Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
པཎ་ཆེན་ཤཱཀྱ་ཤྲཱི་ལ་རྣམ་ཐར་དང་རྗེས་སུ་མཐུན་པའི་གསོལ་བ་འདེབས་པ་དྲི་མེད་དཔལ་མཛེས།
   
   
   
   
   
   
   


 
previousཔཎ་ཆེན་ཤཱཀྱ་ཤྲཱི་ལ་རྣམ་ཐར་དང་རྗེས་སུ་མཐུན་པའི་གསོལ་བ་འདེབས་པ་དྲི་མེད་དཔལ་མཛེས།next

པཎ་ཆེན་ཤཱཀྱ་ཤྲཱི་ལ་རྣམ་ཐར་དང་རྗེས་སུ་མཐུན་པའི་གསོལ་བ་འདེབས་པ་དྲི་མེད་དཔལ་མཛེས།


LT29_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

པཎ་ཆེན་ཤཱཀྱ་ཤྲཱི་ལ་རྣམ་ཐར་དང་རྗེས་སུ་མཐུན་པའི་གསོལ་བ་འདེབས་པ་དྲི་མེད་དཔལ་མཛེས་ཞེས་བྱ་བ་བཞུགས་སོ། །


LT29_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་བཟང་སངས་རྒྱས་བདུན་པ་རབ་གསལ་ཉིད། །ཤཱཀྱའི་བསྟན་ལ་ཚངས་སྤྱོད་མཆོག་གི་ཚུལ། །ཡོངས་རྫོགས་པ་ཆེན་ཉི་མ་ལྟ་བུར་གྲགས། །ཤཱཀྱ་ཤྲཱི་བྷ་དྲའི་ཞབས་ལ་འདུད། །ཉི་མ་གུང་པས་བྱིན་བརླབས་ཀསྨཱི་རར། །ཁྲི་བརྟན་གྲོང་ཁྱེར་སུམ་རྩེན་གཉིས་པ་རུ། །དེད་དཔོན་ཆེན་པོའི་རིགས་འཁྲུངས་གྲགས་འཛིན་ཅེས། །སྤྲུལ་པའི་སྐུ་རུ་བསྟན་ལ་གསོལ་བ་འདེབས། །བཅུ་ཕྲག་ལོ་ནས་རིག་པའི་གནས་མཐར་སོན། །གཞན་གཞུང་ཚར་གཅོད་རྣམ་རྒྱལ་ཅོད་པན་ཐོབ། །ཉེར་གསུམ་ལོན་ཚེ་ཐུབ་བསྟན་ཁང་བཟང་དུ། །ངེས་འབྱུང་གོམས་པས་བགྲོད་ལ་གསོལ་བ་འདེབས། །ཞག་རེར་ཆོས་སྤྱོད་རྣམ་བཅུ་ཚང་བར་བསྒྲུབ། །གནོད་ལན་ཕན་


LT29_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས་ཅི་ཡང་བདག་མི་འཛིན། །རྐྱེན་ངན་ཕར་ཕྱིན་ལམ་ཁྱེར་ཐུགས་དམ་བཞི། །རྒྱལ་བ་དཔང་དུ་མཛད་ལ་གསོལ་བ་འདེབས། །པ་གྲུབ་མང་བསྟེན་གསུང་རབ་ཀུན་ལ་སྦྱངས། །ཞག་གྲངས་དུ་མར་ཏིལ་མར་མཚོ་རུ་ཞུགས། །མནལ་སྦངས་འབུམ་སྡེ་མང་པོ་ཞལ་ཐོན་མཛད། །དབྱིག་གཉེན་གཉིས་པར་གྲགས་ལ་གསོལ་བ་འདེབས། །སུམ་ཅུ་པ་ལ་ཞི་འབྱུང་སྦས་པ་སོགས། །སྡེ་སྣོད་འཛིན་པའི་དབུས་སུ་བསྙེན་པར་རྫོགས། །སྟན་གཅིག་པ་དང་བསོད་སྙོམས་བརྟུལ་ཞུགས་བླངས། །སྦྱངས་ཡོན་མཐའ་རུ་ཕྱིན་ལ་གསོལ༴ ལུས་ཀྱིས་བྱ་བ་ངག་གིས་གཞུང་རྩོམ་ཞིང་། །ཡིད་ཀྱིས་དྲི་བ་དགུ་ཡི་ལན་ལྡོན་པ། །དུས་གཅིག་ནུས་པས་ཛམ་བུའི་གླིང་ཀུན་


LT29_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ། །ཡོངས་གྲགས་པ་ཆེན་གྱུར་ལ་གསོལ༴ ནཱ་ལནྡ་སོགས་མཁན་པོའི་བྱ་བ་མཛད། །དགེ་འདུན་སྟོང་ཕྲག་དུ་མར་ཆོས་གསུངས་ཤིང་། །ཕྱོགས་བཞིའི་མུ་སྟེགས་སྟོན་པ་ཚར་བཅད་ནས། །བསྟན་པ་རྒྱས་པར་མཛད་ལ༴ བྱམས་པར་ཆོས་གསན་ཏིང་འཛིན་རྒྱ་མཚོ་བརྙེས། །རྗེ་བཙུན་སྒྲོལ་མས་རྟག་ཏུ་ལུང་བསྟན་སྩལ། །དུས་འཁོར་བདེ་དགྱེས་དོན་ཡོད་ཞགས་པ་སོགས། །ལྷག་ལྷས་བྱིན་གྱིས་བརླབས་ལ༴ སངས་རྒྱས་སྤྲུལ་སྐུས་ཐེག་ཆེན་ཆོས་སྒོ་བསྟན། །སྣང་གྲགས་ཀུན་ལས་ཟབ་མོའི་ཆོས་སྒྲགས་ན། །གཟུངས་དང་མངོན་ཤེས་ངོ་མཚར་ཆོ་འཕྲུལ་མངའ། །ལྷ་ཀླུས་བསྙེན་བཀུར་ཕུལ་ལ༴ དགྲ་བཅོམ་གྲུབ་ཐོབ་ཡེ་ཤེས་མཁའ་འགྲོ་མས། །མ་བྱོན་སངས་རྒྱས་གསུམ་པར་ཞལ་བཞེས་ཤིང་། །ཅུང་ཟད་ཡོན་ཕུལ་འབྲས་བུ་ཚད་མེད་པ། །ཐོབ་ཅེས་གྲགས་པས་ཁྱབ་ལ༴ ཡི་དམ་ལུང་དང་གསོལ་བ་བཏབ་པའི་ངོར། །པ་ཆེན་དགུ་ཡི་འཁོར་བཅས་བོད་དུ་ཕེབས། །བྱམས་ཆེན་རབ་ཏུ་གནས་སོགས་ཁྲོ་ལོ་ཆེའི། །ཐུགས་བཞེད་ཡོངས་སུ་བསྐངས་ལ༴ ས་དཔྱལ་ཆགས་དང་ཞང་ལོ་ལ་སོགས་པ། །བོད་ཡུལ་ཙམ་ན་ཆེ་བའི་བཤེས་གཉེན་ཀུན། །རྗེས་སུ་བཟུང་ནས་འདུལ་མདོ་གསང་སྔགས་ཀྱི། །ཆོས་འཁོར་རྒྱ་ཆེར་བསྐོར་ལ༴ ཁྱད་པར་ཆོས་འདུལ་བཤད་སྒྲུབ་


LT29_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་རིས་ཀླུང་། །དཔལ་མཚན་རྣམ་གཉིས་མ་དྲོས་མཚོར་བསྐྱིལ་བས། །ཐུབ་བསྟན་ཇི་སྲིད་ཐར་འདོད་ཡོངས་ཀྱི་གསོས། །རྒྱུན་མི་འཆད་པར་དབབ་ལ༴ གངས་ཅན་ལྗོངས་སུ་ལོ་བཅུར་དབྱར་གནས་མཛད། །སྐལ་ལྡན་དུ་མ་ཕྱིར་མི་ལྡོག་ལ་བཀོད། །སླར་ཡང་ཁ་ཆེའི་ཡུལ་བྱོན་ཐུབ་བསྟན་གྱི། །མཛད་པ་རླབས་ཆེན་བསྒྲུབས་ལ༴ གོ་དགུ་བཞེས་ཚེ་དགའ་ལྡན་གནམ་དུ་གཤེགས། །འཇའ་འོད་མེ་ཏོག་ཆར་པས་ཡུལ་ཀུན་ཁྱབ། །ལྷ་ཡི་སིལ་སྙན་སྒྲ་ལས་པཎྜི་ཏ། །གཉིས་བརྒྱས་ཏིང་འཛིན་བརྙེས་ལ༴ སྡོམ་བརྩོན་མཁས་པ་ཀུན་གྱི་གཙུག་གི་ནོར། །འཕགས་བོད་ཀུན་ཏུ་རྩོད་མེད་ཡོངས་སུ་གྲགས། །རབ་གསལ་རྣམ་འཕྲུལ་ཁ་ཆེ་བསོད་སྙོམས་པ། །ཤཱཀྱ་ཤྲཱིའི་ཞབས་ལ་གསོལ་བ་འདེབས། །ངེས་འབྱུང་ཚུལ་ཁྲིམས་རྣམ་དག་ས་གཞི་རུ། །སེམས་དང་ཏིང་འཛིན་འབྲས་ལྡན་ལྗོན་ཤིང་སྨིན། །སྐྱེ་དགུ་ཐར་པའི་བཅུད་ཀྱིས་འཚོ་བྱེད་པ། །ཁྱོད་ཀྱི་རྣམ་ཐར་འགྲུབ་པར་བྱིན་གྱིས་རློབས། །དགའ་ལྡན་གནས་སུ་རྒྱལ་ཚབ་སྲས་དང་བཅས། །བྱང་ཆུབ་སྤྱོད་པའི་རིམ་གྲོས་མཉེས་བྱས་ཏེ། །དམ་ཆོས་འཛིན་སྤེལ་སྐྱོང་བའི་རྣམ་འཕྲུལ་གྱིས། །ཕྱོགས་བཅུའི་ཞིང་ཁམས་རྒྱས་པར་འགེངས་བྱེད་ཤོག །བསྟན་རྩ་དམ་ཆོས་འདུལ་བའི་སྡེ་སྣོད་ཀྱི། །བཤད་སྒྲུབ་ཕྲིན་


