Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
ཏཱའི་སི་ཏུ་པདྨའི་ལྗགས་ལྡན་དྲུག་གི་ཐོག་མར་བྱོན་པ་རྡོ་རྗེ་འཆང་པདྨ་དབང་ཆེན་ལ་གསོལ་བ་འདེབས་པ་མོས་གུས་ཀྱི་ཆུ་སྐྱེས་རྣམ་པར་རྒྱས་པ།
   
   
   
   


 
previousཏཱའི་སི་ཏུ་པདྨའི་ལྗགས་ལྡན་དྲུག་གི་ཐོག་མར་བྱོན་པ་རྡོ་རྗེ་འཆང་པདྨ་དབང་ཆེན་ལ་གསོལ་བ་འདེབས་པ་མོས་གུས་ཀྱི་ཆུ་སྐྱེས་རྣམ་པར་རྒྱས་པ།next

ཏཱའི་སི་ཏུ་པདྨའི་ལྗགས་ལྡན་དྲུག་གི་ཐོག་མར་བྱོན་པ་རྡོ་རྗེ་འཆང་པདྨ་དབང་ཆེན་ལ་གསོལ་བ་འདེབས་པ་མོས་གུས་ཀྱི་ཆུ་སྐྱེས་རྣམ་པར་རྒྱས་པ།


LT29_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཏཱའི་སི་ཏུ་པདྨའི་ལྗགས་ལྡན་དྲུག་གི་ཐོག་མར་བྱོན་པ་རྡོ་རྗེ་འཆང་པདྨ་དབང་ཆེན་ལ་གསོལ་བ་འདེབས་པ་མོས་གུས་ཀྱི་ཆུ་སྐྱེས་རྣམ་པར་རྒྱས་པ་ཞེས་བྱ་བ་བཞུགས་སོ།། །།


LT29_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཏཱའི་སི་ཏུ་པདྨའི་ལྗགས་ལྡན་དྲུག་གི་ཐོག་མར་བྱོན་པ་རྡོ་རྗེ་འཆང་པདྨ་དབང་ཆེན་ལ་གསོལ་བ་འདེབས་པ་མོས་གུས་ཀྱི་ཆུ་སྐྱེས་རྣམ་པར་རྒྱས་པ་ཞེས་བྱ་བ། །པདྨཱ་ཀ་ར་འགྲོ་འདུལ་རྡོ་རྗེའི་གར། །ཐུབ་བསྟན་ཉིན་མོར་བྱེད་པའི་དཔལ་དུ་ཤར། །དབང་ཕྱུག་བརྒྱད་ལྡན་གདོད་མའི་མགོན་པོ་མཆོག །པདྨ་ཉིན་བྱེད་དབང་པོར་གསོལ་བ་འདེབས། །དག་པ་གཉིས་ལྡན་ཀུན་ཁྱབ་ཆོས་སྐུའི་མཁར། །ངེས་པ་ལྔ་ལྡན་ལོངས་སྐུའི་གསང་བ་གསལ། །མཁྱེན་པ་གཉིས་ལྡན་སྤྲུལ་སྐུའི་འདུ་འཕྲོ་ཅན། །སངས་རྒྱས་ཀུན་འདུས་ཞབས་ལ་གསོལ་བ་འདེབས། །ས་བཅུའི་དབང་ཕྱུག་བྱམས་ཆེན་འཇམ་པའི་དབྱངས། །མཚོ་སྐྱེས་རྡོ་རྗེ་མ་ཧཱ་ཀཱ་ལ་སོགས། །སྙིགས་དུས་སྐྱབས་


LT29_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྤྲུལ་པའི་སྐུར་བཞེངས་པ། །པདྨའི་མཚན་ཅན་རྡོ་རྗེ་འཆང་ལ་འདུད། །ཤེས་དང་ཤེས་བྱའི་དབྱིངས་སུ་བྱང་ཆུབ་བཞིས། །ཆོས་དབྱིངས་རྒྱས་པར་རྣམ་ཐར་སྤྲིན་བཀོད་ནས། །གདུལ་བྱ་ཕྱོགས་གཅིག་འདུལ་བའི་ཐབས་མཁས་ཀྱང་། །དུས་གསུམ་ཐོག་མཐའ་མེད་པར་སྟོན་ལ་འདུད། །ཡུལ་གྱི་དགེ་བཅུ་པདྨོས་གང་བའི་རྫིང་། །དུས་གསུམ་མཁྱེན་སོགས་རྒྱལ་བ་འབྱུང་བའི་ཞིང་། །དོན་མཐུན་ཡིད་ལྷུང་ས་ཡི་ཐིག་ལེ་རུ། །བསམས་བཞིན་སྐྱེ་བའི་སྲིད་པ་བཟུང་ལ་འདུད། །སྤྲུལ་པའི་འཁོར་ལོར་དབང་མདོག་སྨེ་བས་སྤྲས། །དུང་གི་མགྲིན་ལྡན་སྟག་ཤམ་རེ་ཁཱ་བཀྲ། །རྡོ་རྗེའི་གསང་གསུམ་འགྱུར་བ་མེད་པའི་


