Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

2 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
  
 
  
  
རིགས་གསུམ་བླ་མའི་རྣལ་འབྱོར་སྐལ་བཟང་འདོད་འཇོ།
  
  
  
  
  
  
  
  


2 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousརིགས་གསུམ་བླ་མའི་རྣལ་འབྱོར་སྐལ་བཟང་འདོད་འཇོ།next

རིགས་གསུམ་བླ་མའི་རྣལ་འབྱོར་སྐལ་བཟང་འདོད་འཇོ།


LT29_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་གསུམ་བླ་མའི་རྣལ་འབྱོར་སྐལ་བཟང་འདོད་འཇོ་བཞུགས་སོ། །


LT29_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤྲཱི་མཱཾ་གུ་ར་བེ། ཟབ་ལམ་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པའི་སྐལ་ལྡན་སྒྲུབ་པ་བོས་ཞེན་ལོག་དང་ངེས་པར་འབྱུང་བས་བློ་ཆོས་མིན་ལས་ལྡོག །སྙིང་རྗེ་དང་མོས་གུས་ཀྱི་ཤུགས་དྲག་པོས་ཡིད་དམ་པའི་ཆོས་སུ་བསྐུལ། ལུས་སེམས་དྲན་པ་ཉེ་བར་བཞག་སྟེ། སངས་རྒྱས་ཀུན་དངོས་དཔལ་ལྡན་བླ་མ་ལ། །བདག་གཞན་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །གཞན་དོན་ཚེ་གཅིག་རྡོ་རྗེ་འཆང་འགྲུབ་ཕྱིར། །ཟབ་ལམ་སྙིང་པོའི་རྣལ་འབྱོར་བསྒོམ་པར་བྱ། །དག་པའི་ཞིང་དབུས་རང་ཉིད་ལྷར་གསལ་བའི། །མདུན་མཁར་ཐར་པ་ཆེན་པོའི་ཕོ་བྲང་ནི། །ཡིད་འཕྲོག་བཀོད་བ་རབ་ཏུ་མཛེས་པའི་དབུས། །རིན་ཆེན་དར་ཟབ་པད་ཟླས་སྤྲས་པ་ཡི། །གདན་གསུམ་དབུས་མར་ངོ་བོ་སྤྱན་རས་གཟིགས། །རྣམ་པ་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་། །ཞི་འཛུམ་ཉམས་ལྡན་པད་ཞྭ་བེར་ཕོད་གསོལ། །གཡས་གཡོན་སྐྱབས་སྦྱིན་པད་དཀར་སྡོང་བུ་འཛིན། །གཡས་ཀྱི་གདན་ལ་ངོ་བོ་འཇམ་དཔལ་དབྱངས། །རྣམ་པ་པདྨ་འོད་གསལ་མདོ་སྔགས་གླིང་། །རབ་བྱུང་པ་ཞུ་ཕྱོགས་ལས་རྣམ་རྒྱལ་ཚུལ། །ཕྱག་གཉིས་ཨུཏྤལ་བཏེགས་པའི་རལ་པོད་བསྣམས། །གཡོན་གྱི་གདན་ལ་ངོ་བོ་གསང་བའི་བདག །རྣམ་པ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་། །རིས་མེད་བསྟན་སྐྱོང་མ་ངེས་འགྲོ་འདུལ་ཆས། །ཐབས་ཤེས་ཟུང་འཇུག་རྡོ་རྗེ་དྲིལ་བུ་འཆང་། །ཀུན་ཀྱང་ཡེ་ཤེས་ཆེན་པོའི་གཟི་བྱིན་འབར། །དམིགས་མེད་སྙིང་རྗེས་གདུལ་བྱའི་


LT29_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལ་གཟིགས། །མོས་པའི་ཡིད་མཁར་མངོན་སུམ་བཞུགས་པར་གྱུར། །མཆོག་གསུམ་རྩ་གསུམ་སྐྱབས་གནས་ཀུན་འདུས་པ། །རིགས་གསུམ་བདག་ཉིད་དཔལ་ལྡན་བླ་མ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ལུས་དང་ལོངས་སྤྱོད་དགེ་བའི་རྩ་བ་བཅས། །ཀུན་བཟང་མཆོད་པའི་སྤྲིན་ཏུ་སྤྲོས་ཏེ་འབུལ། །བཅས་དང་རང་བཞིན་ཁ་ན་མ་ཐོ་བའི། །སྡིག་ལྟུང་མཐའ་དག་སྙིང་ནས་འགྱོད་པས་བཤགས། །འཕགས་དང་སོ་སྐྱེའི་དགེ་ཚོགས་གང་མཆིས་ལ། །དགའ་བ་ཆེན་པོས་རྗེས་སུ་ཡི་རང་ངོ་། །ཐེག་གསུམ་སྤྱི་དང་ཁྱད་པར་བླ་མེད་ཀྱི། །དམ་ཆོས་བདུད་རྩི་རྟག་ཏུ་སྦྱིན་པར་བསྐུལ། །འགྲོ་བའི་དོན་ཏུ་མྱ་ངན་མི་འདའ་བར། །གཟུགས་སྐུ་རྡོ་རྗེ་ལྟ་བུས་རྟག་བརྟན་གསོལ། །འདིས་མཚོན་དུས་གསུམ་དགེ་བའི་དངོས་པོ་ཀུན། །བླ་མ་སངས་རྒྱས་གོ་འཕང་ཐོབ་ཕྱིར་བསྔོ། །སྤྱན་རས་གཟིགས་དངོས་པདྨ་ཀ་ར་དང་། །ངོ་བོ་གཅིག་གྱུར་དམ་འཛིན་ཆོས་བློའི་ཞབས། །སྤྲུལ་པའི་སྐུར་བཞེངས་མཆོག་གྱུར་གླིང་བ་ལ། །མི་ཕྱེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །བྱམས་དང་སྙིང་རྗེ་བཅོས་མིན་རྒྱུད་ལ་སྐྱེ། །བྱང་ཆུབ་སྒྲུབ་པའི་གེགས་དང་གོལ་ས་ཞི། །རྒྱལ་སྲས་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ནས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །འཇམ་དཔལ་གཞོན་ནུ་མཉྫུ་མི་ཏྲ་དང་། །ཆོས་རྒྱལ་ཁྲི་ལྡེ་བསམ་བཞིན་སྲིད་པའི་


LT29_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ། །ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེ་ལ། །མི་ཕྱེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །སྒྲིབ་གཉིས་མ་རིག་མུན་པ་མཐའ་དག་སངས། །ཤེས་བྱ་ཀུན་ལ་བློ་ཡི་པདྨོ་རྒྱས། །ཇི་ལྟ་ཇི་སྙེད་མཁྱེན་གཉིས་མངོན་གྱུར་ནས། །ཀུན་མཁྱེན་གོ་འཕང་མྱུར་ཐོབ་བྱིན་གྱིས་རློབས། །ཁྱབ་བདག་རྡོ་རྗེ་སེམས་དཔའ་གསང་བའི་བདག །རྣམ་སྣང་ལོ་ཙཱ་ཡེ་ཤེས་སྒྱུ་མའི་གར། །འཇམ་མགོན་བླ་མ་བློ་གྲོས་མཐའ་ཡས་ལ་མི་ཕྱེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །ཕྱོགས་ཞེན་འཆིང་བ་དམ་པོ་རང་སར་གྲོལ། །གསང་བ་ཟབ་མོའི་སྒྲ་དོན་ཇི་བཞིན་རྟོགས། །འཇིགས་མེད་བརྟུལ་ཞུགས་མཆོག་ཏུ་གྲུབ་པ་ཡིས། །ཚེ་གཅིག་རྡོ་རྗེ་འཆང་ཐོབ་བྱིན་གྱིས་རློབས། །རིགས་གསུམ་ངོ་བོ་བླ་མ་ཁྱེད་རྣམས་ལ། །མཉེས་པ་རྣམ་དགུ་ཚུལ་བཞིན་འགྲུབ་པ་དང་། །དམ་འགལ་ལོག་ལྟ་སྦུ་ཙམ་མི་འབྱུང་བར། །ཐུགས་ཡིད་གཅིག་འདྲེས་རྣམ་ཐར་ཇི་བཞིན་འབྱོངས། །མཁྱེན་བརྩེ་ནུས་པའི་ཕ་མཐར་སོན་པར་ཤོག །ཁྱད་པར་པདྨས་ཁེབས་པའི་ཞིང་ཁམས་སུ། །རྒྱལ་སྲས་པདྨའི་མྱུ་གུས་རྗེས་སུ་བཟུང་། །མ་འོངས་རྡུལ་བྲལ་ཡང་དག་འཕགས་པ་རུ། །མགོན་པོ་ཀུན་གཟིགས་སྤྱན་སྔར་བྱང་ཆུབ་སྤྱོད། །བསྐལ་བཟང་སངས་རྒྱས་སྣང་མཛད་མངོན་སུམ་མཇལ། །བྱང་ཆུབ་ཆེན་པོར་ལུང་བསྟན་ཐོབ་གྱུར་ཅིག །མོས་གུས་ཤུགས་ཀྱིས་བླ་མའི་ཐུགས་རྗེ་བསྐུལ། །འོད་ཞུ་ཐིག་ལེ་དཀར་དམར་མཐིང་གསུམ་གྱུར།


