Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
རྩ་གསུམ་ལྷག་པའི་ལྷའི་ཐུགས་རྗེ་བསྐུལ་བ་རྡོ་རྗེ་རྟའི་མགྲིན་གླུ།
   
   
   
   
   


 
previousརྩ་གསུམ་ལྷག་པའི་ལྷའི་ཐུགས་རྗེ་བསྐུལ་བ་རྡོ་རྗེ་རྟའི་མགྲིན་གླུ།next

རྩ་གསུམ་ལྷག་པའི་ལྷའི་ཐུགས་རྗེ་བསྐུལ་བ་རྡོ་རྗེ་རྟའི་མགྲིན་གླུ།


LT29_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་ལྷག་པའི་ལྷའི་ཐུགས་རྗེ་བསྐུལ་བ་རྡོ་རྗེ་རྟའི་མགྲིན་གླུ་ཞེས་བྱ་བ་བཞུགས་སོ།། །།


LT29_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ཡཻ། གྲངས་མེད་སངས་རྒྱས་ཞིང་གི་བཀོད་པ་ཡིས། །རབ་མཛེས་བདེ་ལྡན་འདྲེན་པ་འོད་དཔག་མེད། །པདྨའི་སྣང་བ་རབ་རྒྱས་བཅོམ་ལྡན་འདས། །ཚེ་དང་ཡེ་ཤེས་ཤིན་ཏུ་རྣམ་ངེས་པ། །ཀུན་ནས་སྣང་བ་མཐའ་ཡས་གཟི་བརྗིད་རྒྱལ། །མཚན་དཔེ་རྡོ་རྗེའི་སྟོབས་མཆོག་སྐུ་ཡི་འོད། །ཚངས་དབྱངས་ཡན་ལག་དྲུག་ཅུ་གསུང་གི་འོད། །སྟོབས་དང་དབང་བཅུ་མི་འཇིགས་མ་འདྲེས་ཆོས། །དཔག་མེད་ཐུགས་ཀྱི་འོད་མངའ་ཐམས་ཅད་མཁྱེན། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་སོགས། །མཐའ་ཡས་སྨོན་ལམ་གྲུབ་པའི་མཐར་སོན་པ། །ཕྱོགས་དུས་རྒྱལ་བ་ཀུན་གྱིས་བསྔགས་པ་དེར། །རེས་མ་ནོར་རྩེ་གཅིག་སྐྱབས་ལགས་ན། །དྲན་དང་མོས་པས་སྡིག་ལྟུང་ཀུན་ཟད་ནས། །ཚེ་བསོད་དཔལ་རྒྱས་བྱང་ཆུབ་སྙིང་པོའི་བར། །ཕྱིར་མི་ལྡོག་པའི་ཐུགས་དམ་མ་བསྙེལ་བར། །སྲིད་མཚོར་སྡུག་བསྔལ་བརྒྱ་ཡིས་གཙེས་པ་ལ། །ཡེ་ཤེས་འདོད་དགུ་འཇོ་བའི་འོད་ཟེར་གྱིས། །འདི་གཏན་བདེ་བ་མཆོག་ཐུན་དངོས་གྲུབ་སྩོལ། །འཆི་མེད་ཚེ་དང་ཡེ་ཤེས་དབང་ཆེན་སྐུར། །སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་རློབས། །བདག་དང་བདག་ལ་འབྲེལ་ཐོགས་འགྲོ་བ་ཀུན། །ནུབ་ཕྱོགས་བདེ་བ་ཅན་ཏུ་ལམ་སྣ་དྲོངས། །རིང་མིན་བྱང་ཆུབ་སྙིང་པོར་ལུང་བསྟན་སྩོལ། །སྐུ་དང་ཞིང་ཁམས་རྒྱ་མཚོ་སྤྲོ་བསྡུའི་གཞི། །རྣམ་སྣང་ནམ་མཁའ་


LT29_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་གངས་ཆེན་མཚོ། །རྒྱལ་ཀུན་གསུང་གི་དབང་ཕྱུག་ཨ་རོ་ལིཀྲ། །རྩ་གསུམ་རབ་འབྱམས་དཀྱིལ་འཁོར་འཁོར་ལོ་ཀུན། །གཅིག་བསྡུས་རྒྱལ་བ་རྒྱ་མཚོ་པདྨའི་མགོན། །སེང་གེ་སྒྲ་སོགས་ཕྱོགས་བཅུའི་འདྲེན་པ་བཅུ། །མཁའ་ལ་སྤྱོད་སོགས་གང་འདུལ་བྱེ་བའི་གར། །འཇིག་རྟེན་དབང་པོ་ཀུན་གྱི་དབང་ཕྱུག་ཆེ། །འགྲོ་དྲུག་ཡོངས་ལ་རྟག་ཏུ་སྤྱན་རས་གཟིགས། །ཐུགས་རྗེ་ཆེན་པོས་འཁོར་བ་དོང་ནས་སྤྲུགས། །གང་གིས་མོས་སམ་ཡིད་ལ་དྲན་པས་ཀྱང་། །མཚམས་མེད་ལ་སོགས་ལས་ཀྱི་སྒྲིབ་པ་འདག །མཚན་ཙམ་ཐོས་པས་སྡུག་བསྔལ་ཐམས་ཅད་འགག །གང་གསུང་ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །ཐེང་གཅིག་བརྗོད་པས་སྡིག་ལྟུང་ཕྱག་མས་འདེད། །ཕན་ཡོན་དུས་གསུམ་རྒྱལ་བས་བརྗོད་མི་ལོངས། །བདག་གི་ཡི་དམ་ལྷ་མཆོག་བཅོམ་ལྡན་འདས། །ཐུགས་རྗེའི་གཏེར་མངའ་འཕགས་མཆོག་ཐུགས་རྗེ་ཅན། །ཁྱེད་མཁྱེན་ཁྱོད་ལས་སྐྱབས་གཞན་བདག་ལ་མེད། །འཇིགས་བཅས་ཁ་དབྲག་ལམ་དུ་བོར་འདྲ་བདག །ཅི་མཛད་རེ་ལྟོས་སྤྱན་རས་གཟིགས་ལ་བཅའ། །ཐུགས་བསྐྱེད་ཐུགས་རྗེ་ཆེ་ཆུང་ད་རེས་ཤེས། །ཚད་མེད་སྙིང་རྗེ་རྒྱས་པའི་ཕྱག་རྐྱོངས་ལ། །སྡུག་བསྔལ་མེ་ཡི་འོབས་ལས་དབུགས་ཕྱུང་ཞིག །ལུས་ཀྱི་ནད་གདོན་ཞི་ནས་གཟི་བརྗིད་རྒྱས། །ངག་ལ་ནུས་པ་ཐོབ་ནས་བདེན་ཚིག་འགྲུབ། །ཡིད་ཀྱི་ཉོན་


LT29_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་ཀུན་ཞི་ཉམས་རྟོགས་འཕེལ། །སྒོ་གསུམ་སྡིག་སྒྲིབ་ཀུན་བྱང་ཚོགས་གཉིས་རྫོགས། །ཡོན་ཏན་གངྒཱའི་བྱེ་སྙེད་མྱུར་ཐོབ་ནས། །མཐོང་ཐོས་དྲན་རེག་གྲོལ་བ་བཞི་ལྡན་པ། །ཉིད་ཀྱི་གོ་འཕང་མཆོག་ཏུ་དབང་བསྐུར་ཞིག །ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། །གསང་གསུམ་བྱིན་རླབས་ནུས་མཐུ་གཅིག་བསྡུས་པ། །སྲིད་པ་གསུམ་ན་ཆེ་བའི་རིག་སྔགས་འཆང་། །མགོན་མེད་འགྲོ་བ་ཡོངས་ཀྱི་མགོན་གཅིག་པུ། །ཁྱད་པར་བོད་ཀྱི་སྐྱབས་གཅིག་ཨོ་རྒྱན་རྗེ། །གསུང་གི་རྡོ་རྗེ་པདྨ་ཐོད་ཕྲེང་རྩལ། །ཕྲིན་ལས་ཡོངས་སུ་རྫོགས་པས་སྐུ་ལྔའི་ཚུལ། །རིགས་དྲུག་འགྲོ་བ་འདུལ་མཛད་གུ་རུ་དྲུག །གདུལ་བྱ་གང་ལ་གང་འདུལ་མཚན་མཆོག་བརྒྱད། །འཕྲུལ་མཚན་བཞི་བཅུ་སྒྱུ་འཕྲུལ་དྲྭ་བའི་གར། །གསང་གསུམ་བསམ་མི་ཁྱབ་པའི་འདུལ་ཐབས་ཀྱིས། །འཁོར་བ་མ་སྟོང་བར་དུ་དོན་མཛད་པ། །འཕོ་བ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྐུ། །མངོན་ཤེས་དྲུག་ཅུས་འགྲོ་ལ་བུ་ལྟར་གཟིགས། །རྫུ་འཕྲུལ་བྱིན་རླབས་ནམ་མཁའི་གློག་ལས་མྱུར། །མཐུ་སྟོབས་ནུས་པ་རྡོ་རྗེའི་མེ་ལས་དྲག །སྙིགས་མའི་དུས་སུ་ལྷག་པར་ཐུགས་རྗེ་ཆེ། །ཁྱོད་འདྲའི་རྒྱལ་བ་ཕྱོགས་དུས་གཞན་ན་མེད། །བཀའ་དྲིན་དྲན་ནོ་ཨོ་རྒྱན་རིན་པོ་ཆེ། །གསོལ་བ་འདེབས་སོ་པདྨ་སཾ་བྷ་ཝ། །བྱིན་གྱིས་རློབས་ཤིག་མཚོ་སྐྱེས་རྡོ་རྗེ་འཆང་། །གུས་པས་བསྟེན་ནོ་རིགས་ཀྱི་བདག་པོ་མཛོད། །སྙིང་


LT29_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དྲན་ནོ་སྙིང་གི་དྭངས་མར་བཞུགས། །བྱེད་ལས་བསམ་རྒྱུ་མེད་དོ་ཐུགས་རྗེས་ཟུངས། །དམ་ཆོས་སྒྲུབ་པའི་བར་ཆད་བསལ་རེ་རན། །ཡེ་ཤེས་སྐུ་མཆོག་མིག་སྔར་སྟོན་རེ་རན། །བྱིན་རླབས་འཕོ་བའི་རྩལ་དབང་བསྐུར་རེ་རན། །སྨིན་གྲོལ་གདམས་པས་རྗེས་སུ་བཟུང་རེ་རན། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་རེ་རན། །དག་པའི་འཁོར་ལ་བརྩེ་བས་ཞལ་བཞེས་པ། །དེང་སང་དགོས་པའི་དུས་ལ་བབ་ལགས་ན། །གཡར་དམ་མ་བསྙེལ་ལས་ངན་བདག་ལ་སོགས། །བོད་འབངས་སྐྱིད་སྡུག་ཡེ་ཤེས་སྤྱན་གྱིས་གཟིགས། །རྗེ་བཙུན་བཅོམ་ལྡན་འདས་མ་སྟོན་ཟླའི་མདངས། །དྲན་པས་སྡུག་བསྔལ་མུན་རུམ་བསལ་མཛད་མ། །ཟབ་ཞི་སྤྲོས་བྲལ་ཤེས་རབ་ཕ་རོལ་ཕྱིན། །སྲིད་ལས་རབ་འདས་མཁྱེན་པ་བསམ་མི་ཁྱབ། །རྒྱལ་ཀུན་སྙིང་རྗེ་གཟུགས་སུ་གྱུར་བས་ན། །ཞི་ལ་མི་གནས་བརྩེ་བ་བསམ་མི་ཁྱབ། །ཉོན་མོངས་བདུད་ལ་མྱུར་ཞིང་དཔའ་བ་ཡི། །བརྟུལ་ཞུགས་གར་མཛད་ནུས་པ་བསམ་མི་ཁྱབ། །རྒྱལ་བ་སྲས་བཅས་སྐྱེད་པའི་ཡུམ་གཅིག་མ། །ཡོན་ཏན་བརྗོད་ན་རྒྱལ་བའི་ལྗགས་ཀྱང་བརྟུལ། །མཚན་དང་རིག་སྔགས་སྐུ་ཡི་རྣམ་པ་ཙམ། །གང་གིས་དྲན་པས་ཕོངས་པ་ཀུན་སྐྱོབ་མ། །སྣ་ཚོགས་གཟུགས་ཀྱིས་སྣ་ཚོགས་འཇིག་རྟེན་ཀུན། །གསོ་བྱེད་ཚེ་རབས་ཀུན་ཏུ་བསྟེན་པའི་ལྷ། །འཕགས་མ་སྒྲོལ་མས་མྱུར་དུ་


LT29_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེས་གཟིགས། །བརྒྱད་དང་བཅུ་དྲུག་འཇིགས་ལས་བསྐྱབ་ཏུ་གསོལ། །སྡིག་ལྟུང་མི་དགེའི་ཉེས་པ་བསལ་དུ་གསོལ། །གསང་གསུམ་བྱིན་རླབས་མངོན་སུམ་བསྟན་ཏུ་གསོལ། །ཚེ་བསོད་དཔལ་འབྱོར་ཉམས་རྟོགས་བསྐྱེད་དུ་གསོལ། །མཁྱེན་བརྩེ་ཉི་ཟླའི་སྣང་བ་སྟོང་བཀྱེ་ནས། །བདག་གཅིག་ཇི་འདྲ་སེམས་ཅན་ཀུན་མཚུངས་པར། །མི་མཐུན་གཅོད་རོང་ཡ་ངར་མི་ལྟུང་ཞིང་། །ཐར་འདོད་བྱང་ཆུབ་སེམས་ཀྱི་ལམ་སྲང་ནས། །ཀུན་མཁྱེན་གྲོང་ཁྱེར་ཆེན་པོར་ཕྱིན་པར་མཛོད། །སྣང་བ་མཐའ་ཡས་རྡོ་རྗེའི་ཡེ་ཤེས་ནི། །གདུག་པའི་གཉེན་པོར་མེ་ལྟར་འབར་བའི་སྐུ། །སྙིང་རྗེ་ཁྲོས་པ་པདྨ་ཧེ་རུ་ཀ །གར་གྱི་དབང་ཕྱུག་ཁྲོ་རྒྱལ་ཡོངས་ཀྱི་རྗེ། །དབང་ཆེན་རོལ་པ་རྡོ་རྗེ་རྟ་ཡི་ཞལ། །རྟ་སྐད་ཐེང་གསུམ་འཁོར་འདས་སྲོག་རྩ་གཡོ། །གར་དགུའི་འགྱུར་བས་ས་ལམ་ཟིལ་གྱིས་གནོན། །ཧྲཱིཿཡི་ང་རོས་སྣང་སྲིད་དབང་དུ་མཛད། །དཔལ་གྱི་རྟ་བྲོས་བདུད་བཞི་ཟིལ་གྱིས་གནོན། །མཐུ་སྟོབས་རྩལ་གྱིས་སྲིད་གསུམ་ཐལ་བར་བརླག །ཆོས་ཉིད་བདུད་རྩིས་དུག་གསུམ་སྨན་ཏུ་བསྒྱུར། །ཆེ་བཙན་འགྲན་བྲལ་ཉི་མ་འབུམ་གྱི་གཟི། །ཐུགས་རྗེ་ཆེན་པོ་དྲག་པོའི་སྐུར་བཞེངས་པ། །རྟ་མཆོག་དབང་གི་རྒྱལ་ལ་ཕྱག་འཚལ་བསྟོད། །ཐུགས་དམ་བསྐུལ་ལོ་སྔོན་ལས་འཕྲལ་རྐྱེན་གྱིས། །དམ་ཆོས་སྒྲུབ་ལ་ཉེ་བར་འཚེ་བའི་བགེགས། །ཕྱི་ནང་གསང་