LT29_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བརྡས། །ལུང་ཟིན་སྐྱེས་བུར་འཁྲུལ་མེད་མཚོན་ལ་འདུད། །ཐེག་མཆོག་ཆོས་ཀྱི་སྒྲ་སྒྲོགས་སྐྱེ་ལྔ་བ། །ཕྲིན་ལས་ལྷུན་གྲུབ་དར་གྱི་འཕུར་ལྡིང་ཅན། །མཚན་གྱི་ཡི་གེ་དང་བཅས་ཨོ་རྒྱན་རྗེས། །དཔལ་ལྡན་དཔའ་བོའི་ཕྱག་ཏུ་བསྩལ་ལ་འདུད། །སྔོན་གནས་མཁྱེན་དང་དམ་པའི་སྤྱོད་པ་ཡིས། །བསྟན་པའི་ཉིན་བྱེད་སླར་ཡང་འཆར་བ་ཉིད། །ངེས་པ་རྙེད་ནས་ཞབས་སེན་ནོར་བུའི་ཏོབ། །ལྷར་བཅས་སྐྱེ་དགུའི་གཙུག་ཏུ་བཅིངས་ལ་འདུད། །ལུང་རྟོགས་དཔལ་གྱིས་སྤུངས་པའི་ཆོས་ཀྱི་སྡེ། །ས་སྤྱོད་ཡིད་དགའ་ཆོས་འཛིན་སེང་གེའི་ཁྲིར། །འོད་དཔག་མེད་དངོས་གར་གྱི་དབང་ཕྱུག་གིས། །མངའ་གསོལ་ཤིས་བརྗོད་མེ་ཏོག་འཐོར་ལ་འདུད། །སྐྱེས་ཐོབ་ཆོས་ཀྱི་སྤྱན་རས་རྡུལ་མེད་པས། །བརྡ་བསྟན་ཙམ་གྱིས་ཆོས་ཀྱི་གཏིང་སླེབ་ཀྱང་དྲང་བའི་དོན་ཏུ་སྦྱོར་བྱུང་མཐའ་ཡས་པས། །ཐམས་ཅད་མཁྱེན་པའི་གོ་སར་འཛེགས་ལ་འདུད། །བོད་ཡུལ་དབུས་འགྱུར་འཆང་དུ་ཞབས་པད་བཀོད། །ཞིང་མཆོག་རྣམས་ལ་ཚོགས་གཉིས་གོང་དུ་སྤེལ། །གནས་ཆེན་རྣམས་ལ་ཕྱི་ནང་རྟེན་འབྲེལ་བསྒྲིགས། །བཟང་པོ་སྤྱོད་པའི་དོན་ཀུན་གྲུབ་ལ་འདུད། །སྐྱེས་པའི་རབས་སུ་འབྲེལ་བ་བླ་མའི་མཆོག །འཇིག་རྟེན་


LT29_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་དཔལ་ལྡན་ཀརྨ་པས། །རྒྱལ་ཚབ་སྲས་ཀྱི་ཐུ་བོར་མངའ་གསོལ་ཏེ། །དོན་བརྒྱུད་ནོར་བུའི་མཛོད་ཁང་གཏད་ལ་འདུད། །འབྲུག་ཆེན་ཆོས་ཀྱི་སྣང་བ་ཡབ་སྲས་སོགས། །སར་གནས་སྤྲུལ་པའི་ཡོངས་འཛིན་ཚུལ་བཞིན་བསྟེན། །བསླད་མེད་སྨིན་གྲོལ་བདུད་རྩིའི་ཆུ་ཀླུང་གིས། །ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས་ལ་འདུད། །སོ་ཐར་སྡོམ་པའི་ནོར་བུར་གཅེས་སྤྲས་ཀྱིས། །ཐུབ་པའི་རྒྱལ་མཚན་ཉེས་ལྟུང་དྲིས་མ་གོས། །ཚུལ་ཁྲིམས་དྲི་བཟང་ཁོར་ཡུག་ཀུན་ཏུ་ཁྱབ། །སྐྱེ་བོ་ཚད་མེད་བསྟན་ལ་བཀོད་དེར་འདུད། །བྱང་ཆུབ་སེམས་ལ་ཐོག་མེད་ནས་གོམས་པས། །ཉིན་མཚན་རྟག་ཏུ་གཞན་ཕན་འབའ་ཞིག་ལས། །རང་དོན་བགྱི་བ་རྡུལ་ཙམ་མ་མཆིས་པ། །མ་འདྲིས་སྐྱེ་དགུའི་མགོན་ཏུ་གྱུར་ལ་འདུད། །ལྔ་ཕྲག་ལྔ་ཡི་བགྲང་བྱར་ཕེབས་པ་ནས། །ཁྱེར་སོ་གསུམ་གྱི་གྲུབ་མཐར་རབ་སྙོགས་ཏེ། །འཁྲུལ་སྣང་དག་པའི་འཁོར་ལོར་བྱང་ཆུབ་པས། །དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་གྱུར་ལ་འདུད། །ཚིག་ཙམ་མིན་པ་རྟོགས་གྲོལ་དུས་མཉམ་སྟེ། །རྩ་ཐིག་རླུང་གསུམ་ཡེ་ཤེས་དབུ་མར་དག །འོད་གསལ་ཕྱག་རྒྱ་ཆེན་པོར་འདུ་འབྲལ་མེད། །གཞན་རྒྱུད་བྱིན་གྱིས་རློབ་པར་