LT29_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་དཀར་སྤྱི་བོ་གཡས་དམར་མགྲིན་པ་དང་། །གཡོན་མཐིང་སྙིང་གར་ཐིམ་པས་སྒོ་གསུམ་གྱི། །སྒྲིབ་དག་རྡོ་རྗེ་གསུམ་གྱི་བྱིན་རླབས་ཞུགས། །གསང་གསུམ་ལུས་ངག་ཡིད་གསུམ་དབྱེར་མེད་གྱུར། །རིག་སྟོང་བློ་བྲལ་རང་བྱུང་ཆོས་ཀྱི་སྐུ། །དོན་དམ་བླ་མ་ཡེ་རྫོགས་ཕྱག་རྒྱ་ཆེ། །རྩོལ་མེད་ལྷུན་གྲུབ་གནས་ལུགས་མངོན་གྱུར་ནས། ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག །ཅེས་པའང་། གནས་མདོ་སྟོད་བརྒྱུད་ཀྱི་གསེར་ཕྲེང་འཛིན་པ་གྲུབ་དབང་པདྨ་དོན་གྲུབ་ཀྱི་ཡང་སྲིད་ཀརྨ་ཐུབ་བསྟན་རབ་འཕེལ་ཞལ་སྔ་ནས། རིན་ཆེན་གཉིས་པའི་ཡོལ་གོ་བཅས་གསུང་བསྐུལ་ངོར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། བློ་གྲོས་མཐའ་ཡས་སུ་འབོད་པས་མདོ་སྨད་སྡེ་དགེའི་རྒྱལ་ཁབ་ལྷུན་གྲུབ་སྟེང་དུ་བགྱིས་པ་དགེ་ལེགས་འཕེལ།། ༈ །།རྡོ་རྗེ་འཛིན་པ་ལུས་ཀྱི་དཀྱིལ་འཁོར་དུ་གྲུབ་པའི་ཚུལ་ཐུན་མོང་མ་ཡིན་པ་ཡེ་ཤེས་སྟོབས་སྐྱེད་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨཱ་ཀ་རཱ་ཡ། ཟབ་མོའི་ལམ་འདི་ལ་འཇུག་ཏུ་རུང་བའི་བློ་སོམ་ཉི་དང་བྲལ་བའི་རྒྱུད་སྨིན་པའི་གང་ཟག་གིས། །དམ་ཚིག་དང་དད་མོས་རྟེན་དང་མཆོད་པའི་སྙིང་པོར་བཟུང་ནས་དྲན་པ་མངོན་དུ་བཞག་སྟེ། ན་མོ་གུ་རུ། འདུས་བྱས་ཆོས་རྣམས་སྐད་ཅིག་སྐྱེ་ཞིང་འཇིག །དེ་རིང་ཙམ་ཡང་རྟག་པའི་གོ་སྐབས་མེད། །བྱས་པ་ཐམས་ཅད་དོན་མེད་གཡེང་བའི་རྒྱུ། །མདང་གི་རྨི་ལམ་བཞིན་ཏུ་སྙིང་པོས་དབེན། །ཕྱི་མར་ཕན་པ་དམ་པའི་ལྷ་ཆོས་ཡིན། །ཆོས་ཀྱི་སྙིང་པོ་གསང་སྔགས་རྡོ་རྗེ་ཐེག །དེ་ཡི་ཡང་སྙིང་བླ་མ་


LT29_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་བསྒྲུབས་ནས། །མ་རྒན་སེམས་ཅན་དོན་ཏུ་ཚེ་འདི་ལ། །རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པར་བྱ། །ཞེས་པས་ངེས་པར་འབྱུང་བ་བསྐུལ་ཏེ་བློ་ལས་སུ་རུང་བར་བྱས་ནས། སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཀུན་བྱེད་རྒྱལ་པོ་བླ་མ་ལ། །སྙིང་ནས་གུས་པས་སྐྱབས་སུ་མཆི། །དཔལ་ལྡན་བླ་མ་རྡོ་རྗེ་འཛིན། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ། །བདག་གི་སྒོ་གསུམ་ལ་བསྒྲུབས་ནས། །འགྲོ་ཀུན་སངས་རྒྱས་སར་འགོད་བྱ། །ལན་གསུམ། འཁྲུལ་རྟོག་གི་བར་མཚམས་བཅད་པ་ནི། ཧཱུྃ། ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །བཀའ་ཡི་འཁོར་ལོ་རབ་སྦྱོར་བས། །ཟུང་འཇུག་འོད་གསལ་གུར་ཁང་དུ། །དམ་སྲི་ལ་སོགས་རྟོག་འཁྲུལ་བགེགས། །ནམ་ཡང་འདའ་བར་མ་བྱེད་ཅིག །རྟོག་མེད་རྡོ་རྗེས་བརླག་བར་འགྱུར། ཨ་ཨ་ཨ། ཡེ་ཤེས་ཀྱི་འཁོར་ལོ་བྱིན་ཆེན་བརླབ་པ་ནི། ཧཱུྃ། །གདོད་ནས་རྣམ་དག་ཆོས་ཀྱི་དབྱིངས། །སྐུ་དང་ཞིང་ཁམས་འདུ་འབྲལ་མེད། །ཡེ་ཤེས་ཆེན་པོར་ལྷུན་གྱིས་གྲུབ། །རིགས་ཀྱི་ཚོམ་བུའི་ཚུལ་སྣང་བ། །སྐུ་གསུམ་བླ་མའི་བྱིན་རླབས་པས། །སྣོད་བཅུད་ཡེ་ཤེས་འཁོར་ལོར་དག །སྒྲ་སྐད་སྔགས་ཀྱི་གདངས་སུ་སྨིན། །འཁྲུལ་རྟོག་གཞི་ལ་རང་གྲོལ་ནས། །ཆོས་ཟད་བློ་ལས་འདས་པར་མཛོད། ཧཱུྃ་ཧཱུྃ་ཧཱུྃ། དེ་ཁོ་ན་ཉིད་ལས་མི་འདའ་བར་དམ་བཅའ་སྟེ། ཧཱུྃ། གདོད་ནས་འཁྲུལ་


LT29_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་མ་མཆིས་ཀྱང་། །གློ་བུར་རྣམ་པར་རྟོག་པས་གཡེང་། །ད་ནི་ཐིག་ལེ་མཐོང་བརྡོལ་དང་། །རང་རིག་སྐུ་གསུམ་གཞལ་ཡས་ཁང་། སྣང་སྲིད་བླ་མའི་རོལ་པ་ལས། །ནམ་ཡང་མི་འདའི་གཡར་དམ་བཟུང་། བཛྲ་ས་མ་ཡ་ཨ་ལ་ལ་ཧོཿ སྒོ་གསུམ་རྡོ་རྗེ་གསུམ་དུ་བསྙེན་ཅིང་བསྒྲུབ་པ་ནི། ཨོཾ་ཨཱཿཧཱུྃ། གཞི་དབྱིངས་ཀ་དག་དེ་བཞིན་ཉིད། །གཞི་སྣང་ལྷུན་གྲུབ་ཀུན་ཏུ་སྣང་། །རིག་རྩལ་རྒྱུ་ཡི་ཐིག་ལེ་ཤར། །སྣོད་བཅུད་ཡོངས་གྲུབ་དཀྱིལ་འཁོར་ཆེ། །མ་བསྐྱེད་ལྷུན་གྱིས་གྲུབ་པར་རྫོགས། །རང་བྱུང་ལུས་ཀྱི་གཞལ་ཡས་ཁང་། །རང་རིག་གདོད་མའི་ཧེ་རུ་ཀ །འཁོར་འདས་དབང་བསྒྱུར་རྟ་མཆོག་དཔལ། །རང་སྣང་རྣལ་འབྱོར་མ་དཔལ་དང་། ཁ་སྦྱོར་ཟུང་འཇུག་ཕྱག་རྒྱའི་སྐུ། །དམར་གསལ་གྲི་ཐོད་གར་དགུས་བརྗིད། །བདེ་དྲོད་འོད་འབར་ལུས་ཀྱི་ནང་། །བདེ་གསལ་མི་རྟོག་རྩ་གསུམ་པོ། །གསར་དྭངས་རྙོགས་པ་བྲལ་བའི་དབུས། །རྒྱལ་ཀུན་རྡོ་རྗེ་བཞི་ཡི་དངོས། །མཆོག་གི་དཔལ་ལྡན་བླ་མ་ནི། །གཉིས་སྣང་ཀུན་སྤངས་དྷཱུ་ཏིའི་མཁར། །སྙིང་དབུས་མི་ཤིགས་ཏི་ལ་ཀ །གསང་བའི་བདག་པོ་ཐུགས་རྡོ་རྗེ། །པདྨ་གར་དབང་གཡུང་དྲུང་གླིང་། །ཆུ་ཤེལ་མདངས་ལྡན་རྫོགས་པའི་ཆས། །ཐབས་ཤེས་རྡོ་རྗེ་དྲིལ་བུ་འཆང་། །དར་དང་རིན་ཆེན་རྒྱན་གྱིས་མཛེས། །འོད་ཟེར་བྱེ་བ་དྲུག་ཅུའི་དབུས། །ཐེག་པ་ཡོངས་རྫོགས་ཁྲི་རྐང་ལ། །རང་འོད་ཡུམ་འཁྲིལ་སྐྱིལ་ཀྲུང་བཞུགས། །