LT29_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མི་མཐུན་ཕྱོགས་ཀུན་དང་། །ཁྱད་པར་ཚེ་དང་ཐར་པའི་བར་ཆད་བདུད། །གཟའ་ཀླུ་རྒྱལ་བསེན་མ་རུངས་འབྱུང་པོ་ཡི། །མཐུ་རྩལ་ནུས་པ་སྟོབས་བཅུའི་ཤུགས་ཀྱིས་ཆོམས། །རྫུ་འཕྲུལ་མཚོན་ཆས་ལུས་སྲོག་དུམ་བུར་གཏུབས། །སྙིང་ལ་སྲེག་བྱེད་རྡོ་རྗེའི་མེ་ཆར་ཕོབ། །རྡོ་རྗེ་སྟྭམྦྷ་ནི་ཡི་གར་གྱིས་ནོན། །ཁམས་གསུམ་ཡོངས་སྒྲོལ་ཆེན་པོའི་བརྟུལ་ཞུགས་སྒྱུར། །འཁོར་འདས་སྙིང་ལ་མོས་བཞིའི་ཕྱག་རྒྱས་ཐོབ། །རྟ་ཡི་འདུར་གླུས་སྣང་སེམས་དབང་དུ་སྡུས། །རྣམ་རྟོག་ཉོན་མོངས་ཆོས་ཉིད་རྒྱན་ཤར་ནས། །བདེ་སྟོང་ཡེ་ཤེས་འབར་བར་བྱིན་གྱིས་རློབས། །མྱུར་མཛད་ཡེ་ཤེས་མགོན་པོ་སྤྱན་རས་གཟིགས། །བླ་མ་ཀུན་འདུས་བྱིན་རླབས་གཟི་བརྗིད་ཅན། །ཡི་དམ་ཀུན་འདུས་དངོས་གྲུབ་རྒྱ་མཚོའི་གཏེར། །མཁའ་འགྲོ་ཀུན་འདུས་ཕྲིན་ལས་ཆགས་ཐོགས་མེད། །སྐྱེ་འགྲོ་ཀུན་གྱི་རེ་བ་ཚུལ་བཞིན་ཏུ། །སྐོང་མཛད་ཡིད་བཞིན་ནོར་བུ་ལྟ་བུའི་སྐུ། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ་འཛིན་པའི། །ཁྲོ་བོའི་དབང་པོ་མཁའ་འགྲོ་མ་རྣམས་ཀྱི། །མཐུ་སྟོབས་ཕྲིན་ལས་རྫུ་འཕྲུལ་གཅིག་བསྡུས་པ། །གསོལ་བཏབ་ཙམ་གྱིས་འདི་ཕྱིའི་འཇིགས་ལས་སྐྱོབ། །མ་བསྒྲུབ་པར་ཡང་ཐུགས་རྗེའི་བྱིན་གྱིས་བརླབས། །ཚུལ་བཞིན་བསྒྲུབ་ན་དངོས་གྲུབ་མ་ལུས་སྟེར། །ལོ་ཟླ་ཙམ་གྱིས་མཆོག་ཐུན་


LT29_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བླག་འཇོ། །སྣ་ཚོགས་ཕྲིན་ལས་ཁྱད་དུ་འཕགས་པ་ཡང་། །ཡིད་བཞིན་ནོར་བུས་འདོད་དགུ་འབད་མེད་སྩལ། །ཤེས་རབ་བློ་འཕེལ་ཚེ་བསོད་བློ་གྲོས་སྐྱེད། །དབང་གི་རྒྱལ་པོས་ཁམས་གསུམ་སྲིད་གསུམ་སྡུད། །ཚེ་བདག་ལྗང་གུས་བདུད་བཞི་ལོག་འདྲེན་བཅོམ། །ནག་པོ་ཆེན་པོས་རེ་བ་མཐའ་དག་སྐོང་། །གདུལ་བྱའི་དབང་གིས་རབ་འབར་འཇིགས་པའི་གཟུགས། །དཔལ་ལྡན་ཕྱག་དྲུག་པ་ལ་ཕྱག་འཚལ་བསྟོད། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །བདག་སོགས་ཉོན་མོངས་བརྒྱ་ཡིས་གཡེངས་པ་རྣམས། །འདི་ཕྱིའི་བར་དོའི་འཇིགས་ལས་བསྐྱབ་ཏུ་གསོལ། །རྡོ་རྗེའི་ནང་དམེ་ལ་སོགས་བྱད་མ་ཡི། །བསམ་སྦྱོར་ངན་པའི་རྦོད་གཏོང་ཕུར་ཁ་ཟློག །ལྷ་འདྲེ་མི་གསུམ་མི་ནོར་ཟས་གསུམ་ཀུན། །ལྕགས་ཕྱེས་ཁབ་ལེན་རྡོ་བཞིན་དབང་དུ་སྡུས། །རྡོ་རྗེའི་སྣང་བརྙན་དད་པའི་མིག་སྔར་སྟོན། །མཆོག་ཐུན་དངོས་གྲུབ་བདེ་བླག་ཉིད་དུ་སྩོལ། །ལོ་ཟླ་ཙམ་གྱིས་སངས་རྒྱས་ས་ལ་སྐྱོལ། །བྱིན་རླབས་འདོད་དགུའི་དབྱིག་གི་ཆར་ཕབ་ནས། །རེ་བའི་ཤིང་རྟ་ཕྱུར་བུར་བཀང་དུ་གསོལ། །མདོར་ན་བདག་གི་སྐྱེ་དང་ཚེ་རབས་སུ། །བློ་གཏད་ལིང་བསྐྱུར་བྱས་བའི་རྩ་བ་གསུམ། །དགོས་པའི་དུས་སུ་ཐུགས་རྗེའི་ཤུགས་བསྐྱེད་ལ། །བྱང་ཆུབ་སྒྲུབ་པའི་བར་ཆད་ཞི་བ་དང་། །ཆོས་མཐུན་དཔལ་འབྱོར་དབྱར་གྱི་མཚོ་ལྟར་རྒྱས། །སྟན་ཐོག་འདི་རུ་ཟུང་འཇུག་


LT29_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཐོབ་ནས། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་རང་ལོ་སོ་བཞི་པ་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་སུ་དོ་གལ་ཆེ་བའི་དབང་གིས་སྤོང་བ་པ་བློ་གྲོས་མཐའ་ཡས་ཀྱིས་དབེན་ཁྲོད་ཀུན་བཟང་བདེ་ཆེན་གླིང་དུ་གསོལ་བ་བཏབ་པ་སིདྡྷི་རསྟུ།། ༈ །།བ་བརྟན་རྡོ་རྗེའི་རང་བཞིན་གསང་བ་གསུམ། །དྲན་པ་ཙམ་གྱིས་འཆི་བདག་དཔུང་འཇོམས་ཤིང་། །ཚེ་དང་ཡེ་ཤེས་སྩོལ་མཛད་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ལ་གསོལ་བ་འདེབས། །བར་ཆད་ཀུན་སོལ་ཚེ་དབང་དངོས་གྲུབ་སྩོལ། །གཞོན་ནུ་བུམ་པ་སྐུར་བཞུགས་དགའ་རབ་ཞབས། །རྡོ་རྗེའི་སྐུ་བརྙེས་མཁས་པ་ཤྲཱི་སི༚་ཧ། །སྐྱེ་འཆི་གཉིས་སྤངས་འཆི་མེད་པདྨ་འབྱུང་། །རྒྱལ་ཡུམ་འཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །བར་ཆད་ཀུན་སོལ་ཚེ་དབང་དངོས་གྲུབ་སྩོལ། །འཕོ་ཆེན་འོད་སྐུར་རྟག་བཞུགས་བི་མ་ལ། །བདེ་ཆེན་ཡང་དག་གྲུབ་པ་ཧཱུྃ་ཀ་ར། །ཟག་མེད་འཇའ་ཚོན་ལུས་ཅན་ནམ་མཁའི་སྙིང་། །རྗེ་འབངས་རིག་འཛིན་རྒྱ་མཚོར་གསོལ་བ་འདེབས། །བར་ཆད་ཀུན་སོལ་ཚེ་དབང་དངོས་གྲུབ་སྩོལ། །འགྲོ་འདུལ་པདྨའི་རྒྱལ་ཚབ་རཏྣ་གླིང་། །ཚེ་དབང་རིག་པ་འཛིན་གྲགས་རྒྱལ་བའི་སྲས། །ཕྲིན་ལས་ནམ་མཁའི་མཐར་སོན་ཨ་རཱ་ག །ཚེ་མཆོག་གྲུབ་པའི་ཚོགས་ལ་གསོལ་བ་འདེབས། །བར་ཆད་ཀུན་སོལ་ཚེ་དབང་དངོས་གྲུབ་སོལ། །ཚེ་དཔག་མེད་དངོས་པདྨ་ཉིན་


LT29_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

མོར་བྱེད། །འགྲོ་འདུལ་གར་མཁན་བསྟན་འཛིན་ཕྲིན་ལས་ཞབས། །སྨིན་གྲོལ་བཅུད་སྩོལ་འདྲེན་མཆོག་རྣམ་གསུམ་སོགས། །རྩ་བརྒྱུད་བླ་མའི་ཚོགས་ལ་གསོལ་བ་འདེབས། །བར་ཆད་ཀུན་སོལ་ཚེ་དབང་དངོས་གྲུབ་སྩོལ། །བཅོམ་ལྡན་ཚེ་དཔག་མེད་མགོན་ཡབ་དང་ཡུམ། །ལྷ་མོ་བཞི་དང་ཚེ་འགུགས་མགྱོགས་མ་བཞི། །སྒོ་སྲུང་མ་བཞི་རིགས་ཀྱི་ལྷ་མོ་ལྔ། །འཆི་མེད་དཀྱིལ་འཁོར་ལྷ་ལ་གསོལ་བ་འདེབས། །བར་ཆད་ཀུན་སོལ་ཚེ་དབང་དངོས་གྲུབ་སྩོལ། །ཡི་དམ་ལྷ་ཚོགས་དཔའ་བོ་རྣལ་འབྱོར་མ། །འཆི་མེད་གྲུབ་པའི་ལྷ་དང་དྲང་སྲོང་ཚོགས། །བཀའ་གཏེར་སྐྱོང་མཛད་རྒྱུད་གསུམ་དམ་ཅན་སོགས། །རྩ་གསུམ་རབ་འབྱམས་རྒྱ་མཚོར་གསོལ་བ་འདེབས། །བར་ཆད་ཀུན་སོལ་ཚེ་དབང་དངོས་གྲུབ་སྩོལ། །བླ་མ་རྒྱལ་བ་སྲས་བཅས་ཐུགས་རྗེ་ཅན། །གསོལ་འདེབས་བུ་ལ་ཡེ་ཤེས་སྤྱན་གྱིས་གཟིགས། །སྐྱབས་མཆོག་རྣམས་ཀྱིས་གཏན་ནས་མི་བསླུ་བས། །འདོད་པའི་འབྲས་བུ་ད་ལྟ་ཉིད་དུ་སྩོལ། །ནད་གདོན་བགེགས་དང་གློ་བུར་ཡེ་འདྲོགས་སོགས། །དུས་དང་དུས་མིན་འཆི་བ་བཟློག་ཏུ་གསོལ། །སྲོག་བཅད་རྟེན་གསུམ་བཤིགས་སོགས་ཚེ་ཐུང་བའི། །ལས་སྒྲིབ་མཐའ་དག་རྩད་ནས་སྦྱང་དུ་གསོལ། །བསོད་ནམས་དབང་ཐང་དགེ་བའི་ལས་འཕྲོ་སོགས། །རིང་འཚོའི་མཐུན་རྐྱེན་གོང་དུ་སྤེལ་དུ་གསོལ། །བླ་ཚེ་སྲོག་དབུགས་ཉམས་


LT29_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

འཐོར་རྐུས་དང་འཕྲོག །བཀུག་བསྟིམས་རང་མལ་གནས་པར་མཛད་དུ་གསོལ། །རྣམ་པར་རྟོག་པའི་འཕོ་བ་ཇི་སྙེད་པ། །འཕོ་མེད་བདེ་བར་བྱིན་གྱིས་བརླབ་དུ་གསོལ། །མི་ཤིགས་རྡོ་རྗེ་མི་འགྱུར་གཡུང་དྲུང་དང་། །མི་ནུབ་རྒྱལ་མཚན་ཚེ་བརྟན་མཛད་དུ་གསོལ། །ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་བ་དང་། །བར་ཆད་ཀུན་ཞིའི་དངོས་གྲུབ་སྩལ་དུ་གསོལ། །ལུས་རྟེན་འདི་ལ་ཚེ་དབང་རིག་པ་འཛིན། །གེགས་མེད་མྱུར་དུ་འགྲུབ་པར་མཛད་དུ་གསོལ། །སྒོ་གསུམ་མི་ཕྱེད་རྡོ་རྗེ་གསུམ་དུ་གྲུབ། །དོན་གཉིས་མཐའ་རུ་ཕྱིན་པའི་དངོས་གྲུབ་སྩོལ། །ཅེས་པའང་རྒྱལ་ཟླའི་དཀར་ཕྱོགས་ཀྱི་གྲལ་ཚེས་དགེ་བར་བདེ་བའི་རྡོ་རྗེས་དཔལ་སྤུངས་ཡང་དབེན་ཀུན་བདེ་གླིང་དུ་གསོལ་བ་བཏབ་པ་ཡ་ཐཱ་སིདྡྷི་རསྟུ། །དགེ་ལེགས་འཕེལ།། ༈ །།ག་བརྟན་རྡོ་རྗེའི་ཚེ་དབང་མཆོག་གྲུབ་ཅིང་། །འཕོ་འགྱུར་མེད་པའི་ཡེ་ཤེས་གདིང་ཆེན་ཐོབ། །སངས་རྒྱས་ཀུན་འདུས་པདྨ་དབང་ཆེན་ལ། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་ཞི། །ཚེ་དབང་ཡེ་ཤེས་དོན་གཉིས་མཐར་ཕྱིན་མཛོད། །ཡེ་ཤེས་ཐུགས་རྗེ་བསམ་གྱིས་མི་ཁྱབ་ཅིང་། །སྐུ་ཚེ་འོད་སྣང་ཕྲིན་ལས་མཐའ་ཡས་པ། །འཆི་བདག་འཇིགས་བཅོམ་གསུང་གི་རྡོ་རྗེ་ལ། །གསོལ༴ ཚེ༴ རིག་སྔགས་སྐུར་སྟོན་དངོས་གྲུབ་མྱུར་སྩོལ་མ། །ཟླ་བའི་མདངས་ལྡན་དུས་ཀྱི་མུན་པ་འཇོམས། །ངན་འགྲོ་ཡོངས་སྦྱོང་རྣམ་པར་རྒྱལ་མ་ལ། །གསོལ༴ ཚེ༴


