཞན་དོན་ལ་མི་གཤེགས་པར། །མགོན་མིད་སྙིག་མའི་འགྲོ་ལ་རྗེས་བརྩེ་བས། །མྱ་ངན་མི་འདའ་ཡུན་རིང་བཞུགས་པར་འཚལ། །འགྲོ་ཀུན་བླ་མེད་བྱང་ཆུབ་ཐོབ་དོན་ཏུ། །སྐྱབས་མཆོག་ཁྱེད་ལ་རྟག་པར་སྐྱབས་མཆི་ཞིང་། །ཐུན་མོང་ཁྱད་པར་དམ་ཚིག་སྡོམ་པ་རྣམས། །དེང་ནས་བླངས་ཏེ་ཚུལ་བཞིན་བསྒྲུབ་པར་བགྱིའོ། །བདག་གིས་དུས་གསུམ་བསགས་པའི་དགེ་བའི་མཐུས། །འགྲོ་ཀུན་སྲིད་པའི་འཆིང་བ་ལས་གྲོལ་ཏེ། །དཔལ་ལྡན་བླ་མ་མཆོག་གིས་རྗེས་བཟུང་ནས། །ཀུན་མཁྱེན་མཆོག་གི་


LT28_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་མྱུར་ཐོབ་ཤོག །སྤྲོས་པ་བསྡུ་བའི་སྐབས་གོང་གི་བཞུགས་གསོལ་འཕྲོས་འདི་ཙམ་སྦྱར་བས་འཐུས་སོ། །ལྔ་པ་བསྟོད་ཅིང་གསོལ་བ་གདབ་པ་ནི། །གང་གིས་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཉེས་པའི་སྐྱོན་ཀུན་རབ་སྤངས་ཤིང་། །ལེགས་པའི་ཡོན་ཏན་ཀུན་ལྡན་པས། །ཕན་བདེ་དཔལ་འབྱོར་ཀུན་འབྱུང་བའི། །དཔལ་ལྡན་བླ་མ་ཁྱེད་ལ་བསྟོད། །གདུལ་བྱ་སྨིན་ཅིང་གྲོལ་བའི་ཕྱིར། །དུས་གསུམ་སངས་རྒྱས་ཐམས་ཅད་ཉིད། །འདྲེན་པའི་ཚུལ་དུ་རྣམ་འཕྲུལ་པའི། །དཔལ་ལྡན་བླ་མ་ལ་ཕྱག་འཚལ། །ཁྱེད་སྐུ་ཤ་དང་རུས་བྲལ་ཡང་། །ཡེ་ཤེས་གཟུགས་སུ་སྣང་བའི་སྐུ། །དད་པའི་མིག་རྐྱེན་མཆོག་གྱུར་པ། །སྐུ་ཡི་དབང་ཕྱུག་ཁྱེད་ལ་འདུད། །བརྗོད་འདོད་རྩོལ་བ་མི་མངའ་ཡང་། །ཡན་ལག་དྲུག་ཅུའི་གསུང་དབྱངས་ཀྱིས། །ཟབ་ཅིང་རྒྱ་ཆེའི་དོན་སྟོན་པ། །གསུང་གི་དབང་ཕྱུག་ཁྱེད་ལ་འདུད། །ཤེས་དང་ཤེས་བྱའི་སྤྲོས་བྲལ་ཡང་། །ཤེས་བྱའི་དཀྱིལ་འཁོར་གསལ་བའི་ཐུགས། །སྙིང་རྗེ་གཟུངས་སྦོབས་དུ་མའི་གཏེར། །ཐུགས་ཀྱི་དབང་ཕྱུག་ཁྱེད་ལ་འདུད། །ཡོན་ཏན་ཆ་ཙམ་འགྲོ་ཀུན་གྱིས། །བསྐལ་པར་བརྗོད་ཀྱང་མི་ཟད་པའི། །སྤྱན་དང་མངོན་ཤེས་རྫུ་འཕྲུལ་སོགས། །ཡོན་ཏན་དབང་ཕྱུག་ཁྱེད་ལ་འདུད། །མཐོང་ཐོས་དྲན་པས་དོན་ལྡན་ན། །བསྟེན་ན་གྲོལ་བ་ཅི་སྨོས་པ། །ལྷུན་གྲུབ་རྒྱན་ཆད་མི་མངའ་བའི། །ཕྲིན་ལས་དབང་ཕྱུག་ཁྱེད་ལ་འདུད། །འཁོར་འདས་ཕུན་ཚོགས་ཇི་སྙེད་