LT29_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བ་རྣམ་དག་ལ་ལ་ནཱར། །སྤྱན་རས་གཟིགས་དབང་གསུང་རྡོ་རྗེ། །མཁན་ཆེན་བྱང་སེམས་ཟླ་བ་བཟང་། །དཀར་གསལ་ཞི་འཛུམ་ལོངས་སྐུའི་ཆས། །ཕྱག་གཡས་མཆོག་སྦྱིན་གཡོན་ཐུགས་ཀར། །སྐྱབས་སྦྱིན་ཕྱག་རྒྱས་པད་ཀར་འཛིན། །ཟླ་བ་ཐབས་ཀྱི་དཀྱིལ་འཁོར་ལ། །སེམས་སྐྱིལ་སྙིང་རྗེའི་འོད་དཀར་རྒྱས། །འཛིན་པ་རྣམ་དག་ར་ས་ནར། །ངག་གི་དབང་ཕྱུག་སྐུ་རྡོ་རྗེ། །པདྨ་འོད་གསལ་མདོ་སྔགས་གླིང་། །གུར་གུམ་མདངས་ཅན་མཚན་དཔེ་རྫོགས། །མཉམ་གཞག་ཆོས་གོས་རྣམ་གསུམ་གསོལ། །ཤེས་རབ་ཉི་མའི་དཀྱིལ་འཁོར་ལ། །སྐྱིལ་ཀྲུང་ཡེ་ཤེས་འོད་རྣོན་འཕྲོ། །ཡོངས་ཁྱབ་བདེ་ཆེན་འཁོར་ལོ་ན། །ཡེ་ཤེས་རྡོ་རྗེ་རིགས་ཀྱི་བདག །མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་། །པད་ཞྭ་ཆོས་གོས་ཟབ་བེར་བརྗིད། །ཡེ་ཤེས་ལྔ་ལྡན་རྡོ་རྗེ་གསོར། །བདེ་སྐྱོང་ཚེ་བུམ་བཅུད་བཀང་གཡོན། །དགྱེས་བསྐྱེད་ཡུམ་མཆོག་ཁ་ཊཾཱྭ་བརྟེན། །ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས། །ཐབས་ཤེས་ཟུང་འཇུག་གདན་སྟེང་དུ། །སྣང་སྲིད་ཟིལ་གནོན་ཆེན་པོར་བཞུགས། །གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །འོད་འཕྲོས་མཁའ་ཁྱབ་ཆོས་དབྱིངས་ནས། །སྐུ་གསུམ་བླ་མ་མཁའ་འགྲོར་བཅས། །སྤྱན་དྲངས་དམ་ཡེ་དབྱེར་མེད་གྱུར། ཧཱུྃ། རྣམ་དག་འོད་གསལ་ཆོས་ཀྱི་དབྱིངས། །སྐུ་གསུམ་ཞིང་ཁམས་རབ་འབྱམས་སུ། །སྙོམས་པར་ཞུགས་དང་ཕྲིན་ལས་མཛད། །རྣམ་ཐར་བསམ་མི་


LT29_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པའི་བདག །ཁྱབ་བདག་རྡོ་རྗེ་འཛིན་དབང་རྣམས། །ཐུགས་རྗེ་ཆེན་པོའི་རྩལ་གཡོས་ཏེ། །ཡེ་ཤེས་ཡུལ་ལ་འཇུག་པར་མཛོད། །རྡོ་རྗེའི་བྱིན་ཆེན་ཐིབས་སེ་ཐིབ། །སྐུ་དང་ཐིག་ལེ་ཤིགས་སེ་ཤིག །བདེ་ཆེན་དགྱེས་མདངས་ཡ་ལ་ལ། །སྣང་གྲགས་རྟོག་ཚོགས་ལྷ་དང་སྔགས། །ཡེ་ཤེས་འཁོར་ལོར་བྱིན་གྱིས་རློབས། བཛྲ་ས་མ་ཡ་ཛཿགཤེགས་བཞུགས་མཚན་མ་མི་དམིགས་ཀྱང་། །འཁྲུལ་རྟོག་སྤྲོས་པ་ཉེར་ཞིའི་སླད། །བྱང་ཆུབ་བར་དུ་མི་འབྲལ་བར། །སྒོ་གསུམ་རྡོ་རྗེ་གསུམ་དུ་བསྒྲུབས། ས་མ་ཡ་སྟྃྭ། རང་རིག་སྟོང་པའི་རང་མདངས་ལས། །སྣང་བ་བརྡའ་ཡི་བླ་མར་ཤར། །དབྱིངས་ལས་མ་གཡོས་ཆོས་ཀྱི་སྐུ། །གཅེར་མཐོང་ལྟ་བ་མཇལ་ཕྱག་འཚལ། །ན་མོ་ན་མ་མཱི། སྣང་ཡུལ་ཐམས་ཅད་དབྱིངས་ཀྱི་རྒྱན། །ཀུན་བཟང་སྤྲིན་ཕུང་ལྷུན་གྱིས་གྲུབ། །ཆོས་ཉིད་ངང་དུ་ཆོས་ཅན་ཐིམ། །སྡུག་བསྔལ་ཟག་མེད་བདེ་བ་ཆེ། །ཟུང་འཇུག་འོད་གསལ་འཁོར་ཡུག་ལ། །འཁྲུལ་རྟོག་བར་དུ་མ་ཆོད་པ། །རབ་དགྱེས་ཆེན་པོའི་བྱིན་རླབས་ཀྱིས། །ཚོགས་གཉིས་ལྷུན་གྱིས་རྫོགས་གྱུར་ཅིག །སརྦ་པཱུ་ཛ་ཧོཿཨོཾ། །སྐུ་གསུམ་མི་འགྱུར་རྡོ་རྗེ་སེམས། །འཁོར་འདས་ཀུན་གྱི་སྙིང་པོ་རུ། །ཁྱབ་བརྡལ་རིགས་གསུམ་ཐིག་ལེ་ཆེར། །མ་བཙལ་རང་བྱུང་རང་ཤར་སྐུ། །གཞོམ་མེད་འོད་གསལ་ཆོས་ཀྱི་དབྱིངས། །དགོངས་པ་གཞིར་རྫོགས་