LT29_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ལ་འདུད། །ཆོས་བརྒྱད་འཆིང་གྲོལ་དམན་ལ་ལྷག་པར་བརྩེ། །གཏོང་བ་ནམ་མཁའ་མཛོད་ཀྱི་སྒོ་འཕར་དབྱེ། །རང་སྣང་དབང་འདུས་གཞན་སྣང་ཟིལ་གྱིས་མནན། །ཚར་གཅོད་རྗེས་འཛིན་ལྷུན་གྱིས་གྲུབ་ལ་འདུད། །ལྐོག་གྱུར་གནས་དང་གཞན་སེམས་མངོན་སུམ་མཁྱེན། །སྲ་མཁྲེགས་རྡོ་ལ་ཞབས་ཀྱི་རྗེས་མང་བྱོན། །ཤུལ་རིང་གནས་སུ་རབ་གནས་ཟང་ཐལ་ཕོབས། །རྫུ་འཕྲུལ་ཆོ་འཕྲུལ་བསྙོན་མེད་སྟོན་ལ་འདུད། །རྩ་གསུམ་རྒྱལ་བ་རྒྱ་མཚོའི་གསང་པ་གཟིགས། །མཐུ་ལྡན་དྲི་ཟའི་རྒྱལ་པོས་ཞབས་ལ་བཏུད། །གང་སྐུའི་སྙིགས་མ་ཙམ་གྱིས་ནད་གདོན་སེལ། །གྲུབ་པ་བྱེ་བའི་གཙུག་རྒྱན་གྱུར་ལ་འདུད། །བོད་ཁམས་བདེ་བའི་ཕྲིན་ལས་རླབས་ཆེན་བསྒྲུབས། །བསོད་ནམས་ཚོགས་ཆེན་ཕྱོགས་མཐའ་ཡས་པ་བསགས། །སྒྲུབ་བརྒྱུད་བསྟན་སྲོག་ཕྱོགས་རེར་མིན་པར་བཟུང་། །ཕྱོགས་ལས་རྣམ་རྒྱལ་ཆོས་ཀྱི་རྒྱལ་པོར་འདུད། །ལ་ལ་སྨིན་གྲོལ་གདམས་པས་རྗེས་སུ་བཟུང་། ཁ་ཅིག་སྤོང་དང་ཀློག་པའི་གནས་ལ་བཀོད། །གཞན་དག་དགེ་རྩ་སྣ་རེའི་ས་བོན་བསྐྲུན། །འབྲེལ་ཚད་དོན་དང་ལྡན་པར་མཛད་ལ་འདུད། །ཁྱད་པར་ཕྱག་ན་པདྨོ་བཅུ་བཞི་པ། །ཆོས་ཀྱི་རྒྱལ་ཚབ་མཆོག་ཏུ་དབང་བསྐུར་ཏེ། །ཐུབ་བསྟན་ཇི་སྲིད་


LT29_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་རྒྱུན་མི་འཆད། །རྒྱལ་བ་ཀུན་གྱི་ཡབ་ཏུ་གྱུར་ལ་འདུད། །ཤིང་ཕོ་རྟ་ནས་ཆུ་མོ་གླང་གི་བར། །བརྒྱད་ཅུ་སྙེད་དུ་གཞན་གྱི་དོན་མཛད་ནས། །རྟག་འཛིན་ཅན་རྣམས་དགེ་ལ་བསྐུལ་བའི་སླད། །མྱ་ངན་འདའ་བའི་དུས་མཁྱེན་དེ་ལ་འདུད། །དྲི་བཟང་ངད་འཐུལ་འཇའ་ཚོན་བླ་རེ་བྲེས། །ས་ཆེན་གཡོ་ཞིང་ལྷ་ཡི་རྔ་སྒྲ་བསྒྲགས། །སྐུ་གཟུགས་ཡིག་འབྲུ་གདུང་གི་དྲངས་མར་བྱོན། །ངོ་མཚར་ཆོ་འཕྲུལ་ཚད་མེད་སྟོན་ལ་འདུད། །བརྟན་མཁས་ཡོན་ཏན་ཀུན་ལྡན་གནས་བརྟན་ཚུལ། །བསྡུ་བཞི་ཕྱིན་དྲུག་རྒྱལ་སྲས་སྤྱོད་མཐར་སོན། །རྡོ་རྗེ་འཛིན་པ་ཀུན་གྱི་རིགས་ཀྱི་བདག །བསྟན་འཛིན་ཉིན་བྱེད་ཞབས་ལ་གསོལ་བ་འདེབས། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་བཏབ་མཐུས། །འདི་ནས་བཟུང་སྟེ་སྐྱེ་བ་ཐམས་ཅད་དུ། །བྱམས་མགོན་རྡོ་རྗེ་འཆང་གིས་རྗེས་བཟུང་ནས། །སྲས་ཀྱི་ཐུ་བོར་དབུགས་དབྱུང་བསྩལ་གྱུར་ཅིག །ལོག་ལྟ་ཐུགས་འགལ་སྐད་ཅིག་མི་འབྱུང་བར། །རྙེད་བཀུར་སྒྲུབ་པས་མཉེས་པ་མཐར་ཕྱིན་ཏེ། །སྐུ་གསུང་ཐུགས་ཀྱི་གསང་བའི་མཛོད་ཐོབ་ཅིང་། །ཕྲིན་ལས་ནམ་མཁའི་མཐའ་མཉམ་སྤེལ་བྱེད་ཤོག །མ་གྱུར་འགྲོ་ཀུན་བླ་མའི་གོ་འཕང་ལ། །མ་འཁོད་བར་དུ་རྣམ་ཐར་ཚད་མེད་པས། །འཁོར་