LT29_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ས་སྟེང་ཀུན་ཏུ་ཁྱབ། །རྒྱལ་བསྟན་ཉི་མ་ནམ་ཡང་མི་ནུབ་པར། །ལྷར་བཅས་འཇིག་རྟེན་རྟག་ཏུ་སྣང་གྱུར་ཅིག །ཅེས་སྟོད་འདུལ་བསྟན་པའི་རྩབ་ཁ་ཆེ་པི་ཏ་བསོད་སྙོམས་པ་ཆེན་པོ་ལ་གསོལ་བ་འདེབས་པ་འདི་ནི། མཁྱེན་རྟོགས་ཀྱི་བདག་ཉིད་བླ་མ་ཀརྨ་དབང་ཕྱུག་གིས་རིང་ནས་བསྐུལ་བ་དང་། ཉེ་ཆར་སྡེ་སྣོད་འཛིན་པའི་རབ་འབྱམས་པ་མཁན་བླ་མ་བཀྲ་ཤིས་འོད་ཟེར་ནས་ཆེད་དུ་བསྐུལ་ངོར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཀྱི་གདན་སར་སྡེ་སྣོད་འཛིན་པ་རྣམས་དབྱར་ཚུལ་ལ་ཞུགས་པའི་ཆོས་གྲར་བྲིས་པ་དགེ་ལེགས་འཕེལ།། ༈ །།རྗེ་ལྷོ་བྲག་པ་ཆེན་པོ་ལ་གསོལ་བ་འདེབས་པ་དགྱེས་མཛད་དགྱེས་གླུ་ཞེས་བྱ་བ་བཞུགས་སོ། །དགྱེས་མཛད་དགྱེས་པའི་གར་མཁན་གཡུང་མོ་ཅན། །ཞིང་བརྒྱར་ཀུན་ཏུ་བཟང་པོའི་རྣམ་པར་རོལ། །རྣམ་ཐར་བསམ་མི་ཁྱབ་པའི་མངའ་བདག་རྗེ། །ཁྱབ་བདག་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །སྤྲོས་བྲལ་ཆོས་སྐུ་ཟབ་ཅིང་གཏིང་དཔག་དཀའ། །མཁའ་ཁྱབ་ལོངས་སྐུ་ངེས་པ་ལྔ་དང་ལྡན། །སྤྲུལ་སྐུ་བསམ་མི་ཁྱབ་པའི་མངའ་བདག་རྗེ། །སྒྱུ་འཕྲུལ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། ཁ་སྦྱོར་དབྱིངས་ལས་གངས་ཅན་ཉི་མར་བཞེངས། །དྲང་བའི་ཐབས་སུ་སློབ་པའི་ལམ་ལ་ཞུགས། །སྙིང་སྟོབས་བསམ་མི་ཁྱབ་པའི་མངའ༴ ཐུགས་དམ་ཆེན་པོའི་


LT29_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ལ༴ ལུས་སྲོག་ཐེད་ལ་བོར་ཏེ་དམ་ཆོས་བཙལ། །འཕགས་བལ་ཐ་གྲུ་ཀུན་ཏུ་ཡང་ཡང་བགྲོད། །དཀའ་སྤྱད་བསམ་མི་ཁྱབ་པའི་མངའ༴ བཟོད་པ་ཆེན་པོའི་ཞབས༴ ཁྱད་འཕགས་བཅུ་གསུམ་གྲུབ་ཐོབ་ཞལ་ལྔ་དང་། །འགྲན་མེད་གཉིས་ཀྱི་ཐུགས་བཅུད་རྫོགས་པར་བཞེས། །ཐོས་བསམ་བསམ་མི་ཁྱབ་པའི་མངའ༴ མཁྱེན་རབ་ཆེན་པོའི་ཞབས༴ ཐུན་མིན་གསང་བ་མཁའ་འགྲོའི་ཐུགས་ཀྱི་ཁྲག །དཔལ་ལྡན་ནཱ་རོའི་དྲིན་ལས་ངོམས་པར་སྤྱོད། །སྐལ་པ་བསམ་མི་ཁྱབ་པའི་མངའ༴ གསང་བདག་ཆེན་པོའི་ཞབས༴ སྒྱུ་ཐོད་གདན་གསུམ་ཁྱད་པར་དགྱེས་གསང་སོགས། །བསྒྱུར་སྤེལ་འཆད་ཉན་སྒྲུབ་པའི་རྒྱལ་མཚན་བཙུགས། །བློ་གྲོས་བསམ་མི་ཁྱབ་པའི་མངའ༴ ལོ་ཙཱ་ཆེན་པོའི་ཞབས༴ མ་ཧཱ་བོ་དྷིའི་དུས་ཀྱི་མཆོད་ཆེན་གསོས། །ཚོགས་ཀྱི་འདུ་བ་ཆེ་ཆུང་དཔག་མེད་སྤྱོད། །ཚོགས་གཉིས་བསམ་མི་ཁྱབ་པའི་མངའ༴ ལྷུན་རྫོགས་ཆེན་པོའི་ཞབས༴ ཐབས་ལམ་ཆོས་དྲུག་ཨ་མ་ན་སིའི་སྲོལ། །གསར་དུ་གཏོད་ནས་ས་སྟེང་གྲུབ་པས་བཀང་། །མཛད་ཚུལ་བསམ་མི་ཁྱབ་པའི་མངའ༴ ཕྲིན་ལས་ཆེན་པོའི་ཞབས༴ ཀ་ཆེན་ཐུགས་སྲས་ཟུང་བཞི་བརྒྱད་ལ་སོགས། །སྨིན་ཅིང་དགྲོལ་ནས་ཐུབ་བསྟན་རྒྱས་པར་མཛད། །


LT29_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

རྫུ་འཕྲུལ་བསམ་མི་ཁྱབ་པའི་མངའ༴ བསྟན་འཛིན་ཆེན་པོའི་ཞབས༴ ཟད་པར་ཟིལ་གནོན་སྤྲུལ་སྒྱུར་དངོས་སུ་སྟོན། །ཐུགས་ཀྱི་རྡོ་རྗེ་གཞན་ལུས་གྲོང་དུ་འཇུག །ཡ་མཚན་བསམ་མི་ཁྱབ་པའི་མངའ༴ ཆོ་འཕྲུལ་ཆེན་པོའི་ཞབས༴ བདག་མེད་རྡོ་རྗེ་བཙུན་མོའི་བྷ་ག་རུ། །གསང་གསུམ་ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཐབས་ཤེས་བསམ་མི་ཁྱབ་པའི་མངའ༴ བདེ་བ་ཆེན་པོའི་ཞབས༴ མཁའ་ཁྱབ་ཆོས་དབྱིངས་ཕྱག་རྒྱ་ཆེར་དགྱེས་པ། །ཆོས་ཅན་རང་བྱུང་ནམ་མཁའི་རྡོ་རྗེར་བསྡོམས། །དགོངས་པ་བསམ་མི་ཁྱབ་པའི་མངའ༴ དབང་བསྐུར་ཆེན་པོའི་ཞབས༴ གང་ཐུགས་འོད་གསལ་གཉུག་མའི་མཁའ་ལ་སྤྱོད། །རོལ་པའི་གར་གྱིས་ཞིང་བརྒྱ་རྟག་པར་གཡོ། །རྣམ་རོལ་བསམ་མི་ཁྱབ་པའི་མངའ༴ འགྲོ་འདུལ་ཆེན་པོའི་ཞབས༴ ལུས་སེམས་དངོས་པོའི་གནས་ལུགས་གཏན་ལ་ཕེབས། །ཤེས་རབ་ཐབས་ཀྱི་ལམ་མཆོག་བདེ་བླག་བགྲོད། །རྡོ་རྗེ་བཞི་ཡི་རྒྱལ་ཐབས་ཆེན་པོ་པ། །དགྱེས་མཛད་ལོ་ཙཱའི་གོ་འཕང་མྱུར་འགྲུབ་ཤོག ། ཅེས་པའང་བོད་ཡུལ་སྒྲུབ་བརྒྱུད་ཀྱི་ཆུ་འགོ། སྐྱེས་མཆོག་མར་སྟོན་ཆེན་པོས་ཆོ་འཕྲུལ་གྱི་ཆོས་མཐའ་ཡས་པ་བསྟན་པའི་གནས་མཆོག་ལྷོ་གྲོ་བོ་ལུང་དང་སྲས་མཁར་སྤྲུལ་པའི་ཕོ་བྲང་དད་པས་མཇལ་ཞིང་ཚོགས་གཉིས་ཀྱི་འབྲེལ་འཇོག་བགྱིད་པའི་སྐལ་པ་བཟང་པོའི་དུས་ཀྱི་དང་པོ་ཤར་བའི་


LT29_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། བློ་གྲོས་མཐའ་ཡས་པའི་སྡེས་གང་ཤར་གྱི་གསོལ་བ་སྐད་ཅིག་མར་བཏབ་པའོ།། ༈ །།རྗེ་བཙུན་མར་པ་ཆོས་ཀྱི་བློ་གྲོས་ལ་གསོལ་བ་འདེབས་པ་བདེ་ཆེན་སྙིང་པོ་ཞེས་བྱ་བ་བཞུགས་སོ།། ༈ །།བདེ་ཆེན་ཆོས་དབྱིངས་དགྱེས་མཛད་གསང་བ་ལས། །ཀུན་ཏུ་བཟང་པོའི་རྣམ་ཐར་སྤྲིན་བཀོད་དེ། །སྣ་ཚོགས་སྤྲུལ་པས་མཐའ་ཡས་གདུལ་བྱ་འདུལ། །རྗེ་བཙུན་ལྷོ་བྲག་པ་ལ་གསོལ་བ་འདེབས། །གསང་བ་མཆོག་གི་དགྱེས་པར་རྟག་བཞུགས་པ། །ཐམས་ཅད་བདག་ཉིད་རྡོ་རྗེ་ཅན་རྣམས་ཀྱི། །གསང་གསུམ་ཕྲིན་ལས་བཅས་པ་གཅིག་བསྡུས་ཏེ། །སྤྲུལ་པའི་སྐུ་རུ་བསྟན་ལ༴ ཡུལ་དབུས་ལྷོ་ཕྱོགས་དག་པའི་སྨན་ལྗོངས་སུ། །རྣམ་དག་མར་པའི་རིགས་སུ་གཟིགས་པ་ལྔས། །གསང་ཆེན་བསྟན་པའི་བདག་པོར་ལེགས་བྱོན་ནས། །གཞོན་ནུའི་རོལ་རྩེད་མཛད་ལ༴ འཇིགས་མེད་གོ་འཕང་གདོད་ནས་གྲུབ་པ་ལས། །ཤུགས་འབྱུང་དཔའ་ཞིང་གཏུམ་པའི་ཚུལ་སྤྱོད་ཀྱིས། །ཐ་མལ་སྣང་བ་ཐམས་ཅད་ཟིལ་གནོན་པ། །རང་བྱུང་ཧེ་རུ་ཀ་ལ༴ མང་མཁར་ལུང་དུ་འབྲོག་མི་ལོ་ཙཱ་ལས། །སྒྲ་རིག་ལེགས་སྦྱངས་བལ་པོའི་ཡུལ་དུ་ཕེབས། །ཕམ་མཐིང་པ་ལས་རྒྱུད་གསན་རིག་གནས་ཀུན། །ཞར་བྱུང་མཁྱེན་པར་མཛད་ལ༴ པ་ཆེན་ནཱ་