LT29_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་འགྱུར་མེད། །སངས་རྒྱས་ཡོན་ཏན་ཀུན་འབྱུང་བའི། །ཕྲིན་ལས་དུས་བཞི་མཉམ་པ་ཉིད། །མོས་པའི་གདུང་ཤུགས་ལྡན་པ་ལ། །མངོན་སུམ་ཡེ་ཤེས་རྩོལ་མཛད་པ། །གུས་བསྟོད་ཐུགས་དམ་རྒྱུད་བསྐུལ་བས། །འཁྲུལ་པའི་སྣང་བ་རང་སར་གྲོལ། །བློ་བྲལ་ཆོས་སྐུ་རྗེན་པའི་ཞལ། །སྟན་ཐོག་འདི་རུ་མཐོང་བར་མཛོད། །གུ་རུ་ན་མོ་ཧཱུྃ། ཧོཿགདོད་ནས་འཁྲུལ་མ་མྱོང་བ་ལ། །གློ་བུར་རྟོག་པའི་གཞན་དབང་གིས། །འཁོར་འདས་གཉིས་ཀྱི་མཚམས་ཕྱེས་ནས། །རྨི་ལམ་ལྟ་བུའི་ལས་བསགས་པ། །ཡེ་སྟོང་ཀུན་བཟང་ཀློང་ཡངས་སུ། །བཟོད་བཞེས་མཁའ་ལྟར་རྣམ་དག་ཤོག །ཨ་ཨ་ཨ། དེ་ལྟར་ལུས་སྣང་ལྷར་བསྒོམས་པས། བསྙེན་དང་ཉེ་བར་བསྙེན་པ་རྫོགས། ཡེ་ཤེས་རྡོ་རྗེའི་དྭངས་སྲོག་ཧྲཱིཿ། འོད་ཟེར་བརྟན་གཡོ་འཁོར་འདས་ཁྱབ། །གཞི་རྫོགས་ཆེན་པོར་བྱིན་གྱིས་བརླབས། །འགྲོ་དྲུག་འཕོ་བའི་འཁྲུལ་རྟོག་སྦྱངས། །བདེ་ཆེན་ཡེ་ཤེས་བསྐྱེད་བར་གྱུར། ཞེས་མོས་ལ་ཧྲཱིཿབཟླ། ཐུགས་ཀྱི་རྡོ་རྗེའི་དྭངས་སྲོག་ཧཱུྃ། །འོད་ཟེར་ཉི་མའི་ལམ་ནས་བརྒྱུད། །རྩ་གསུམ་ཐུགས་ཀྱི་བྱིན་རླབས་བསྐུལ། །འགྲོ་དྲུག་སེམས་ཀྱི་རྟོག་འཁྲུལ་སྦྱངས། །ཧཱུྃ་ཡིག་རྣམ་པར་སླར་ཞུགས་པས། །མེ་རྟོག་ཡེ་ཤེས་བསྐྱེད་པར་གྱུར། །ཞེས་མོས་ལ་ཧཱུྃ་བཟླ། གསུང་གི་རྡོ་རྗེའི་དད་སྲོག་ཨཱཿ། འོད་ཟེར་ཉི་མའི་ལམ་ནས་བརྒྱུད། །རྩ་གསུམ་གསུང་གི་བྱིན་རླབས་བསྐུལ། །འགྲོ་


LT29_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ངག་གི་རྟོག་འཁྲུལ་སྦྱངས། །ཨཱཿཡིག་རྣམ་པར་སླར་ཞུགས་པས། །བདེ་ཆེན་ཡེ་ཤེས་བསྐྱེད་པར་གྱུར། །ཞེས་མོས་ལ་ཨཱཿབཟླ། སྐུ་ཡི་རྡོ་རྗེའི་དྭངས་སྲོག་ཨོཾ༔ འོད་ཟེར་ཟླ་བའི་ལམ་ནས་བརྒྱུད། །རྩ་གསུམ་སྐུ་ཡི་བྱིན་རླབས་བསྐུལ། །འགྲོ་དྲུག་ལུས་ཀྱི་རྟོག་འཁྲུལ་སྦྱངས། །ཨོཾ་ཡིག་རྣམ་པར་སླར་ཞུགས་པས། །གསལ་སྟོང་ཡེ་ཤེས་བསྐྱེད་པར་གྱུར། །ཞེས་མོས་ལ་ཨོཾ་བཟླ། དེ་དག་ཀྱང་འབྱུང་འཇུག་སྤངས་བའི་ཡིད་བཟླས་སོ་སོར་བྱ། མཐར་འབྲུ་གསུམ་རྡོ་རྗེའི་བཟླས་པ་དང་སྤྲེལ་ལོ། །ངག་བཟླས་སྤྲོ་ན། འཆི་མེད་ཡེ་ཤེས་རྡོ་རྗེ་ཡི། །ཐུགས་ཀར་ཟླ་བ་རྡོ་རྗེའི་ལྟེར། །ཧཱུྃ་མཐར་སྔགས་ལས་འོད་ཟེར་འཕྲོས། །མཆོད་ཅིང་རྒྱུད་བསྐུལ་རྟོག་སྒྲིབ་སྦྱངས། །སླར་འདུས་རང་ལ་ཐིམ་པ་ཡིས། །རྡོ་རྗེའི་ཡེ་ཤེས་རབ་འབར་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། བླ་མ་གསང་བདག་ཐུགས་ཀ་རུ། །ཟླ་སྟེང་རྡོ་རྗེའི་ལྟེ་བར་ཧཱུྃ། །དེ་མཐར་སྔགས་འཁོར་འོད་ཟེར་གྱིས། །དོན་གཉིས་བྱས་ནས་རང་ལ་ཐིམ། །བྲལ་སྨིན་ནུས་པའི་སྟོབས་བསྐྱེད་གྱུར། ཨོཾ་བཛྲ་སཏྭ་ཨཱཿ བླ་མ་སྤྱན་རས་གཟིགས་དབང་གི། ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་མཐར། །ཡིག་འབྲུ་སྔགས་ལས་འོད་དཀར་འཕྲོས། །འཕགས་མཆོད་སྒྲིབ་སྦྱངས་སླར་འདུས་པས། །དམིགས་མེད་སྙིང་རྗེའི་རྩལ་རྒྱས་གྱུར། ཨོཾ་མ་ི་པདྨེ་ཧཱུྃ།། །འཇམ་དཔལ་ཐུགས་ཀར་ཟླ་སྟེང་ཧཱུྃ། །ཡོངས་གྱུར་རྡོ་རྗེ་རྩེ་ལྔ་སྔོ། །


LT29_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྩེད་ཨཱཿདམར་ལྗགས་ལ་ཧྲཱིཿ། འོད་འཕྲོས་དོན་བྱས་བྱིན་རླབས་བསྡུས། །ལྷ་དང་སྔགས་ཀྱི་རང་སྒྲས་ཁྱབ། །མཁྱེན་གཉིས་ཡེ་ཤེས་འབར་བར་གྱུར། ཨོཾ་ཧྲཱིཿསྭཱ་ཧཱ། ཞེས་རྣམས་ཅི་འགྲུབ་བཟླའོ། །སྲོག་རྩོལ་ངག་གི་བཟླས་པ་ལ། བརྟེན་ནས་སྒྲུབ་པའི་ཡན་ལག་རྫོགས། །ཧྲཱིཿཁྱབ་བདག་པདྨ་ཀུན་ཏུ་འཆང་། །རིག་འཛིན་གྲུབ་བའི་འཁོར་ལོས་སྒྱུར། །མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་། །ཡེ་ཤེས་རྩལ་ཆེན་རྫོགས་པའི་ཞལ། །འཁོར་འདས་རོ་མཉམ་བསྟན་མཛོད་ལ། །སྐུ་བཞི་མཉམ་པ་ཉིད་བྱིན་རློབས། །ཞེས་མོས་གུས་ཀྱི་ཐུགས་དམ་བསྐུལ་བའི་རྐྱེན་གྱིས་རིགས་བདག་པདྨ་འོད་དུ་ཞུ། ཐིག་ལེ་ཁ་དོག་ལྔ་བར་གྱུར་པ་ལ་བློ་རྩིས་མེད་དུ་བཞག །འོད་ཟེར་སྣ་ལྔས་ཕྱི་ནང་བརྟན་གཡོ་ཀུན་ལ་ཁྱབ། འཕོ་བའི་བག་ཆགས་སྦྱངས། །བདེ་ཆེན་ཡེ་ཤེས་ལ་དབང་ཐོབ་པར་མོས། ཧཱུྃ། གསང་བའི་བདག་པོ་རྡོ་རྗེ་སེམས། །པདྨ་གར་དབང་བློ་མཐའ་ཡས། །འཆི་མེད་རྡོ་རྗེ་གཡུང་དྲུང་གླིང་། །ཟབ་རྒྱས་ལུང་ཆེན་ཐོབ་པའི་ཞལ། །བློ་འདས་ཁྱབ་བདལ་བསྟན་མཛོད་ལ། །སྤྲུལ་སྐུས་འགྲོ་བ་འདུལ་བྱིན་རློབས། །ཞེས་མོས་གུས་ཕུལ་བའི་རྐྱེན་གྱིས་གསང་བདག་རྡོར་སེམས་འོད་དུ་ཞུ་ནས་ཐིག་ལེར་སྔོན་པོར་གྱུར་པ་ལ་སེམས་འཛིན་མེད་དུ་བཟུང་། འོད་ཟེར་མཐིང་ག་ཤིན་ཏུ་འཚེར་བས་དབུ་མའི་ལམ་བརྒྱུད། ལུས་ཀྱི་ནང་གང་། ཐིག་ལེའི་བག་ཆགས་སྦྱངས། ཐུགས་རྗེས་ཡེ་ཤེས་ལ་དབང་ཐོབ་བར་མོས། ཨཿསྙིང་རྗེའི་དབང་ཕྱུག་འགྲོ་བའི་མགོན། །སྒྲུབ་བརྒྱུད་བསྟན་དང་འགྲོ་བའི་དཔལ། །ངེས་དོན་བསྟན་པ་རབ་