LT29_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་ཙམ་གྱིས་བདུད་བཞིའི་འཇིགས་པ་འཇོམས། །གུས་པས་བསྟེན་ན་འཆི་མེད་ཚེ་དབང་སྩོལ། །རྒྱལ་ཀུན་སྐྱེད་ཡུམ་ཡིད་བཞིན་འཁོར་ལོ་ལ། །གསོལ༴ ཚེ༴ སྐྱེ་འཆི་མི་མངའ་རྡོ་རྗེའི་སྐུར་བཞུགས་ནས། །འཁོར་བ་མ་སྟོང་བར་དུ་འགྲོ་དོན་མཛད། །ཡིད་བཞིན་ནོར་བུ་གུ་རུ་པདྨ་ལ། །གསོལ༴ ཚེ༴ ཟག་པ་རབ་ཟད་འབྱུང་བའི་དྭངས་མའི་སྐུ། །ནམ་མཁའ་ཇི་སྲིད་རྟག་ཁྱབ་ཕྲིན་ལས་ཅན། །པ་ཆེན་ལྔ་བརྒྱའི་གཙུག་རྒྱན་རིན་པོ་ཆེར། །གསོལ༴ ཚེ༴ དབྱིངས་ཕྱུག་དྭངས་མའི་བཅུད་ཀྱིས་རྒྱས་པའི་སྐུ། །བགྲེས་རྒུད་མི་མངའ་བཅུ་དྲུག་ན་ཚོད་ཅན། །མཆོག་དངོས་གྲུབ་པ་ལྷ་ཡི་ལྕམ་གཅིག་མར། །གསོལ༴ ཚེ༴ ཟག་མེད་རྡོ་རྗེ་བདེ་བའི་ལང་ཚོ་འབར། །མཆོག་དང་ཐུན་མོང་དངོས་གྲུབ་སྦྱིན་པའི་མ། །མཐིང་འོད་འབར་མ་མཁའ་འགྲོའི་ཚོགས་ཀྱི་རྗེར། །གསོལ༴ ཚེ༴ དུས་བཞི་མཉམ་ཉིད་ཆོས་སྐུ་འགྱུར་མེད་སྲོག །ཀུན་ནས་བཟླུམས་པའི་ཐིག་ལེ་ཆེན་པོའི་སྐུ། །འཆི་མེད་གཡུང་དྲུང་རྣམ་སྣང་ལོ་ཙཱ་བར། །གསོལ༴ ཚེ༴ ནམ་མཁའི་ལུས་ཅན་བཤེས་གཉེན་རྣལ་འབྱོར་པ། །ཚེ་ལ་མངའ་བརྙེས་གྲུབ་ཆེན་བརྩོན་འགྲུས་མཚན། །རིན་ཆེན་དཔལ་བཟང་ཚེ་དབང་གྲགས་པ་ལ། །གསོལ༴ ཚེ༴ གཟུང་འཛིན་རྒྱུ་བ་དབུ་མར་བསྟིམས་པ་ལས། །ཡོངས་གྲུབ་རྡོ་རྗེས་དུས་ཀྱི་རྒོལ་བ་བཅོམ། །ཚེ་དབང་རིག་འཛིན་


LT29_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བརྒྱུད་བླ་མ་ལ། །གསོལ༴ ཚེ༴ ཚེ་དཔག་མེད་མགོན་རིགས་ལྔ་ཡབ་དང་ཡུམ། །ལྷ་མོ་བཞི་དང་མགྱོགས་མ་སྒོ་མ་བཞི། །དཀྱིལ་འཁོར་ལྷ་ཚོགས་བཀའ་སྡོད་བཅས་པ་ལ། །གསོལ་བ༴ ཚེ་དབང་༴ རྩ་བརྒྱུད་རིག་འཛིན་དཔལ་ལྡན་བླ་མ་དང་། །རྒྱལ་བ་སྲས་བཅས་འཆི་མེད་ཚེ་ཡི་ལྷ། །ཐུགས་དམ་ཞལ་བཞེས་བཏང་སྙོམས་མི་སྲིད་པས། །གསོལ་འདེབས་བུ་ལ་བརྩེ་བས་རྗེས་དགོངས་ལ། །ཚེ་དབང་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །སྐྱེ་འཆི་མེད་པ་ལྟ་བའི་གདིང་ཐོབ་ཅིང་། །འཕོ་འགྱུར་མི་མངའ་རྡོ་རྗེའི་སྐུ་བརྙེས་ནས། །ཕྲིན་ལས་རྟག་ཅིང་ཁྱབ་པ་དེ་སྲིད་དུ། །རྒྱུ་འབྲས་ནད་དང་འཆི་བདག་མུན་པ་ཀུན། །ཡེ་ཤེས་ཐུགས་རྗེའི་ཉི་མས་བསལ་དུ་གསོལ། །དུས་དང་དུས་མིན་འཆི་སོགས་བར་ཆད་ཞི། །ལོ་བརྒྱ་འཚོ་ཞིང་སྡེ་བཞིའི་དཔལ་འབྱོར་རྒྱས། །སྟོན་བརྒྱ་མཐོང་ཞིང་དོན་གཉིས་མཐའ་རུ་ཕྱིན། །བསྟན་པ་གསལ་ཞིང་བསྟན་འཛིན་ས་ཀུན་ཁྱབ། །བསམ་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་གསང་འདུས་ནང་སྒྲུབ་ཀྱི་སྐབས་སུ་གུ་་ས་མུ་དྲས་བྲིས་ཏེ་གསོལ་བ་བཏབ་པ་སིདྡྷི་རསྟུ།། ༈ །།བ་བདག་ཀུན་བཟང་དཔལ་ལྡན་རྡོ་རྗེ་སེམས། །དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་རྩལ། །ཤྲཱི་སི༚་ཧ་མཁས་པ་ཡེ་ཤེས་མདོ། །རྒྱལ་ཀུན་སྤྱི་གཟུགས་


LT29_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

པད་འབྱུང་བི་མ་ལ། །བཻ་རོ་མཚོ་རྒྱལ་གཡུ་སྒྲ་སྙིང་པོ་སོགས། །དགོངས་བརྡ་སྙན་བརྒྱུད་རྣམས་ལ་གསོལ་བ་འདེབས། །ཏིང་འཛིན་བཟང་པོ་ལྕེ་བཙུན་སེང་གེ་དབང་། །མི་ཕམ་ཨ་རོ་ཟུར་པ་མེས་དབོན་དང་། །དམ་གཙང་བྱམས་གསུམ་ཀུན་མཁྱེན་རང་བྱུང་ཞབས། །ཀློང་ཆེན་རབ་འབྱམས་པདྨ་ལེགས་གྲུབ་རྩལ། །ལྷ་བཙུན་ཆེན་པོ་འཇིགས་མེད་གླིང་པ་སོགས། །སྡེ་གསུམ་མངའ་བདག་རྣམས་ལ་གསོལ༴ ཆོས་ཀྱི་དབང་ཕྱུག་རྒོད་ལྡེམ་ལས་འབྲེལ་རྩལ། །སངས་རྒྱས་རྡོ་རྗེ་རཏྣ་པདྨ་གླིང་། །ཀརྨ་ཀུན་སྐྱོང་གླིང་དང་འཇའ་ཚོན་སྙིང་། །བདུད་འདུལ་ཀློང་གསལ་སྙིང་པོ་གཏེར་བདག་གླིང་། །སྟག་ཤམ་རྡོ་རྗེ་ཆོས་རྗེ་གླིང་པ་སོགས། །རྫོགས་ཆེན་གཏེར་འབྱེད་རྣམས་ལ༴ བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་། །མཛོད་ལྔའི་སྒོ་འབྱེད་བློ་གྲོས་མཐའ་ཡས་སྡེ། །ཆོས་སྐུའི་རང་ཞལ་སྟོན་མཛད་བཀའ་དྲིན་ཅན། །རྩ་བའི་བླ་མ་གཉིས་ལ་གསོལ༴ གསོལ་བ་འདེབས་སོ་རྫོགས་ཆེན་བརྒྱུད་པ་རྣམས། །བྱིན་གྱིས་རློབས་ཤིག་རྟོགས་གྲོལ་དུས་མཉམ་མཛོད། །འཁོར་འདས་སེམས་ཉིད་རང་བྱུང་ཡེ་ཤེས་སུ། །རྫོགས་པས་བསལ་བཞག་མེད་པའི་ངང་སྒོམ་གྱིས། །སྟོང་གསལ་རང་རིག་དབྱེར་མེད་ཆོས་སྐུར་གྲོལ། །སེམས་སྡེའི་དགོངས་ཉམས་མཐར་ཕྱིན་བྱིན་གྱིས་རློབས། །ཆོས་ཀུན་ཆོས་ཉིད་བཟང་མོའི་ཀློང་


LT29_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པས། །བྱ་བྲལ་གསལ་སྟོང་བདེ་བ་དབྱེར་མེད་ཀྱི། །གནད་བཞིས་ཚུལ་བཞི་ལམ་བསླངས་བྲག་པ་ཟད། །ཀློང་སྡེའི་རྟོགས་པ་མངོན་གྱུར་བྱིན་གྱིས་རློབས། །སྤང་བླང་བྱར་མེད་ཡིན་ལུགས་གནད་ཐོག་ཕེབ། །སེམས་ཀྱི་དྲི་བྲལ་རིག་སྟོང་རྗེན་པར་བུད། །ཅོག་བཞག་ཆེན་པོའི་དབྱིངས་སུ་ལ་ཟླ་བའི། །མན་ངག་གྲོལ་ས་ཟིན་པར་བྱིན༴ རང་ཐོག་ངོ་འཕྲོད་གཅིག་ཐོག་ཐག་ཆོད་དེ། །གྲོལ་ཐོག་གདིང་འཆོས་རང་སྣང་རིས་མེད་ཀྱི། །དགོངས་པའི་རྩལ་རྫོགས་ཀ་དག་ཟད་སར་འཁྱོལ། །ཁྲེགས་ཆོད་གྲུབ་མཐར་སྙོགས་པར་བྱིན༴ འོད་གསལ་མངོན་མཐོང་ཉམས་སྣང་གོང་དུ་འཕེལ། །རིག་པ་སྐུར་སྨིན་འཁྲུལ་སྣང་གཞི་ཐོག་ཟད། །གཞོན་ནུ་བུམ་པར་བྱང་ཆུབ་འཕོ་ཆེན་སྐུས། །གཞན་དོན་ལྷུན་གྲུབ་འབྱུང་བར༴ སྐུ་གསུམ་རང་རིག་ཡིན་ལུགས་གསལ་འདེབས་ཀྱིས། །སྣང་རིག་སྟོང་གསུམ་ཐིག་ལེ་གཅིག་ཏུ་རྫོགས། །ཐོགས་མའི་མགོན་པོ་ཉིད་དང་དབྱེར་མེད་པའི། །གོ་འཕང་ཚེ་འདིར་འགྲུབ་པར་བྱིན་གྱིས་རློབས། །ཅེས་པའང་། ཀུན་སྤོང་རྡོ་རྗེ་རྩེ་མོའི་རྣལ་འབྱོར་ལ་གཞོལ་བ་འཇམ་དབྱངས་དགེ་ལེགས་ཐུགས་བཞེད་ལྟར་རྩིས་མེད་ཀྱི་རྣལ་འབྱོར་པ་པདྨ་གར་དབང་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་ཀྱི་སྙིང་པོ་འོད་གསལ་རྡོ་རྗེ་ཐུགས་ཀྱི་རྫོང་དུ་བགྱིས་པ་དགེ་ལེགས་འཕེལ།། ༈ །།སྒྲུབ་སྡེ་ཆེན་པོ་བཀའ་འདུས་ཀྱི་ལྷ་དང་གྲུབ་པའི་རིག་འཛིན་རྣམས་ལ་གསོལ་


LT29_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདེབས་པ་དཔལ་ཆེན་དགྱེས་གླུ་ཞེས་བྱ་བ། རང་བྱུང་གདོད་མའི་མགོན་པོ་ཀུན་ཏུ་བཟང་། །རྒྱལ་ཚབ་སྟོན་པ་རིགས་ལྔ་གངས་ཆེན་མཚོ། །དཀྱིལ་འཁོར་ཀུན་བྱེད་རྡོ་རྗེ་སེམས་དཔའ་དང་། །གསང་བདག་རྡོ་རྗེ་ཆོས་ལ་གསོལ་བ་འདེབས། །གསང་བའི་གཉེར་འཛིན་ལས་ཀྱི་དབང་མོ་ཆེ། །བསྐྱེད་རྫོགས་རྫོགས་པ་ཆེན་པོའི་གུང་ཤིང་དགུ། །བཀའ་བབ་ཐོག་མཐའ་བར་དུ་བྱོན་པ་ཡི། །རིག་འཛིན་གྲུབ་པ་རྣམས་ལ་གསོལ་བ་འདེབས། །མེ་ལོང་ཡེ་ཤེས་ཡང་དག་ཧེ་རུ་ཀ །གྲུབ་པའི་སློབ་དཔོན་རྡོ་རྗེ་ཧཱུྃ་ཀ་ར། །མཉམ་ཉིད་ཡེ་ཤེས་གཤིན་རྗེ་གཤེད་གྲུབ་པ། །འཇམ་དཔལ་བཤེས་གཉེན་ཞབས་ལ་གསོལ་བ་འདེབས། །སོར་རྟོག་ཡེ་ཤེས་དབང་ཆེན་རྟ་མཆོག་དཔལ། །གྲུབ་པའི་སློབ་དཔོན་ནཱ་ག་རྫུ་ན་དང་། །ཆོས་དབྱིངས་ཡེ་ཤེས་ཆེ་མཆོག་དངོས་གྲུབ་པ། །ཕྱག་རྒྱ་རྒྱ་ཆེན་ཞབས་ལ་གསོལ་བ་འདེབས། །ནན་ཏན་ཡེ་ཤེས་རྡོ་རྗེ་གཞོན་ནུ་མཆོག་གྲུབ་པའི་སློབ་དཔོན་པྲ་བྷ་ཧ་སྟིའི་ཞབས། །དབྱིངས་སྒྲོལ་ཡེ་ཤེས་མངོན་རྫོགས་རྒྱལ་པོ་དངོས། །དྷ་ན་སཾ་སྐྲྀ་ཏ་ལ་གསོལ༴ འདའ་ཀ་ཡེ་ཤེས་དྲེགས་པ་ཀུན་འདུལ་རྗེ། །གྲུབ་པའི་སློབ་དཔོན་རོམྦུ་གུ་ཧྱ་དང་། །ཀློང་གྱུར་ཡེ་ཤེས་སྟོབས་ལྡན་ནག་པོ་གྲུབ། །ཤཱི༚ནྟ་གྷའི་ཞབས་ལ༴ ཡེ་ཤེས་དགུ་དངོས་དཔལ་ཆེན་དཀྱིལ་འཁོར་དགུ། །སྤྲོ་ཞིང་སྡུད་མཛད་ཁྱབ་བདག་རྡོ་རྗེ་འཆང་། །བཀའ་བབ་ཀུན་འདུས་དཔལ་ལྡན་