LT29_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བ་དོང་ནས་སྤྲུགས་པའི་དཔལ་དུ་བདག །ཀུན་བཟང་འཇམ་མགོན་སྤྱན་རས་གཟིགས་མཚུངས་ཤོག །རྒྱལ་བསྟན་སྤྱི་དང་དགྱེས་མཛད་སྤྲུལ་པའི་སྐུའི། །བསྟན་པའི་ཉི་མ་མི་འགྲིབ་ཕྱོགས་བརྒྱར་འཆར། །ལུང་རྟོགས་ནོར་བུའི་སྐྱེད་ཚལ་ཉམས་དགའ་བར། །རྣམ་གྲོལ་བཅུད་ཀྱིས་སྐྱེ་དགུ་འཚོ་གྱུར་ཅིག །ཐུན་མོང་གི་རྣམ་པར་ཐར་པ་ཕྱོགས་གཅིག་ལས་བརྩམས་པའི་ཚིགས་སུ་བཅད་པ་འདི་རང་སློབ་ལྔ་རིག་སྨྲ་བ་ཀརྨ་མཐུ་སྟོབས། །སྒྲུབ་བརྩོན་ཀརྨ་ལྷ་དཔལ་སོགས་ཀྱིས་རིང་ནས་བསྐུལ་ཞིང་། ཉེ་ཆར་དད་བརྩོན་མཆོག་ལྡན་སྒྲུབ་བླ་མ་ཀརྨ་དོན་གྲུབ་ནས་བཀྲ་ཤིས་པའི་ལྷ་རྫས་བཅས་ཆེ་ཐང་དུ་བསྐུལ་བའི་ངོར། བྱམས་མགོན་བླ་མས་རྗེས་སུ་བཟུང་བའི་བཀའ་འབངས་ཀྱི་ཐ་ཤལ་པ་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་ཤིང་ཡོས་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུ་ལ་དད་པ་ཆེན་པོས་གསོལ་བ་བཏབ་པའི་ཡི་གེ་པ་ནི་ལྔ་རིག་སྨྲ་བ་ཚེ་དབང་དོན་གྲུབ་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། ༈ །།ཀམ་ཚང་ཆོས་སྤྱོད་ཞལ་སྐོང་རྒྱལ་དབང་བཅུ་བཞི་པའི་གསོལ་འདེབས་བཞུགས་སོ། །སྲིད་ཞིའི་ཁྱབ་བདག་གཟི་བརྗིད་འོད་དཔག་མེད། །ལོངས་སྤྱོད་ཡོངས་རྫོགས་རྣམ་སྣང་སྤྱན་རས་གཟིགས། །གངས་ཅན་མགོན་པོའི་སྐུར་བཞེངས་ཀརྨ་པ། །ཐེག་མཆོག་རྡོ་རྗེའི་ཞབས་ལ་གསོལ་


LT29_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདེབས། །མཁའ་ཁྱབ་དབྱིངས་སུ་མངོན་པར་བྱང་ཆུབ་སྟེ། །ཞིང་ཁམས་ཀུན་དང་ཁྱད་པར་ཛམ་གླིང་འདིར། །དམིགས་མེད་ཐུགས་རྗེའི་རང་གཟུགས་ཡང་ནས་ཡང་། །སྐལ་པའི་སྣོད་བཞིན་འཆར་ལ༴ གསུང་གི་འཁོར་ལོར་དབང་ཆེན་གྲུབ་པའི་སྐུ། །ཕྱི་ནང་རྟེན་འབྲེལ་འགྲོས་མཚུངས་རྡོ་རྗེའི་ལུང་། །བསླུ་མེད་སྒྲུབ་བརྒྱུད་པད་ཚལ་རྒྱས་པ་ཡི། །སྣང་བྱེད་ཐོག་མར་བཞད་ལ༴ རྗེའུའི་རིགས་སཱ་ལ་ཆེན་པོར་སྲིད་པ་བཟུང་། །དགུན་དུས་པད་སྡོང་ཡལ་ག་བརྒྱ་ལྡན་འཁྲུངས། །དྲི་བཟང་ངད་པས་ཁོར་ཡུག་ཀུན་ཏུ་ཁྱབ། །མཐོང་ཐོས་སྤྲོ་བ་བསྐྱེད་ལ༴ སྔོན་གནས་རྗེས་དྲན་གསང་གསུམ་ངོ་མཚར་གྱིས། །སྙིང་རྗེའི་དབང་ཕྱུག་དཔལ་ལྡན་ཀརྨ་པར། །ཡོངས་སུ་གྲགས་ཏེ་ལྷར་བཅས་འཇིག་རྟེན་གསུམ། །དབུགས་འབྱིན་ཆེན་པོ་སྩལ་ལ༴ ཐམས་ཅད་མཁྱེན་པར་གཟོད་ནས་གྲུབ་གྱུར་ཀྱང་། །དྲང་བའི་དོན་ཕྱིར་རིག་གནས་མདོ་རྒྱུད་ལ། །སྦྱངས་པའི་ཚུལ་བསྟན་མཁྱེན་གཉིས་དཀྱིལ་འཁོར་རྒྱས། །རྟོག་འཁྲུལ་མུན་པ་སེལ་ལ༴ འཁྲུལ་མེད་དགེ་བའི་བཤེས་གཉེན་ཚུལ་བཞིན་བསྟེན། །ལུང་རྟོགས་ནོར་བུའི་མཛོད་ལ་རང་དབང་སྒྱུར། །ལྷག་པའི་བསླབ་པ་ཡོངས་འདུའི་གྲིབ་བསིལ་དུ། །ལུས་ཅན་ངལ་གསོ་སྦྱིན་ལ༴ དོན་