LT29_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་མཆོག །རྣམ་གྲོལ་དབུགས་ཆེན་ཕྱིན་པའི་ཞལ། །ཉོན་མོངས་ཟད་མཛད་བསྟན་མཛོད་ལ། །ལོངས་སྐུ་མཁའ་ལྟར་ཁྱབ་བྱིན་རློབས། །དམིགས་པ་སྔ་མས་འགྲེལ་ཏེ། བླ་མ་སྤྱན་རས་གཟིགས་འོད་དུ་ཞུ། ཐིག་ལེ་དཀར་པོར་གྱུར། འོད་ཟེར་རྐྱང་མའི་ལམ་བརྒྱུད། ལུས་གང་། རླུང་གི་འཁྲུལ་རྟོག་སྦྱངས། རང་བཞིན་ཡེ་ཤེས་ལ་དབང་ཐོབ་པར་བསམ། ཨོཾ། ངག་གི་དབང་ཕྱུག་མཁྱེན་པའི་གཏེར། །ཐུབ་བསྟན་ཡོངས་སུ་རྫོགས་པའི་བདག །པདྨ་འོད་གསལ་མདོ་སྔགས་གླིང་། །འགྲོ་འདུལ་དབང་ཆེན་བརྙེས་པའི་ཞལ། །རང་སྣང་རིས་མེད་བསྟན་མཛོད་ལ། །ཆོས་སྐུའི་རང་ཞལ་མཐོང་བྱིན་རློབས། །བླ་མ་ངག་གི་དབང་ཕྱུག་འོད་དུ་ཞུ། །ཐིག་ལེ་དམར་པོར་གྱུར། འོད་ཟེར་རོ་མའི་ལམ་བརྒྱུད། རྩའི་འཛིན་ཞེན་སྦྱངས། ངོ་བོའི་ཡེ་ཤེས་ལ་དབང་ཐོབ་པར་མོས། མཐར་ཐིག་ལེ་བཞི་ཀའང་དབྱིབས་སུ་ཐིམ། རིག་སྟོང་གཉུག་མའི་རང་ངོར་ཡུན་རིང་དུ་མཉམ་པར་བཞག་གོ། །འོད་གསལ་རྫོགས་པའི་རྣལ་འབྱོར་གྱིས། །སྒྲུབ་པ་ཆེན་པོ་མཐར་ཕྱིན་ནས། །རྡོ་རྗེ་བཞི་དངོས་འགྲུབ་པར་འགྱུར། རྗེས་དགེ་རྩ་བསྔོ་བ་དང་སྨོན་ལམ་གྱིས་བྱང་ཆུབ་ཆེན་པོར་མཚམས་སྦྱོར་བ་ནི། ཧོཿཟག་བཅས་ཟག་མེད་ཟུང་འཇུག་ཚོགས། །བླ་མེད་འོད་གསལ་རྡོ་རྗེའི་དབྱིངས། །བྱ་རྩོལ་བློ་འདས་ཆེན་པོ་རུ། །དམིགས་གཏད་མཚན་འཛིན་བྲལ་བར་བསྔོ། །འཁྲུལ་པའི་སྣང་བ་གཞི་ལ་ལྡོག །རྡོ་རྗེ་བཞི་ཡི་གཏན་སྲིད་ཟིན། །དཔལ་ལྡན་བླ་མའི་རྣམ་ཐར་དང་། །དབྱེར་མེད་དོན་གཉིས་ལྷུན་གྲུབ་


LT29_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཤིས་པ་བརྗོད་པས་མཐའ་བརྒྱན་པ་ནི། ཧོཿབླ་མ་སྐུ་བཞིའི་བྱིན་རླབས་དང་། །ཆོས་དབྱིངས་རྣམ་དག་བདེན་པ་ཡིས། །འཁྲུལ་སྣང་འོད་གསལ་སྦུབས་སུ་ཞི། །རིག་པའི་ཡེ་ཤེས་རྩལ་ཁ་རྒྱས། །ཚེ་གཅིག་མངོན་པར་བྱང་ཆུབ་པའི། །བཀྲ་ཤིས་ཉི་ཟླ་གསལ་གྱུར་ཅིག །དེ་ལྟར་བླ་བརྡོལ་ར་ཐོན་ལུག་ཐོན་གྱི་ཚིག་གི་ཕྲེང་བ་འདི་ནི་སྐྱབས་རྗེ་གཏེར་ཆེན་རིན་པོ་ཆེས་རྗེས་སུ་བཟུང་ཞིང་ནང་གི་རྣལ་འབྱོར་ལ་གཞོལ་བ་དགེ་རྒྱལ་ཀརྨ་སྒྲིབ་བྲལ་ནས་ཆེད་དུ་བསྐུལ་ངོར། པདྨ་གར་དབང་གཡུང་དྲུང་གླིང་པ་རྩལ་གྱིས་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ། ཁོ་བོ་ནོར་སྲུང་རྒན་པོ་ཡང་། །མི་ཡི་སེང་གེའི་ཁྱུར་འཚང་བ། །ལྷར་བཅས་ཁྲེལ་ཞིང་ལྟུང་བའི་རྒྱུ། །མོས་ཕྱིར་བྲིས་ཀྱང་ནོངས་པ་བཤགས། །ཐོག་མར་སྐུ་གསུམ་བླ་མའི་རྣལ་འབྱོར་དུ་བགྱིས་པ་ལ། སླད་ནས་སྒྲུབ་བླ་མ་དབང་ལྡན་གྱིས་མོས་ངོར་སྐུ་བཞིའི་རྣལ་འབྱོར་དང་འབྲེལ་བའི་བསྒྱུར་བཅོས་ཅུང་ཟད་བྱས་པའོ། །དགེ་ལེགས་འཕེལ།། ༈ །།ན་མོ་གུ་རུ་བྷྱཿ བྱང་ཆུབ་ཕྱོགས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་དགེ་བའི་བཤེས་གཉེན་ལ་རག་ལས་ཤིང་། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་དངོས་གྲུབ་ཐམས་ཅད་མཚན་ལྡན་བླ་མ་ཁོ་ན་ལ་ལྟོས་པས། སྔགས་ཀྱི་བླ་མ་ནི་སྲོག་གི་དྭངས་མ། བྱང་སེམས་ཀྱི་སློབ་དཔོན་སྙིང་ཁྲག །སོ་ཐར་གྱི་མཁན་སློབ་སྙིང་དང་འདྲ་བར་བལྟས་ནས་རྣམ་པ་ཀུན་ཏུ་མི་བསྙེལ་རྗེས་སུ་དྲན་པས་རབ་བཀའ་བཞིན་སྒྲུབ་པའི་མཆོད་པ། འབྲིང་ལུས་ངག་གི་ཞབས་ཏོ །ཐ་མ་ཟང་ཟིང་གི་བདོག་པ་ཅི་ཡོད་པས་བཀུར་སྟི་བྱ་ཞིང་མཉེས་པ་སྒྲུབ་པ་ནི་ལམ་ཞུགས་