LT28_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །དམ་པའི་ཆོས་ལས་བྱུང་བ་སྟེ། །དེའང་ཁྱེད་ལས་བྱུང་གྱུར་པ། །ཕན་བདེའི་འབྱུང་གནས་ཁྱེད་ལ་བསྟོད། །ཇི་ལྟ་ཇི་སྙེད་ཀུན་མཁྱེན་གྱིས། །ཉོན་མོངས་ཤེས་བྱའི་སྒྲིབ་སྤངས་པས། །རྐང་གཉིས་རྣམས་ཀྱི་མཆོག་གྱུར་པ། །རྫོགས་པའི་སངས་རྒྱས་ཁྱེད་ལ་བསྟོད། །ཁྱེད་ཐུགས་རྟོགས་པའི་དམ་ཆོས་ཏེ། །གསུང་གི་རྒྱུ་མཐུན་ལུང་གི་ཆོས། །རྣམ་གྲོལ་འཇུག་དོགས་མཆོག་གྱུར་པ། །དམ་ཆོས་རིན་ཆེན་ཁྱེད་ལ་བསྟོད། །རང་བཞིན་འོད་གསལ་མངོན་གྱུར་ཅིང་། །གཉིས་འཛིན་རྟོག་པ་ལས་གྲོལ་བས། །བསོད་ནམས་ཞིང་རབ་མཆོག་གྱུར་པ། །ཚོགས་མཆོག་གཙོ་བོ་ཁྱེད་ལ་བསྟོད། །འདོད་པའི་འཆིང་བ་ཀུན་སྤངས་ནས། །དྲི་མེད་བསླབ་གསུམ་བརྟུལ་ཞུགས་ཅན། །སྡོམ་བརྩོན་ངུར་སྨྲིག་འཛིན་པའི་གཙོ། །ཤཱཀྱའི་སྲས་མཆོག་ཁྱེད་ལ་བསྟོད། །སྟོང་ཉིད་སྙིང་རྗེའི་སེམས་མཆོག་གིས། །གཅིག་ཏུ་གཞན་ཕན་བརྩོན་པ་ཅན། །རྒྱལ་སྲས་སེམས་དཔའ་རྣམས་ཀྱི་ཡབ། །བརྩེ་ལྡན་དཔའ་བོ་ཁྱོད་ལ་བསྟོད། །སྨིན་གྲོལ་ལམ་ལ་རབ་སྦྱངས་པས། །རིམ་གཉིས་རྣལ་འབྱོར་དབང་ཕྱུག་ཅན། །རིག་པ་འཛིན་པ་ཀུན་གྱི་རྗེ། །རྡོ་རྗེ་འཛིན་རྒྱལ་ཁྱོད་ལ་བསྟོད། །ཅེས་པ་ཙམ་མམ། སྤྲོ་ན། །ཆོས་ཉིད་གདོད་མའི་གནས་ལུགས་དེ་བཞིན་ཉིད། །ཆོས་ཅན་ཀུན་ཁྱབ་སྤྲོས་བྲལ་ནམ་མཁའི་དང་། །ཐབས་ཤེས་ཟུང་འཇུག་ཁ་སྦྱོར་བདེ་བ་ཆེ། །དཔལ་ལྡན་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །


LT28_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་འཆི་གཉིས་སྤངས་འགྱུར་མེད་རྡོ་རྗེའི་སྐུ། །གདུལ་དཀའ་འདུལ་མཛད་འགྲོ་བའི་སྐྱབས་གཅིག་པུ། །པདྨ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས། །མཚན་ཙམ་དྲན་པས་འཇིགས་པ་ཀུན་ལས་སྐྱོབ། །གསོལ་བ་བཏབ་ན་དགོས་འདོད་ཐམས་ཅད་སྩོལ། །ཕྱོགས་དུས་རྒྱལ་བ་སྲས་བཅས་སྐྱེད་པའི་ཡུམ། །འཕགས་མ་ཡིད་བཞིན་འཁོར་ལོར༴། ཚད་མེད་སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགས། །གངས་ཅན་མགོན་ཏུ་སྤྲུལ་པའི་སྐུ་རུ་བཞེངས། །རིགས་ཀུན་ཁྱབ་བདག་རྒྱལ་དབང་ཀརྨ་པ། །ཐེག་མཆོག་རྡོ་རྗེའི་ཞབས་ལ༴ །སྐལ་བཟང་རྣམ་འདྲེན་ལྔ་པ་བྱམས་ཆེན་མགོན། །སྒྲུབ་བརྒྱུད་མངའ་བདག་དགྱེས་མཛད་མར་པ་རྗེ། །རྒྱལ་བའི་ཕྲིན་ལས་དབང་ཕྱུག་སྐུར་སྣང་བ། །པདྨ་ཀུན་ཏུ་བཟང་པོར༴ །མཁས་མཆོག་ནཱ་རོ་ཏཱ་པའི་སྒྱུ་འཕྲུལ་གར། །རྣམ་ཐར་ཕྲིན་ལས་བསམ་མི་ཁྱབ་པར་སྟོན། །འགྲོ་བའི་མགོན་པོ་ཆོས་རྗེ་འབྲུག་པའི་ཞབས། །མི་འགྱུར་དབང་གི་རྒྱལ་པོར༴ །འཕགས་ཡུལ་པ་ཆེན་ཤེས་རབ་འབྱུང་གནས་དང་། །པདྨའི་རྒྱལ་ཚབ་རིན་ཆེན་གླིང་བ་སོགས། །ཡེ་ཤེས་གཅིག་བསྡུས་དཔལ་ལྡན་དཔའ་བོ་མཆོག །གཙུག་ལག་ཆོས་རྒྱལ་ཞབས་ལ༴ །པདྨའི་སྤྱན་སྔར་ལྕོག་རོ་ཀླུའི་རྒྱལ་མཚན། །ད་ལྟ་བདེ་ཆེན་ཞིང་ན་སེམས་དཔའི་ཚུལ། །འགྲོ་མགོན་ཀརྨ་ཆགས་མེད་སྤྲུལ་པའི་སྐུ། །ཚེ་དབང་རབ་བརྟན་ཞབས་ལ༴ །ལྷ་སྲས་དམ་འཛིན་ཆོས་ཀྱི་བློ་གྲོས་ཉིད། །སྨོན་ལམ་ཐུགས་བསྐྱེད་དུས་སུ་སོན་པ་ལས། །སྙིགས་མའི་འགྲོ་