LT29_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་བྱང་ཆུབ་སྙིང་པོའི་རྒྱལ་ཐབས་ཆེར། །རྡོ་རྗེ་སེང་གེའི་ཁྲི་ལ་ཞབས་བཞུགས་ཏེ། །འདུལ་བ་རྣམ་བཞིའི་ཕྲིན་ལས་མཐའ་ཡས་པ། །རྒྱལ་བ་ཉིད་དང་མཚུངས་ལ༴ མ་ངེས་རིགས་ཅན་གདུལ་བྱའི་བློར་འཚམས་པ། །འཁོར་ལོ་གསུམ་གྱི་མཛད་པའི་ཆོ་འཕྲུལ་གྱིས། །མཐའ་དབུས་སྐྱེ་དགུ་མཐོང་ཐོས་དྲན་རེག་ཀུན། །རྣམ་གྲོལ་ལམ་དུ་བཀོད་ལ༴ ཉི་ཟླའི་བགྲོད་པ་སྒྲ་གཅན་དབྱིངས་སུ་དག །ཡེ་ཤེས་ཉིན་བྱེད་གསལ་འགྲིབ་མེད་པ་ཤར། །ཏིང་འཛིན་སྒོ་བརྒྱར་སྙོམས་པར་འཇུག་ཅིང་ལྡང་། །ལྷན་སྐྱེས་གྲུབ་པའི་རྒྱལ་པོར༴ རིགས་དང་དཀྱིལ་འཁོར་རྒྱ་མཚོ་སྤྲོ་ཞིང་བསྡུ། །སྐལ་ལྡན་ཡོངས་ལ་དངོས་གྲུབ་རྣམ་གཉིས་སྩོལ། །རྒྱུད་དང་དེ་སྒྱོར་གསང་བ་ཀུན་གྱི་བདག །རྡོ་རྗེ་འཆང་དངོས་ཁྱོད་ལ༴ བཅུ་ཕྲག་བདུན་ལ་རྒྱལ་བའི་རྗེས་འགྲོ་བའི། །མཛད་པ་མཐར་ཕྱིན་རྟག་ལྟ་སུན་དབྱུང་ཕྱིར། །དབང་ཆེན་ཐོབ་པའི་ཡ་མཚན་ལྟས་དང་བཅས། །གདུལ་བྱ་གཞན་དོན་དགོངས་ལ༴ ཡེ་ཤེས་སྐུ་མཆོག་ནམ་མཁའི་མཐའ་དང་མཉམ། །གཞོམ་མེད་གསུང་དབྱངས་སོ་སོའི་སྐད་དུ་སྟོན། །ཟབ་གསལ་དགོངས་པ་ཤེས་བྱ་ཀུན་ལ་ཁྱབ། །མཉམ་པ་ཉིད་གསུམ་བརྙེས་ལ༴ ཚད་མེད་ཐུགས་རྗེའི་སྒྱུ་འཕྲུལ་


LT29_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་པ་བཞིན། །འཁོར་བ་སྲིད་དུ་ཕྲིན་ལས་མི་ཟད་པས། །རྒྱལ་བ་ཀུན་ལས་ལྷག་པའི་ཐུགས་བསྐྱེད་དང་། །སྨོན་ལམ་རྨད་དུ་བྱུང་ལ་གསོལ་བ་འདེབས། །སྐྱེ་བ་ཀུན་ཏུ་དཔལ་ལྡན་ཀརྨ་པས། །རྗེས་བཟུང་རྣམ་ཐར་ཕྲིན་ལས་མཉམ་ཉིད་དུ། །གྱུར་ནས་མཁའ་ཁྱབ་འགྲོ་བ་མ་ལུས་པ། །བྱང་ཆུབ་ཆེན་པོའི་ས་ལ་འགོད་ནུས་ཤོག །ཅེས་འཇིག་རྟེན་གསུམ་གྱི་མགོན་པོ་རིགས་ཀུན་ཁྱབ་བདག་ཐམས་ཅད་མཁྱེན་པ་རྒྱལ་དབང་བཅུ་བཞི་པའི་རྣམ་ཐར་རྗེས་སུ་དྲན་པའི་གསོལ་འདེབས་འདིའང་། སྐྱབས་གཅིག་འཁོར་ལོའི་དབང་ཕྱུག་བྱམས་མགོན་ཏཱའི་སི་ཏུ་མཆོག་གི་སྤྲུལ་པའི་སྐུ་པདྨའི་ལྗགས་ལྡན་གཉིས་པའི་བཀའ་ལུང་སྤྱི་བོར་མཆོད་ནས། རྒྱལ་བ་མཐིང་དམར་ཅོད་པན་འཆང་བཟུང་གིས་རྗེས་སུ་བཟུང་བའི་སྐལ་བཟང་ཐོབ་པ་འདུ་གསུམ་པ་བློ་གྲོས་མཐའ་ཡས་པའི་སྡེས་གུས་པ་ཆེན་པོས་བྲིས་ནས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། ༈ །།རྒྱལ་བ་ཀུན་གྱི་ནུས་པའི་སྒྱུ་འཕྲུལ་དང་། །ཡེ་ཤེས་ཐུགས་རྗེ་གཅིག་བསྡུས་སྙིགས་དུས་ཀྱི། །འགྲོ་མགོན་པདྨ་ཉིན་བྱེད་དབང་པོའི་སྡེ། །བཀའ་བརྒྱུད་བཅུད་འདུས་དེ་ལ་གསོལ་བ་འདེབས། །མགོན་དེའི་རྟག་ཅིང་ཁྱབ་པའི་ཕྲིན་ལས་ཀྱི། །ཤིང་རྟ་མཆོག་གྱུར་ཐོས་བསམ་སྒོམ་གསུམ་དང་། །


LT29_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་རྩོད་རྩོམ་གསུམ་མཁས་བཙུན་བཟང་གསུམ་གྱིས། །རྒྱལ་བསྟན་གསལ་མཛད་རྣམས་ལ་གསོལ་བ་འདེབས། །ཉི་དང་འོད་བཞིན་སྲས་ཀྱི་ཐུ་བོའི་ཚུལ། །དམ་པའི་མགོན་གྱིས་རྗེས་བཟུང་དམ་པ་ཡི། །རྣམ་ཐར་མཆོག་འཆང་སུམ་ལྡན་རྡོ་རྗེ་འཛིན། །སྐྱབས་དང་མགོན་གྱུར་རྣམས་ལ་གསོལ་བ་འདེབས། །སྡོམ་གསུམ་བདུད་རྩིའི་དྭངས་བཅུད་སྩོལ་མཛད་ཅིང་། །བདག་བློ་ཆོས་ལ་སྒྱུར་བའི་བཀའ་དྲིན་ཅན། །རྗེ་བཙུན་པདྨ་སློབ་མའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྐྱེ་ཀུན་སྲས་བཅས་རྒྱལ་བས་རྗེས་བཟུང་ཞིང་། །ཐར་པའི་ལམ་ལ་བར་ཆད་མི་འབྱུང་བར། །བཟང་པོ་སྤྱོད་པས་བྱང་ཆུབ་ཚོགས་རྫོགས་ཏེ། །བླ་མ་ཆོས་སྐུའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་དད་ལྡན་སྔགས་འཆང་ནང་ཆེན་ཀརྨ་བཀྲ་ཤིས་རྒྱ་མཚོ་ནས་བསྐུལ་ངོར་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།། ༈ །།ཀུན་མཁྱེན་བྱམས་མགོན་ཆོས་ཀྱི་འབྱུང་གནས་ཀྱི། །ཐུགས་ཀྱི་སྲས་མཆོག་གནས་ལྔ་སྨྲ་བའི་དབང་། །གྲུབ་ཆེན་ག་ཡ་དྷ་རའི་ཐུགས་སྤྲུལ་ཏེ། །འབེ་ལོ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །བསྐལ་མང་གོང་ནས་བྱང་