LT29_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཉམས་ལེན་གྱི་གཙོ་བོ་ཡིན་ལ། དེ་དག་གི་དོན་ཡང་ཚང་ཞིང་བྱིན་རླབས་བླ་མའི་ལམ་ཟབ་ལ་བརྟེན་ནས་དབང་གི་ཡེ་ཤེས་བདེ་བླག་ཏུ་སྨིན་ཏེ་མཆོད་གི་དངོས་གྲུབ་ལ་སྦྱོར་བའི་ཐབས་ཟབ་མོ་གྲུབ་ཐོབ་བརྒྱུད་པའི་མན་ངག་གིས་གཙོ་བོ་འདི་ཉིད་ཉམས་སུ་ལེན་པ་ལ། སྔོན་འགྲོ་སྐྱོ་ཤས་དང་ངེས་འབྱུང་གིས་ཀུན་ནས་བསླངས་ཏེ། སྐྱབས་འགྲོ་སེམས་བསྐྱེད་ནི། ན་མོ། རྩ་བརྒྱུད་བླ་མ་རྒྱལ་བ་སྲས་དང་བཅས། །ཕྱོགས་བཅུ་དུས་གསུམ་སྐྱབས་གནས་ཀུན་འདུས་པ། །རྡོ་རྗེ་སློབ་དཔོན་པདྨཱ་ཀ་ར་ལ། །བྱང་ཆུབ་བར་དུ་རྩེ་གཅིག་སྐྱབས་སུ་མཆི། །ནམ་མཁར་ཁྱབ་པའི་ཕ་མ་སེམས་ཅན་རྣམས། །བླ་མེད་བླ་མའི་གོ་འཕང་མཆོག་ཐོབ་ཕྱིར། །སྨོན་པས་སེམས་བསྐྱེད་འཇུག་པའི་བསླབ་པ་ཡང་། །སྲས་བཅས་རྒྱལ་བའི་རྗེས་སུ་བསླབ་བར་བགྱི། །ལན་གསུམ་རྒྱུད་དང་འབྲེ་ངེ་ས་བྱ། དངོས་གཞི་རྟེན་བསྐྱེད་ཚོགས་བསགས་གསལ་གདབ་པ་ནི། ཨེ་མ་ཧོ། སྣོད་བཅུད་དག་པ་རབ་འབྱམས་བདེ་ཆེན་ཞིང་། །རང་ཉིད་ཡི་དམ་ལྷར་གསལ་མདུན་གྱི་མཁར། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས། །ཡིད་འོང་ཆུ་སྐྱེས་ཉི་ཟླའི་གདན་སྟེང་དུ། །སངས་རྒྱས་ཀུན་འདུས་བླ་མ་རྡོ་རྗེ་འཆང་། །གུ་རུ་པདྨ་དཀར་དམར་ཞི་འཛུམ་ཉམས། །པད་ཞྭ་གསང་ཕོད་ཆོས་གོས་ལེར་ཕྱམ་གསོལ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་གཏོད། །གཡོན་པས་མཉམ་གཞག་ཐོད་བུམ་བདུད་རྩིས་བཀང་། །གྲུ་མོར་གསང་བའི་ཡུམ་མཚོན་ཁ་ཊྭཱཾ་འཁྲིལ། །རིན་ཆེན་རྒྱན་ལྡན་རྡོ་རྗེ་སྐྱིལ་


LT29_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲུང་གིས། །འཇའ་འོད་ཐིག་ལེ་འཁྱིལ་པའི་ཀློང་ན་བཞུགས། །མདུན་ཏུ་རྒྱལ་བའི་སྲས་མཆོག་འགྲོ་བའི་མགོན། །ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་སྡེ། །གཡས་སུ་ཐམས་ཅད་མཁྱེན་གཟིགས་མཁྱེན་བརྩེའི་དབང་། །གཡོན་དུ་སྔགས་གྲུབ་ཆེ་མཆོག་བསྟན་གཉིས་གླིང་། །རྒྱང་ཏུ་བསླབ་གསུམ་དབང་ཕྱུག་མངྒ་ལཾ། །མདུན་གཡས་མཁས་མཆོག་ས་མནྟ་བྷ་དྲ། །མདུན་གཡོན་བྱང་སེམས་པྲཛྙཱའི་མཚན་ཅན་རྣམས། །ངོ་བོ་ཨོ་རྒྱན་གུ་རུའི་ཡེ་ཤེས་དབྱིངས། །རྣམ་པ་སོ་སོའི་ཆས་ལྡན་གསལ་བར་གྱུར། །གཞན་ཡང་རྩ་གསུམ་རྒྱལ་བ་ཞི་ཁྲོའི་ལྷ། །གང་འདུལ་མོས་པ་དང་མཚུངས་ལྷམ་མེར་གསལ། ཨོཾ། དད་པའི་ལྕགས་ཀྱུས་དབྱིངས་ནས་ཐུགས་དམ་བསྐུལ། །མོས་གུས་ཞགས་པས་བསྒོམས་པའི་རྟེན་དང་བསྲེ། །དམ་ཚིག་སྒྲོག་གིས་འདུ་འབྲལ་མེད་པར་བཅིང་། །གདུང་ཤུགས་དྲིལ་བུས་གཉིས་མེད་དགྱེས་པར་བསྐྱེད། བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ན་མོ། མཉམ་མེད་ཐུགས་རྗེའི་སྤྱན་ལྡན་ཁྱེད་རྣམས་ལ། །བདག་དང་སེམས་ཅན་རྡུལ་སྙེད་ལུས་སྤྲུལ་ནས། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །དངོས་འབྱོར་ཡིད་སྤྲུལ་སྲིད་གསུམ་དཔལ་འབྱོར་དང་། །བདག་ལུས་ལོངས་སྤྱོད་དགེ་རྩར་བཅས་པས་མཆོད། །ཐོག་མེད་ནས་བསགས་མི་དགེ་སྡིག་པའི་ལས། །གནོང་འགྱོད་དྲག་པོས་བཤགས་ཤིང་སླན་ཆད་བསྡམ། །འཕགས་དང་སོ་སྐྱེ་


LT29_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཅན་ཐམས་ཅད་ཀྱི། །རྣམ་དཀར་ཅི་མཆིས་ཀུན་ལ་རྗེས་ཡི་རང་། །གདུལ་བྱའི་བསམ་པ་དང་མཐུན་ཐེག་གསུམ་གྱི། །ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་བར་བསྐུལ། །འགྲོ་ཀུན་བྱང་ཆུབ་ཆེན་པོར་འཁོད་གྱི་བར། །མྱ་ངན་མི་འདའ་རྡོ་རྗེའི་སྐུར་བཞུགས་གསོལ། །བདག་གཞན་དུས་གསུམ་བསགས་པའི་དགེ་ཚོགས་རྣམས། །བླ་མ་སངས་རྒྱས་གོ་འཕང་འཐོབ་ཕྱིར་བསྔོ། ཨེ་མ་ཧོ། །ཕྱོགས་བཅུ་དུས་བཞིའི་དཀོན་མཆོག་ཀུན་གྱི་དངོས། །རྩ་གསུམ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཆོག །བོད་འབངས་སྐྱབས་གཅིག་གདུལ་དཀའ་འདུལ་བའི་གཉེན། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་དག་པའི་སར་བཞུགས་རྣམ་ཐར་ཚད་མེད་ཀྱང་། སྙིགས་འགྲོའི་དཔལ་མགོན་རྒྱལ་བའི་སྲས་པོའི་ཚུལ། །ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཞེས། །འབྲེལ་ཚད་དོན་ལྡན་དེ་ལ་གསོལ་བ་འདེབས། །འཇམ་དཔལ་གཞོན་ནུ་བཤེས་གཉེན་གཟུགས་སུ་བྱོན། །ངོ་མཚར་བཀའ་བབས་བདུན་ལྡན་ཤིང་རྟ་ཆེ། །གངས་ཅན་བསྟན་འགྲོ་ཡོངས་ཀྱི་དཔལ་མགོན་མཆོག །འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གསོལ་བ་འདེབས། །མདོ་སྔགས་རྒྱལ་བ་གཉིས་ཀྱི་ལུང་བསྟན་བརྙེས། །ཟབ་དང་རྒྱ་ཆེའི་མཛོད་ཆེན་ལྔ་ཡི་བདག །རྣམ་སྣང་ལོ་ཙཱའི་རྣམ་འཕྲུལ་བློ་མཐའ་ཡས། །འཆི་མེད་བསྟན་གཉིས་གླིང་བར་གསོལ་བ་འདེབས། །