LT28_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་གཏེར་ཆེན་ཆོས་ཀྱི་རྒྱལ། །མཆོག་གྱུར་བདེ་ཆེན་གླིང་པར༴ །འཇམ་དབྱངས་ཁྲི་ལྡེ་དགེ་བའི་བཤེས་ཀྱི་ཚུལ། །ཐུབ་བསྟན་ཡོངས་སུ་རྫོགས་པའི་བདག་ཉིད་ཅན། །མཁས་ཤིང་གྲུབ་པ་ཡོངས་ཀྱི་འཁོར་ལོས་སྒྱུར། །མཁྱེན་བརྩེའི་དབང་པོའི་ཞབས་ལ༴ །ཨོ་རྒྱན་སྤྱན་སྔར་དྲི་མེད་ཟླ་ཤར་རྩལ། །གྲུབ་པའི་དབང་ཕྱུག་སངས་རྒྱས་ཡེལ་པ་རྗེ། །བསྟན་པའི་དཔལ་དུ་བསམ་བཞིན་སྐུར་སྤྲུལ་པ། །མཁན་ཆེན་ཟླ་བ་བཟང་པོར༴ །རྣམ་སྣང་བཻ་རོ་ཙ་ནས་བྱིན་རླབས་པར། །དུས་གསུམ་ཀུན་མཁྱེན་པདྨས་ལུང་བསྟན་ཅིང་། །པདྨའི་རྒྱལ་ཚབ་རྣམས་ཀྱིས་རྗེས་བཟུང་བ། །པདྨ་གར་གྱི་དབང་ལ༴ །མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ། །འགྲོ་འདུལ་སྐྱེས་རབས་བཞི་པར་རྣམ་རོལ་བ། །ངོ་མཚར་སྤྲུལ་པའི་སྐུ་མཆོག་གདུལ་བྱའི་མགོན། །གསང་སྔགས་བསྟན་འཛིན་ཞབས་ལ༴ །གྲུབ་ཆེན་གསལ་སྟོང་ཤོ་སྒོམ་ཡེ་ཤེས་འཕྲུལ། །ཡང་སྲིད་ཀུན་ཏུ་མཁྱེན་བརྩེ་ནུས་གསུམ་གྱིས། །དོན་བརྒྱུད་བསྟན་པ་སྤེལ་མཛད་ཁྲ་ལེབ་པ། །ཡེ་ཤེས་ཉི་མའི་ཞབས་ལ༴། སྤྲུལ་པའི་གཏེར་ཆེན་ཀློང་གསལ་སྙིང་པོའི་ཞབས། །སྒྲུབ་བརྒྱུད་བསྟན་པའི་ཕྲིན་ལས་བསམ་བཞིན་ཏུ། །སྐྱེ་བཞེས་མཛད་པ་རྨད་བྱུང་རྒྱལ་བའི་སྲས། །བསྟན་འཛིན་ཕྲིན་ལས་ཞབས་ལ༴ །གཡུ་ཐོག་མགོན་པོ་ཐང་རྒྱལ་ལ་སོགས་པའི། །རྣམ་འཕྲུལ་ཡོངས་གྲགས་རྗེ་དབོན་འཚོ་བྱེད་མཆོག། སྐྱེ་མེད་སྐྱེ་བའི་གར་སྟོན་རྣམ་པར་འདྲེན། །བསྟན་འཛིན་རབ་རྒྱས་ཞབས་


LT28_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ལ༴ །རྣམ་དག་ཁྲིམས་ཀྱི་ས་གཙང་དགེ་བ་ལ། །སེམས་དང་ཏིང་འཛིན་ནོར་བུའི་ལྗོན་བཟང་རྒྱས། །གདུལ་བྱ་ཐར་བའི་དབུལ་བ་སེལ་མཛད་པ། །དར་རྒྱས་རྒྱ་མཚོའི་ཞབས་ལ༴ །འདིར་སྣང་འབྱོར་པ་རྨི་ལམ་ལྟར་གཟིགས་ནས། །ཞེན་ལོག་ངེས་འབྱུང་བཅོས་མིན་མོས་གུས་ཀྱིས། །ཚེ་གཅིག་བྱང་ཆུབ་སྒྲུབ་པའི་གཡུ་བྲག་པ། །ངག་དབང་ཡེ་ཤེས་ཞབས་ལ༴ །བླ་མ་མཉེས་པའི་བྱ་བ་མཐར་ཕྱིན་པས། །ཐུགས་རྗེའི་བྱིན་ཞུགས་ལྷག་ལྷས་རྫས་སུ་བཟུང་། །ཚུལ་ཁྲིམས་ལ་སོགས་བསླབ་གསུམ་རྒྱ་མཚོ་ཆེ། །སུམ་ལྡན་རྡོ་རྗེ་འཛིན་པར༴ །དཀར་པོ་གཅིག་ཐུབ་མོས་གུས་དཀྱིལ་འཁོར་རྒྱས། །སྙིང་རྗེ་བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོ། །དད་ལྡན་སྙིང་གི་མུན་པ་སེལ་མཛད་པ། །དྲིན་ཅན་བླ་མ་རྗེ་ལ༴ །ངོ་བོ་དགྱེས་མཛད་ཧེ་རུ་ཀ་དཔལ་ཉིད། །རྣམ་པ་བདུད་དགྲ་འདུལ་མཛད་ནག་པོ་ཆེ། །སངས་རྒྱས་ཀུན་གྱི་ཕྲིན་ལས་སྒྲུབ་མཛད་པ། །ཡེ་ཤེས་ཆོས་སྐྱོང་མཆོག་ལ༴ །དུས་གསུམ་སངས་རྒྱས་མ་ལུས་འདུས་པའི་དངོས། །རྡོ་རྗེ་འཆང་དབང་བཤེས་གཉེན་སྐུར་སྟོན་པ། །དཔལ་ལྡན་བླ་མ་རྣམས་ལ་གསོལ་བ་འདེབས། །བྱིན་རླབས་སྤྲིན་བཞིན་གཏིབས་པར་མཛད་དུ་གསོལ། །སྣ་ཚོགས་སྒྱུ་འཕྲུལ་དྲྭ་བའི་རོལ་པ་ཡིས། །རིགས་ལྔའི་གདུལ་བྱ་འདུལ་བའི་དཀྱིལ་འཁོར་པ། །ཡི་དམ་ལྷ་ཚོགས་རྣམས་ལ༴ །དངོས་གྲུབ་ཆར་ལྟར་འབེབས་པར་མཛད་དུ་གསོལ། །ཆོས་དབྱིངས་མཁའ་ལ་ཐུགས་རྗེའི་ཤུགས་ཀྱིས་འགྲོ། །རྫུ་འཕྲུལ་སྟོབས་