LT29_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་སྐྱེས། །རྡོ་རྗེ་སློབ་དཔོན་མཆོག་ལ༴ འཇམ་དཔལ་བཀའ་བབས་གསང་སྔགས་བསྟན་པའི་བདག། ཡང་རྫོང་བྲག་ཏུ་དངོས་གྲུབ་རྣམ་གཉིས་མཉེས། །ཉི་ཟླ་གདན་བཏིང་བྲག་ལ་ཕུར་པ་འདེབས། །སངས་རྒྱས་ཡེ་ཤེས་ཞབས་ལ༴ དབང་ཆེན་བཀའ་བབས་འགྲོ་འདུལ་གངས་ཅན་མགོན། །མཆིམས་ཕུ་དབེན་རྩར་དངོས་གྲུབ་རྣམ་གཉིས་བརྙེས། །སྐུ་ལུས་མེར་བསྒྱུར་རྟ་སྐད་སྤྱི་བོར་བསྒྲགས། །རྒྱལ་བ་མཆོག་དབྱངས་ཞབས་ལ༴ ཡང་དག་བཀའ་བབས་ས་བཅུའི་རྩེ་མོར་སོན། །ལྷོ་བྲག་མཁར་ཆུར་དངོས་གྲུབ་རྣམ་གཉིས་བརྙེས། །ཉི་ཟེར་ཆིབས་ཤིང་ཧཱུྃ་སྒྲས་ལས་ཀུན་སྒྲུབ། །ནམ་མཁའི་སྙིང་པོའི་ཞབས་ལ༴ བདུད་རྩིའི་བཀའ་བབས་ཆོས་ཉིད་ཟད་སར་འཁྱོལ། །ཤེལ་བྲག་གནས་སུ་དངོས་གྲུབ་རྣམ་གཉིས༴ བྲག་ལས་ཆུ་བཏོན་ནུས་པས་སྐུ་དགྲ་བཏུལ། །གཉགས་ཆེན་ཛྙཱ་ནའི་ཞབས་ལ༴ ཕུར་པའི་བཀའ་བབས་མཁའ་སྤྱོད་ཌཱ་ཀིའི་རྗེ། །སེང་གེ་རྫོང་དུ་དངོས་གྲུབ་རྣམ་གཉིས༴ མི་བརྗེད་གཟུངས་ཐོབ་ཤི་བ་མངོན་སུམ་བསླངས། །ཡེ་ཤེས་མཚོ་རྒྱལ་ཞབས་ལ༴ བླ་མེད་བཀའ་བབས་ཚེ་ལ་རང་དབང་ཐོབ། །ཤམ་པོ་གངས་རར་དངོས་གྲུབ༴ མ་མོ་བྲན་ཁོལ་སྤྱན་གྱིས་ནགས་ཚལ་བསྲེགས། །དཔལ་གྱི་ཡེ་ཤེས་ཞབས་ལ༴ མཆོད་བསྟོད་བཀའ་བབས་མཐུ་སྟོབས་ནུས་པའི་བདག །སྟག་ཚང་ཕུག་ཏུ་དངོས༴ ལྷ་སྲིན་བྲན་


LT29_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཁོལ་དྲེགས་པ་ལས་ལ་འགྱེད། །དཔལ་གྱི་སེང་གེའི་ཞབས་ལ༴ དྲག་སྔགས་བཀའ་བབས་ཡེ་ཤེས་སྤྱན་དང་ལྡན། །གཡའ་མ་ལུང་དུ་དངོས༴ དགོངས་པ་ཡོན་ཏན་གུ་རུ་རྗེ་དང་མཉམ། །བཻ་རོ་ཙ་ནའི་ཞབས་ལ༴བདེ་འདུས་བཀའ་བབས་བསྟན་པའི་ཤིང་རྟ་མཆོག །བསམ་ཡས་དབུ་རྩེར་དངོས་གྲུབ༴ ཏིང་འཛིན་མི་གཡོ་གཞན་སྣང་ཟིལ་གྱིས་གནོན། །ཆོས་རྒྱལ་ཆེན་པོའི་ཞབས་ལ༴ བཀའ་བརྒྱད་བཀའ་བབས་ཡོན་ཏན་དཔག་མེད་ལྡན། །སོ་སོའི་གནས་སུ་དངོས༴ གྲུབ་པའི་རྟགས་བསྟན་གཞན་དོན་རྒྱུན་མི་ཆད། །སྔ་འགྱུར་རིག་འཛིན་རྣམས་ལ༴ དཔལ་ཆེན་ཚོམ་བུ་དགུ་ཡི་ལྷ་རྣམས་དང་། །འཕགས་ཡུལ་རིག་འཛིན་བརྒྱད་ཀྱི་ཐུགས་ཀྱི་བཅུད། །རྫོང་འཕྲང་མངའ་བདག་མཁས་པ་མི་བཞི་དང་། །གྲུབ་ཐོབ་དངོས་གྲུབ་སོགས་ལ་གསོལ༴ བདེ་གཤེགས་འདུས་པའི་དཀྱིལ་འཁོར་ལྷ་རྣམས་དང་། །མཁོ་མཐིང་གནས་ནས་སྙིང་འདྲ་སྒྲུབ་པའི་སྡེ། །སྤྱན་དྲངས་མངའ་བདག་སྐུ་སྤྲུལ་ཉང་རལ་ཞབས། །སྲས་སློབ་བརྒྱུད་པར་བཅས་ལ་གསོལ་བ་འདེབས། །གསང་བ་ཡོངས་རྫོགས་དཀྱིལ་འཁོར་ལྷ་རྣམས་དང་། །གནམ་སྐས་ཅན་ནས་སྙིང་ཁྲག་གདམས་པའི་སྐོར། །སྤྱན་དྲངས་གསུང་སྤྲུལ་སྤང་སྟོན་ཆོས་ཀྱི་དབང་། །སྲས་སློབ་བརྒྱུད་པར་བཅས་ལ༴ རང་བྱུང་རང་ཤར་དཀྱིལ་འཁོར་ལྷ་རྣམས་དང་། །ལྷ་བྲག་


LT29_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ནས་སྲོག་གི་དྭངས་མའི་སྐོར། །སྤྱན་དྲངས་བདུད་འཇོམས་སྤྲུལ་པ་རྒོད་ལྡེམས་ཅན། །སྲས་སློབ་བརྒྱུད་པར་བཅས་ལ༴ བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་དང་། །ཤེལ་བྲག་གནས་ནས་བླ་མེད་གཏེར་སྨྱོན་སྐོར། །འབྱིན་མཛད་རྒྱལ་སྲས་ལྷ་རྗེའི་རྣམ་པར་འཕྲུལ། །ཡར་རྗེ་ཨོ་རྒྱན་གླིང་པར་གསོལ༴ འདུས་པ་རྣམ་བཞིའི་དཀྱིལ་འཁོར་ལྷ་རྣམས་དང་། །གནམ་ལྕགས་བྲག་ནས་ཟབ་ཅིང་རྒྱ་ཆེའི་གཏེར། །སྤྱན་དྲངས་བཻ་རོ་དངོས་བྱོན་རྡོ་རྗེ་གླིང་། །གཏེར་འབྱིན་ཀུན་གྱི་རྒྱལ་པོར་གསོལ༴ ཐུགས་ཀྱི་མེ་ལོང་དཀྱིལ་འཁོར་ལྷ་རྣམས་དང་། །བུམ་ཐང་གནས་ནས་ཡང་ཟབ་འབྲས་བུའི་སྐོར། །སྤྱན་དྲངས་པདྨ་གསལ་སྤྲུལ་པདྨ་གླིང་། །སྲས་སློབ་བརྒྱུད་པར་བཅས་ལ༴ བཀའ་བརྒྱད་ཡོངས་འདུས་དཀྱིལ་འཁོར༴ སྙིང་སྒྲོམ་མུན་པའི་མཛོད་ནས་ཡང་རྩེའི་ཆོས། །སྤྱན་དྲངས་ཁྲི་སྲོང་ཐུགས་སྤྲུལ་པདྨ་དབང་། །གྲོགས་མཛད་རིག་འཛིན་རྗེ་ལ༴ དྲེགས་པ་ཀུན་འདུལ་དཀྱིལ་འཁོར༴ ཁ་རག་ཆུ་མོ་ཕུག་ནས་ཕྲིན་ལས་གཏེར། །འབྱིན་མཛད་འབྲོག་མིའི་ཡང་སྲིད་བསམ་གཏན་མཚན། །རྣམ་འཕྲུལ་རིམ་གསུམ་བྱོན་ལ༴ དངོས་གྲུབ་སྙིང་པོའི་དཀྱིལ་འཁོར༴ ལྗོན་པ་ལུང་དང་ཞྭ་ཡི་ལྷ་ཁང་གཏེར། །འདོན་མཛད་ཉང་བན་ཐུགས་སྤྲུལ་འཇའ་ཚོན་སྙིང་། །


LT29_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བདག་བརྒྱུད་པར་བཅས་ལ༴ བདེ་གཤེགས་ཡོངས་འདུས་དཀྱིལ་འཁོར༴ མི་འགྱུར་གསང་བའི་སྒྲོམ་ནས་ཡང་ཟབ་གཏེར། །འབྱིན་མཛད་ལང་གྲོའི་རྣམ་འཕྲུལ་ཀློང་གསལ་སྙིང་། །སྲས་སློབ་བརྒྱུད་པར༴ བདེ་གཤེགས་སྙིང་པོའི་དཀྱིལ་འཁོར༴ བཙན་རི་རྡོ་རྗེའི་བྲག་ནས་བཀའ་འདུས་སྐོར། །སྤྱན་དྲངས་བཻ་རོའི་རྣམ་འཕྲུལ་བདེ་ཆེན་གླིང་། །སྲས་སློབ་བརྒྱུད་པར་བཅས་ལ༴ བཀའ་བརྒྱད་སྤྱི་དང་བྱེ་བྲག་ལྷ་རྣམས་དང་། །གནས་མཆོག་རྣམས་ནས་ཡོ་ག་རྣམ་གསུམ་གཏེར། །འབྱིན་མཛད་དམ་འཛིན་རྣམ་འཕྲུལ་མཆོག་གྱུར་གླིང་། །ངོ་མཚར་ཤིང་རྟ་ཆེན་པོར༴ གཞན་ཡང་སྒྲུབ་སྡེའི་ཆོས་དང་དེའི་སྟོན་པ། །དུས་གསུམ་གཤེགས་དང་འབྱོན་གྱུར་ཇི་སྙེད་ལ། །དད་པས་ཕྱག་འཚལ་མོས་པས་གསོལ་བ་འདེབས། །ལུས་ངག་ཡིད་ལ་རྡོ་རྗེའི་བྱིན་རླབས་སྩོལ། །དྲི་མ་རྣམ་དགུ་ད་ལྟ་ཉིད་དུ་འབྱངས། །བསྐྱེད་རྫོགས་གུང་ཤིང་དགུ་ལ་རང་བྱན་ཆུད། །དཔལ་ཆེན་རྣམ་དགུའི་དགོངས་པ་མཐར་ཕྱིན་ནས། །ཡེ་ཤེས་རྣམ་དགུ་མངོན་ཏུ་འགྱུར་བར་ཤོག །བསྒྲུབ་བྱའི་ལྷ་དང་སྒྲུབ་བྱེད་སྔགས་ཀྱི་ཐབས། །གྲུབ་པའི་རིག་འཛིན་ཆེན་པོ་ཁྱེད་རྣམས་ཀྱི། །གོ་འཕང་སྟན་ཐོག་འདི་རུ་མངོན་གྱུར་ཤོག །སྲིད་ཞི་ཡོངས་ཀྱི་སྤྱི་དཔལ་ཉིད་གྱུར་ཅིག །གུ་རུའི་ཐུགས་དམ་རྩོད་མེད་ཡོངས་གྲགས་པ། །སྒྲུབ་


LT29_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སྡེའི་ཆོས་རྣམས་བཤད་ཅིང་སྒྲུབ་པའི་སྡེས། །ས་སྟེང་ཀུན་ཁྱབ་སྨིན་ཅིང་གྲོལ་བའི་རྒྱུན། །གངྒཱའི་ཀླུང་ལྟར་འཕེལ་བའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི། གངས་ཅན་གྱི་ལྗོང་ཙམ་ན་འགྲན་ཟླ་བྲལ་བ། གུ་རུའི་སྒྲུབ་གནས་ཐམས་ཅད་ཀྱི་རྒྱལ་པོ། རྗེ་འབངས་རྣམས་ལ་བདེ་གཤེགས་འདུས་པ་གཙོར་གྱུར་ཡོ་ག་གསུམ་གྱི་ཟབ་ཆོས་མཐའ་དག་སྩལ་བའི་གནས་སུ་གྲགས་ཤིང་གྲུབ་པ། བསམ་ཡས་མཆིམ་ས་ཕུའི་བྲག་དམར་ཀེའུ་ཚང་དུ་བདེ་གཤེགས་འདུས་པའི་ཚོགས་མཆོད་བརྒྱ་ཕྲག་བགྱིས་པའི་ཚེ། མོས་གུས་ཆེན་པོས་ཐོལ་བྱུང་དུ་གསོལ་བ་འདེབས་པ་པོ་ནི་པདྨ་གར་གྱི་དབང་ཕྱུག་རྩལ་ལོ། །དགེ་ལེགས་འཕེལ།། ༈ །།འཇམ་དཔལ་སྐུའི་དཀྱིལ་འཁོར་དང་བཀའ་བབ་ཀྱི་སློབ་དཔོན་ཆེན་པོ་རྣམས་ལ་གསོལ་བ་འདེབས་པ་འཁོར་ལོ་མཐར་འབྱིན་ཅེས་བྱ་བ། རྒྱལ་ཀུན་ཡེ་ཤེས་རང་གཟུགས་འཇམ་དཔལ་དབྱངས། །དངོས་ཀྱིས་རྗེས་བཟུང་འཇམ་དཔལ་བཤེས་གཉེན་ཞབས། །གདམས་པའི་བཀའ་བབ་ཁྲག་འཐུང་ནག་པོ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དྲག་སྔགས་མངའ་བདག་ཤཱི༚ནྟ་གྷ་དང་། །མན་ངག་གསང་མཛོད་གཙུག་ལག་དཔལ་དགེ་བ། མཐུ་སྟོབས་དབང་ཕྱུག་བ་སུ་དྷཱ་ར་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དུས་གསུམ་རྒྱལ་བ་ཀུན་གྱི་གསང་བའི་མཛོད། །ས་སྟེང་གྲུབ་པའི་རྒྱལ་པོ་ཨོ་རྒྱན་རྗེ། །བདུད་འདུལ་ཡེ་ཤེས་


LT29_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱ་ཀི་མཚོ་རྒྱལ་མར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འོད་བྱེད་ས་བརྙེས་གསང་སྔགས་བསྟན་པའི་བདག །འཇམ་དཔལ་དངོས་བྱོན་གནུབས་ཆེན་ཡབ་སྲས་དང་། །རིགས་ཆོས་བརྒྱུད་འཛིན་གསེར་གྱི་ཕྲེང་བ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཟབ་གཏེར་སྒོ་འབྱེད་ཞད་ཁྲོམ་རྡོ་རྗེ་འབར། །སྔགས་བསྟན་སྲོག་འཛིན་འགྱུར་མེད་རྡོ་རྗེ་རྩལ། །སྙིགས་མའི་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྒྱུད་དང་མན་ངག་གདམས་པའི་བཀའ་སྲོལ་ཀུན། །གཅིག་འདུས་མཐུ་སྟོབས་མངའ་བདག་དབང་པོའི་སྡེ། །གནམ་ལྕགས་མེ་འབར་བརྒྱུད་པར་བཅས་རྣམས་ལ། །གསོལ་བ་འདེབས་སོ༴ འདས་པའི་སངས་རྒྱས་བཅོམ་ལྡན་འཇམ་པའི་ཏོག །ད་ལྟར་ནོར་བུ་རིན་ཆེན་བརྩེགས་པའི་རྒྱལ། །མ་འོངས་སངས་རྒྱས་མགོན་པོ་ཀུན་གཟིགས་ལ། །གསོལ་བ་འདེབས་སོ༴ སངས་རྒྱས་ཐམས་ཅད་སྐྱེད་པའི་ཡབ་གྱུར་ཀྱང་། །རྒྱལ་བ་ཀུན་གྱི་མདུན་ན་རྒྱལ་སྲས་ཚུལ། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འཇམ་དཔལ་དབྱངས། །གསོལ་བ་འདེབས་སོ༴ ཕྱག་རྒྱ་ཟིལ་གནོན་དེ་བཞིན་གཤེགས་པའི་རིགས། །འཇོམས་བྱེད་ནག་པོ་ལ་སོགས་རྡོ་རྗེའི་རིགས། ཁ་ཐུན་ལ་སོགས་རིན་པོ་ཆེ་ཡི་རིགས། །འཇིགས་བྱེད་རུ་མཚོན་དམར་པོ་