LT29_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དག་ཚུལ་ཁྲིམས་བསླབ་བས་རྒྱུད་བསྡམས་ཤིང་། །ཏིང་འཛིན་སེམས་ཀྱི་བསླབ་བས་རང་རྒྱུད་གྲོལ། །དྲི་མེད་ཤེས་རབ་བསླབ་པས་གཞན་སྨིན་མཛད། །བཀྲ་ཤིས་འོད་ཟེར་ཞབས་ལ་གསོལ་བ་འདེབས། །སྐྱེས་སྦྱངས་མཁྱེན་རབ་རྨད་དུ་བྱུང་བ་ཡིས། །བཀའ་དང་བསྟན་བཅོས་གཞུང་དོན་ལེགས་གཟིགས་ནས། །གདུལ་བྱའི་མུན་སེལ་མཁན་ཆེན་རབ་འབྱམས་པ། །ཀུན་བཟང་བསོད་ནམས་ཞབས་ལ་གསོལ་བ་འདེབས། །ལྷག་བསམ་དྲི་མེད་གསེར་གྱི་ས་གཞི་ལ། །བྱང་ཆུབ་སེམས་ཀྱི་ལོ་ཏོག་བསྐྱེད་བསྲིངས་ནས། །འགྲོ་ཀུན་འཚོ་བའི་བྱང་ཆུབ་སྤྱོད་ལ་འཇུག །པྲཛྙཱའི་མཚན་ཅན་ཞབས་ལ་གསོལ་བ་འདེབས། །རིས་མེད་རྒྱལ་བའི་བསྟན་འཛིན་རྣམ་འདྲེན་མཆོག །ཁྱད་པར་ཆོས་ཀྱི་འབྲེལ་ཐོབ་དགེ་བའི་བཤེས། །དུས་གསུམ་བྱོན་ལ་རྩེ་གཅིག་གུས་པ་ཡིས། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལོང་མེད་མི་རྟག་དྲག་པོ་རྒྱུད་ལ་སྐྱེ། །འཁོར་བར་ངེས་འབྱུང་སྲིད་བདེར་ཞེན་པ་ལོག །ཀུན་རྫོབ་བྱམས་དང་སྙིང་རྗེ་རྒྱུད་ལ་འབྱོངས། །དོན་དམ་ཆོས་ཉིད་ཇི་བཞིན་རྟོགས་པར་མཛོད། །སྐྱེ་བ་འདི་ནས་ཚེ་རབས་ཀུན་ཏུ་ཡང་། །མཚན་ཉིད་ཡོངས་རྫོགས་དཔལ་ལྡན་བླ་མ་ཡིས། །རྗེས་སུ་བཟུང་ནས་མཉེས་པ་ཚུལ་བཞིན་བསྒྲུབ། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །ཞེས་པའི་མཐར། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ། ཞེས་གསོལ་འདེབས་ཀྱི་སྙིང་


LT29_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

པོའང་ཅི་རིགས་བཟླ། རྗེས་དབང་ལེན་ཞུ་།།།བསྔོ་སྨོན་ནི། །སངས་རྒྱས་ཀུན་དངོས་བླ་མའི་ཚོགས་རྣམས་ཀྱིས། །དམིགས་མེད་ཐུགས་རྗེ་ཆེན་པོས་རྗེས་དགོངས་ལ། །ཡེ་ཤེས་རབ་འབྱམས་དབང་ཆེན་བསྐུར་ནས་ཀྱང་། །བདག་རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །གསོལ་བ་བཏབ་བས་འཁོར་གྱི་བླ་མ་རྣམས། །འོད་ཞུ་གཙོ་བོ་གུ་རུ་ཉིད་ལ་ཐིམ། །དཀོན་མཆོག་ཀུན་འདུས་གུ་རུ་རིན་པོ་ཆེའི། །གནས་བཞིར་ཨོཾ་ཨཱཿཧཱུྃ་དང་ཧྲཱིཿཡིག་ལས། །འོད་ཟེར་ཡིག་འབྲུ་དཀར་དམར་མཐིང་སེར་འཕྲོས། །རང་གི་གནས་བཞིར་ཐིམ་པས་སྒྲིབ་བཞི་དག །དབང་བཞིས་རྒྱུད་སྨིན་ལམ་བཞི་བསྒོམ་ལ་དབང་། །སྐུ་བཞིའི་གོ་འཕང་འགྲུབ་པའི་སྐལ་ལྡན་གྱུར། །མོས་གུས་ཤུགས་ཀྱིས་གུ་རུ་འོད་དུ་ཞུ། །རང་ལ་ཐིམ་པས་རང་གི་སྒོ་གསུམ་དང་། །བླ་མའི་གསང་གསུམ་དབྱེར་མེད་རོ་གཅིག་གྱུར། །ཅེས་མོས་གུས་ཀྱི་རང་ངོ་བཟོ་མེད་ལ་ཅི་གནས་སུ་མཉམ་པར་བཞག་ལ། མཐར། །དགེ་འདིས་བདག་གཞན་མཁའ་ཁྱབ་འགྲོ་བ་ཀུན། །མོས་གུས་བླ་མའི་ལམ་མཆོག་མཐར་ཕྱིན་ཏེ། །ས་ལམ་གཅིག་ཆོད་དོན་གཉིས་ལྷུན་གྱིས་གྲུབ། །ཚེ་གཅིག་རྣམ་མཁྱེན་སངས་རྒྱས་ས་ཐོབ་ཤོག །ཅེས་པ་འདིའང་སྡེ་བཞི་དགེ་བཅུའི་མངའ་བདག་ཆོས་རྒྱལ་ཆེན་པོའི་ལུགས་ཟུང་གཉེར་འཛིན་དམ་ཆོས་ཚུལ་བཞིན་སྒྲུབ་པ་ཚེ་རིང་དོན་གྲུབ་པའི་གསུང་བསྐུལ་ངོར། ཀུ་སཱ་ཡི་བློ་གྲོས་མཐའ་ཡས་ཀྱིས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་ཤར་མར་སྤེལ་བ་དགེ་ལེགས་འཕེལ།། །།


LT29_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཚེ་དཔག་མེད་པའི་རྣལ་འབྱོར་ཚེ་དབང་དངོས་གྲུབ་དཔལ་སྟེང་ཅེས་བྱ་བ་བཞུགས་སོ། །གང་ལ་བསྟེན་ན་འཕྲལ་ཕུག་གི། །དགེ་ལེགས་ཀུན་འབྱུང་བླ་མ་རྗེའི། །བྱིན་རླབས་རྒྱུད་ལ་སྨིན་པའི་ཕྱིར། །ཟབ་མོའི་རྣལ་འབྱོར་འདི་ལ་བརྩོན། །ངེས་འབྱུང་བློ་ཡིས་རྒྱུད་བསྐུལ་ཏེ། །སེམས་བསྐྱེད་སྙིང་རྗེས་གཞི་བཟུང་ལ། །མོས་གུས་དྲག་པོས་མཚམས་སྦྱར་ནས། །ཡེངས་མེད་འདོན་བསྒོམ་སྦྲགས་པར་བྱ། །ན་མོ་གུ་རུ་སརྦ་བུདྡྷ་བོ་དྷི་སཏྭ་ཡ། །སྣོད་བཅུད་རྣམ་དག་པདྨ་བདེ་བ་ཅན། །ངོ་མཚར་ཀུན་བཟང་མཆོད་པའི་སྤྲིན་གྱིས་གཏམས། །རྒྱལ་བ་སྲས་བཅས་དགྱེས་བས་བསྟི་བ་ཡི། །རབ་འབྱམས་དག་པའི་ཞིང་བཀོད་རྫོགས་པའི་དབུས། །རང་མདུན་ནམ་མཁར་སེང་གེས་བཏེགས་པའི་ཁྲི། །ལྷ་རྫས་རིན་ཐང་མེད་པའི་གོས་ཀྱིས་བཀབ། །འདབ་རྒྱས་པདྨའི་བྲེའུ་འབྲུར་ཟླ་དཀྱིལ་ལ། །རོ་བོ་ལྷ་མིའི་སྐྱབས་མགོན་མཁྱེན་རབ་གཏེར། །ལུང་རིག་སྨྲ་བའི་དབང་ཕྱུག་མཁས་བཙུན་གྱིས། །ཐུབ་བསྟན་རྒྱལ་མཚན་འཛིན་མཛད་འདྲེན་མཆོག་ཉིད། །རྣམ་པ་བཅོམ་ལྡན་རྒྱལ་བ་ཚེ་དཔག་མེད། །དམར་གསལ་པདྨ་རཱ་གའི་ལྷུན་པོ་བཞིན། །བརྗིད་ཅིང་ལྷུན་ཆགས་གཟི་འོད་དཔལ་དུ་འབར། །ཞི་འཛུམ་མདངས་ལྡན་མཚན་དང་དཔེ་བྱད་རྫོགས། །མཉམ་གཞག་ཕྱག་རྒྱས་འཆི་མེད་ཚེ་བུམ་བསྣམས། །དཔག་བསམ་ལོ་མ་མེ་ཏོག་ཁ་རྒྱན་མཛེས། །སྣ་ཚོགས་ངར་གྱི་སྟོད་གཡོགས་སྨད་གཡོགས་ཀླུབས། །དབུ་རྒྱན་སྙན་ཆ་དོ་ཤལ་