LT28_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སངས་རྒྱས་བསྟན་པ་སྲུང་། །མཁའ་འགྲོ་དམ་ཅན་རྣམས་ལ༴ །ཕྲིན་ལས་ཐོགས་མེད་སྒྲུབ་པར་མཛད་དུ་གསོལ། །བརྩེ་ཆེན་སྐྱབས་ཀྱི་མཆོག་གྱུར་ཁྱེད་རྣམས་ལ། །རྩེ་གཅིག་མོས་པས་གསོལ་བ་བཏབ་པའི་མཐུས། །མྱུར་བ་ཉིད་དུ་དོན་གཉིས་མཐར་ཕྱིན་ནས། །འགྲོ་མགོན་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །དྲུག་པ་ཐུགས་རྒྱུད་བསྐུལ་བ་ནི། །སྤྱིར་མནམ་བཞི་སྐོར་གྲངས་ཅི་ནུས་དང་། །བྱེ་བྲག་ཏུ། ཀརྨ་པ་མཁྱེན་ནོ། །ཞེས་པ་དང་། ཨོཾ་ཨཱཿགུ་རུ་རཏྣ་སརྦ་སིངྡྷི་ཧཱུྃ། ཞེས་མོས་གུས་གདུང་ཤུགས་དྲག་པོ་དང་ལྡན་པས། །རྩ་བ་གསུམ་གྱི་སྐུ་གསུང་ཐུགས་དང་རང་སེམས་གཤིས་སྐྱེ་མེད། གདངས་འགག་མེད། རྩལ་སྣ་ཚོགས་སུ་འཆར་བ་རྣམས་དབྱེར་མེད་རོ་མཉམ་དུ་གདོད་ནས་དག་པར་ཤེས་པའི་རང་བྱུང་རང་བབ་གཤིས་ལུགས་ཀྱི་ངོ་བོ་བསྐྱང་བཞིན་པས་བཟླས་པའི་མཐར། ཐལ་སྦྱར་མོས་གུས་དྲག་པོས། །ཕྱོགས་དུས་རྒྱལ་བ་ཐུགས་རྗེའི་མངའ་བདག་ཀུན། །ཡོངས་བཟླུམ་བདག་སོགས་སྙིགས་དུས་གདུལ་བྱའི་ཚོགས། །འདུལ་མཛད་རྗེ་བཙུན་བླ་མ་ཚར་དངར་རྣམས། །མཁྱེན་བརྩེ་ཡེ་ཤེས་གཟིགས་པ་སྒྲིབ་མེད་ལ། །བདག་སོགས་རྨོངས་པས་སྙན་བསྐུལ་མི་འཚལ་ཡང་། །ལྔ་བརྒྱ་ཐ་མའི་དུས་ཀྱི་ངང་ཚུལ་དང་། །རིན་ཆེན་བསྟན་པ་གཟུགས་བརྙན་ལ་སྤྱོད་པའི། །རྣམ་འགྱུར་མི་བཟད་ངན་པའི་སྣང་ཚུལ་འདི། །མཁྱེན་པའི་སྤྱན་ལྡན་རྣམས་ཀྱིས་གཟིགས་བཞིན་དུ། །ཐུགས་རྗེའི་ནུས་སྟོབས་བཏང་སྙོམས་མི་འཇོག་ཅིང་། །རྨུ་རྒོད་གདུལ་བྱ་ཡལ་བར་


LT28_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

མ་དོར་བར། །གདུལ་དཀའ་འདུལ་བའི་ཕྲིན་ལས་དུས་ལ་བབས། །སྣོད་བཅུད་འབྱུང་འཁྲུགས་འཕོ་འགྱུར་རྦ་ཀློང་གིས། །སྐྱེ་འགྲོ་བཟོད་དཀའི་སྡུག་བསྔལ་དུ་མས་གཟིར། །ནད་མུག་འཁྲུགས་རྩོད་འབྱུང་པོའི་འཚེ་བ་སོགས། །མ་ལུས་མྱུར་དུ་ཞི་བར་བྱིན་གྱིས་རློབས། །བསྟན་ལ་ཞུགས་རྣམས་ཆགས་སྡང་ཀུན་སློང་གིས། །རྒྱུད་དཀྲུགས་སྡོམ་གསུམ་རིང་དོར་བག་མེད་ཀྱི། །སྦྱོར་བས་དུས་འདའ་ཐོས་བསམ་སྒོམ་མི་བརྩོན། །མཐའ་དག་ཆོས་བཞིན་སྤྱོད་བར་བྱིན་གྱིས་རློབས། །རྒྱུ་འབྲས་དམ་སྡོམ་རིམ་གཉིས་རྒྱང་བསྲིང་ཞིང་། ཁ་ན་མ་ཐོའི་ཟས་དང་སྤྱོད་པས་གཡེང་། །དུག་གསུམ་མི་འབར་རང་གཞན་རྒྱུད་བསྲེགས་པའི། །ཆོས་གཟུགས་ཆོས་ལ་འགྱུར་བར་བྱིན་གྱིས་རློབས། །སྒྲུབ་བརྒྱུད་རྣལ་འབྱོར་སྤྱོད་པའི་གང་ཟག་རྣམས། །ཟག་བཅས་ལམ་དང་སྟོང་ལྟས་མི་བསླུ་བར། །བདེ་སྟོང་ཟུང་འཇུག་ཡེ་ཤེས་ཕྱག་རྒྱ་ཆེ། །མ་ནོར་མངོན་ཏུ་འགྱུར་བར་བྱིན་གྱིས་རློབས། །ཡོན་ཏན་ལྟར་སྣང་ལམ་རྟགས་ཕྲ་མོ་ལ། །ཞེ་འདོད་ངར་འཛིན་ཁོང་སྐྲན་མི་ཞུགས་པར། །ས་ལམ་རྣལ་འབྱོར་བཞི་འབྲས་མཐར་ཕྱིན་ཏེ། །སྐུ་བཞི་དབྱེར་མེད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདིའི་འདོད་དོན་དངོས་གྲུབ་ཕྲ་མོ་དང་། །ཆོས་བརྒྱད་ཁོང་དུ་བཅངས་པའི་འགྲོ་དོན་སོགས། །དོན་གཉིས་འདྲ་མིན་བདུད་ཀྱིས་མི་བསླུ་བར། །མཆོག་དངོས་ཡང་དག་འགྲུབ་པར་བྱིན་གྱིས་རློབས། །ཞེས་འདོད་དོན་གྱི་གསོལ་བ་གདབ་ཅིང་ཐུགས་དམ་ཕྲིན་ལས་བསྐུལ་ལོ། །བདུན་པ་ཚོགས་ཀྱི་