LT29_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཐུགས་བསྐྱེད་ཅིང་། །ཐེག་ཆེན་རིག་སད་ཚོགས་གཉིས་དཔག་མེད་བསགས། །སྐྱེ་ཀུན་དམ་པའི་མགོན་གྱིས་རྗེས་སུ་བཟུང་། །རྒྱལ་སྲས་ཐུ་བོའི་ཞབས་ལ༴ ངེས་པར་འབྱུང་བའི་ཚུལ་ཁྲིམས་ས་གཞི་བརྟན། །གཞན་ཕན་བྱང་སེམས་ནོར་བུའི་འཁྲི་ཤིང་ཕྱུག །བདེ་སྟོང་ཨེ་ཝཾ་འབྲས་བུའི་རྒྱས་བཏབ་པ། །སུམ་ལྡན་རྡོ་རྗེ་འཛིན་ལ༴ སྐྱེས་སྦྱངས་འགྲན་ཟླ་བྲལ་བའི་ལུས་སྟོབས་རྒྱས། །སྒྲ་དང་ཚད་མའི་མཆེ་སྡེར་ཤིན་ཏུ་རྣོ། །བཟོ་དང་གསོབ་རལ་པའི་ཁུར་གྱིས་ཕྱུག །མི་ཡི་སེང་གེའི་ཞབས་ལ༴ འཆད་ན་ལེགས་བཤད་བདུད་རྩིའི་ཐང་མ་བརྡལ། །རྩོད་ཚེ་མ་ལུས་ཕྱོགས་ལས་རྣམ་པར་རྒྱལ། །རྩོམ་པ་ཟབ་རྒྱས་ཚིག་དོན་སྔོན་མེད་སྤྲོ། །སྨྲ་བའི་དབང་ཕྱུག་ཞབས་ལ༴ རིག་པའི་གནས་ཆེན་བཅོ་བརྒྱད་ལ་སོགས་པ། །ཤེས་བྱའི་གནས་ཀུན་མ་འདྲེས་ཐུགས་སུ་ཆུད། །འཇིག་རྟེན་གསལ་བྱེད་མ་ཧཱ་པཎྜི་ཏ། །ཚེ་དབང་ཀུན་ཁྱབ་ཞབས་ལ༴ ཁྱད་པར་ཀླུ་ཐོགས་རྣམ་གཉིས་བཞེད་པའི་གཞུང་། །ངེས་དོན་དབུ་མ་ཆེན་པོའི་གནས་རྣམས་ལ། །ལྐོག་ཏུ་མ་གྱུར་མཁྱེན་པའི་སྤྱན་རས་ཡངས། །ཐེག་ཆེན་སྒྲོན་མའི་ཞབས་ལ༴ སྒྲོལ་མགོན་ཞབས་དང་བསྟན་པའི་ཉིན་བྱེད་ཀྱི། །གསང་བ་འཛིན་


LT29_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བསྟན་པ་སྤེལ་བ་ལ། །ཁྱོད་དང་མཚུངས་པ་འགའ་ཡང་མ་མཆིས་པ། །འཕགས་ཆེན་དམ་པའི་ཞབས་ལ༴ རྒྱུད་སྡེ་སྤྱི་དང་ཁྱད་པར་གཤིན་རྗེ་གཤེད། །དམ་ཆོས་བདུད་ཀྱི་གཅོད་ཡུལ་ལ་སོགས་པ། །ཟབ་ལམ་རྡོ་རྗེའི་རྣལ་འབྱོར་མཐར་ཕྱིན་པའི། །གྲུབ་པའི་དབང་ཕྱུག་ཞབས་ལ༴ གསུང་གི་ཟེགས་མ་ཆ་ཤས་རེ་རེས་ཀྱང་། །ངེས་གསང་གནད་བརྒྱ་བདེ་བླག་སྣང་བྱེད་པ། །ལུང་རྟོགས་རོལ་པའི་མཚོ་ཆེན་ཟབ་གསང་ནོར། །འདོད་རྒུའི་འབྱུང་གནས་ཞབས་ལ༴ སྐྱེ་བ་ཀུན་ཏུ་ཆོས་ཀྱི་སྣང་བ་དང་། །ཉི་དང་འོད་བཞིན་འབྲལ་བ་མེད་ཚུལ་གྱིས། །དམ་ཆོས་སྤེལ་ཞིང་འགྲོ་མང་སྨིན་མཛད་པ། །སར་གནས་སེམས་དཔའི་ཞབས་ལ༴ གསོལ་བཏབ་མཐུ་ལས་བདག་སོགས་འགྲོ་བ་ཀུན། །རྟག་ཏུ་དགེ་བའི་བཤེས་ཀྱིས་ཟིན་ནས་ཀྱང་། །དྲི་མེད་སོ་སོར་རྟོགས་པའི་ཤེས་རབ་ཀྱིས། །ཐམས་ཅད་མཁྱེན་པའི་གྲོང་དུ་འཇུག་གྱུར་ཅིག །འཁོར་གསུམ་རྣམ་དག་ཚོགས་རབ་རྫོགས་པ་དང་། །ཀུན་ལ་མ་རྨོངས་ཤེས་བྱའི་སྣང་བ་རྒྱས། །དོན་གཉིས་མཐར་ཕྱིན་རྡོ་རྗེའི་སྐུ་བརྙེས་པའི། །བཀྲ་ཤིས་དཔལ་གྱིས་འཇིག་རྟེན་མཛེས་བྱེད་ཤོག །ཅེས་ཤེས་བྱ་ཀུན་ལ་བློ་གྲོས་ཡངས་པ་དྲུང་ཀརྨ་འགྱུར་མེད་ཀྱིས། རྗེ་འདིའི་ཡོན་ཏན་ལ་རྒྱུ་མཚན་ཤེས་ནས་དད་ས་ཐོབ་སྟེ་ཚུལ་འདི་ཡང་