LT29_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

རོའི་མཚན་སྙན་གསན་ཙམ་གྱིས། །དད་པས་རིགས་སད་དཀའ་སྤྱད་འཕགས་ཡུལ་བགྲོད། །མེ་ཏོག་རྒྱས་པའི་ལྗོངས་སུ་ཞལ་རས་མཇལ། །འཁོར་གསུམ་ཡང་དག་ཕུལ་ལ༴ དགྱེས་རྡོར་ལྷ་དགུ་སྤྲུལ་པའི་དཀྱིལ་འཁོར་དུ། །དབང་བསྐུར་དོན་གྱི་ཡེ་ཤེས་ངོ་འཕྲོད་ཅིང་། །གུར་བརྟག་སཾ་གསུམ་གདན་བཞི་མཱ་ཡཱ་སོགས། །སྨིན་གྲོལ་རྫོགས་པར་གསན་ལ༴ འདུས་པ་གཤེད་སྐོར་སྒྲོལ་མ་འབྱུང་བ་དང་། །མི་གཡོ་བླ་མེད་སེམས་འགྲེལ་སྐོར་གསུམ་སོགས། །གསང་རྒྱུད་དབང་དང་བཤད་བཀའ་མན་ངག་ཀུན། །བུམ་པ་གང་བྱོར་སྩལ་ལ༴ བླ་མའི་བཀའ་བཞིན་ནུབ་ཕྱོགས་པཎྜི་ཏ། །ཡེ་ཤེས་སྙིང་པོར་འདུས་པ་འཕགས་སྐོར་གསན། །སྤྲུལ་པའི་དཀྱིལ་འཁོར་མཇལ་ཏེ་ས་བརྒྱད་པའི། །རྟོགས་པ་མངོན་དུ་གྱུར་ལ༴ གྲུབ་ཐོབ་ཞལ་ལྔ་ཁྱད་འཕགས་བཅུ་གསུམ་གཙོས། །མཁས་གྲུབ་མང་བསྟེན་ཟབ་གསང་བདུད་རྩིའི་ཀླུང་། །ཐུགས་ཀྱི་བུམ་པར་བསྐྱིལ་ནས་སྐལ་ལྡན་འགྲོར། །ཐར་པའི་གསོས་སུ་འབེབས་ལ༴ མངའ་བདག་མཻ་ཏྲི་ཆེན་པོས་རྗེས་སུ་བཟུང་། །བདེ་དགྱེས་ཐོད་པ་མཚན་བརྗོད་ཕྱག་ཆེན་གནང་། །ངོ་མཚར་རྫུ་འཕྲུལ་བཀོད་པ་དུ་མ་གཟིགས། །ཐུགས་ཡིད་གཅིག་འདྲེས་གྱུར་ལ༴ སོ་ས་གླིང་དུ་རྡོ་རྗེ་རྣལ་འབྱོར་མས། །བརྡ་ཡི་དབང་བསྐུར་


LT29_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་ཐབས་ཀྱིས་སྩལ། །མདའ་བསྣུན་ཞབས་ཀྱིས་མཱ་ཡའི་སྨིན་གྲོལ་དང་། །ཕྱག་ཆེན་ངོ་སྤྲོད་སྩལ་ལ༴ འཕགས་ཡུལ་ལན་གསུམ་ཕེབས་པའི་བར་པ་ལ། །རྗེ་བཙུན་ནཱ་རོ་སྤྱོད་པར་གཤེགས་དང་མཇལ། །བདེ་མཆོག་བཀའ་སྲོལ་ཀུན་གནང་གཞན་དོན་གྱི། །ལུང་བསྟན་རྒྱ་ཆེར་་སྩལ་ལ༴ རྗེས་སུ་བླ་མ་མཁའ་སྤྱོད་གཤེགས་ན་ཡང་། །གསོལ་བ་བཏབ་ནས་བཙལ་བས་དངོས་སུ་བྱོན། །སྙན་བརྒྱུད་ནོར་བུ་རྣམ་གསུམ་མཛོད་ཁང་གཏད། །གསང་གསུམ་བྱིན་རླབས་རྫོགས་ལ༴ དཔལ་ལྡན་ནཱ་རོ་མཻ་ཏྲིས་མགྲིན་གཅིག་ཏུ། །བྱང་ཕྱོགས་ཁ་བ་ཅན་ལྗོངས་འདུལ་བ་ཡི། །རྒྱལ་ཚབ་མངའ་གསོལ་ཇི་བཞིན་ཕྱག་ཕེབས་ནས། །གདུལ་བྱ་ཐབས་ཀྱིས་འདུལ་ལ༴ བདག་མེད་མ་སོགས་མཆེན་ལྡན་རྣམ་དགུ་བཞེས། །དར་མ་མདོ་སྡེས་ཐོག་དྲངས་སྲས་ཀྱང་བསྐྲུན། །ཕྱི་ལྟར་སྤས་ཚུལ་བྱིམ་པའི་ཀུན་སྤྱོད་ཀྱིས། །འབྲེལ་ཚད་ཐར་པར་འདྲེན་ལ༴ སྐལ་དམན་སྣང་ངོར་གྲོང་འཇུག་རོལ་རྩེད་སོགས། །ཐུན་མོང་རྟགས་བསྟན་སྐལ་ལྡན་གདུལ་བྱ་ལ། །ཟད་པར་ཟིལ་གནོན་སྤྲུལ་སྒྱུར་མངོན་ཕར་ཤེས། །ཐུན་མིན་ཆོ་འཕྲུལ་བསྟན་ལ༴ ཚོགས་འཁོར་མཛད་ཚེ་ཡབ་དང་ཡུམ་དགུ་པོ། །དགྱེས་རྡོར་ལྷ་དགུའི་དཀྱིལ་འཁོར་དངོས་སུ་བསྒྱུར། །སྤྲོས་བཅས་


LT29_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་སྤྱོད་པའི་ཉེ་རྒྱུ་ཡིས། །ཟུང་འཇུག་རྒྱལ་སྲིད་བསྐྱོང་ལ༴ རྡོ་རྗེ་གདན་དུ་དུས་མཆོད་ཆེན་མོ་ཕུལ། །འཕགས་བོད་གཉིས་སུ་གྲུབ་པའི་སྙན་པས་ཁྱབ། །སྨིན་གྲོལ་ཆོས་འཁོར་རྒྱུན་མི་འཆད་པར་བསྐོར། །དྲུག་པའི་རྒྱལ་ཚབ་གྱུར་ལ༴ བཤད་སྒྲུབ་བཀའ་བབས་ཀ་ཆེན་རྣམ་པ་བཞིས། །ཐོག་དྲངས་སྐལ་ལྡན་མང་པོ་གྲུབ་པ་ཡི། །གོ་འཕང་མཐོན་པོར་བཀོད་ཅིང་གསང་ཆེན་གྱི། །བསྟན་པའི་ཆུ་མགོ་བཙུགས་ལ༴ བརྒྱད་ཅུ་རྩ་བརྒྱད་བྱ་ལོ་རྟ་ཟླ་བའི། །བཅོ་ལྔར་ཇོ་མོ་འོད་ཀྱི་ཐིག་ལེར་བསྡུས། །ཐུགས་ཀར་ཐིམ་ཞིང་ཐུགས་ཉིད་འོད་གོང་གི། རྣམ་པས་མཁའ་སྤྱོད་གཤེགས་ལ༴ ངོ་བོ་དགྱེས་མཛད་ཧེ་རུ་ཀ་དཔལ་ཉིད། །རྡོ་རྗེ་སློབ་དཔོན་གཟུགས་ཀྱིས་འཕགས་བོད་དུ། །གྲོལ་བ་རྣམ་བཞིས་སྲིད་མཚོ་སྐེམ་མཛད་པའི། །རྣམ་ཐར་བསམ་མི་ཁྱབ་ལ་གསོལ་བཏབ་མཐུས། །མངའ་བདག་ཆོས་ཀྱི་བློ་གྲོས་གསང་གསུམ་དང་། །ཕྲིན་ལས་བཅས་པ་བདག་གིས་མྱུར་འགྲུབ་སྟེ། །གསང་མཆོག་བདེ་ཆེན་རོལ་པའི་དཀྱིལ་འཁོར་དུ། །མཁའ་མཉམ་འགྲོ་ཀུན་སྨིན་ཅིང་གྲོལ་བྱེད་ཤོག །ཅེས་མངའ་བདག་མར་པ་ལོ་ཙཱ་བ་ཆེན་པོའི་རྣམ་ཐར་དང་འབྲེལ་བའི་གསོལ་འདེབས་འདི་བཞིན་ཤེས་དང་ཤེས་བྱ་ཀུན་ལ་མཁྱེན་རྟོགས་རྒྱས་པ་མཁན་བླ་མ་བཀྲ་ཤིས་འོད་ཟེར་གྱིས་གསུང་བསྐུལ་མཛད་པ་ལྟར་ལོ་ཙཱ་ཆེན་


LT29_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གསང་མཛོད་ལ་མོས་པས་སྤྱོད་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་གུས་པས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། ༈ །།རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་ལ་གསོལ་བ་འདེབས་པ་ངོ་མཚར་སྙིང་པོ་ཞེས་བྱ་བ་བཞུགས་སོ། །རྡོ་རྗེ་འཆང་དབང་གསང་ལམ་འཁྲུལ་མེད་ལས། །སྐུ་ཚེ་གཅིག་གིས་མི་སློབ་ཟུང་འཇུག་ཏུ། །གཤེགས་པས་གངས་ཅན་རྣ་བའི་རྒྱན་དུ་གྲགས། །རྗེ་བཙུན་མི་ལའི་ཞབས་ལ་གསོལ་བ་འདེབས། །མངའ་རིས་གུང་ཐང་རྩ་ཡི་ཡུལ་ལྗོངས་སུ། །ངོ་མཚར་ཁྱུང་རིགས་གསེར་གྱི་སྒོ་ང་རུ། །ཡིད་བཞིན་ནོར་བུ་ལྟ་བུའི་བཅུད་སྨིན་ནས། །སྐྱེ་རྒུའི་འབྲེན་པར་བྱོན་ལ༴ གདོད་ནས་རྣམ་པར་གྲོལ་ཡང་སྲིད་པ་ཡི། །འཆིང་བས་བཅིངས་ལ་དཔེ་ཙམ་སྟོན་པའི་སླད། །གཞོན་ནུའི་དུས་སུ་གཉེན་གྱིས་སུན་ཕྱུངས་པས། །ཉམ་ཐག་ཚུལ་དུ་བསྟན་ལ༴ གླན་ཆུང་ལོ་ཙཱའི་དྲུང་དུ་གཙུག་ཕུད་ཕུལ། །འབྲི་ཀློག་ལེགས་སྦྱངས་ཕྱག་རྡོར་ལ་སོགས་གསན། །ཡུམ་གྱི་བཀའ་བཞིན་དབུས་གཙང་རྒྱལ་ཁམས་སུ། །སློབ་དཔོན་ཚོལ་དུ་བྱོན་ལ༴ གཡུང་དང་གནུབས་ཀྱི་རིག་སྔགས་འཆང་ཆེན་ལས། །གདམས་ངག་གསན་ཏེ་སྒྲུབ་པ་མཛད་ཙམ་གྱིས། །ཡུམ་སྲས་སྐུ་དགྲ་