LT28_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་འབུལ་བར་སྤྲོ་ན། །ཐབས་ཤེས་ཀྱི་རྫས་གཙོ་བོར་གྱུར་པའི་བཟའ་བཏུང་གང་འབྱོར་བཤམ། །ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿས་བྱིན་གྱིས་བརླབས་པའི་ཐོད་པའི་བདུད་རྩི་བྲན་ལ། ཨོཾ་བཛྲ་ཨ་མྲི་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། བདག་ཉིད་ཐུགས་ཀའི་ཧཱུྃ་ལས་རཾ་ཡཾ་ཁཾ། །འཕྲོས་པ་ལས་བྱུང་ཡེ་ཤེས་མེ་རླུང་ཆུས། །ཚོགས་ཀྱི་འབག་བཙོག་དྲི་མ་བསྲེགས་གཏོར་བཀྲུས། །ཨོཾ་ཨཱཿཧཱུྃ་འཕྲོས་སྦྱང་རྟོགས་སྦར་བ་ཡིས། །ཚོགས་རྫས་ངོ་བོ་ཡེ་ཤེས་བདུད་རྩི་ལ། །རྣམ་པ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཟག་མེད་འདོད་པའི་ཡོན་ཏན་བསམ་ཡས་ཀྱིས། །སྐྱབས་མཆོག་བླ་མའི་ཚོགས་རྣམས་མཉེས་བྱེད་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། བྱིན་རླབས་འབེབས་པ་ནི། །གནས་འོག་མིན་ཆོས་དབྱིངས་ཞིང་ཁམས་ནས། །དཔལ་རྡོ་རྗེ་འཆང་ཆེན་གཤེགས་སུ་གསོལ། །གནས་པདྨ་འོད་ཀྱི་ཕོ་བྲང་ནས། །རྗེ་པདྨ་ཐོད་ཕྲེང་གཤེགས་སུ་གསོལ། །གནས་གྲུ་འཛིན་འཆི་མེད་དགའ་ཚལ་ནས། །ཡུམ་ཡིད་བཞིན་འཁོར་ལོ་གཤེགས་སུ་གསོལ། །གནས་གང་འདུལ། ཐུགས་རྗེའི་གཞལ་ཡས་ནས། །དཔལ་རྒྱལ་བའི་དབང་ཕྱུག་ཀརྨ་པ། །རྗེ་ཏཱ་ཡི་སི་ཏུ་འབྲུག་པ་རྗེ། །མཆོག་དཔའ་བོའི་དབང་ཕྱུག་ལ་སོགས་པ། །སྐྱབས་བཀའ་བརྒྱུད་བླ་མ་ཡབ་དང་སྲས། །འཕྲུལ་སྒྱུ་མའི་གར་སྟོན་གཙོ་དང་འཁོར། །ཆོས་སྐྱོང་བའི་དམ་ཅན་རྒྱ་མཚོར་བཅས། །སྐུ་བྱིན་རླབས་གཟི་བརྗིད་ལམས་སེ་ལམ། །གསུང་རྡོ་རྗེའི་ཆོས་དབྱངས་ལྷངས་སེ་ལྷང་། །ཐུགས་བདེ་སྟོང་འོད་གསལ་ཡ་ལ་ལ། །འཁོར་དཔའ་བོ་མཁའ་འགྲོ་