LT29_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ནན་དུ་བསྐུལ་བའི་ངོར། འདུ་གསུམ་པ་ཝཱ་གཱི་ཤྭར་ས་དབེན་པ་ཟླ་མཛེས་སུ་ཤུར་མར་བྲིས་པ་དགེ་ལེགས་འཕེལ།། ༈ །།ཀུན་མཁྱེན་དུས་གསུམ་སངས་རྒྱས་དོལ་པོ་པ། །ཀརྨ་བཀའ་བརྒྱུད་ཡོངས་ཀྱི་བཞེད་པའི་མཐིལ། །འོད་གསལ་འགྱུར་མེད་ཐེག་མཆོག་སེང་གེའི་སྒྲ། སྒྲོགས་མཛད་དཔལ་ལྡན་བླ་མ་གསོལ་བ་འདེབས། །ཚོགས་གཉིས་བསགས་པས་བསླབ་གསུམ་རྣམ་པར་དག །མོས་གུས་སྟོབས་ཀྱིས་རང་བྱུང་བདེན་དོན་གཟིགས། །སྨོན་ལམ་མཐུ་ལས་ཀུན་མཁྱེན་ཇོ་ནང་པའི། །བསྟན་པའི་མེ་རོ་བསླངས་དེར་གསོལ་བ་འདེབས། །གློ་བུར་དྲི་མས་སྟོང་པའི་དེ་བཞིན་ཉིད། །བླ་མེད་ཡོན་ཏན་ཆོས་ཀུན་ལྷུན་གྲུབ་པ། །སོ་སོ་རང་གི་རིག་པའི་ཤེས་རབ་ཀྱིས། །གཞི་འབྲས་དབྱེར་མེད་རྟོགས་ལ༴ གཞན་ཕན་བྱང་ཆུབ་སེམས་ཀྱི་རྩ་བ་བརྟན། །ཕྱིན་དྲུག་བསྡུ་དངོས་གཞི་ཡི་ཡལ་ག་བརྒྱད། །དོན་གཉིས་ལྷུན་གྲུབ་སྙེ་མ་གཡུར་དུ་ཟ། །སྐྱེས་ཆེན་དཔག་བསམ་དབང་པོར༴ རིམ་གཉིས་ཞུ་བདེ་པྲ་ཕབ་ཡེ་ཤེས་ཀྱིས། །རྣམ་ཀུན་མཆོག་ལྡན་སྟོང་གཟུགས་ཕྱག་རྒྱ་རེ། །འགྱུར་མེད་རྡོ་རྗེ་བདེ་བའི་སྲོག་གྲུབ་པ། །སྙིང་པོའི་རྣལ་འབྱོར་མ་ཚིག་


LT29_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

དེར༴ ཀུན་བཏགས་འཁྲུལ་པས་བསླད་པའི་རབ་རིབ་ཁམས། །གཞན་དབང་རྫུན་བརྟོལ་ལྟ་སྒོམ་ཐུར་མས་བསལ། །ཡོངས་གྲུབ་ཡེ་ཤེས་དག་པའི་མིག་ཆེན་པོས། །མཆོག་གཟིགས་དྲིན་ཆེན་བླ་མར་གསོལ་བ་འདེབས། །རྡོ་རྗེ་སེམས་དཔའ་སྒྲོལ་བའི་མགོན་པོ་ཡི། །དགོངས་སྤྱོད་ཉི་མའི་ཤིང་རྟ་འདྲེན་སླད་དུ། །ཚེ་དབང་གྲུབ་པའི་རྒྱལ་དང་དབྱེར་མེད་པར། །གསང་གསུམ་བརྟན་ཞིང་ཕྲིན་ལས་རབ་རྒྱས་ཤོག །ཅིས་པ་འདིའང་མཁྱེན་རབ་ཡངས་པ་བླ་མ་ངག་དབང་རྒྱ་མཚོས། དཔལ་ཇི་ཐང་གི་ཆོས་སྡེའི་ཚོགས་འདོན་ཏུ་འཛུགས་རྒྱུའི་དགོངས་བཞེད་ལྟར། ལྟོམ་ལས་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཀྱི་གདན་ས་ཆེན་པོར་བྲིས་པ་དགེ་ལེགས་འཕེལ།། ༈ །།རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་ཡེ་ཤེས་ནི། །གང་ཐུགས་ཟབ་གསལ་གཉིས་སུ་མེད་པར་གཅིག །བླ་མ་འཇམ་དཔལ་དཔའ་བོར་གསོལ་བ་འདེབས། །གདོད་མའི་ཡེ་ཤེས་སད་པར་བྱིན་གྱིས་རློབས། །རྒྱལ་བ་ཀུན་གྱི་བརྩེ་བའི་ཐུགས་རྗེ་ནི། །གང་ཐུགས་དམིགས་པ་མེད་པའི་སྙིང་རྗེའི་ངང་། །བླ་མ་སྤྱན་རས་གཟིགས༴ གཟུགས་སྐུའི་ནུས་པ་རྫོགས་པར༴ རྒྱལ་བ་ཀུན་གྱི་ནུས་པའི་མཐུ་སྟོབས་ནི། །གང་གི་འགྲོ་འདུལ་ཕྲིན་ལས་ངང་དུ་མཉམ། །བླ་མ་གསང་བའི་བདག་པོར༴ མཁའ་ཁྱབ་འགྲོ་བ་འདུལ་བར་བྱིན་གྱིས་རློབས། །དཀོན་མཆོག་གསུམ་གྱི་རྣམ་ཐར་