LT29_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་རྩད་ནས་བཅད། །མཐུ་ཆེན་གྲགས་པས་ཁྱབ་ལ༴ སྔ་འགྱུར་རིག་འཛིན་གཞན་ལས་རྫོགས་ཆེན་སོགས། །གསན་པ་མང་མཛད་བསྐྱེད་རིམ་ནུས་ཐོབ་ཀྱང་། །ཐུགས་དགོངས་མ་ཚིམ་གྲུབ་བརྙེས་བླ་མ་དང་། །གདམས་ཟབ་ཚོལ་བར་བཞེད་ལ༴ ལྷོ་བྲག་མར་པའི་མཚན་ཐོས་ཙམ་གྱིས་ནི། །བཟོད་མེད་མོས་པ་འཁྲུངས་ནས་ཕེབ་པའི་ཚེ། །བླ་མའི་མནལ་ལམ་ལྟས་ཀྱིས་སྐལ་ལྡན་ཏུ། །གཟིགས་ནས་བསུ་བར་མཛད་ལ༴ ཐོག་མའི་རྟེན་འབྲེལ་ལེགས་འགྲིགས་སྒྲིབ་སྦྱང་ཕྱིར། །དྲན་ཀྱང་བཟོད་དཀའི་དཀའ་ཆེན་སྤྱོད་དུ་སྩལ། །ཡི་ཆད་ཐེང་བརྒྱད་བཏང་བས་སྒོ་གསུམ་རྒྱུད། །དྲི་མེད་ཤེལ་ལྟར་གཙང་ལ༴ ལུས་སྲོག་ཐོད་ལ་བོར་བའི་ཞབས་ཏོག་གིས། །གཏིང་ནས་མཉེས་པས་ཐུགས་རྗེ་ཆེན་པོས་བཟུང་། །བསླབ་པའི་གནས་བཀོད་བརྡ་དོན་མཚུངས་པའི་མཚན། །རྡོ་རྗེ་རྒྱལ་མཚན་གྲགས་ལ༴ འཁོར་ལོ་སྡོམ་པའི་དབང་བསྐུར་ཐུན་མིན་སྩལ། །སྤྲུལ་པའི་དཀྱིལ་འཁོར་བར་སྣང་དངོས་སུ་བསྟན། །དཔའ་བོ་མཁའ་འགྲོས་མགྲིན་གཅིག་མཚན་གསོལ་བ། །བཞད་པ་རྡོ་རྗེའི་ཞབས་ལ༴ བཀའ་བབ་བཞི་ཡི་གཞུང་གདམས་མ་ལུས་པ། །བུམ་པ་གང་བྱོར་གནང་སྟེ་རྫུ་འཕྲུལ་གྱི། །བཀོད་པ་བསྟན་པས་བླ་མ་སངས་རྒྱས་སྐུ། །


LT29_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་གཟིགས་པར་གྱུར་ལ༴ གཉའ་གཉའི་བྲག་ཏུ་བསམ་གཏན་ཕར་ཕྱིན་བརྙེས། །བླ་མས་ལུང་བསྟན་དོན་གྱི་བརྒྱུད་པ་གཏད། །རང་ཡུལ་ཕེབས་ཏེ་རྐང་ཚུགས་ཕུག་པ་རུ། །དགེ་སྦྱོར་མཐིལ་ཕྱིན་མཛད་ལ༴ བྲག་དཀར་རྟ་སོས་ཐོག་དྲངས་རྫོང་དྲུག་ཏུ། །མི་ཟས་སྤངས་ནས་ཟྭ་ཡི་འཚོ་བ་དང་། །ཕལ་ཆེར་ཏིང་འཛིན་ཟས་མཆོག་ལ་བརྟེན་ནས། །ཐབས་གྲོལ་མྱུར་ལམ་བསྒོམས་ལ༴ འཁོར་ལོ་དྲུག་གི་རྩ་མདུད་རིམ་བཞིན་གྲོལ། །ནང་གི་ས་ལམ་སྒྲ་དོན་ཇི་བཞིན་རྫོགས། །རླུང་སེམས་སྤྲོས་པ་དྷཱུ་ཏིའི་དབྱིངས་སུ་ཐིམ། །བདེ་སྟོང་རྩལ་ཆེན་རྫོགས་ལ༴ རྡུལ་བྲལ་མཁའ་དང་མཉམ་པའི་ཡེ་ཤེས་བརྙེས། །སྤྱོད་པ་གསུམ་གྱི་ཉེ་རྒྱུ་མཐའ་རུ་ཕྱིན། །དཔལ་གྱི་མགུར་ནས་རྡོ་རྗེའི་གླུ་དབྱངས་ཀྱིས། །ཐོས་གྲོལ་ལྷན་ཅིག་མཛད་ལ༴ ལིང་པ་བྲག་ཏུ་བྲག་གི་སྲིན་མོ་བཏུལ། །ལ་ཕྱིར་ཚོགས་ཀྱི་བདག་པོ་དམ་ལ་བཏགས། །ཏི་སེར་བོན་ཆུང་མིང་སྲིང་རྫུ་འཕྲུལ་གྱིས། །བཅོམ་ནས་རྗེས་སུ་བཟུང་ལ༴ ཆུ་བར་ཚེ་རིང་མཆེད་ལྔ་སྣང་སྲིད་ཀྱི། །ལྷ་འདྲེའི་ཆོ་འཕྲུལ་དགོངས་བའི་རྩལ་གྱིས་བཞི་ལ། །སྲོག་སྙིང་བླངས་ཏེ་སྒྲུབ་བརྒྱུད་སྲུང་མར་བསྐོས། །གདམས་པས་རྗེས་སུ་བཟུང་ལ༴ ཐང་ལའི་ལ་ཐོག་དམ་པ་སངས་རྒྱས་དང་། །མཇལ་ཏེ་


LT29_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་རྟོགས་མཉམ་པར་ཞལ་གྱིས་བཞེས། །ར་ལའི་ཟ་འོག་ཕུག་ཏུ་རས་ཆུང་བ། །སྐལ་ལྡན་དབུགས་དབྱུང་མཛད་ལ༴ འཕགས་ཡུལ་ལན་གཉིས་བཏང་སྟེ་ལུས་མེད་ཀྱི། །མཁའ་འགྲོའི་ཆོས་སོགས་གདམས་ངག་ཟབ་རྒྱས་བླངས། །གྲུབ་པའི་རྒྱལ་སར་བཀོད་ནས་ཐུགས་ཀྱི་སྲས། །ཟླ་བ་ལྟ་བུར་གྲགས་ལ༴ དབུས་པ་སྟོན་པར་ཕག་མོའི་བྱིན་རླབས་དང་། །ཐབས་གྲོལ་གདམས་ཟབ་གནང་ནས་ཉམས་བཞེས་པས། །ཏིང་འཛིན་རྩལ་རྫོགས་ཉི་མ་ལྟ་བུ་ཡི། །ཐུགས་ཀྱི་སྲས་སུ་གྱུར་ལ༴ སྲས་ཀྱི་མཆོག་བརྒྱད་ཉེ་བའི་བུ་བཅུ་གསུམ། །སྲིང་བཞི་མཁའ་སྤྱོད་གྲུབ་པ་བདུན་གྱི་གཙོས། །གཟུགས་ཅན་གཟུགས་མེད་རྒྱུ་སྐར་གྲངས་མཉམ་པ། །རྣམ་གྲོལ་སར་བཀོད་མཛད་ལ༴ སེམས་ཅན་གང་གི་རྣ་བར་ང་ཡི་མིང་། །ཐོས་ནས་དད་པ་སྐྱེས་པ་དེ་དག་རྣམས། །སྐྱེ་བ་བདུན་ཏུ་ངན་འགྲོར་མི་ལྟུང་ཞེས། །བསླུ་མེད་བདེན་པར་གསུངས་ལ༴ གྱ་བཞི་བཞེས་ཚེ་དབང་པོའི་རིམ་པ་དང་། །མཐུན་པའི་མཐོང་སྣང་བསམ་འདས་ཆོ་འཕྲུལ་བཅས། །མངོན་དགའི་ཞིང་དུ་གཤེགས་ནས་སངས་རྒྱས་ཀྱི། །ཞིང་ཁམས་ཡོངས་སུ་སྦྱོང་ལ༴ རེག་གྲོལ་གོས་དང་མྱང་གྲོལ་ཤིང་གི་བཅུད། །མི་རབས་རེ་ལ་ཟད་མེད་འཕེལ་བས་ཀྱང་། །འགྲོ་མང་འཕྲལ་ཡུན་


LT29_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་བདེར་བཀོད་པ་ཡི། །ངོ་མཚར་བྱིན་རླབས་བསྟན་ལ༴ བསམ་མི་ཁྱབ་པའི་རྣམ་ཐར་རྒྱ་མཚོ་ལས། །སྐྲ་རྩེའི་ཟེགས་མ་ཙམ་གྱི་གསོལ་བཏབ་མཐུས། །ཐུགས་རྗེའི་ལྕགས་ཀྱུས་དག་པའི་ཞིང་ཁམས་སུ། །དྲང་ནས་ཉིད་དང་དབྱེར་མེད་མཛད་དུ་གསོལ། །ཅེས་གངས་ཅན་གུང་པ་ཡོངས་ཀྱི་རྒྱལ་པོ་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་དོན་བསྡུས་ཀྱི་གསོལ་འདེབས་འདི་བཞིན་ལུང་དང་རྟོགས་པའི་ཆོས་ལ་མངའ་དབང་འབྱོར་པ་མཁན་བླ་མ་ཀརྨ་བཀྲ་ཤིས་འོད་ཟེར་ནས་གསུང་བསྐུལ་མཛད་པ་ལྟར། །རྗེ་བཙུན་རས་པ་ཆེན་པོའི་སྒྲུབ་བརྒྱུད་ཀྱི་རྗེས་སུ་ཞུགས་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་གུས་པ་ཆེན་པོས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། ༈ །།མཉམ་མེད་སྒམ་པོ་པ་ཆེན་པོ་ལ་གསོལ་བ་འདེབས་པ་ཡེ་ཤེས་སྙིང་པོ་ཞེས་བྱ་བ་བཞུགས་སོ། །གྲངས་མེད་དུ་མར་བསོད་ནམས་ཡེ་ཤེས་ཀྱི། །ཚོགས་ཆེན་རབ་རྫོགས་འཇིག་རྟེན་གསུམ་པོ་ཡི། །མཆོད་སྡོང་རིན་ཆེན་དབང་གི་རྒྱལ་པོ་མཆོག །མཉམ་མེད་སྒམ་པོ་པ་ལ་གསོལ་བ་འདེབས། །གདོང་ནས་མངོན་སངས་རྒྱས་ཀྱང་ཐུགས་རྗེའི་མཐུས། །མེ་ཏོག་ཟླ་མཛེས་ཟླ་འོད་གཞོན་ནུ་སོགས། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཚུལ་བཟུང་ནས། །ཀུན་བཟང་སྤྱོད་པ་སྤྱད་ལ༴ རོ་ཧི་ཏ་ཡི་ཀླུང་འགྲམ་