LT29_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་རིགས། །ཤོར་སོང་ཉི་མ་ཁྲོས་པ་ལས་ཀྱི་རིགས། །འཆར་ཁ་ནག་པོ་ཉི་མ་བཞི་པ་དང་། །ཡང་ཟློག་ཀིང་ཀང་ཁྲོ་ཆུ་དུག་གི་གདོང་། །ལས་ཀྱི་བཀའ་སྡོད་ཡ་མ་རཱ་ཛ་དང་། །ཙ་མུནྟྲི་སོགས་དྲག་ཤུལ་ཕོ་ཉའི་ཚོགས། །རབ་འབྱམས་གཤིན་རྗེ་རོལ་པའི་དཀྱིལ་འཁོར་ཆེ། །སྐུ་མཆོག་འཇམ་དཔལ་ཞི་ཁྲོའི་ལྷ་ཚོགས་ལ། །གསོལ་བ་འདེབས་སོ༴ བསྐྱེད་པས་ལྷ་སྣང་གསལ་བརྟན་གྱད་དུ་གྱུར། །རླུང་སྔགས་བཟླས་པས་ངག་ལ་ནུས་པ་འབར། །སྟོང་སྲོག་གཟེར་གྱིས་གཞི་ལམ་འབྲས་བུར་ཐེབས། །འཇམ་དཔལ་གཤིན་རྗེའི་གོ་འཕང་མྱུར་འགྲུབ་ཤོག །སྲུང་བའི་རྫོང་བརྟན་ཟློག་པའི་མཚོན་ཆ་རྣོ། །སྔགས་བསྡེབ་འབྱེད་དང་མདོས་ཀྱི་འཁྲུལ་འཁོར་འབྱངས། །མནན་གཏད་ངན་སྔགས་བསད་པའི་རྣ་ཆ་ལ། །དབང་འབྱོར་མངོན་སྤྱོད་མཐའ་རུ་ཕྱིན་པར་ཤོག །ཚེ་འདིར་འཇམ་དཔལ་དུས་དགྲའི་དབང་པོ་དང་། །དབྱེར་མེད་ཚར་གཅོད་རྗེས་འཛིན་ཕྲིན་ལས་ཀྱིས། །མི་སྲུན་གདུལ་དཀའ་མཐའ་དག་རབ་བཏུལ་ནས། །ཀུན་དུ་གཟིགས་པའི་ཞིང་ཁམས་སྦྱོང་བར་ཤོག ་འཁོར་འདས་ཀུན་གྱི་ཁྱབ་བྱེད་བདེ་གཤེགས་སྙིང་། །གློ་བུར་དྲི་མའི་སྦུབས་ལས་མྱུར་གྲོལ་ཏེ། །གསང་བའི་འཁོར་ལོ་རང་གི་སེམས་ལ་འདུས། །གཞི་ཡི་གནས་ལུགས་རང་ངོ་འཕྲོད་པར་ཤོག །ཆོས་དབྱིངས་སྟོང་པའི་རང་མདངས་སྲིད་པ་


LT29_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། །ཅི་ཡང་མེད་ལས་ཅི་ཡང་འཆར་བར་ཤེས། །སྲིད་པའི་འཁོར་ལོ་ལྟེ་བའི་གནས་སུ་འདུས། །ལམ་གྱི་ཉམས་ལེན་འཁྲུལ་མེད་ཤེས་པར་ཤོག །ཞི་རྒྱས་དབང་དང་བསད་བསྐྲད་འགུགས་དབྱེ་ལྐུགས། །སྨྱོ་འབོག་མནན་པའི་ལས་ཆེན་བཅུ་པོ་འགྲུབ། །གཅོད་པའི་འཁོར་ལོ་ཕྱག་ལ་རབ་འདུས་ནས། །འགྲོ་བ་འདུལ་བའི་ཕྲིན་ལས་ཐོགས་མེད་ཤོག །ཆོས་རྣམས་སེམས་ཀྱིས་སྤྲུལ་ཅིང་རང་གི་སེམས། །སྐུ་གསུམ་རང་བཞིན་འབྲས་བུ་ལྷུན་གྱིས་རྫོགས། །སྤྲུལ་པའི་འཁོར་ལོ་ཞབས་ལ་འདུས་པར་རྟོགས། །འཁོར་ལོ་རྣམ་བཞིའི་དགོངས་པ་མཐར་ཕྱིན་ཤོག །འཇམ་དཔལ་གཞོན་ནུར་གྱུར་པས་རྗེས་བཟུང་ཞིང་། །གཤིན་རྗེ་གཤེད་པོའི་གོ་འཕང་མཆོག་གྲུབ་ནས། །མུ་མཐའ་མེད་པའི་མཁའ་མཉམ་འགྲོ་བ་ཀུན། །གདོད་མའི་དབྱིངས་སུ་སྒྲོལ་བའི་མཐུ་ཐོབ་ཤོག །ཅེས་པ་འདིའང་། བོད་ཡུལ་གནས་ཆེན་ཀུན་གྱི་རྒྱལ་པོ། ཁྱད་པར་འཇམ་དཔལ་སྐུའི་གནས་སྒྲགས་ཀྱི་ཡང་རྫོང་དུ་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་སྒྲུབ་ཟློག་ཞག་གསུམ་མ་ཞིག་བགྱིས་པའི་ཐོག་མར་ལྟས་དང་རྟེན་འབྲེལ་ལེགས་པའང་ཅུང་ཟད་བྱུང་བ་ལ་བརྟེན་ནས། །ཟང་ཆོས་འདི་ལ་བཀའ་བབ་ལུང་བསྟན་ཐོབ་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཡུད་ཙམ་ལ་ཤུར་མར་བྲིས་པ་དགེ་ལེགས་འཕེལ།། ༈ །།སང་འདུས་མི་བསྐྱོད་པ་འགོས་ལུགས་ཀྱི་བརྒྱུད་འདེབས། །ཟབ་གསལ་རིགས་བརྒྱའི་ཁྱབ་བདག་


LT29_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་། །གསང་ཆེན་སྡུད་པོ་ཕྱག་ན་རྡོ་རྗེ་དང་། །ཨིནྡྲ་བྷཱུ་ཏི་ཀླུ་ཡི་རྣལ་འབྱོར་མར། །གསོལ་བ་འདེབས་སོ་རིམ་གཉིས་མཐར་ཕྱིན་ཤོག །བི་སུ་ཀལྤ་དཔལ་ལྡན་ས་ར་ཧ། །འཕགས་མཆོག་ཀླུ་སྒྲུབ་ཨཱརྻ་དེ་བ་དང་། །ནཱ་ག་བོ་དྷི་ཟླ་བ་གྲགས་པ་ལ། །གསོལ་བ༴ སློབ་པའི་རྡོ་རྗེ་ནག་པོ་སྤྱོད་པའི་ཞབས། །དགེ་བའི་མགོན་པོ་ཏེ་ལོ་ནཱ་རོ་པ། །ཤེས་རབ་སྲུང་དང་ཀ་ན་ཀ་ཤྲཱི་ལ། །གསོལ་བ༴ དཱི་པཾ་ཀ་ར་འགོས་ལོ་ལྷས་བཅས་དང་། །སེང་རྒྱལ་ཡེ་ཤེས་སེང་གེ་ཉི་མ་སེང་། །ཉི་ལྕམ་རྔོག་སྟོན་འཕགས་ལྷ་ཐང་སྦེ་པར། །གསོལ་བ༴ གསེར་སྡེང་གཞོན་ནུ་ཆོས་སྐུ་འོད་ཟེར་དང་། །འཕགས་འོད་བུ་སྟོན་རིན་ཆེན་རྣམ་པར་རྒྱལ། །དཔལ་མཆོག་དངོས་གྲུབ་ཟླ་དཔལ་ཚུལ་རྒྱལ་ལ། །གསོལ་བ༴ མཁྱེན་རབ་མཆོག་གྲུབ་དཀོན་མཆོག་དཔལ་བཟང་པོ། །བཀྲ་ཤིས་རྒྱལ་མཚན་དཔལ་ལྡན་ཆོས་བཟང་བ། །རྡོ་རྗེ་འཆང་དངོས་ཀུན་དགའ་སྙིང་པོ་ལ། །གསོལ་བ༴ ཡེ་ཤེས་རྒྱ་མཚོ་བློ་གྲོས་རྣམ་རྒྱལ་དང་། །ངག་དབང་ཕྲིན་ལས་ཀུན་བཟང་དབང་པོ་རྗེ། །ཚེ་དབང་ནོར་བུ་ཕྲིན་ལས་ཤིང་རྟ་ལ། །གསོལ་བ༴ བསྟན་པའི་ཉིན་བྱེད་ཚེ་དབང་ཀུན་ཁྱབ་དང་། །ཀརྨ་རནྟ་འོད་གསལ་འགྱུར་མེད་ཞབས། །སྨིན་གྲོལ་ལམ་སྟོན་རྩ་བའི་བླ་མ་ལ། །གསོལ་བ༴ རྡོ་རྗེ་བཞིས་བསྒྲུབས་སྔགས་ཀྱི་སྐུ་དང་ནི། །སྟོང་


LT29_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དེ་ཉིད་གཉིས་སུ་མེད་པར་ཞུགས། །ཡེ་ཤེས་ལྷ་སྐུར་ཤར་བས་ཕྲ་རགས་ཀྱི། །ཐ་མལ་ང་རྒྱལ་དག་པར་བྱིན་གྱིས་རློབས། །བདེ་གསལ་མི་རྟོག་གཙོར་གྱུར་སྔགས་རྒྱ་དང་། །མཉམ་བཞག་རིམ་པས་སྣང་གསུམ་འོད་གསལ་བཅས། །ལེགས་འབྱངས་དོན་དམ་རྡོ་རྗེའི་བཟླས་པ་ཡིས། །སྲོག་རྩོལ་དབང་དུ་གྱུར་པར་བྱིན་གྱིས་རློབས། །མི་ཤིགས་སྔགས་དང་རླུང་གི་རྫས་ཀྱི་མཐུས། །ཏིང་ངེ་འཛིན་གྱི་སྒྱུ་མ་རབ་ཐོབ་ཅིང་། །རླུང་སེམས་དྭངས་མ་རྡོ་རྗེ་སེམས་དཔའི་སྐུ། །མི་འགྱུར་བདེ་ཆེན་ཐོབ་པར་བྱིན་གྱིས་རློབས། །རྫས་སྔགས་རླུང་གི་ཐིག་ལེས་དུག་གསུམ་པོ། །ལམ་བྱེད་ཕྱག་རྒྱ་གསུམ་གྱིས་སྣང་བ་རྣམས། །རྣམ་དག་འོད་གསལ་མངོན་ཏུ་བྱེད་པའི་གྲོགས། །བརྟུལ་ཞུགས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །སྣང་གསུམ་གྱིས་བསྡུས་ཁམས་གསུམ་སྒྲིབ་པའི་ལྕགས། །འོད་གསལ་འགྱུར་མེད་བདེ་བའི་རྩིས་ཟོས་པས། །ཟུང་འཇུག་གསེར་བཟང་སྒྱུ་འཕྲུལ་དྲྭ་བའི་སྐུ། །བདེན་གཉིས་དབྱེར་མེད་རྡོ་རྗེ་འཆང་འགྲུབ་ཤོག །ཅེས་པ་འདིའང་རྡོ་རྗེའི་རྣལ་འབྱོར་པ་བླ་མ་ངག་དབང་ཆོས་འཕེལ་གྱི་ཐུགས་བཞེད་ལྟར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་ལྡན་ཛཾ་ཐང་གི་ཆོས་སྡེར་བྲིས་པ་དགེ་ལེགས་འཕེལ།། ༈ །།རྫོགས་ལྡན་བཀའ་དང་བསྟན་བཅོས་མ་ལུས་པར། །རྟོན་པ་བཞི་ཡི་སྣང་བ་ཆེར་རྒྱས་ཏེ། །སྙིང་


LT29_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བསྟན་པའི་མེ་རོ་སློང་མཛད་པ། །སྒྲོལ་བའི་མགོན་པོའི་ཞབས་ལ་གསོལ་བ་འདེབས། །བཅོས་མ་གློ་བུར་རང་བཞིན་གཉུག་མ་ཡི། །བདེན་གཉིས་རྒྱལ་ཁམས་རྣམ་པར་དབྱེ་བ་ལ། །ངེས་པ་དོན་གྱི་རྒྱལ་ཚབ་སྣར་ཐང་པ། །རིན་ཆེན་རྒྱ་མཚོའི་ཞབས་ལ༴ རྟོག་གེའི་སྤྱོད་ཡུལ་འཁོར་བའི་རྒྱ་མཚོ་བརྒལ། །རྣལ་འབྱོར་སྤྱོད་ཡུལ་ཞི་བའི་གླིང་དུ་གཤེགས། །ཁྱབ་རྟག་ཕྲིན་ལས་འདོད་རྒུ་ལྷུག་པར་བསྩལ། །བློ་གྲོས་རྣམ་རྒྱལ་ཞབས་ལ༴ རྣམ་གསུམ་ངོ་བོ་ཉིད་མེད་མཁས་པའི་ཕུལ། །འཕོ་བྲལ་བརྟུལ་ཞུགས་མཐར་ཕྱིན་བཙུན་པའི་རབ། །བྱང་ཆུབ་ཐུགས་གཉིས་འབྱངས་པ་བཟང་པོའི་མཆོག །ངག་དབང་ཕྲིན་ལས་ཞབས་ལ༴ འགལ་འདུའི་སྐྱོན་མེད་དོན་དམ་བདེན་གཅིག་པུ། །ཐོས་བསམ་སྒོམ་པའི་སྟོབས་ཀྱིས་ལེགས་རྟོགས་ནས། །འཁྲུལ་ལུགས་ཤན་ཕྱེ་གཤིས་ལུགས་ལ་ཟློ་བ། །ཀུན་བཟང་དབང་པོའི་ཞབས༴ སྟོང་ཆེན་འགྱུར་མེད་ལྔ་ཡི་ཨེ་དབྱིངས་སུ། །ཐིག་ལེ་སྟོང་པ་འགྱུར་མེད་དྲུག་གི་ཝཾ། །ཟུང་འཇུག་སྒྱུ་མའི་སྐུར་སྣང་རིག་པ་འཛིན། །ཚེ་དབང་ནོར་བུའི་ཞབས༴ ཐོགས་མེད་ཞལ་གཟིགས་བྱམས་ཆོས་དགོངས་དོན་ལ། །མངའ་བརྙེས་ཕྱིར་མི་ལྡོག་པའི་གཏམ་སྟོན་པ། །ཤེས་བྱ་ཀུན་གཟིགས་མ་ཧཱ་པཎྜི་ཏ། །ཆོས་ཀྱི་འབྱུང་གནས་ཞབས་ལ༴