LT29_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གདུ་བུ་སོགས། །རིན་ཆེན་ནོར་བུ་གསེར་གྱི་དྲ་བ་དཔྱངས། །ཞབས་གཉིས་གཡོ་མེད་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །སྐུ་ལས་ཡེ་ཤེས་སྒྱུ་འཕྲུལ་བསམ་ཡས་འཕྲོ། །གསུང་གིས་ཚངས་དབྱངས་ཐེག་ཆེན་ཆོས་སྒྲ་སྒྲོགས། །ཐུགས་དགོངས་ཟབ་ཞི་སྤྲོས་བྲལ་འོད་གསལ་དང་། །ཕྱོགས་དུས་རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །རྩ་གསུམ་ཆོས་སྲུང་རྒྱ་མཚོ་ཡོངས་སུ་རྫོགས། །གང་ཞིག་དང་བས་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ཏུ་མངོན་སུམ་ལྷམ་མེར་བཞུགས། །གདོད་ནས་དམ་ཡེ་དབྱེར་མེད་ལྷུན་གྲུབ་གྱུར། །བདག་སོགས་འགྲོ་ཀུན་རྡུལ་སྙེད་ལུས་སྤྲུལ་ཏེ། །དབྱངས་སྙན་ཡན་ལག་རྒྱ་མཚོ་བསྡགས་པ་བརྗོད། །ཁྱོད་ལས་སྐྱབས་གཞན་མེད་པའི་མོས་གུས་བཅས། །སྒོ་གསུམ་རབ་ཏུ་བཏུད་དེ་ཕྱག་འཚལ་ལོ། །སྲས་བཅས་རྒྱལ་བའི་སྨོན་ལམ་ལས་གྲུབ་པ། །རྨད་བྱུང་བཀོད་པ་ལྷ་མིའི་དཔལ་འབྱོར་དང་། །བདག་ལུས་ལོངས་སྤྱོད་དགེ་བའི་རྩ་བ་བཅས། །ཀུན་བཟང་མཆོད་པའི་སྤྲིན་ཏུ་སྤྲོས་ཏེ་འབུལ། །ཐོག་མེད་དུས་ནས་འཁྲུལ་བའི་གཞན་དབང་གིས། །ལས་དང་ཉོན་མོངས་འཁོར་བའི་རྒྱུར་གྱུར་པ། །སྡིག་སྒྲིབ་ཉེས་ལྟུང་བག་ཆགས་བཅས་པ་ཀུན། །གནོང་འགྱོད་དྲག་པོས་བཤགས་ཤིང་ཕྱིན་ཆད་བསྡམས། །སྲིད་དང་མྱ་ངན་འདས་པའི་ཁམས་རྣམས་སུ། །ཟག་བཅས་ཟག་པ་མེད་པས་བསྡུས་པ་ཡི། །རྣམ་དཀར་དགེ་རྩ་ཇི་སྙེད་མཆིས་


LT29_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ། །ཡི་རང་ས་སྙིང་གི་པདྨོ་ཕྱོགས་བརྒྱར་གྲོལ། །ཐུན་མོང་ཐེག་གསུམ་བྱེད་པར་གསང་བ་སྔགས། །ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་འཁོར་ལོ་མཆོག །གདུལ་བྱའི་སྐལ་པར་འཚམས་པར་བསྐོར་བ་ནི། །འཁོར་བ་དོང་སྦྲུགས་ཕྲིན་ལས་མཐར་ཕྱིན་གསོལ། །གདོད་ནས་བྱང་ཆུབ་ཐུགས་བསྐྱེད་སྨོན་ལམ་སྟོབས། །ནམ་ཡང་མི་བརྟུལ་རྫུ་འཕྲུལ་རྐང་པ་ལ། །བརྟེན་ནས་བསྐལ་ཆེན་འདི་ཉིད་མ་སྟོངས་བར། །གསང་གསུམ་འགྱུར་བ་མེད་པར་བཞུགས་སུ་གསོལ། །འདིས་མཚོན་དུས་གསུམ་བདག་གཞན་འགྲོ་ཀུན་གྱི། །དགེ་རྩ་གཅིག་བསྡུས་འཁོར་གསུམ་ཡང་དག་བློས། །མི་གནས་བྱང་ཆུབ་ཆེན་པོར་བསྔོས་པའི་མཐུས། །ཁྱབ་བདག་བླ་མའི་གོ་འཕང་མྱུར་འགྲུབ་ཤོག །ཅེས་ཚོགས་རྟེན་གསལ་བཏབ་ཅིང་བསགས་སྦྱོང་གི་སྙིང་པོ་བསྡུས་པ་ཡན་ལག་བདུན་པ་སྔོན་དུ་འགྲོ་བས་གསོལ་འདེབས་རྒྱས་བསྡུས་ཇི་ལྟར་རིགས་པ་དང་། མདོར་བསྡུས། མཁྱེན་རབ་དབང་ཕྱུག་ལུང་དང་རིག་པའི་གཏེར། །སྙིང་རྗེའི་རང་གཟུགས་མཁས་ཤིང་བཙུན་པའི་ཕུལ། །གསང་བ་ཀུན་བདག་ཐུབ་བསྟན་རྒྱལ་མཚན་འཛིན། །བླ་མ་ཚེ་དཔག་མེད་ལ་གསོལ་བ་འདེབས། ཞེས་གྲངས་ཇི་ལྟར་འོས་པ་དང་། ཨོཾ་གུ་རུ་ཨཱ་ཡུཛྙཱ་ན་ཨ་མཱ་ར་ི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་པའང་བཟླས་ལ། མཐར། ཐུགས་རྗེའི་མངའ་བདག་བླ་མ་ཚེ་དཔག་མེད། །ཆོས་ཀྱི་རྒྱལ་པོ་མཁའ་མཉམ་འགྲོ་བའི་སྐྱབས། །མ་ལུས་ཕན་བདེའི་འབྱུང་གནས་


LT29_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ། །ཁྱོད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ། །ནམ་ཡང་མི་འབྲལ་མཉེས་པའི་ཞབས་ཏོག་འགྲུབ། །དམ་ཚིག་སེལ་མེད་ཐུགས་ཡིད་གཅིག་ཏུ་འདྲེས། །ཕྲིན་ལས་སྲིད་པ་གསུམ་དུ་སྤེལ་ནུས་ཤོག །བླ་མ་རྒྱལ་བ་སྲས་བཅས་དགོངས་པ་སྐོང་། །མཁའ་མཉམ་འགྲོ་ཀུན་ཐར་བ་མཆོག་ལ་སྦྱོར། །རང་གཞན་དོན་གཉིས་གེགས་མེད་མཐའ་རུ་ཕྱིན། །སྐུ་གསུམ་རྫོགས་པའི་སངས་རྒྱས་མངོན་གྱུར་ཤོག །དེ་ལྟར་གསོལ་བཏབ་ཐུགས་རྒྱུད་བསྐུལ་བའི་མཐུས། །བླ་མ་སངས་རྒྱས་བརྩེ་བས་རྗེས་དགོངས་ཏེ། །གནས་གསུམ་འོད་ཟེར་དཀར་དམར་མཐིང་གའི་མདོག །རིམ་དང་ཅིག་ཆར་འཕྲོས་པས་དབང་བཞི་ཐོབ། །སྒྲིབ་པ་བཞི་དག་ལམ་བཞི་བསྒོམ་ལ་དབང་། །སྐུ་བཞི་མངོན་ཏུ་འགྱུར་བའི་སྐལ་ལྡན་བྱས། །བླ་མ་དགྱེས་པ་ཆེན་པོས་འོད་དུ་ཞུ། །རང་ལ་ཐིམ་པས་སྒོ་གསུམ་སྐུ་གསུང་།ཐུགས། །དབྱེར་མེད་ཡེ་ཤེས་ཆེན་པོར་རོ་གཅིག་གྱུར། །དགེ་འདིས་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །འཁྲུལ་པའི་མུན་སངས་ཡེ་ཤེས་སྣང་བ་རྒྱས། །མི་ཟད་རྒྱན་གྱི་འཁོར་ལོའི་རོལ་བ་ཡིས། །དཔལ་ལྡན་བླ་མའི་དགོངས་པ་སྐོང་གྱུར་ཅིག །ཅེས་པའང་ལུགས་གཞུང་མཁྱེན་ལྡན་བྲག་ཡབ་ལྡེ་ཟུར་བཀའ་བཅུ་བློ་བཟང་ནོར་བུས་གསུང་བསྐུལ་མཛད་པ་ལྟར། འདུ་གསུམ་པ་བློ་གྲོས་མཐའ་ཡས་ཀྱིས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ། །


previousརིགས་གསུམ་བླ་མའི་རྣལ་འབྱོར་སྐལ་བཟང་འདོད་འཇོ།next