LT29_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

གཉལ་གྱི་ཡུལ། །དགེ་བ་ཅན་དུ་འགྲོ་བའི་བླ་མ་འཁྲུངས། །ཁྱིམ་པའི་རྟེན་ལ་གསོ་རིག་ཕུལ་དུ་ཕྱིན། །སྐྱེ་རྒུའི་སྲོག་མཚོ་མཛད་ལ༴ སྲིད་ལས་ངེས་འབྱུང་ཤུགས་ཀྱི་དྭགས་པོར་བྱོན། །བསྙེན་པར་རྫོགས་ཤིང་ཆོས་འདུལ་ཐུགས་སུ་ཆུད། །བཙུན་པའི་དཔེར་འོས་བསླབ་པ་སྲོག་བཞིན་བསྲུངས། །བསོད་ནམས་རིན་ཆེན་ཞབས་ལ༴ བཤེས་གཉེན་མང་བསྟེན་ལམ་རིམ་ལགས་པར་སྦྱངས། །ཀུན་རྫོབ་བྱང་སེམས་གཏིང་ནས་འབྱོངས་བར་མཛད། །ཞག་གྲངས་དུ་མར་གཡོ་བ་མེད་པ་ཡི། །ཏིང་འཛིན་བརྟན་པོར་གྱུར་ལ༴ བདེ་དགྱེས་གསང་གསུམ་ལ་སོགས་སྨིན་གྲོལ་གྱི། །བདུད་རྩིས་རྒྱུད་གཏམས་མདོ་སྡེ་ནས་གསུངས་པའི། །ས་བཅུ་ཐོབ་པའི་སྔ་ལྟས་ཇི་སྙེད་ཀུན། །མནལ་ལམ་གསལ་བར་གཟིགས་ལ༴ སྤྲུལ་པས་བསྐུལ་ཏེ་དད་པའི་ཤུགས་ཆེན་པོས། །ལ་སྟོད་ཕྱོགས་སུ་ཕེབ་པར་བརྩམས་པའི་ཚེ། །བླ་མས་དངོས་དང་བརྡ་ཡིས་བསྟན་འགྲོ་ཡི། །མགོན་གྱུར་ལུང་བསྟན་ཐོབ་ལ༴ རྗེ་བཙུན་གྲུབ་པའི་དབང་ཕྱུག་མི་ལ་རྗེས། །དབང་དང་བྱིན་རླབས་གནད་ཀྱི་གདམས་ངག་སྩལ། །སྒོམ་པ་ཙམ་གྱིས་བདེ་དྲོད་ཉམས་རྟགས་ཤར། །ས་ལམ་བཙན་ཐབས་བགྲོད་ལ༴ སངས་རྒྱས་སྟོང་རྩ་སྨན་བླ་མཆེད་བདུན་དང་། །ལོངས་སྐུའི་ཞིང་ཁམས་རབ་འབྱམས་དངོས་སུ་གཟིགས།


LT29_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དོན་ལུང་ཐོབ་དགེ་སློང་རྡོ་རྗེ་འཛིན། །འཛམ་གླིང་གྲགས་པའི་ཞབས་ལ༴ བླ་མས་བསྐྱེལ་ཐུང་མཛད་དེ་རྡོ་རྗེའི་གླུས། །གེགས་སེལ་བོགས་འདོན་འབྱུང་འགྱུར་ལུང་དུ་བསྟན། །རླུང་སེམས་དབྱེར་མེད་སྙན་བརྒྱུད་གདམས་ངག་སྩལ། །སོམ་ཉིའི་སྒྲོ་འདོགས་བཅད་ལ༴ དབུས་སུ་ཕེབས་ཏེ་དགེ་བཤེས་སྒྲེ་བ་ལས། །འཆི་མེད་ཡིད་བཞིན་འཁོར་ལོའི་གདམས་པ་གསན། །ཉམས་སུ་བཞེས་པས་སྐུ་ཚེ་གཉིས་བལྡབ་བསྲིངས། །དོན་གཉིས་མཐར་ཕྱིན་གྱུར་ལ༴ བཀའ་གདམས་ཁྲོད་དུ་ཆོས་སྤྱོད་གཡེང་བ་ཡིས། །རྟོགས་པའི་ཏིང་འཛིན་འགྲིབས་པར་གྱུར་པའི་ཚེ། །རྩེ་གཅིག་སྒོམ་པ་ཙམ་གྱིས་བླ་མ་ཡི། །བྱིན་རླབས་མངོན་སུམ་ཕེབས་ལ༴ གཉལ་གྱི་སེ་བ་ལུང་སོགས་དབེན་གནས་སུ། །མཉམ་པར་བཞག་པས་གནས་ལུགས་ཀློང་དུ་གྱུར། །མི་སློབ་ཟུང་འཇུག་ཆོས་སྐུའི་རྒྱལ་ས་ཉིད། །བདེ་བླག་འཛིན་པར་མཛད་ལ༴ གནས་དང་གང་ཟག་རྒྱལ་བས་ལུང་བསྟན་བཞིན། །རི་བོ་ཤཱནྟིའི་མགུལ་དུ་གདན་ས་ཕབ། །ཡེ་ཤེས་མཁའ་འགྲོས་གཞན་དོན་མཛད་པར་བསྐུལ། །དགེ་སློང་འཚོ་བྱེད་ཞབས་ལ༴ དབུས་གཙང་ཁམས་ཀྱི་སྣོད་ལྡན་དུ་མ་འདུས། །ཐུན་མོང་གྲོལ་ལམ་ཐུན་མིན་ཐབས་ལམ་སོགས། །དབང་པོར་འཚམས་པའི་གདམས་པས་


LT29_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་བཟུང་སྟེ། །རྣམ་གྲོལ་གླིང་དུ་ཁྲིད་ལ༴ ཀུན་ཀྱང་མ་དག་དངོས་པོ་མི་འཆང་ཞིང་། །སྦྱངས་པའི་ཡོན་ཏན་ཤ་སྟག་ལ་གནས་པས། །རིང་པོར་མི་ཐོགས་ཉམས་རྟོགས་རྩལ་ཆེན་རྫོགས། །དངོས་གྲུབ་མཆོག་བརྙེས་གྱུར་ལ༴ སྙིགས་མ་མ་རུངས་དུས་ན་མདོ་སྡེ་མཆོག །རྒྱ་ཆེར་བཟུང་ཞིང་ཏིང་འཛིན་དག་པའི་འཁོར། །ལྔ་བརྒྱ་ལས་ནི་མི་ཉུང་འབྱུང་འགྱུར་ཅེས། །ལུང་བསྟན་དོན་ཡོད་མཛད་ལ༴ ཞལ་རས་མཇལ་ཞིང་མཚན་ཙམ་ཐོས་པ་དང་། །ཆོས་ཞུར་ཕྱིན་པའི་ལམ་དུ་ཕྱག་རྒྱ་ཆེའི། །རྟོགས་པ་སྐྱེས་ནས་དོན་གཉིས་མཐར་ཕྱིན་གྱུར། །འབྲེལ་ཚད་དོན་དང་ལྡན་ལ༴ ཟད་པར་ཟིལ་གནོན་སྐུ་གསུང་ཐུགས་ཀྱི་རྟེན། །གཅིག་དང་དུ་མར་སྤྲུལ་ཅིང་བསྒྱུར་བ་དང་། །སྟོང་གསུམ་ཡུངས་འབྲུའི་ཚུལ་གྱིས་ལུས་སྣང་སེམས། །གཅིག་ཏུ་འདྲེས་པར་བསྟན་ལ༴ འབྱུང་བ་ཆེན་པོ་ལྔ་ལ་རང་དབང་སྒྱུར། །གྲངས་མེད་སྐུ་སྤྲུལ་མཁའ་འགྲོ་འབུམ་སྡེ་ལ། །ཆོས་བསྟན་པ་སོགས་བསམ་གྱིས་མི་ཁྱབ་པའི། །ངོ་མཚར་ཆོ་འཕྲུལ་བསྟན་ལ༴ བརྒྱུད་འཛིན་མཆོག་བཞི་ཉེ་བའི་སྲས་ཆེན་བཞི། །ཐུགས་ཀྱི་སྲས་བཞི་ཉེ་གནས་བཞི་ལ་སོགས། །བཀའ་བརྒྱུད་ཆུ་སྲོལ་ཆེན་པོ་ལེགས་བཙུགས་ནས། །རྒྱལ་བསྟན་མཁའ་ཁྱབ་སྤེལ་ལ༴ མདོར་ན་སྔོན་གྱི་རྒྱལ་ལ་བྱ་བ་བྱས། །སངས་རྒྱས་བརྒྱ་སྟོང་


LT29_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོར་བསྙེན་བཀུར་མཛད། །དགེ་རྩ་ཆེར་བསྐྱེད་ཐེག་པ་ཆེན་པོ་ལ། །ཡང་དག་ཉིད་དུ་ཞུགས་ལ༴ སྐྱེ་རྒུར་ཕན་བདེའི་ཕྱིར་ཞུགས་བྱང་སེམས་ཀྱི། །སྡེ་སྣོད་འཛིན་ཅིང་ཐེག་ཆེན་སྟོན་པ་སོགས། །རྒྱལ་བས་ལུང་གིས་བསྔགས་པའི་རྣམ་པར་ཐར། །འཁྲུལ་མེད་ཡོངས་སུ་རྫོགས་ལ༴ དངོས་ཀྱི་གདུལ་བྱ་རྫོགས་ནས་ཆོས་དབྱིངས་སུ། །སྙོམས་པར་ཞུགས་ཚེ་འཇའ་འོད་མེ་ཏོག་ཆར། །ཤེལ་དཀར་མཆོད་རྟེན་ནམ་མཁའ་ཁེངས་པར་སྤྲུལ། །རིང་བསྲེལ་རྒྱས་པར་སྤེལ་ལ༴ སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་ཉིད། །འཇིག་རྟེན་ཡོན་ཏན་ཀུན་གྱིས་བརྒྱན་པ་ན། །དེ་བཞིན་གཤེགས་པ་དྲི་མེད་འོད་ཆེན་པོར། །མངོན་སངས་རྒྱས་པར་མཛད་ལ༴ བཀའ་བརྒྱུད་ཀུན་གྱི་འབྱུང་གནས་རིན་པོ་ཆེ། །སྒྲུབ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་གཙུག་གི་རྒྱན། །གངས་རིའི་ཁྲོད་ཀྱི་རྫོགས་པའི་སངས་རྒྱས་མཆོག །རྗེ་བཙུན་སྒམ་པོ་པ་ལ་གསོལ་བ་འདེབས། །བདག་སོགས་ཁྱོད་ཀྱི་གདུལ་བྱར་གྱུར་རྣམས་ལ། །དམིགས་མེད་ཐུགས་རྗེའི་སྤྱན་གྱིས་རབ་གཟིགས་ཏེ། །གསང་གསུམ་བྱིན་རླབས་རྫོགས་པར་སྩལ་ནས་ཀྱང་། །ཉིད་ཀྱི་གོ་འཕང་མཆོག་ལ་འགོད་དུ་གསོལ། །ཅེས་མཉམ་མེད་སྒམ་པོ་པ་ཆེན་པོའི་རྣམ་ཐར་གསོལ་འདེབས་དོན་བསྡུས་འདི་བཞིན་བསླབ་པ་གསུམ་གྱི་བདག་ཉིད་


LT29_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་བླ་མ་ཀརྨ་བཀྲ་ཤིས་འོད་ཟེར་ནས་གསུང་བསྐུལ་མཛད་པ་ལྟར། རྗེ་བཙུན་འདི་ཉིད་ཀྱི་བཀའ་བརྒྱུད་སྙིང་གི་དབུས་སུ་བཅངས་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། ༈ །།ཇོ་ནང་ཆོས་སྤྱོད་ཀྱི་ཁ་སྐོང་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་གསོལ་འདེབས་བཞུགས། །ན་མོ་གུ་རུ་བུདྡྷ་བོ་དྷི་སཏེྭ་བྷྱོ་ན་མོ་ན་།མཿཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་སྲས་དང་བཅས་པ་མ་ལུས་པའི་མཁྱེན་བརྩེ་ནུས་མཐུ་གསང་གསུམ་མཛད་པ་དང་བཅས་པ་གཅིག་ཏུ་བསྡུས་པའི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མཚན་བརྗོད་པར་དཀའ་བའི་ཞལ་མཐིལ་ནོར་བུའི་མེ་ལོང་ཁམས་གསུམ་པའི་གཙུག་གི་རྒྱན་མཆོག་དེ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དུས་།དང་རྣམ་པ་ཐམས་ཅད་དུ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབ་ཏུ་གསོལ། །ཐུབ་མཚན་འཆང་བའི་དགེ་སློང་གཟི་བརྗིད་ཅན། །གངས་རིའི་ཁྲོད་དུ་རྒྱལ་བས་ལུང་བསྟན་པ། །དུས་གསུམ་སངས་རྒྱས་ཀུན་མཁྱེན་དོལ་པོ་པ། །ཤེས་རབ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །སྐྱེས་ཐོབ་ཤེས་རབ་ནམ་མཁའི་ཁྱོན་ལྟར་ཡངས། །ལུང་རྟོགས་རྒྱལ་མཚན་