LT29_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

གཤིས་ལུགས་མཐར་ཐུག་ཕུང་པོ་གསུམ་པའི་དོན། །གངས་རིའི་ལྗོངས་ན་སེང་གེའི་སྒྲས་སྒྲོགས་པའི། །སྤྱན་རས་གཟིགས་དབང་དཔལ་ལྡན་ཀརྨ་པ། །བདུད་འདུལ་རྡོ་རྗེའི་ཞབས་ལ༴ བྱིན་རླབས་སྟོབས་ཀྱིས་སྐལ་ལྡན་གདུལ་བྱ་རྣམས། །རིགས་ཁམས་ཐེག་པ་ཆེན་པོར་སད་པར་མཛད། །མི་ཕམ་མགོན་པོ་བཤེས་གཉེན་ཚུལ་བཟུང་བ། །པདྨ་ཉིན་བྱེད་དབང་པོར་གསོལ་བ་འདེབས། །ཡང་ན་ཆོས་ཀྱི་འབྱུང་གནས་རྗེས་སུ། ཆོས་ལྔ་རང་བཞིན་གསུམ་དང་བདག་མེད་གཉིས། །ཐུགས་སུ་ཆུད་ནས་ལེགས་པར་རྣམ་འབྱེད་ཀྱི། །ངེས་དོན་འཁོར་ལོ་ཕྱོགས་མེད་བསྐོར་བ་པོ། །ཚེ་དབང་ཀུན་ཁྱབ་ཞབས་ལ༴ གསོལ་བ་འདེབས། །དྲི་མེད་ལུང་དང་རིག་པའི་མེ་ལྕེ་ཡིས། །སུམ་ལྡན་མར་བཅད་ལྟ་ངན་ཚང་ཚིང་བསྲེགས། །མཐར་ཐུག་དབུ་མའི་ལྟ་བ་སྣང་མཛད་པ། །ཚེ་དབང་མཆོག་གྲུབ་ཞབས་ལ༴ བཅུ་ཕྲག་རིག་པའི་གནས་རྣམས་ཐུགས་སུ་ཆུད། །མཁའ་ཁྱབ་འོད་གསལ་གཉུག་མའི་གྲུབ་མཐའ་སློང་། །མི་ཕམ་མགོན་པོས་བྱིན་རླབས་དབུགས་དབྱུང་ཐོབ། །འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གསོལ་བ་འདེབས། གཞན་སྟོང་དབུ་མའི་བརྒྱུད་འདེབས་ཀྱི་ཁ་སྐོང་འདི་བཞིན་རྣམ་འདྲེན་ངག་དབང་ཆོས་འཕེལ་ཐུགས་བཞེད་ལྟར་བློ་གྲོས་མཐའ་ཡས་ཀྱིས་བྲིས་པ་དགེ།། ༈ །།སྟོད་འདུལ་ཁ་ཆེ་བརྒྱུད་པའི་སྡོམ་རྒྱུན་གསོ་


LT29_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་མུ་ཏིག་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །ན་མོ་ཤཱཀྱ་མུ་ན་ཡེ། །མཚན་ཙམ་ཐོས་པས་བསྐལ་ཆེན་བརྒྱད་ཁྲི་ཡི། །འཁོར་བའི་མཐའ་བསྙིལ་བྱང་ཆུབ་ལམ་བཟང་ལས། །ཕྱིར་མི་ལྡོག་མཛད་སྟོན་པ་ཐུགས་རྗེ་ཅན། །མཉམ་མེད་ཤཱཀྱའི་རྒྱལ་པོར་གསོལ་བ་འདེབས། །ཤེས་རབ་ཅན་མཆོག་འཕགས་པ་ཤཱ་རིའི་བུ། །བསླབ་ལ་གུས་མཆོག་རྒྱལ་སྲས་སྒྲ་གཅན་འཛིན། །གནས་བརྟན་གྲུབ་བརྒྱའི་སྤྱི་མེས་རཱ་ཧུ་ལ། །འཕགས་མཆོག་ཀླུ་སྒྲུབ་ཞབས་ལ་གསོལ༴ ཉོན་མོངས་དགྲ་བཅོམ་གུ་་མ་ཏི་དང་། །རིག་གྲོལ་བརྒྱད་ལྡན་རནྟ་མི་ཏྲའི་ཞབས། །རིག་པའི་དབང་ཕྱུག་དྷརྨ་བྷ་དྲ་དང་། །གུ་་ས་མུ་དྲ་ལ༴ དྷརྨ་མཱ་ལཱ་བློ་གྲོས་འབྱུང་གནས་སྤས། །རབ་གསལ་རྣམ་འཕྲུལ་པ་ཆེན་ཤཱཀྱ་ཤྲཱི། །རྒྱལ་བསྟན་གསལ་མཛད་འཕགས་པ་བྱང་ཆུབ་དཔལ། །འདུལ་འཛིན་དབང་ཕྱུག་གྲགས་ལ༴ ལྷ་མིའི་གཙུག་རྒྱན་གཞོན་ནུ་བྱང་ཆུབ་དང་། །ཚུལ་ཁྲིམས་ཕུང་པོ་རབ་རྫོགས་ཡོན་རྒྱལ་མཚན། །ཕར་ཕྱིན་དྲུག་ལྡན་ཡོན་ཏན་བློ་གྲོས་དང་། །འཇིགས་བྲལ་སེང་གེ་དཔལ་ལ༴ འཕགས་པའི་སྣང་བརྙན་རབ་འབྱོར་སེང་གེ་དང་། །རིགས་ལྡན་རྣམ་འཕྲུལ་ཆོས་གྲུབ་སེང་གེའི་མཚན། །འཇིག་རྟེན་དབང་ཕྱུག་མི་སྐྱོད་དགའ་བའི་ཞབས། །དཀོན་མཆོག་ཡན་ལག་དཔལ་ལ༴ འབྲེལ་ཚད་དོན་ལྡན་དབང་ཕྱུག་རྡོ་རྗེའི་ཞབས། །


LT29_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

གར་དབང་རྡོ་རྗེ་འཆང་དངོས་ཆོས་ཀྱི་དབང་། །མཁས་ཤིང་གྲུབ་པའི་དབང་ཕྱུག་བདུད་རྩིའི་མཚན། །མཁན་ཆེན་རྣམ་རོལ་ཞབས་ལ༴ ཡོངས་རྫོགས་བསྟན་འཛིན་ཆོས་ཀྱི་དོན་གྲུབ་ཞབས། །ཐམས་ཅད་མཁྱེན་གཟིགས་བསྟན་པའི་ཉིན་མོར་བྱེད། །པད་དཀར་འཆང་དངོས་བདུད་འདུལ་རྡོ་རྗེ་དང་། །པདྨ་ཉིན་བྱེད་དབང་པོར༴ ཀརྨ་ངེས་དོན་བསྟན་པ་རབ་རྒྱས་ཞབས། །ངག་གི་དབང་ཕྱུག་ཡོན་ཏན་རྒྱ་མཚོའི་མཚན། །ཐུབ་བསྟན་སྒོར་གཞུག་མཁན་སློབ་རྣམ་གཉིས་སོགས། །སོ་ཐར་བརྒྱུད་པའི་བླ་མར༴ ངེས་འབྱུང་བསམ་པས་རྒྱལ་བའི་བསྟན་ལ་ཞུགས། །སྡོམ་པ་སྐྱེ་ཤིང་གནས་པའི་མཐུན་རྐྱེན་ཚོགས། །སྤང་དང་འཇུག་པའི་བསླབ་བྱ་རྒྱུད་ལ་འབྱོར། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བྱིན་གྱིས་རློབས། །ལྟུང་བའི་སྒོ་བཞི་དྲན་ཤེས་སོ་པས་བཅད། །ཚུལ་ཁྲིམས་རྒྱལ་མཚན་ཉེས་པའི་དྲིས་མ་གོས། །བསླབ་པ་གསུམ་གྱི་ཕུང་པོ་རབ་རྫོགས་ནས། །ཐུབ་པའི་བསྟན་ལ་བྱ་བ་བྱེད་ནུས་ཤོག །ནམ་མཁའི་མཐའ་མཉམ་འགྲོ་བ་མ་ལུས་པ། །ཁྱིམ་སྤངས་རབ་ཏུ་བྱུང་བའི་བརྟུལ་ཞུགས་ཀྱིས། ཚུལ་ཁྲིམས་མཐར་ཕྱིན་གཙང་རྟག་བདེ་བའི་སྐུ། །ཐམས་ཅད་མཁྱེན་པའི་གོ་འཕང་ལ་འཁོད་ཤོག །ཅེས་པ་འདིའང་བསྟན་པ་དང་དམ་པའི་ཆོས་ལ་རྩེ་གཅིག་ཏུ་འདུན་ཅིང་ལྔ་རིག་སྨྲ་བའི་བློ་གྲོས་གསལ་བ་ཀརྨ་སངས་རྒྱས་ཆོས་འཕེལ་ནས་བསྐུལ་ངོར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་


LT29_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སྤུངས་ཀྱི་གཙུག་ལག་ཁང་དུ་སྤེལ་བ་དགེ་ལེགས་འཕེལ།། ༈ །།ཨེ་མ་ཧོཿནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། །འོད་དཔག་མེད་མགོན་ཀུན་ཁྱབ་ཆོས་ཀྱི་སྐུ། །སངས་རྒྱས་སྣང་མཐའ་ཡས་ལ་གསོལ་བ་འདེབས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །ལྷོ་ཕྱོགས་པོ་ཏ་ལ་ཡི་གནས་མཆོག་ཏུ། །འོད་དཔག་མེད་མགོན་ལོངས་སྤྱོད་རྫོགས་པའི་སྐུ། །འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། །བྱམས་དང་སྙིང་རྗེ་འབྱོང་བར་བྱིན་གྱིས་རློབས། །ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་སུ། །འོད་དཔག་མེད་མགོན་ཐུགས་རྗེ་སྤྲུལ་པའི་སྐུ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །སྣང་སྲིད་དག་པ་རབ་འབྱམས་ཕོ་བྲང་དུ། །འོད་དཔག་མེད་མགོན་འགྲོ་འདུལ་སྒྱུ་མའི་གར། །མཁས་གྲུབ་ཆགས་མེད་ཡབ་སྲས་ལ་གསོལ་བ་འདེབས། །རྗེ་བཙུན་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །ཚེ་འདིར་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས། །འཕོས་མ་ཐག་ཏུ་བདེ་ཆེན་ཞིང་སྐྱས་ནས། །སངས་རྒྱས་ཞལ་མཐོང་ས་ལམ་ཡོངས་ས་རྫོགས། །བྱང་ཆུབ་ཆེན་པོའི་གོ་འཕང་མྱུར་ཐོབ་ཤོག །ཅེས་གནམ་ཆོས་འོད་ཆོག་བརྒྱུད་འདེབས་སུ་གླིང་རྗེ་བཙུན་མ་འཇམ་དབྱངས་ཚུལ་ཁྲིམས་དབང་མོའི་ཐུགས་བཞེད་ལྟར་བློ་གྲོས་མཐའ་ཡས་ཀྱིས་སྤེལ་བ་དགེ། །


LT29_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་དོན་ཕྱག་རྒྱ་ཆེན་པོའི་སྟོན་པ་རུ། །རྒྱལ་བས་ལུང་བསྟན་དྭགས་པོ་ལྷ་རྗེའི་མཚན། །གྲོལ་བ་བཞི་ལྡན་ཆོས་རྗེ་ཀརྨ་པ། །རང་བྱུང་མཚོ་སྐྱེས་རྒྱལ་བ་གཉིས་པའི་ཞབས། །སྙིགས་མའི་དུས་སུ་སངས་རྒྱས་སྐུར་སྣང་བ། །བཀའ་བརྒྱུད་ཀུན་འདུས་པདྨ་ཉིན་མོར་བྱེད། །རྡོ་རྗེའི་ཐུགས་དང་ཡེ་ཤེས་སྐུ་བརྙེས་པ། །དྭགས་པོ་བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོ་ལ། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཡང་ཡང་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྗེ་བཙུན་ཁྱེད་ཀྱི་སྐུ་དང་མཉམ་པ་དང་། །ཁྱེད་གསུང་བདག་གི་བརྗོད་པར་གྲུབ་པ་དང་། །ཁྱེད་ཀྱི་རྟོགས་པ་བདག་ལ་འཕོ་བར་མཛོད། །དོན་གཉིས་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ། །ཐོག་མེད་དུས་ཀྱི་འཁྲུལ་པ་ཚབས་ཆེ་བས། །རྟག་ཏུ་འགྲོགས་ཀྱང་རང་ཞལ་མ་མཐོང་བར། །ཐེ་ཚོམ་སྙོམ་སྐྱུར་ཁོ་ནས་དུས་འདའ་བའི། །མ་རིག་མུན་པ་བླ་མས་བསལ་དུ་གསོལ། །རང་སེམས་འཁྲུལ་པ་དགྲ་རུ་ཤར་བ་ཡི། །རིགས་དྲུག་འཁོར་བའི་སྡུག་བསྔལ་སྣ་ཚོགས་ལ། །རྟག་ཏུ་སྤྱོད་ཀྱང་ད་དུང་མི་འཚེར་བའི། །སྙིང་སྐྲན་ནད་འདི་བླ་མས་བརྟོལ་དུ་གསོལ། །ལས་མཐའ་ཕྱིར་བཟློག་བདུད་ཀྱི་ལུང་བསྟན་དང་། །ཆོས་བརྒྱད་བསོད་ནམས་ཆོས་མིན་སྟོབས་འབྱོར་དང་། །ཟང་ཟིང་གཡེང་བས་མི་ཚེ་སྟོང་ཟད་པ། །བརྒལ་དཀའི་འཕྲང་ལས་


LT29_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མས་བསྒྲལ་དུ་གསོལ། །མོས་གུས་ཆུང་ཞིང་དག་སྣང་སྙིང་རྗེ་མེད། །ལས་འབྲས་ཚུལ་ལ་ཡིད་ཆེས་མི་སྐྱེ་བར། །ཆོས་མིན་ལས་ཀྱིས་རྟག་ཏུ་མགོ་འཁོར་བའི། །བདུད་ཀྱི་ཕོ་ཉ་བླ་མས་བཟློག་ཏུ་གསོལ། །རྒྱལ་བའི་བཀའ་དང་བླ་མའི་གདམས་ངག་ལ། །ངེས་ཤེས་རྙེད་པས་རྟོགས་པ་ནང་ནས་བརྡོལ། །གནས་ལུགས་རང་ཞལ་རང་གིས་མཚོན་ནས་སུ། །བློ་བདེའི་གདིང་ཆེན་བླ་མས་སྩལ་དུ་གསོལ། །དངོས་སྣང་ཐམས་ཅད་རྨི་ལམ་སྒྱུ་མ་བཞིན། །བདེན་གྲུབ་རྡུལ་ཙམ་མེད་ཀྱང་འཁོར་བ་རུ། །དར་དྲགས་ཡུན་རིང་སྡོད་པའི་ཆགས་སྡང་མཁན། །ལས་ངན་གཡང་ལས་བླ་མས་བསྲུང་དུ་གསོལ། །དེ་བདག་དངོས་པོ་གདོད་ནས་མ་གྲུབ་པར། །རི་བོང་རྭ་དང་མོ་གཤམ་བུ་ལྟ་བུར། མ་རྟོགས་སྟོང་པའི་མཁའ་ལ་མདུད་པ་བོར། །ཨ་འཐས་རྒྱ་འདི་བླ་མས་བཤིག་ཏུ་གསོལ། །འཁོར་འདས་གཉིས་པོ་རྟོགས་དང་མ་རྟོགས་ལས། །མེད་ཀྱང་སྤང་བླང་དགག་སྒྲུབ་མཚན་མས་བཅིངས། །གནས་ལུགས་དོན་ལ་བློ་གྲོས་རྒྱ་ཆུང་བ། །འདུ་ཤེས་འཆིང་བ་བླ་མས་བཅད་དུ་གསོལ། །ཐ་མལ་དུས་ཀྱི་བཟོ་མེད་རིག་པ་འདི། །ལྷུག་པར་སྐྱོང་ལས་བྱ་རྒྱུ་གཞན་མེད་པར། །རྩོལ་མེད་ཆོས་སྐུའི་ཉི་མ་འཁོར་ཡུག་ཤར། །བློ་འདས་རང་ཞལ་བླ་མས་སྤྲད་དུ་གསོལ། །གང་ཤར་རྟོག་པ་མ་བཅོས་རང་ཐོག་ཏུ། །ཕྱམ་