LT28_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཐིབས་སེ་ཐིབ། །རྒྱན་རིན་ཆེན་རུས་པ་ཁྲ་ལ་ལ། །སྒྲ་དྲིལ་བུ་གཡེར་ཁ་སི་ལི་ལི། །མཆོག་བྱིན་རླབས་སྤྲིན་ཕུང་ཐིབས་སེ་ཐིབ། །ཉམས་རྟོགས་པའི་ཆར་ཆེན་ཤ་ར་ར། །གནས་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །བདག་རྗེས་འཇུག་བུ་ལ་བརྩེ་བས་དགོངས། །དོན་རྡོ་རྗེའི་ཡེ་ཤེས་འབེབས་པ་ཡི། །མཐུ་བྱིན་རླབས་ནུས་པ་ད་ལྟ་སྩོལ། །གུ་རུ་དེ་བ་ཌཱ་ཀི་ནཱི་ས་མ་ཡ་ཨཱ་བེ་ཤ་ཡ་ཧྲི༚་ཧྲི༚་ཛ༔ཛཿ དེ་ནས་ཚོགས་ཀྱི་ཡོ་བྱད་ཚན་གསུམ་དུ་བཅད་པའི་དང་པོ་བླ་མའི་དཀྱིལ་འཁོར་ལ་འབུལ་ཏེ། ཧོ་རྗེ་བཙུན་བླ་མ་མཆོག་དང་སྤྲུལ་པའི་ལྷ། །ཡི་དམ་མཁའ་འགྲོ་ཆོས་སྲུང་བཅས་རྣམས་ལ། །འདོད་ཡོན་རྨད་བྱུང་ཚོགས་ཀྱི་མཆོད་པ་འབུལ། །ཟག་མེད་དགྱེས་པ་ཆེན་པོར་རོལ་པར་མཛོད། །རྩ་བརྒྱུད་བླ་མའི་ཐུགས་དམ་བསྐངས་ནས་ཀྱང་། །ཚེ་གཅིག་སངས་རྒྱས་དངོས་གྲུབ་སྩལ་དུ་གསོལ། །ཡི་དམ་ལྷ་ཚོགས་ཐུགས་དམ་བསྐངས་ནས་ཀྱང་། །མཆོག་ཐུན་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐངས་ནས་ཀྱང་། །རྣམ་བཞིའི་ཕྲིན་ལས་ཐོགས་མེད་སྒྲུབ་མཛད་གསོལ། །ཆོས་སྐྱོང་སྲུང་མའི་།ཐུགས་དམ་བསྐངས་ནས་ཀྱང་། །བསྟན་ལ་གནོད་པའི་དགྲ་བགེགས་སྒྲོལ་མཛད་གསོལ། །ག་་ཙཀྲ་པཱུ་ཛ་ཁཱ་ཧི། བར་པ་རྣལ་འབྱོར་པ་རྣམས་ནང་གི་ཚོགས་འཁོར་གྱིས་ལོངས་སྤྱད། གྲུབ་ཐོབ་གོང་མ་རྣམས་ཀྱི་གསུང་མགུར་སོགས་རྡོ་རྗེའི་གླུ་བླངས་ཤིང་ཉམས་བསྐྱང་། །ཐ་མ་བདུད་རྩིས་བྲན་ལ་འབྲུ་གསུམ་དང་། ཨ་ཀཱ་རོའི་སྔགས་ཀྱིས་བྱིན་བརླབས་ལ། ཧཱུྃ། །སྔོན་གྱི་རྒྱལ་བ་རིག་འཛིན་གྲུབ་མཆོག་གི། །སྤྱན་སྔར་ཁས་


LT28_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་དམ་ཚིག་གཉེར་བཞེས་པའི། །གནས་ཡུལ་དུར་ཁྲོད་རྒྱུ་བའི་ཌཱ་ཀི་མ། །ཡེ་ཤེས་ལས་དང་འཇིག་རྟེན་སྣ་ཚོགས་ཀྱི། །མཁའ་འགྲོ་ཤུགས་འགྲོ་བྲན་དང་ཡང་གཡོག་བཅས། །གཞན་ཡང་འཇིག་རྟེན་ཁམས་སྐྱོང་མཐུ་བོ་ཆེ། །བསྟན་པ་སྲུང་ཞིང་རྣལ་འབྱོར་སྐྱོང་བའི་ཚོགས། །མ་ལུས་རྡོ་རྗེའི་ཕམ་ཕབ་ཚོགས་ཀྱི་ལྷག །དམ་ཚིག་བདུད་རྩི་འདོད་ཡོན་ཕུན་ཚོགས་འདི། །བཞེས་ནས་སངས་རྒྱས་བསྟན་པ་དྲི་མེད་སྐྱོངས། །ཆོས་བཞིན་སྤྱོད་པའི་གང་ཟག་མཐུན་རྐྱེན་སྒྲུབས། །རྒྱལ་ཁམས་བདེ་ཞིང་སྦྱིན་བདག་བར་ཆད་ཞི། །བསྟན་ལ་གནོད་པའི་བདུད་སྡེ་ཐལ་བར་རློག །རྣལ་འབྱོར་བདག་གིས་ཇི་ལྟར་བཅོལ་བ་ཡི། །ཕྲིན་ལས་མ་གཡེལ་མྱུར་དུ་གྲུབ་མཛོད་ལ། །སྒྲུབ་བརྒྱུད་བསྟན་པ་སྲུང་ཞིང་སྐྱོང་མཛོད་ཅིག །བཛྲ་ཨཱ་ར་ལི་ཌཱ་ཀི་ནཱི་སརྦ་ས་མ་ཡ་ཨུ་ཙིཥྚ་བ་ལི༚་ཏ་ཁཱ་ཧི། །ཞེས་བརྗོད་ལ་གཙང་སར་འབུལ་ཞིང་བཤལ་ཆུ་བསྔོའོ། །བརྒྱད་པ་དབང་བཞི་ལེན་ཅིང་ནོངས་པ་བཤགས་པ་ནི། །དཔལ་ལྡན་བླ་མ་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་སྨིན་བྱེད་དབང་བཞི་སྐུར་དུ་གསོལ། །རྒྱུད་བཞི་མྱུར་དུ་སྨིན་པར་བྱིན་གྱིས་རློབས། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་པའི་གསོལ་བ་བཏབ་པའི་མོད་ཉིད་ལ། །འཁོར་རྣམས་འོད་ཞུ་གཙོ་བོའི་སྐུ་ལ་ཐིམ། །གཙོ་བོ་དཀོན་མཆོག་ཀུན་འདུས་བདག་ཉིད་ལ། །རྣམ་པ་བླ་མ་དངོས་སུ་གསལ་གྱུར་པའི། །མཛོད་སྤུའི་གནས་ནས་འོད་ཟེར་དཀར་པོ་འཕྲོས། །རང་གི་དཔྲལ་བར་ཐིམ་པས་ལུས་སྒྲིབ་དག །བུམ་པའི་དབང་ཐོབ་