LT29_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་རྩེ་མོར་སྦྲེང་། །མཚན་ཙམ་གྱིས་ཀྱང་སངས་རྒྱས་ཕྲིན་ལས་མཛད། །ཀུན་མཁྱེན་ཆོས་རྗེའི་ཞབས་ལ༴ སྤང་བླང་འབྱེད་པའི་ཤེས་རབ་ཤིན་ཏུ་རྣོ། །ཚུལ་ཁྲིམས་རྒྱལ་མཚན་ཉེས་པའི་བུག་པས་དབེན། །མཚན་ཙམ༴ ཀུན་མཁྱེན་ཆོས༴ དྲང་ངེས་འབྱེད་པའི་ཤེས་རབ་ཤིན་ཏུ་ཡངས། །ངེས་དོན་རྒྱལ་མཚན་གངས་ཅན་ལྗོངས་སུ་བཙུགས། །མཚན་ཙམ༴ ཀུན་མཁྱེན་ཆོས༴ བདེན་གཉིས་གཤགས་འབྱེད་ཤེས་རབ་ཤིན་ཏུ་ཟབ། །ཆོས་འཁོར་བཞི་པའི་རྒྱལ་མཚན་ཐོག་མར་བསླངས། །མཚན་ཙམ༴ ཀུན་མཁྱེན༴ རྒྱུ་འབྲས་གཟིགས་པའི་ཤེས་རབ་ཕུལ་དུ་ཕྱིན། །ཐར་པའི་རྒྱལ་མཚན་གདུལ་བྱ་ཡོངས་ཀྱི་དཔལ། །མཚན་ཙམ༴ ཀུན་མཁྱེན༴ རྟོན་པ་རྣམ་བཞིའི་ཤེས་རབ་ཆགས་ཐོགས་བྲལ། །མཐར་ཐུག་ཕྱིར་མི་ལྡོག་པའི་རྒྱལ་མཚན་སྒྲེང་། །མཚན་ཙམ༴ ཀུན་མཁྱེན༴ བདག་དོན་རྟོགས་པའི་ཤེས་རབ་འབྱམས་སུ་ཀླས། །ཆོས་ཀྱི་རྒྱལ་མཚན་རྣམ་དཔྱོད་ཡུ་བས་བཏེགས། །མཚན་ཙམ༴ ཀུན་མཁྱེན༴ གཞན་དོན་རྟོགས་པའི་ཤེས་རབ་ཕ་མཐའ་བྲལ། །ཕན་བདེའི་རྒྱལ་མཚན་ཐུགས་རྗེའི་ཤུགས་ཀྱིས་བཟུང་། །མཚན་ཙམ༴ ཀུན་མཁྱེན༴ རྒོལ་བ་ཚང་གཅོད་ཤེས་རབ་མེ་ལྟར་འབར། །རིག་


LT29_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱལ་མཚན་མཁས་མང་དབུས་ན་བརྗིད། །མཚན་ཙམ༴ ཀུན་མཁྱེན༴ རྒྱལ་དགོངས་ཇི་བཞིན་རྟོགས་པའི་ཤེས་རབ་ཅན། །གྲུབ་གཉིས་རྒྱལ་མཚན་གཞན་ཕན་ལྷབ་ལྷུབ་གཡོ། །མཚན༴ ཀུན་མཁྱེན༴ རྒྱལ་གསུང་ཇི་བཞིན་འགྲེལ་པའི་ཤེས་རབ་ཅན། །ཐུབ་བསྟན་རྒྱལ་མཚན་ངེས་དོན་ནོར་བུས་མཛེས། །མཚན་ཙམ༴ ཀུན་མཁྱེན༴ སྙིང་པོ་ཇི་བཞིན་གཟིགས་པའི་ཤེས་རབ་ཅན། །ཡེ་ཤེས་རྒྱལ་མཚན་འོད་གསལ་གཟི་མདངས་འཕྲོ། །མཚན་ཙམ༴ ཀུན་མཁྱེན༴ ཆོས་ཀུན་རབ་ཏུ་རྣམ་འབྱེད་ཤེས་རབ་ཅན། །མ་རིག་ལས་རྒྱལ་མཚན་བཟང་ཉི་འོད་འབར། །མཚན་ཙམ༴ ཀུན་མཁྱེན༴ མཐའ་དྲུག་རྣམ་པར་འབྱེད་པའི་ཤེས་རབ་ཅན། །ཟབ་གསང་རྡོ་རྗེའི་རྒྱལ་མཚན་བརྟན་པར་བཟུང་། །མཚན་ཙམ༴ ཀུན་མཁྱེན༴ ཚུལ་གཉིས་རྣམ་པར་འབྱེད་པའི་ཤེས་རབ་ཅན། །ཐེག་གསུམ་དབུ་མའི་རྒྱལ་མཚན་རྨངས་ནས་བསླངས། །མཚན་ཙམ༴ ཀུན་མཁྱེན༴ རྒྱུད་དོན་མཐར་ཐུག་གཟིགས་པའི་ཤེས་རབ་ཅན། །སེམས་འགྲེལ་བསྟན་པའི་རྒྱལ་མཚན་དགུང་དུ་ཕྱར། །མཚན་ཙམ༴ ཀུན་མཁྱེན༴ དུས་གསུམ་མཉམ་ཉིད་གཟིགས་པའི་ཤེས་རབ་ཅན། །བདུད་བཞིའི་གཡུལ་ལས་རྒྱལ་བའི་མཚན་རྟགས་འཆང་། །མཚན་ཙམ༴ ཀུན་མཁྱེན༴


LT29_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་པའི་ཤེས་རབ་ཆུ་གཏེར་བཞིན་ཏུ་འཁྱིལ། །སྨྲ་བའི་རྒྱལ་མཚན་ནུབ་པ་མེད་པར་བཙུགས། །མཚན༴ ཀུན་མཁྱེན༴ བསམ་བྱུང་ཤེས་རབ་གངྒཱའི་རྡུལ་ལྟར་ཞིབ། །འཆད་རྩོད་རྩོམ་པའི་རྒྱལ་མཚན་ཀུན་ལས་མཐོ། །མཚན༴ ཀུན་མཁྱེན༴ སྒོམ་བྱུང་ཤེས་རབ་ཆོས་ཀྱི་དབྱིངས་ལྟར་ཡངས། །སྒྲུབ་བརྒྱུད་རྒྱལ་མཚན་ཕྱོགས་དུས་ཀུན་ཏུ་བཙུགས། །མཚན༴ ཀུན་མཁྱེན༴ མཁྱེན་གཉིས་ཡེ་ཤེས་རབ་འབྱམས་རྒྱལ་དང་མཉམ། །གྲགས་པའི་རྒྱལ་མཚན་ས་གསུམ་བླ་ན་འཕགས། །མཚན༴ ཀུན་མཁྱེན༴ འཇིག་རྟེན་སྣོད་བཅུད་ཤེས་རབ་ཆེན་པོས་ཆུབ། །ཕྲིན་ལས་རྒྱལ་མཚན་རྟག་ཅིང་ཁྱབ་པར་བཙུགས། །མཚན༴ ཀུན༴ ནང་གི་ལུས་གནས་ཤེས་རབ་སྤྱན་གྱིས་གཟིགས། །རྒྱལ་མཚན་རྩ་སོགས་ཐིག་རླུང་འཛག་མེད་བཅིངས། །མཚན༴ ཀུན་མཁྱེན༴ གཞན་མཆོག་འཁོར་ལོ་ཤེས་རབ་ཀློང་དུ་གྱུར། །སྨིན་གྲོལ་རྒྱལ་མཚན་སྐལ་ལྡན་རྒྱན་དུ་བཀོད། །མཚན༴ ཀུན་མཁྱེན༴ དེ་ཁོ་ན་ཉིད་ཤེས་རབ་ཕ་རོལ་ཕྱིན། །ཟུང་འཇུག་རྒྱལ་མཚན་ཐར་པའི་ཁང་བཟང་མཛེས། །མཚན༴ ཀུན༴ རྣམ་ཤེས་ལས་འདས་ཡེ་ཤེས་རྒྱལ་ཁམས་སུ། །འཇིགས་ལས་རབ་རྒྱལ་མཚན་འཛིན་ལྟ་ངན་བཅོམ། །མཚན་ཙམ༴ ཀུན༴


LT29_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བཅུ་རྣམ་དག་འཆང་བ་ཀུན་གྱི་རབ། །མཐའ་གཉིས་ལས་རྒྱལ་དབུ་མའི་མཚན་ཉིད་སྟོན། །མཚན་ཙམ༴ ཀུན་མཁྱེན༴ ཡེ་ཤེས་ཡོན་ཏན་ཕྲིན་ལས་རབ་འབྱམས་ཀྱིས། །ཕྱོགས་ལས་རྣམ་རྒྱལ་ཡ་མཚན་ཆེན་པོའི་བདག །མཚན་ཙམ༴ ཀུན་མཁྱེན༴ ཤེས་དང་ཤེས་བྱ་གཅིག་གྱུར་རབ་ཞི་བརྙེས། །རྒྱལ་བའི་དབང་པོ་རྣམ་དག་མཚན་དཔེ་འཆང་། །མཚན་ཙམ་གྱིས་ཀྱང་སངས་རྒྱས་ཕྲིན་ལས་མཛད། །ཀུན་མཁྱེན་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །ཞེས་དོན་གྱི་རྣམ་པར་ཐར་པ་ནི་ས་བཅུའི་དབང་ཕྱུག་རྣམས་ཀྱི་སྤྱོད་ཡུལ་ལས་ཀྱང་འདས་མོད་ཀྱི། མཚན་གྱི་སྒྲ་ཙམ་གྱི་རྗེས་སུ་འབྲང་བའི་བསྔགས་པ་ཅི་ཤེས་པས་གསོལ་བ་བཏབ་ནས། །སླར་ཡང་། །ཀུན་མཁྱེན་ཤེས་རབ་རྒྱལ་མཚན་ལ་གསོལ་བ་འདེབས། །ཀུན་མཁྱེན་ཏིང་འཛིན་རྒྱལ་མཚན་ལ༴ ཀུན་མཁྱེན་བརྩོན་འགྲུས་རྒྱལ་མཚན་ལ༴ ཀུན་མཁྱེན་བཟོད་པའི་རྒྱལ་མཚན་ལ༴ ཀུན་མཁྱེན་ཚུལ་ཁྲིམས་རྒྱལ་མཚན༴ ཀུན་མཁྱེན་སྦྱིན་པ་རྒྱལ་མཚན་ལ༴ ཀུན་མཁྱེན་ཐུགས་རྗེའི་རྒྱལ་མཚན༴ ཀུན་མཁྱེན་མཐུ་སྟོབས་རྒྱལ་མཚན་ལ༴ ཀུན་མཁྱེན་ཆོས་ཀྱི་རྒྱལ་མཚན་ལ༴ ཀུན་མཁྱེན་ཐར་པའི་རྒྱལ་མཚན་ལ༴ ཀུན་མཁྱེན་ལུང་རྟོགས་རྒྱལ་མཚན༴ ཀུན་མཁྱེན་བཤད་སྒྲུབ་རྒྱལ་མཚན་ལ༴ ཀུན་མཁྱེན་སྨྲ་བའི་རྒྱལ་