LT29_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བཞག་པས་གཉུག་མའི་གཏེར་ཁ་རྡོལ། །དྲན་འཛིན་བློས་བྱས་རྩོལ་བའི་སླད་མེད་པར། །རྟོགས་པའི་སྒྲོན་མེ་བླ་མས་སྦར་དུ་གསོལ། །རྣམ་རྟོག་རྫུན་རིས་ཆུ་ཡི་གཉེར་མ་ཀུན། །སྤང་བླང་མ་དགོས་རིན་ཆེན་གསེར་གླིང་བཞིན། །སྣང་སེམས་སྐུ་དང་ཡེ་ཤེས་ལ་བཟླ་བ། རྟོགས་གྲོལ་དུས་མཉམ་བླ་མས་མཛད་དུ་གསོལ། །བསམ་རྒྱུ་དམ་པའི་ཆོས་ལས་མེད་པ་དང་། །སྐྱོང་རྒྱུ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །རྒྱུད་ལ་འབྱོར་བས་ཚེ་གཅིག་ལུས་གཅིག་ཏུ། བཀའ་བརྒྱུད་བླ་མའི་གོ་འཕང་འགྲུབ་པར་ཤོག །ཅེས་པའང་། ལུགས་གཉིས་མཁྱེན་པའི་སྤྱན་ཡངས་མི་རྗེ་ཀརྨ་ལྷ་དར་ནས་བསྐུལ་ངོར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་བྱམས་མགོན་གཉིས་པའི་གང་ནས་དཔལ་སྤུངས་ཀྱི་གཙུག་ལག་ཁང་དུ་ས་ཟླའི་གྲལ་ཚེས་བཅོ་ལྔར་བྲིས་པ་དགེ་ལེགས་འཕེལ།། ༈ །།ཆོས་སྐུའི་ཞིང་དུ་གཟི་བརྗིད་འོད་དཔག་མེད། །ལོངས་སྤྱོད་ཡོངས་རྫོགས་རྣམ་སྣང་གངས་ཆེན་མཚོ། །སྤྱན་རས་གཟིགས་དབང་འགྲོ་འདུལ་སྤྲུལ་པའི་སྐུ། །བདུད་འདུལ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །སྲིད་ལས་འདས་ཀྱང་སྲིད་པའི་སྒྱུ་འཕྲུལ་གྱིས། །འཁོར་བ་དོང་སྤྲུགས་སྙིང་རྗེའི་རོལ་པ་ཅན། །གྲོལ་བ་བཞི་ལྡན་མཚུངས་མེད་ཀརྨ་པ། ཐེག་མཆོག་རྡོ་རྗེའི་ཞབས་ལ༴ །བཀའ་བརྒྱུད་ནོར་བུའི་ཕྲེང་བ་མ་ལུས་པའི། །མཁྱེན་བརྩེ་ནུས་པ་གཅིག་ཏུ་བསྡུས་པའི་གཟུགས་


LT29_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་བརྒྱུད་བསྟན་པ་ཉིན་མོར་མཛད་པའི་མགོན། །གཙུག་ལག་ཆོས་ཀྱི་སྣང་བར༴ བདེ་བ་ཅན་ཏུ་བྱང་སེམས་ཆོས་ཀྱི་འབྱུང་། །དགའ་ལྡན་གནས་སུ་རྒྱལ་ཚབ་ས་བཅུའི་མགོན། །དགྱེས་མཛད་མར་པ་ལོ་ཙཱའི་སྒྱུ་འཕྲུལ་མཆོག །པདྨ་ཉིན་བྱེད་དབང་པོར༴ སྒྲུབ་བརྒྱུད་བསྟན་འགྲོའི་དཔལ་མགོན་བསམ་བཞིན་ཏུ། །སྲིད་པའི་ཚུལ་བཟུང་པདྨའི་རྣམ་པར་འཕྲུལ། །པདྨས་ལུང་བསྟན་ཏཱ་ཡི་སི་ཏུ་མཆོག །ཀུན་བཟང་ཆོས་ཀྱི་རྒྱལ་པོར༴ འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་རང་གཟུགས་ལས། །ངོ་མཚར་རྣམ་ཐར་བསམ་གྱིས་མི་ཁྱབ་པས། །འབྲེལ་ཚད་ཐར་པའི་ལམ་དུ་སྦྱོར་མཛད་པ། །ཀརྨ་ཆགས་མེད་ཞབས་ལ༴ དྲི་མེད་བཤེས་གཉེན་འཇམ་མགོན་ཁྲི་ལྡེའི་ཞབས། །ཡེ་ཤེས་གཅིག་བསྡུས་ཁ་བ་ཅན་ལྗོངས་ན། །འགྲན་ཟླ་ཀུན་བྲལ་མཁས་ཤིང་གྲུབ་པའི་གཙོ། །པདྨ་མདོ་སྔགས་གླིང་པར༴ ངོ་མཚར་གནས་གཏེར་མཛོད་སྒོ་བརྒྱ་ཕྲག་འབྱེད། །གངས་ཅན་བསྟན་འགྲོ་སྐྱོབ་པའི་དཔུང་གཉེན་མཆོག །གཏེར་འབྱིན་གྲུབ་པ་ཡོངས་ཀྱི་འཁོར་ལོས་སྒྱུར། །ཨོ་རྒྱན་མཆོག་གྱུར་གླིང་པར༴ དྲི་མེད་ཟླ་ཤར་ཡེ་ཤེས་བརྩེགས་པ་སོགས། །སྐྱེས་རབས་དུ་མར་སྙིང་པོའི་བསྟན་པ་ལ། །རླབས་ཆེན་ཕྲིན་ལས་སྒྲུབ་པ་རྒྱལ་བའི་སྲས། །མཁན་ཆེན་ཟླ་བ་བཟང་པོར༴ ལང་གྲོ་


LT29_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཙཱ་རཏྣ་གླིང་སོགས་ཀྱི། །ཡེ་ཤེས་སྒྱུ་འཕྲུལ་རྡོ་རྗེའི་ལུང་གིས་བསྔགས། །སྐྱེ་བར་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་འཛིན། །བསྟན་འཛིན་ཕྲིན་ལས་ཞབས་ལ༴ དྭགས་པོ་ལྷ་རྗེ་གཡུ་ཐོག་ཡོན་ཏན་མགོན། །ཐང་སྟོང་རྒྱལ་སོགས་དམ་པས་བྱིན་བརླབས་ཤིང་། །སྙིང་པོའི་བསྟན་པ་གསལ་མཛད་ཆོས་ཀྱི་རྗེ། །བསམ་གཏན་མཆོག་གི་སྤྲུལ་སྐུར༴ རྒྱལ་བའི་སྤྱན་སྔར་ཐོས་པ་འཛིན་པའི་མཆོག །གུ་རུའི་རྒྱལ་ཚབ་ལོ་ཆེན་རྣམ་སྣང་མཛད། །བསྐལ་བཟང་སངས་རྒྱས་མོས་པར་ལུང་བསྟན་པ། །བློ་གྲོས་མཐའ་ཡས་ཞབས་ལ༴ ལྷག་པའི་བསླབ་པ་གསུམ་གྱིས་རྒྱུད་གཏམས་ཤིང་། །སྨིན་གྲོལ་གདམས་ངག་ཟབ་མོའི་བང་མཛོད་འཆང་། །རིམ་གཉིས་མངོན་པར་རྟོགས་པས་ས་བཅུ་ལ། །བགྲོད། །ཡུལ་འཁོར་སྐྱོང་གི་སྲས་སྟོང་གི་ཐ་ཆུང་དེའོ། པའི་རྣམ་འདྲེན་མཆོག་དེར་གསོལ་བ་འདེབས། །དམ་པ་རྣམས་ལ་གུས་པས་ཕྱག་འཚལ་ཞིང་། །མཆོད་འབུལ་སྡིག་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་གསུང་བསྐུལ་ཞིང་བསྐལ་བརྒྱར་བཞུགས་གསོལ་འདེབས། །དགེ་བས་འགྲོ་ཀུན་རྡོ་རྗེ་འཆང་ཐོབ་ཤོག །ཅེས་པ་འདིའང་ཐུན་མོང་རྗེས་འཛིན་གྱི་རིག་པ་ལ་ཕུལ་དུ་བྱུང་བའི་རྣམ་དཔྱོད་ལྡན་པ་ཀརྨ་བསམ་གཏན་ནས་བསྐུལ་ངོར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་བྲིས་པ་དགེ་ལེགས་འཕེལ།། ༈ །།བསྟན་པ་སྤྱིའི་གསོལ་འདེབས་བཀྲ་ཤིས་


LT29_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གནས་ཞེས་བྱ་བ། ཨེ་མ་ཧོ། ལྷ་མིའི་སྟོན་པ་མཉམ་མེད་ཤཱཀྱ་ཐུབ། །ཉན་ཐོས་མཆོག་བརྒྱད་གནས་བརྟན་བཅུ་དྲུག་དང་། །བསྟན་པའི་གཏད་རབས་བདུན་ལ་སོགས་པ་ཡི། །སོ་ཐར་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །བསྐལ་བཟང་སངས་རྒྱས་སྟོང་དང་སེམས་དཔའ་གཉིས། །སྨན་བླ་མཆེད་བདུན་ཉེ་བའི་སྲས་ཆེན་བརྒྱད། །ཟབ་མོ་ལྟ་བརྒྱུད་རྒྱ་ཆེན་སྤྱོད་བརྒྱུད་ཀྱི། །རྒྱལ་བ་སྲས་དང་བཅས་ལ་གསོལ་བ་འདེབས། །རྒྱན་དྲུག་ཆེ་བཞི་རྨད་བྱུང་སློབ་དཔོན་གཉིས། །གྲུབ་ཆེན་བརྒྱད་ཅུ་མཁས་པ་སྒོ་དྲུག་དང་། །ཞི་འཚོ་རྡོ་རྗེ་གདན་པ་ཤཱཀྱ་ཤྲཱི། །རྒྱ་གར་མཁས་གྲུབ་རྣམས་ལ༴ ཀུན་བཟང་རིགས་ལྔ་སྟོན་པ་བཅུ་གཉིས་དང་། །རྡོར་སེམས་དགའ་རབ་ཤྲཱི་སེང་བི་མ་ལ། །རྒྱལ་ཀུན་འདུས་ཞལ་པད་འབྱུང་ཡབ་ཡུམ་སོགས། །རྫོགས་ཆེན་བརྒྱུད་པ་རྣམས་ལ༴ རྡོ་རྗེ་འཆང་ཆེན་ཏེ་ལོ་ནཱ་རོ་དང་། །མར་པ་མི་ལ་དྭགས་པོ་ཁུ་དབོན་ཞབས། །ཀར་འབྲུག་འབྲི་སྟག་ཚལ་པ་འབའ་རོམ་སོགས། །ཕྱག་ཆེན་བརྒྱུད་པ་རྣམས་ལ༴ ཡེ་ཤེས་མཁའ་འགྲོ་ཁྱུང་པོ་རྣལ་འབྱོར་པ། །རིན་ཆེན་བརྩོན་འགྲུས་དབོན་སྟོན་གཉན་སྟོན་རྗེ། །སངས་རྒྱས་སྟོན་པ་མཁས་གྲུབ་རྣམ་གསུམ་སོགས། །ཆོས་དྲུག་བརྒྱུད་པ་རྣམས་ལ༴ ཆོས་རྒྱལ་བདུན་དང་རིགས་ལྡན་སུམ་ཅུ་ལྔ། །དུས་ཞབས་ཆེ་ཆུང་ཀུན་མཁྱེན་ཡབ་སྲས་བཞི། །


LT29_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་སྒྲོལ་བའི་མགོན་པོ་ལ་སོགས་པ། །སྦྱོར་དྲུག་བརྒྱུད་པ་རྣམས་ལ༴ འབྲོག་མི་ལོ་ཙཱ་འཇམ་དབྱངས་བདུན་བརྒྱུད་དང་། །ཀུན་དགའ་རྣམ་གཉིས་གཡག་རོང་གོ་ཤཱཀ་སོགས། །ས་ངོར་རྫོང་གསུམ་དཔལ་ལྡན་ཚར་པ་ཡི། །ལས་འབྲས་བརྒྱུད་པ་རྣམས་ལ༴ དཔལ་ལྡན་ཨ་ཏི་ཤ་དང་ཁུ་རྡོག་འབྲོམ། །རྒྱལ་སྲས་སྐུ་མཆེད་གསུམ་དང་བྱ་ཡུལ་བ། །གླང་རི་ཐང་པ་འབྱུང་གནས་རྡོ་རྗེ་སོགས། །བཀའ་གདམས་བརྒྱུད་པ་རྣམས༴ དམ་པ་རྒྱ་གར་ལབ་ཀྱི་སྒྲོན་མ་དང་། །བཀའ་བབ་བུ་ཆེན་བཅུ་དྲུག་ལ་སོགས་པ། །དམ་ཆོས་སྡུག་བསྔལ་ཐམས་ཅད་ཞི་བྱེད་དང་། །གཅོད་ཡུལ་བརྒྱུད་པ་རྣམས་ལ༴ དགེ་སློང་དཔལ་མོ་པ་ཆེན་རྣམ་པ་གཉིས། །པེ་ཉ་བ་དང་བྱང་སེམས་ཟླ་རྒྱལ་ཞབས། །རྒྱལ་སྲས་ཐོགས་མེད་སྙག་ཕུ་བ་ལ་སོགས། །སྨྱུང་གནས་བརྒྱུད་པ་རྣམས་ལ༴ ཀླུ་སྒྲུབ་ཡབ་སྲས་ཟླ་གྲགས་ཞི་བ་ལྷ། །པ་ཚབ་ལོ་ཙཱ་འཇམ་དབྱངས་ཙོང་ཁ་པ། །རྒྱལ་ཚབ་གཙང་པ་བདུན་བརྒྱུད་ལ་སོགས་པ། །དབུ་མ་བརྒྱུད་པ་རྣམས་ལ༴ ཐོགས་མེད་སྐུ་མཆེད་རིན་འབྱུང་མཻ་ཏྲི་པ། །གཟུ་བཙན་རྣམ་གཉིས་ཀུན་མཁྱེན་རང་བྱུང་བ། །ཆོས་གྲགས་རྒྱ་མཚོ་ཆོས་ཀྱི་འབྱུང་གནས་སོགས། །ངེས་དོན་བརྒྱུད་པ༴ རྗེ་འབངས་ཉེར་ལྔ་ཉང་གུར་རྒོད་ལྡེམ་ཅན། །གླིང་པ་བཅུ་གཅིག་དྲི་མེད་སྡེ་ལྔ་དང་། །ནུས་ལྡན་ཉི་ཤུ་རྩ་གཅིག་ལ་སོགས་པ། །ཟབ་