LT28_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རིམ་བསྒོམ་ལ་དབང་། །འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །མགྲིན་པའི་གནས་ནས་འོད་ཟེར་དམར་པོ་འཕྲོས། །རང་གི་མགྲིན་པར་ཐིམ་པས་ངག་སྒྲིབ་དག །གསང་བའི་དབང་ཐོབ་རྩ་རླུང་བསྒོམ་ལ་དབང་། །ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །ཐུགས་ཀའི་གནས་ནས་འོད་ཟེར་སྔོན་པོ་འཕྲོས། །རང་གི་སྙིང་གར་ཐིམ་པས་ཡིད་སྒྲིབ་དག །ཤེར་དབང་ཐོབ་ཅིང་སྙོམས་འཇུག་བསྒོམ་ལ་དབང་། །འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །གནས་གསུམ་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། །གནས་གསུམ་ལ་ཐིམ་སྒོ་གསུམ་དྲི་མ་དག །བཞི་པའི་དབང་ཐོབ་ཕྱག་ཆེན་བསྒོམ་ལ་དབང་། །ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །ཅེས་བརྗོད་ཅིང་དོན་བསྒོམ། བདག་ཅག་མ་རིག་འཁྲུལ་པའི་བག་ཆགས་མཐུས། །བླ་མ་མཆོད་པའི་ལས་ལ་འགལ་འཁྲུལ་དང་། །སྒོ་གསུམ་ཉེས་དང་ཡོ་བྱད་མ་དག་སོགས། །ཅི་མཆིས་ཆོས་དབྱིངས་ཀློང་ད་བཟོད་པར་གསོལ། །ཞེས་དང་ཡི་གེ་བརྒྱ་བ་བརྗོད་ལ་ནོངས་པ་བཤགས། །དགུ་པ་ཚོགས་རྟེན་ཞུ་ཞིང་བསྟིམ་པ་ནི། །དཔལ་ལྡན་བླ་མའི་དཀྱིལ་འཁོར་རྣམས། །མོས་གུས་ཤུགས་ཀྱིས་འོད་དུ་ཞུ། །ཐམས་ཅད་གཙོ་བོ་ཉིད་ལ་ཐིམ། །དེ་ཉིད་སྐར་མདའ་རྒྱུག་པ་བཞིན། །ཚུར་བྱོན་བདག་གི་སྤྱི་བོར་ཐིམ། །དེ་ནས་རང་ཉིད་རྡོར་སེམས་ཀྱང་། །མཐའ་ནས་རིམ་འདུས་ཧཱུྃ་ལ་བསྡུ། །ཧཱུྃ་ཡང་གྱེན་རྫོགས་ཐིག་ལེ་དང་། །དེ་ཡང་མཁའ་ལ་སྤྲིན་ཡལ་ལྟར། །བསམ་བརྗོད་


LT28_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་དང་བྲལ་བར་ཐིམ། །དེ་ཡི་ངང་ནས་དུས་གསུམ་གྱི། །རྟོག་ཚོགས་སྤྲིན་བྲལ་མཁའ་བཞིན་བཞག །བླ་མ་ཆོས་སྐུའི་རང་ཞལ་མཇལ། །སླར་ཡང་རྗེས་ཐོབ་རིག་གདངས་ལས། །སྒོ་གསུམ་ལྷ་དང་བླ་མ་ནི། །དབྱེར་མེད་རང་རིག་ཡེངས་མེད་བསྐྱང་། ཨ་འཐས་འཁྲུལ་ཕྱིར་མི་འབྲང་ཞིང་། །ཆོས་བརྒྱད་ཞེན་འཁྲིས་རྦད་ཀྱི་བཅད། །ཚེ་འདིའི་བྱ་བ་ལིངས་ཀྱི་བཏང་། །སྐྱིད་སྡུག་གང་བྱུང་ཐུགས་རྗེར་བསམ། །མོས་གུས་རྒྱུན་ཆད་མེད་པར་ནི། །བླ་མ་སྒྲུབ་པའི་དམ་ཚིག་གོ། །བཅུ་པ་རྗེས་ཀྱི་བྱ་བ་ལ། བསྔོ་སྨོན་ནི། །བདག་གི་དགེ་བ་ཀུན་ལས་མཆོག་རབ་ཕུལ། །དཔལ་ལྡན་བླ་མའི་གསང་གསུམ་དཀྱིལ་འཁོར་ཆེ། །བསྒྲུབས་ཤིང་མཆོད་པའི་དགེ་འབྲས་བླ་ན་མེད། །འདི་དང་འཁོར་འདས་ལམ་གསུམ་རྣམ་དཀར་ཀུན། །གཅིག་བསྡོམས་ཆོས་མིན་བསམ་པས་མ་བསླད་པར། །མཁའ་ཁྱབ་འགྲོ་ཀུན་རྫོགས་བྱང་ཐོབ་ཕྱིར་བསྔོ། །ལྷག་བསམ་མཐུ་དང་བླ་མའི་བྱིན་རླབས་ཀྱིས། །ནམ་མཁས་གར་ཁྱབ་དྲིན་ཆེན་ཕ་མའི་ཚོགས། །ལས་ཉོན་འཁྲུལ་འཁོར་སྡུག་བསྔལ་ཤུགས་དྲག་གི། རྒྱུ་རྐྱེན་འབྲས་བུར་བཅས་པ་རྒྱུན་ཆད་ནས། །སྐུ་བཞི་ཡེ་ཤེས་རྡོ་རྗེ་བླ་མ་ཡི། །གོ་འཕང་མྱུར་ཐོབ་སྲིད་ཞི་གཏན་སྒྲོལ་ཤོག །ཅེས་དང་། །སྤྲོ་ན། །བདག་དགེ་མ་སོགས་བྱའོ། །ཤིས་བརྗོད་ནི། །ཆོས་དབྱིངས་མི་འགྱུར་རྡོ་རྗེའི་དཀྱིལ་འཁོར་གྱི། །ཁྱབ་བདག་རིགས་མཆོག་རྡོ་རྗེ་འཆང་དབང་གི། ཐུགས་རྗེ་ཡེ་ཤེས་རྡོ་རྗེ་ཀུན་ཁྱབ་ཀྱི། །བཀྲ་ཤིས་དེས་ཀྱང་