LT29_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ལ༴ ཀུན་མཁྱེན་རིག་པའི་རྒྱལ་མཚན་ལ༴ ཀུན་མཁྱེན་གྲགས་པའི་རྒྱལ་མཚན་ལ༴ ཀུན་མཁྱེན་བསྟན་པའི་རྒྱལ་མཚན་ལ༴ ཀུན་མཁྱེན་སྨིན་གྲོལ་རྒྱལ་མཚན་ལ༴ ཀུན་མཁྱེན་རང་བྱུང་རྒྱལ་མཚན་ལ༴ ཀུན་མཁྱེན་འཇིགས་མེད་རྒྱལ་མཚན་ལ༴ ཀུན་མཁྱེན་གྲུབ་པའི་རྒྱལ་མཚན་ལ༴ ཀུན་མཁྱེན་ཡེ་ཤེས་རྒྱལ་མཚན་ལ༴ ཀུན་མཁྱེན་ངེས་དོན་རྒྱལ་མཚན༴ ཀུན་མཁྱེན་བྱིན་རླབས་རྒྱལ་མཚན༴ ཀུན་མཁྱེན་ཕྲིན་ལས་རྒྱལ་མཚན་ལ་གསོལ་བ་འདེབས་སོ། །ཞེས་དང་། ངན་འགྲོའི་སེམས་ཅན་རྣམས་ལ་ཐུགས་རྗེས་བསྐྱབ་ཏུ་གསོལ། །འདི་ཕྱིར་སྡུག་བསྔལ་སྒྲུབ་ལ་ཐུགས་རྗེས༴ སྲིད་མཚོར་གཏན་ཏུ་འཁྱམས་རྣམས༴ མ་རྒན་སྨྱོན་པ་རྣམས་ལ༴ ཕ་མ་མགོན་མེད་རྣམས་ལ༴ རང་གིས་རང་བཅིངས་རྣམས་ལ༴ སྒྱུ་མས་བསླུས་པ་རྣམས་ལ༴ བསྟན་ཞབས་སྐལ་དམན་རྣམས་ལ༴ སྙིགས་དུས་ལས་ངན་རྣམས་ལ༴ རྣམ་ཤེས་རྒྱལ་ཁམས་འཁྱམས་རྣམས༴ ཡེ་ཤེས་ཆེད་དུ་སྒྲིབ་རྣམས༴ བདག་འཛིན་དྲྭ་བར་ཚུད་རྣམས༴ ང་རྒྱལ་ལོག་ལྟས་བཅིངས་རྣམས༴ གྲུབ་མཐའ་ངན་པས་བཅིངས་རྣམས༴ ཐུབ་བསྟན་རིས་སུ་གཅོད་རྣམས་ཐུགས་རྗེས་བསྐྱབ་ཏུ་གསོལ། །


LT29_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བརྒྱད་འཕྲང་ལས་ཐར་བར་བྱིན༴ ཞི་བདེའི་བློ་ལས་ལྡོག་པར༴ ཨ་འཐས་བདེན་འཛིན་འཇིག་པར༴ ལྟ་ངན་གཡང་ལས་གྲོལ་བར༴ ཟབ་དོན་གོ་རྟོགས་སྐྱེ་བར༴ རྟོགས་པས་བདག་རྒྱུད་གྲོལ་བར༴ ཐུགས་རྗེས་གཞན་རྒྱུད་སྨིན་པར༴ རྟེན་འབྲེལ་ཐབས་ལ་མཁས་པར༴ འབྲེལ་ཚད་དོན་དང་ལྡན་པར༴ མཐོང་ཐོས་དྲན་རེག་གྲོལ་བར༴ རྡོ་རྗེའི་རྣལ་འབྱོར་འགྲུབ་པར༴ གེགས་དང་གོལ་ས་གྲོལ་བར༴ ཡེ་ཤེས་མྱུར་དུ་ཕེབས་པར༴ བཅོས་མིན་མོས་གུས་སྐྱེ་བར༴ ཐུགས་ཡིད་གཅིག་ཏུ་འདྲེ་བར༴ སྙིང་པོའི་རང་ཞལ་མཐོང་བར༴ འོད་གསལ་མཁའ་ཁྱབ་བརྙེས་པར༴ ལྟ་སྒོམ་མཐའ་རུ་ཕྱིན་པར༴ འཕྲལ་བདེའི་འདུན་མ་འཇིག་པར༴ ཆོས་སྤྱོད་ཚེ་དབང་ཐོབ་པར༴ ངེས་དོན་བསྟན་པ་རྒྱས་པར༴ ཕྲིན་ལས་རྟག་ཅིང་ཁྱབ་པར་བྱིན་གྱིས་བརླབ་ཏུ་གསོལ། །འདིའང་རིགས་ལྡན་སྤྲུལ་པའི་སྐུ་ཇོ་ནང་ཆོས་རྗེ་ཡབ་སྲས་གསུམ་གྱི་འཕྲོས་སུ་ཀུན་མཁྱེན་སོགས་ཀྱི་གསོལ་འདེབས་ཤིན་ཏུ་གལ་ཆེ་བ་གཞིར་བཅས་ཀྱང་ཕྱོགས་འདིར་དེ་དག་དཔེ་ལུང་གི་རྒྱུན་མ་བྱོན་པས། སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་པ་ཀུན་མཁྱེན་ཆེན་པོའི་དུས་ཆེན་ལ་དུས་ཀྱི་མཆོད་པས་གསོལ་བ་བཏབ་པའི་རྗེས་ཐོག་ཏུ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་བྲིས་པ་དགེ་ལེགས་འཕེལ།། ༈ །།


LT29_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་ནང་རྗེ་བཙུན་རིན་པོ་ཆེའི་སྐྱེ་ཕྲེང་གསོལ་འདེབས་བཞུགས་སོ། །འཇིག་རྟེན་དབང་ཕྱུག་ཀུན་མཁྱེན་ཆོས་ཀྱི་རྗེ། །ཐུབ་པའི་བསྟན་ལ་སྟོན་པའི་ཕྲིན་ལས་མཛད། །ས་གསུམ་འགྲོ་བའི་སྐྱབས་གཅིག་དོལ་པོ་པ། །ཤེས་རབ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །ཧེ་རུ་ཀ་དཔལ་མཁའ་འགྲོ་དྲྭ་བ་སྡོམ། །རྣལ་འབྱོར་དབང་ཕྱུག་མཆོག་གི་སྐུར་བཞེངས་པ། །ལུང་བསྟན་ཡོངས་གྲགས་སྤྱོད་པའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ར་ཏན་བྷ་ལ་སྤྱོད་པ་ཤུགས་འབྱུང་སྐྱོངས། །རོང་ཟོམ་ལོ་ཙཱ་སྒྲ་སྒྱུར་མཁས་པའི་ཕུལ། །འབའ་རོམ་དར་མ་ཕྱག་རྒྱ་ཆེན་པོ་བརྙེས། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨ་བ་དྷཱུ་ཏི་མ་བཅོས་ལྷུག་པའི་ངང་། །ཞང་སྟོན་འཁྲུལ་ཞིག་ཚར་གཅོད་དྲག་ལས་འགྲུབ། །གཉོས་བན་རས་ཆེན་རྟེན་འབྲེལ་མིག་འཕྲུལ་ཅན། །གསོལ་བ༴ སངྒྷ་བྷ་དྲ་ལྷ་སྲིན་བྲན་ཏུ་འཁོལ། །འཇམ་དབྱངས་ཆོས་རྗེ་གཞུང་བརྒྱའི་ཆོས་འཁོར་སྐོར། །ཆོས་ཀྱི་ཉིན་བྱེད་གནས་ལྔ་སྨྲ་བའི་དབང་། །གསོལ་བ༴ འཇམ་མགོན་བླ་མ་གྲུབ་པའི་དཔའ་བོ་མཆོག །སེམས་ཀྱི་མདུད་གྲོལ་མཆོག་གི་སྤྱོད་པ་སྐྱོང་། །དགའ་བྱེད་ས་སྐྱོང་ཆོས་ཀྱི་དགའ་སྟོན་སྤེལ། །གསོལ་བ༴


LT29_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཛིན་དབང་དཀྱིལ་འཁོར་ཀུན་གྱི་གཙོ། །མཁའ་འགྲོའི་དབང་ཕྱུག་དགའ་ཆེན་ཧེ་རུ་ཀ །རྒྱལ་བ་ཀུན་དངོས་རྗེ་བཙུན་སྒྲོལ་བའི་མགོན། །གསོལ་བ༴ གང་གི་ཡེ་ཤེས་རོལ་མོས་བྱིན་བརླབས་ཤིང་བསྟན་པའི་སྲོལ་འཛིན་སྙིང་པོའི་དོན་སྟོན་པ། །རྣལ་འབྱོར་སྤྱོད་པ་བདེ་བའི་རྡོ་རྗེ་ལ། །གསོལ་བ༴ དཔལ་ལྡན་བླ་མ་དམ་པའི་ཚོགས་རྣམས་གྱིས། །འདི་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཐུགས་རྗེའི་ལྕགས་ཀྱུས་འབྲལ་བ་མེད་བཟུང་ནས། །ཟབ་གསང་བདུད་རྩིའི་དགའ་སྟོན་ཐོབ་པར་ཤོག །དམ་སེལ་ལོག་ལྟ་སྤུ་ཙམ་མི་འབྱུང་བར། །མཉེས་པ་གསུམ་གྱིས་ཐུགས་ཡིད་གཅིག་ཏུ་འདྲེས། །ནམ་མཁའ་དང་མཉམ་འགྲོ་ཕན་སྒྲུབ་པ་ལ། །དཔལ་ལྡན་བླ་མའི་རྣམ་ཐར་བརྙེས་གྱུར་ཅིག །ལྷན་ཅིག་སྐྱེས་དགས་འཁོར་ལོ་མ་ལུས་གང་། །མི་འགྱུར་བདེ་བས་སྙིགས་མའི་ལུས་སེམས་སྦྱངས། །དྲི་བྲལ་ཧེ་རུ་ཀ་དཔལ་ཡེ་ཤེས་སྐུ། །ཚེ་འདི་ཉིད་ལ་མངོན་ཏུ་བྱེད་པར་ཤོག །ཅེས་པའང་རང་སློབ་དད་དམ་ཅན་ཛཾ་ཐང་པ་ཀརྨ་ཆོས་གསལ་གྱིས་བསྐུལ་ངོར་ཡོན་ཏན་རྒྱ་མཚོས་རྒྱལ་བ་ལྷ་ལས་བབ་པའི་དུས་ཆེན་བཟང་པོར་སྦྱར་བ་དགེ་ལེགས་འཕེལ།། ༈ །།རྩེ་ལེ་རིན་པོ་ཆེ་པདྨ་ལེགས་གྲུབ་རྩལ་གྱི་གསོལ་འདེབས་སྙིང་པོ་གྲུབ་པ་ཞེས་བྱ་བ་བཞུགས་སོ། །ཀུན་