LT29_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་བརྒྱུད་པ་རྣམས་ལ༴ སོ་ཟུར་གནུབས་གསུམ་དམ་གཙང་བྱམས་གསུམ་དང་། །རོང་ཟོམ་ལོ་ཙཱ་སྣང་སོག་གངས་གསུམ་དང་། །ཀརྨ་ཆགས་མེད་ཀུན་བཟང་ཤེས་རབ་སོགས། །མདོ་སྒྱུ་སེམས་བརྒྱུད་རྣམས་ལ༴ བཻ་རོ་ཀ་ཅོག་ཞང་གསུམ་རིན་ཆེན་བཟང་། །གསང་ཕུའི་སེང་ཆེན་བརྒྱད་དང་རིན་ཆེན་གྲུབ། །བོ་དོང་འཇིགས་བྲལ་ཆེ་སོགས་བོད་ཡུལ་གྱི། །མཁས་གྲུབ་སྐྱེས་མཆོག་རྣམས་ལ༴ སྲོང་བཙན་སྒམ་པོ་ཁྲི་སྲོང་ལྡེའུ་བཙན་དང་། །མངའ་བདག་ཁྲི་རལ་ཡེ་ཤེས་འོད་ལ་སོགས། །སར་གནས་བྱང་སེམས་ཁྱིམ་པའི་ཚུལ་འཛིན་པ། །བསྟན་སྐྱོང་ཆོས་རྒྱལ་རྣམས་ལ༴ མཆོག་གསུམ་རྩ་གསུམ་དམ་ཅན་སྲུང་མའི་ཚོགས། །ཕྱོགས་བཅུ་དུས་གསུམ་གཤེགས་ཤིང་བཞུགས་རྣམས་ལ། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །དལ་འབྱོར་སྙིང་པོ་ལོན་པར་བྱིན་གྱིས་རློབས། །ངན་སོང་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །ཚེ་བསོད་དཔལ་འབྱོར་རྒྱས་པར༴ བསམ་དོན་ཆོས་བཞིན་འགྲུབ་པར༴ གཟུང་འཛིན་འཁྲུལ་པ་ཞིག་པར༴ ལས་ངན་སྡིག་སྒྲིབ་དག་པར༴ རང་བྱུང་ཡེ་ཤེས་མཐོང་བར༴ གཉུག་མའི་གཏན་སྲིད་ཟིན་པར༴ འབྲེལ་ཚད་དོན་དང་ལྡན་པར༴ མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས།


LT29_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་འདིའང་དད་ལྡན་རྡོ་སྟོད་དཔོན་མོ་བཀྲ་ཤིས་ལྷ་མོའི་ཐུགས་བཞེད་ལྟར། ཡོན་ཏན་རྒྱ་མཚོས་ཆོ་འཕྲུལ་ཟླ་བའི་ཚེས་ཆེན་བཅོ་ལྔར་གཡུ་ཐོག་རྣམ་རྒྱལ་དགོན་དུ་བྲིས་པ་དགེ་ལེགས་འཕེལ།། ༈ །།ཀུན་འདུས་ཕྱག་འཚལ་མཆོག་དགའི་འདོད་འཇོ་བཞུགས་སོ། །བླ་མ་ཡི་དམ་རྒྱལ་བ་སྲས་དང་བཅས། །མོས་པའི་བུ་ལ་མཁྱེན་བརྩེས་རབ་དགོངས་ཏེ། །མདུན་གྱི་ནམ་མཁར་དགྱེས་པ་ཆེན་པོས་བཞུགས། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སངས་རྒྱས་ཀུན་དངོས་སྤངས་རྟོགས་མ་ལུས་རྫོགས། །དམ་ཆོས་ཀུན་འདུས་ཐར་པའི་སྒྲོན་མེ་མཆོག །དགེ་འདུན་ཀུན་གྱི་འབྱུང་གནས་བཀའ་དྲིན་ཅན། །རྩ་བའི་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །འཁོར་འདས་ཀུན་གྱི་སྤྱི་གཞི་ཐོག་མའི་མགོན། །ཀུན་བཟང་འོད་མི་འགྱུར་ལ་ཕྱག་འཚལ་ལོ། །རྣམ་སྣང་མི་བསྐྱོད་རིན་འབྱུང་འོད་དཔག་མེད། །དོན་གྲུབ་རྒྱལ་བ་རིགས་ལྔར་ཕྱག་འཚལ་ལོ། །རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་ཆེན་དང་། །དཔལ་ལྡན་རྡོ་རྗེ་སེམས་ལ་ཕྱག་འཚལ་ལོ། །མཚན་ཐོས་བསྐལ་ཆེན་བརྒྱད་ཁྲིའི་འཁོར་བ་བསྙིལ། །སྟོན་པ་ཐུགས་རྗེ་ཅན་ལ༴ མཚན་ཙམ་ཐོས་པས་ངན་འགྲོའི་སྐྱེ་སྒོ་གཅོད། །རིན་ཆེན་གཙུག་ཏོར་ཅན་ལ༴ རྡོ་རྗེ་རབ་འཇོམས་རི་དབང་རྒྱལ་པོ་སོགས། །བདེ་གཤེགས་སུམ་ཅུ་སོ་ལྔར༴ འཁོར་བ་འཇིག་དང་བྱམས་པ་སྣང་མཛད་


LT29_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །སྐལ་བཟང་སངས་རྒྱས་སྟོང་ལ༴ བློ་གྲོས་མི་ཟད་རིན་ཆེན་རྒྱལ་མཚན་སོགས། །རྨད་བྱུང་སངས་རྒྱས་བརྒྱད་ལ༴ བཅོམ་ལྡན་མི་འཁྲུགས་པ་དང་ཚེ་དཔག་མེད། །མགོན་པོ་ཀུན་ཏུ་གཟིགས་ལ་ཕྱག་འཚལ་ལོ། །རྡོ་རྗེ་སྙིང་པོ་རབ་ཏུ་འདུལ་བ་སོགས། །ཁྱད་འཕགས་སངས་རྒྱས་བཅུ་ལ༴ རིན་ཆེན་རྒྱལ་བའི་མཛོད་སོགས་ངོ་མཚར་བའི། །བདེ་བར་གཤེགས་པ་བརྒྱད་ལ༴ མཚན་ལེགས་གསེར་བཟང་སྨན་གྱི་བླ་མ་སོགས། །འགྲོ་སྐྱོབ་རྒྱལ་བ་བདུན་ལ་ཕྱག་འཚལ་ལོ། །རིན་ཆེན་འབྱུང་གནས་དགའ་བའི་དཔལ་ལ་སོགས། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ༴ འཇམ་དབྱངས་སྤྱན་རས་གཟིགས་དབང་རྡོ་རྗེ་འཛིན། །རྒྱལ་སྲས་རིགས་གསུམ་མགོན་ལ༴ ས་སྙིང་ནམ་སྙིང་སྒྲིབ་སེལ་ཀུན་བཟང་སོགས། །ཉེ་བའི་སྲས་ཆེན་བརྒྱད་ལ༴ འཇིགས་པ་ཀུན་སྐྱོབ་འཕགས་མ་སྒྲོལ་མ་དང་། །ཡིད་བཞིན་འཁོར་ལོའི་ཞབས་ལ༴ སངས་རྒྱས་གཉིས་པ་འཆི་མེད་རྡོ་རྗེའི་སྐུ། །པད་འབྱུང་ཡབ་ཡུམ་གཉིས་ལ༴ ཡན་ལག་འབྱུང་དང་སྒྲ་གཅན་འཛིན་ལ་སོགས། །འཕགས་པའི་གནས་བརྟན་རྣམས་ལ༴ མདའ་བསྣུན་ལཱུ་དྲིལ་ནག་པོ་པ་ལ་སོགས། །གྲུབ་ཆེན་བརྒྱད་ཅུ་རྩ་བཞིར༴ ཀླུ་སྒྲུབ་ཡབ་སྲས་ཐོགས་མེད་སྐུ་མཆེད་སོགས། །བསྟན་པའི་གསལ་བྱེད་རྣམས་ལ༴ བཻ་རོ་ཆོས་རྒྱལ་ཀ་ཅོག་ཞང་གསུམ་སོགས། །


LT29_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་འབངས་ཉི་ཤུ་ལྔ་ལ༴ ཏེ་ལོ་ནཱ་རོ་མར་པ་མི་ལ་དང་། །དྭགས་པོ་དུས་མཁྱེན་རྣམས་ལ༴ འགྲོ་མགོན་རས་ཆེན་སྤོས་བྲག་པ་ལ་སོགས། །དོན་བརྒྱུད་གསེར་ཕྲེང་རྣམས་ལ༴ གངས་ཅན་མགོན་པོ་རྒྱལ་བ་ཀུན་གྱི་དངོས། །དཔལ་ལྡན་ཀརྨ་པ་ལ༴ དམ་པ་རྒྱ་གར་མ་གཅིག་ལབ་སྒྲོན་སོགས། །གཅོད་ཡུལ་བརྒྱུད་པ་རྣམས་ལ༴ འཇིག་རྟེན་དབང་ཕྱུག་ཀརྨ་ཆགས་མེད་དང་། །ཚེ་དབང་ནོར་བུའི་ཞབས་ལ༴ ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་དང་། །མི་འགྱུར་རྡོ་རྗེའི་ཞབས་ལ༴ རོལ་པའི་རྡོ་རྗེ་རྟ་མགྲིན་མགོན་པོ་དང་། །རྡོ་རྗེ་དྲག་པོ་རྣམས་ལ༴ རྡོ་རྗེ་འཆང་དངོས་སྙིགས་དུས་འགྲོ་བའི་མགོན། །པདྨ་ཉིན་བྱེད་དབང་པོར༴ གཉགས་ཆེན་སྤྲུལ་པ་བསླབ་པ་གསུམ་གྱི་གཏེར། །བསྟན་པ་རབ་རྒྱས་ཞབས་ལ༴ པདྨ་བཛྲ་དཀྱིལ་འཁོར་ཚོམ་བུ་དགུ། །བླ་མ་དགོངས་འདུས་ལྷ་ལ༴ ཕོ་བྲང་དགུ་ཀློང་ཡེ་ཤེས་རྣམ་དགུའི་སྐུ། །སྒྲུབ་པ་བཀའ་བརྒྱད་ལྷ་ལ༴ སངས་རྒྱས་ཀུན་གྱི་ཕྲིན་ལས་སྟོབས་འདུས་པ༴ རྡོ་རྗེ་ཕུར་པའི་ལྷ་ལ༴ ཞི་བ་ཞེ་གཉིས་ཁྲག་འཐུང་ལྔ་བཅུ་བརྒྱད། །དམ་པ་རིགས་བརྒྱའི་ལྷ་ལ༴ པདྨ་འོད་འབར་མེ་ཕྲེང་སེང་གདོང་མ། །དཀོན་མཆོག་སྤྱི་འདུས་ལྷ་ལ༴ དུས་ཀྱི་འཁོར་ལོ་སྒྱུ་འཕྲུལ་ཞི་ཁྲོ་སོགས། །གཉིས་མེད་ལྷ་ཚོགས་རྣམས་ལ༴ བདེ་མཆོག་དགྱེས་རྡོར་མ་ཧཱ་མཱ་ཡ་སོགས། །མ་རྒྱུད་ལྷ་ཚོགས་རྣམས་ལ༴


LT29_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

གསང་འདུས་གཤེད་དམར་འཇིགས་བྱེད་ལ་སོགས་པའི། །ཕ་རྒྱུད་ལྷ་ཚོགས་རྣམས་ལ༴ རྡོར་དབྱིངས་དཔལ་མཆོག་རྩེ་མོ་ཀུན་རིག་སོགས། །རྣལ་འབྱོར་རྒྱུད་ཀྱི་ལྷ་ལ༴ རྣམ་སྣང་མངོན་བྱང་ཨ་ར་པ་ཙ་སོགས། །སྤྱོད་རྒྱུད་ལྷ་ཚོགས་རྣམས་ལ༴ རྣམ་རྒྱལ་མ་དང་གཙུག་ཏོར་དྲི་མེད་སོགས། །བྱ་རྒྱུད་ལྷ་ཚོགས་རྣམས་ལ༴ རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོ་སོགས། །ཡུམ་མཆོག་མཁའ་འགྲོའི་ཚོགས་ལ༴ རྣམ་སྲས་ཛཾ་ལྷ་དཀར་སེར་དམར་ནག་དང་། །ལྷ་མོ་དཔལ་ཆེན་མོ་ལ༴ མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །ཡེ་ཤེས་ཆོས་སྐྱོང་རྣམས་ལ༴ ཤཱཀྱ་མུ་ནི་མི་བསྐྱོད་རྡོ་རྗེ་སོགས། །བདེ་གཤེགས་སྐུ་གཟུགས་རྣམས་ལ༴ འདུལ་བ་མདོ་སྡེ་གསང་བ་སྔགས་ཀྱི་སྡེ། །གསུང་རབ་དམ་ཆོས་རྣམས་ལ༴ གནས་བརྒྱད་མཆོད་རྟེན་ཆ་བརྒྱད་ལ་སོགས་པའི། །སྐུ་གདུང་རིང་བསྲེལ་རྣམས་ལ༴ ཕྱོགས་བཅུའི་ཕྱག་བྱར་འོས་པ་ཐམས་ཅད་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དེང་ནས་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །སྒོ་གསུམ་ལོངས་སྤྱོད་དུས་གསུམ་དགེ་བས་མཆོད། །མི་དགེ་སྡིག་པའི་ལས་ཀུན་མཐོལ་ལོ་བཤགས། །འཁོར་འདས་དགེ་ཚོགས་ཀུན་ལ་ཡི་རང་ངོ་། །བསྐལ་པ་རྒྱ་མཚོར་མྱ་ངན་མི་འདའ་བར། །དམ་པའི་ཆོས་ཀྱི་འཁོར་ལོར་བསྐོར་དུ་གསོལ། །བསོད་ནམས་བླ་མེད་བྱང་


LT29_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཆེན་པོར་བསྔོ། །བདག་གཞན་འགྲོ་བའི་སྒྲིབ་གཉིས་མྱུར་བྱང་ནས། །ཚོགས་ཆེན་གཉིས་རྫོགས་ལམ་ལྔ་ས་བཅུ་བགྲོད། །མྱུར་དུ་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཚེ་འདིར་ཚེ་རིང་ནད་མེད་ཉམས་རྟོགས་འཕེལ། །འཕོས་མ་ཐག་ཏུ་འོད་དཔག་མེད་ཀྱི་ཞིང་། །ནུབ་ཕྱོགས་བདེ་བ་ཅན་དུ་བརྫུས་ཏེ་སྐྱེས། །སངས་རྒྱས་ཞལ་མཇལ་ལུང་བསྟན་མཆོག་ཐོབ་ནས། ཁམས་གསུམ་འཁོར་བ་དོང་ནས་སྤྲུག་བྱེད་ཤོག །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་གང་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་བཏབ་བསྔོ་བ་སྨོན་ལམ་འགྲུབ་པར་ཤོག །ཅེས་པ་འདིའང་དགེ་སློང་ཀརྨ་མཆོག་དགའ་ནས་འདོད་སྐུལ་ནན་བསྐྱར་ངོར་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།། །།


previousརྩ་གསུམ་ལྷག་པའི་ལྷའི་ཐུགས་རྗེ་བསྐུལ་བ་རྡོ་རྗེ་རྟའི་མགྲིན་གླུ།next