LT28_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དེང་འདིར་བདེ་ལེགས་ཤོག །དུས་གསུམ་སངས་རྒྱས་ཀུན་གྱི་གསང་བ་འཛིན། །འཁོར་བ་མ་སྟོངས་བར་དུ་གཞན་དོན་མཛད། །སྐྱ་འཆི་གཉིས་སྤངས་གུ་རུ་པདྨ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཐུགས་རྗེ་ཨུཏྤལ་རྒྱས་པའི་ལྡིང་ཁང་དུ། །འཆི་མེད་ཚེ་དང་ཡེ་ཤེས་ཟིལ་དངར་འབེབས། །རྒྱལ་བའི་ཡུམ་གྱུར་ཡིད་བཞིན་འཁོར་ལོ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྲིད་ལས་འདས་ཀྱང་སྲིད་པའི་སྒྱུ་ཐབས་ཀྱིས། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མཛད། །གངས་ཅན་མགོན་པོ་རྒྱལ་མཆོག་ཀརྨ་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཤད་སྒྲུབ་བརྒྱུད་པའི་བླ་མ་ཐུགས་རྗེའི་གཏེར། །དྲིན་ཅན་རྩ་བའི་བླ་མ་ཡིད་བཞིན་ནོར། །དབྱེར་མེད་རང་རིག་བླ་མ་མངོན་གྱུར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་དང་། གཞན་ཡང་ཤིས་བརྗོད་ཀྱི་ཚིགས་ཕྲེང་ཅི་རིགས་སྤེལ་བས་བདེ་ལེགས་སུ་བྱའོ། །འདི་ན་ལ་ལ་འཕགས་པར་ཡོངས་སུ་གྲགས། ཁ་ཅིག་སྐལ་མཉམ་སོ་སྐྱེ་ལྟར་སྣང་བས། །ཚོམ་བུ་གཅིག་ཏུ་མཆོད་ཅིང་སྒྲུབ་པ་ལ། །རྟོག་གེ་བ་རྣམས་ཁྲེལ་བའི་རྒྱུར་འགྱུར་ཡང་། །དོན་དམ་ཀུན་ཀྱང་སེམས་ཉིད་གཅིག་བུའི་འཕྲུལ། །འཁོར་འདས་ཀུན་ལ་བདེ་གཤེགས་སྙིང་པོས་ཁྱབ། །ཆོས་ཀྱི་དབྱིངས་སུ་བཟང་ངན་ཐ་དད་མེད། །ལྷག་བསམ་ས་བོན་བཏབ་ཚད་སངས་རྒྱས་རྒྱུ། །སྨིན་གྲོལ་དོན་ལྡན་མ་འོངས་སངས་རྒྱས་ཉིད། །ཁྱད་པར་རང་ལ་དྲིན་ལྡན་བླ་མ་མཆོག །རྫོགས་


LT28_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སམ་ཐ་མལ་ཡིན་ཀྱང་རུང་། །རྡོ་རྗེ་འཆང་དུ་ལྟ་ཞིང་མཆོད་པའི་ཚུལ། །གསང་སྔགས་རྒྱུད་ལུང་ཀུན་ལས་རྒྱ་ཆེར་གསུངས། །དེ་ཕྱིར་དབང་རྣོན་དོན་ལ་རྟོན་པ་ལ། །འདི་ལྟ་བུ་ཡང་སྐྱོན་མེད་ཡོན་ཏན་ལྡན། །དེ་ཚུལ་ཟབ་མོའི་གནས་ལ་ངེས་རྙེད་པ། །སྒྲུབ་བླ་ཀརྨ་སྦྱིན་པས་ནན་བསྐུལ་ངོར། །ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའི་སྡེས། །ཙཱ་འདྲ་རིན་ཆེན་བྲག་གི་དབེན་གནས་སུ། །གོང་མའི་གསུང་ལ་བརྟེན་ནས་སྦྱར་བའི་དགེས། །འབྲེལ་ཐོགས་འགྲོ་ཀུན་རྩ་གསུམ་དཀྱིལ་འཁོར་དང་། །དབྱེར་མེད་བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀྱི། །གཏེར་ཆེན་འཇིག་རྟེན་ཀུན་ཏུ་བརྡོལ་བར་ཤོག །དགེ་ལེགས་འཕེལ།། །།


previousའཇིག་རྟེན་དབང་ཕྱུག་རྒྱལ་མཆོག་བཅུ་བཞི་པ་གཙོ་བོར་གྱུར་པའི་དཔལ་ལྡན་བླ་མའི་དཀྱིལ་འཁོར་མཆོད་ཅིང་གསོལ་བ་གདབ་པ་ངེས་དོན་ལམ་འཇུགnext