LT29_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་དགོངས་པའི་གཏན་སྲིད་ཟིན་ནས་ཀྱང་། །རྩོལ་མེད་ལྷུན་གྲུབ་ཐུགས་རྗེའི་བདག་ཉིད་ཅན། །མཁས་གྲུབ་རྒྱ་མཚོའི་གཙུག་རྒྱན་རྒོད་ཚང་བ། །སྣ་ཚོགས་རང་གྲོལ་ཞབས་ལ་གསོལ་བ་འདེབས། །འཁོར་འདས་ལམ་གསུམ་སྣང་ཆ་སྣ་ཚོགས་པ། །རང་སེམས་གཅིག་པུའི་རོལ་པར་ཐག་ཆོད་པས། །གཉིས་འཛིན་ཁུ་འཁྲིགས་རེ་དོགས་རྩད་ནས་ཟད། །གྲུབ་དབང་རྒོད་ཕུག་པ་ལ༴ ཡིན་ལུགས་གཞི་རྩ་ནང་ནས་ཆོད་པ་ཡིས། །ཞེན་ལོག་མོས་གུས་སྙིང་རྗེ་ལ་སོགས་པ། །བཅོས་མ་མ་དགོས་ངང་སྒོམ་ལྷུག་པའི་ངང་། །རྣལ་འབྱོར་རང་གྲོལ་པ་ལ༴ ཁམས་གསུམ་ཡུལ་སྣང་ཆུ་ཟླ་ལྟ་བུར་གཟིགས། །ངེས་འབྱུང་མཁན་པོ་སྒྲ་རྟོག་ཡུལ་ལས་གྲོལ། །དགོས་མེད་བྱ་བྲལ་དབྱིངས་སུ་འུབ་ཆུབ་པ། །ཞེན་ལོག་མཐར་ཕྱིན་ཞབས་ལ༴ སྣང་གྲགས་རྟོག་གསུམ་ཅི་སྣང་ཅི་ཤར་ཀུན། །རང་བབ་གཉུག་མའི་ལྷ་སྔགས་ཆོས་སྐུར་རྫོགས། །བཟང་ངན་རིས་མེད་མཉམ་བརྡལ་ཕྱམ་ཡས་པ། །དག་སྣང་རབ་འབྱམས་ཞབས་ལ༴ སྟོང་གསལ་འགག་མེད་གཤིས་ལུགས་སྐུ་གསུམ་པོ། །དོན་དམ་བླ་མའི་རྡོ་རྗེ་གསུམ་དུ་ཤར། །སྣང་སེམས་མོས་གུས་ཕྱག་རྒྱའི་རྒྱས་ཐེབས་པ། །མཆོག་གི་དངོས་གྲུབ་བརྙེས་ལ༴ ཞེན་རྟོག་རི་


LT29_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དབྱིངས་སུ་ཡལ་བ་ཡིས། །གཟུང་འཛིན་མཚན་མའི་ཨ་འཐས་མ་མཆིས་ཀྱང་། །མ་རྟོགས་འགྲོ་ལ་ཤུགས་འབྱུང་སྙིང་རྗེས་བརླན། །གཞན་དོན་ལྷུན་གྲུབ་ཞབས་ལ༴ ན་ཚ་སྡུག་བསྔལ་བདེ་སྟོང་ཆེན་པོར་འབྱམས། །རྐྱེན་ངན་བར་ཆད་བླ་མའི་མཆོག་ཏུ་ཤར། །ལས་སྣང་སྟོང་པའི་གཟུགས་བརྙན་སེམས་སུ་ཐིམ། །རོ་སྙོམས་ལམ་དུ་བསླངས་ལ༴ རོ་མཉམ་གཤིས་ཀྱི་སྟོང་ཉིད་ལ་ཞུགས་པས། །བསླུ་མེད་རྟེན་ཅིང་འབྲེལ་འབྱུང་ཐུགས་ཆུད་དེ། །ཇི་ལྟ་ཇི་སྙེད་གཟིགས་པའི་མཁས་པ་མཆོག །པདྨ་ལེགས་གྲུབ་སྩལ་ལ༴ ལྟ་སྒོམ་གདིང་ཚད་གདོད་མའི་མགོན་པོ་དངོས། །སྤྱོད་པའི་ཕྲ་ཞིབ་ཉན་ཐོས་དགྲ་བཅོམ་ལྟར། །ལྷག་པར་རྨད་བྱུང་བྱང་སེམས་རིན་པོ་ཆེའི། །ནུས་མཐུ་མངོན་ཏུ་རྫོགས་ལ༴ སྣང་གསུམ་བག་ཆགས་ཡོངས་གྲུབ་གཞི་རུ་སྟོར། །རླུང་སེམས་རྒྱུ་བ་རིག་སྟོང་ཐིག་ལེར་དག །ཀ་དག་ཉིད་ཀྱང་ཧར་སངས་རྗེན་ལ་བུད། །བདེན་པའི་མཐར་ཐུག་གཟིགས་ལ༴ ཆེན་པོ་གསུམ་སོགས་གྲུབ་མཐའི་གདགས་བྱར་ཟད། །ས་དང་ལམ་སོགས་བགྲོད་བྱའི་རེ་དོགས་སངས། །བཅོས་མའི་འཆིང་བ་ཕྲ་རགས་ཀུན་ལས་གྲོལ། །འཁྲུལ་ཞིག་ཆེན་པོའི་ཞབས་ལ༴ བལྟ་བའི་ཡུལ་མེད་ཐམས་ཅད་གཉུག་མའི་


LT29_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ངང་། །སྒོམ་པ་ཕྱལ་ཡས་ཟང་ཐལ་རིག་པའི་འགྲོས། །གཅིག་ལས་མ་གཡོས་སྤྱོད་པའི་བཏང་བཞག་བྲལ། །རྟོགས་གྲོལ་ལྷུན་གྲུབ་ཆེན་པོར༴ གཉེན་པོར་མ་ལྟོས་རང་བྱུང་རང་གྲོལ་ཀློང་། །རྒྱུ་འབྲས་ལས་འདས་གཞི་རྫོགས་ཆོས་ཀྱི་དབྱིངས། །དགོངས་པ་རང་ཤར་མ་སྐྱེས་བྱང་ཆུབ་སེམས། །འོད་གསལ་ཀློང་ཡངས་ཞབས་ལ༴ ཡེ་ཤེས་རླུང་འཆིངས་འོད་རྩ་སྦུབས་སུ་དག །རིག་པ་སྐུར་སྨིན་ཁྱབ་བདལ་རྒྱལ་བའི་ཞིང་། །མཚན་མའི་བློ་ཟད་ཐམས་ཅད་ཆོས་སྐུ་ཉིད། །ཨ་ཏི་རྩལ་རྫོགས་ཞབས་ལ༴ བཻ་རོའི་རྣམ་འཕྲུལ་སྙིགས་མའི་དཔལ་དུ་ཤར། །སྦྱངས་རྟོགས་དཔག་ཡས་བསྟན་འགྲོའི་སྒྲོན་མེ་མཆོག །གྲུབ་པ་ཡོངས་ཀྱི་གདུང་འཚོབ་རྩེ་ལེ་བ། །ཀརྨ་རིག་འཛིན་རྣམ་པར་རྒྱལ་ལ་འདུད། །ཁྱོད་འདྲའི་བཤེས་གཉེན་དམ་པས་རྗེས་བཟུང་སྟེ། །བཅོས་མིན་ཀུན་བཟང་དགོངས་པ་མངོན་གྱུར་ནས། །ཚེ་གཅིག་ལུས་གཅིག་སྟན་ཐོག་འདི་ཉིད་དུ། །གྲུབ་པའི་དབང་ཕྱུག་ཆེན་པོར་བདག་གྱུར་ཅིག །ཅེས་པའང་། རྗེ་བཙུན་ཁྱི་ཐུལ་ཅན་གྱི་ཡེ་ཤེས་རྣམ་རོལ་གྲུབ་བརྙེས་བྃ་སྟེང་སྤྲུལ་སྐུའི་སྐྱེ་མཐར་སྒྲོ་བཏགས་པ་གུ་ས་མུ་དྲ་བདག་གི་སྐྱེ་བ་ནས་ཚེ་རབས་ཀུན་ཏུ་རང་བྱུང་ཡེ་ཤེས་ངོ་སྤྲོད་པའི་བླ་མ་དང་རྗེ་འདི་ཉིད་གཉིས་སུ་མེད་


LT29_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཁུམས་པས་གུས་པ་ཆེན་པོས་ཌཱ་ཀི་འདུ་བའི་དབེན་ཁྲོད་དུ་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། ༈ །།རིག་འཛིན་མི་འགྱུར་རྡོ་རྗེ་ཡབ་སྲས་གསུམ་ལ་གསོལ་བ་འདེབས་པ་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །མཐར་ལམ་ལྷུན་གྲུབ་ཡེ་ཤེས་སྒྱུ་མ་ཡིས། །ཕྱག་རྒྱ་མཐོང་གནས་ཚེ་ལ་དབང་བའི་གཟུགས། །དག་སྣང་ཆོ་འཕྲུལ་སྟོན་ཕྱིར་རྣམ་སྨིན་ཚུལ། །རིག་འཛིན་མི་འགྱུར་རྡོ་རྗེར་གསོལ་བ་འདེབས། །རིག་འཛིན་རྣམ་བཞིའི་སྒྲ་དོན་དང་འབྲེལ། །རྒྱུ་ཤེས་རྐྱེན་འཇུག་ལྟ་དང་ཏིང་འཛིན་ལ། །དབང་འབྱོར་ལམ་གྱུར་འབྲས་བུ་ཉེ་རྒྱུ་ཡིས། །མངོན་མཛད་རིགས་མཆོག་ཉེར་ལྔའི་རོལ་མོ་པ། །ཀརྨ་ཆགས་མེད་ཞབས་ལ་གསོལ་བ་འདེབས། །རྒྱུད་ཀྱི་བསྟན་བྱ་ཚང་མ་དང་འབྲེལ། །གནས་ལུགས་ཡུམ་མཁའ་འོད་བཞི་ཨེ་སོགས་དབྱིབས། །བརྟན་བསྡུས་རྟོགས་པའི་སེམས་དཔའ་ཝཾ་ཡིག་གཟུགས། །གཉིས་སྦྱོར་རྡོ་རྗེས་འཁྲུལ་པའི་རྫོང་བཅོམ་པ། །ཀུན་བཟང་ཤེས་རབ་ཞབས་ལ་གསོལ་བ་འདེབས། །རྒྱུད་ཀྱི་གླེང་བཞི་དང་འབྲེལ་བས་མཚན་ཞིབ་པར་བཀྲོལ་ན་པུ་སྟ་ཀར་ལོངས་ངེས་ཡོད། ཞེས་ཀརྨ་ཆོས་དཔལ་རབ་འཕེལ་ནས་བསྐུལ་ངོར། ཡོན་ཏན་རྒྱ་མཚོས་སྨྲས་པ་དགེ་ལེགས་འཕེལ།། །།


previousཔཎ་ཆེན་ཤཱཀྱ་ཤྲཱི་ལ་རྣམ་ཐར་དང་རྗེས་སུ་མཐུན་པའི་གསོལ་བ་འདེབས་པ་དྲི་མེད་དཔལ་མཛེས།next