LT29_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོའི་སྤྲིན། །དཔལ་ལྡན་བླ་མའི་གསང་བ་གསུམ་ལ་རྫོགས། །ཀུན་བྱེད་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །བསམ་ཡས་རྣམ་ཐར་བརྙེས་པར་བྱིན་གྱིས་རློབས། །རྩ་གསུམ་སྒྱུ་འཕྲུལ་དྲ་བའི་འཁོར་ལོ་ཡང་། །འགྱུར་མེད་བདེ་བ་ཆེན་པོའི་དབྱིངས་སུ་ཤར། །ཁྱབ་བདག་རྡོ་རྗེ་སེམས་དཔར༴ གསང་གསུམ་གྲུབ་མཐའ་སྙོགས་པར་བྱིན་གྱིས་རློབས། །མདོར་ན་སྲིད་ཞིའི་གཟུགས་བརྙན་མ་ལུས་པ། །དབྱིངས་ལས་སྤྲོ་ཞིང་ཁྱོད་ཀྱི་དབྱིངས་སུ་སྡུད། །དང་པོའི་སངས་རྒྱས་བླ་མར་གསོལ་པ༴ རང་སེམས་རང་དབང་ཐོབ་པར་བྱིན་གྱིས་རློབས། །དམ་ཚིག་ལམ་ལས་དབང་བཞིའི་རྩལ་རྫོགས་ཏེ། །མཐའ་ཡི་དབུགས་རྣམས་དབུ་མའི་ཐིག་ལེར་འགགས། །ཕྱག་རྒྱ་ཆེན་པོས་རྟག་ཏུ་འཁྱུད་གྱུར་པ། །ཧེ་རུ་ཀ་དཔལ་ཚེ་འདིར་འགྲུབ་པར་ཤོག །ཅེས་པ་འདིའང་ཟབ་མོའི་རྣལ་འབྱོར་ལ་གཞོལ་བ་ཡོན་ཏན་ཕུན་ཚོགས་ཀྱིས་གསུང་བསྐུལ་ངོར་བློ་གྲོས་མཐའ་ཡས་ཀྱིས་བྲིས་པ་དགེ་ལེགས་འཕེལ།། ༈ །།རྡོ་རྗེའི་ལུས་ལས་ཟབ་མོའི་གནས་ལུགས་རྟོགས། །མོས་གུས་ལམ་གྱིས་རྟོགས་པའི་ཡེ་ཤེས་བརྙེས། །ཟུང་འཇུག་རྣལ་འབྱོར་ཆེན་པོའི་རྒྱལ་ཐབས་པ། །ཀརྨ་བདེ་གསལ་ཞབས་ལ༴


LT29_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་ནས་སྐྱེ་འགག་གནས་བྲལ་རང་གི་སེམས། །གཉུག་མ་ལྷན་ཅིག་སྐྱེས་པའི་དེ་བཞིན་ཉིད། །བཅིང་གྲོལ་མེད་པ་དུས་གསུམ་རྒྱལ་བའི་ཡུམ། །དོན་དམ་བདེན་པ་མངོན་སུམ་རྟོགས་པར་ཤོག །རེ་དོགས་མི་བྱ་གང་ཤར་ངོ་བོ་སྐྱོང་། །རྣམ་རྟོག་མི་དགག་གང་སྐྱེ་ཐད་དཀར་གཅོད། །བཟང་ངན་མི་གདམ་གང་བྱུང་སེམས་སུ་བསྒོམ། །གསལ་རིག་རྒྱུན་ཆད་མེད་པར་རྟོགས་པར་ཤོག །མོས་གུས་དྲག་པོས་ཐུགས་ཡིད་གཅིག་ཏུ་འདྲེས། །ཤུགས་འབྱུང་སྙིང་རྗེས་སྣང་སེམས་དབྱེར་མེད་ཐིམ། །གེགས་གོལ་མེད་པ་རྣམ་རྟོག་ཆོས་ཀྱི་སྐུར། །བཅོས་མིན་ངེས་པ་ནང་ནས་རྙེད་གྱུར་ཅིག །ཅེས་སྒོ་ནས་སྒྲུབ་ཆེན་དབུ་རལ་ཅན་གྱི་ངོར་ཡོན་ཏན་རྒྱ་མཚོས་ཁྲ་འགུ་བཀྲ་ཤིས་ཆོས་གླིང་དུ་བྲིས་པ་དགེ་ལེགས་འཕེལ།། ༈ །།ཨོཾ་སྭ་སྟི། །བདེན་དོན་ངག་ལ་འཕོ་མེད་དབང་ཐོབ་པས། །བྱང་ཆུབ་ཆོས་ཀྱི་འཕེལ་བ་རབ་རྫོགས་ཏེ། །སྤངས་རྟོགས་རྒྱ་མཚོར་ལོངས་སུ་སྤྱོད་པ་ཡི། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །མཆོག་གསུམ་རྩ་གསུམ་དམ་ཅན་སྲུང་མའི་མཐུས། །མི་མཐུན་ཉེས་བརྒྱའི་སྤྲིན་ན་རིས་དབྱིངས་སུ་ཡལ། །དགེ་ལེགས་མཛད་པའི་འོད་སྟོང་མཁའ་ཁྱབ་བརྡལ། །སྙིང་


LT29_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བསྟན་པའི་པད་ཚལ་རྒྱས་བྱེད་ཤོག །བདག་སོགས་སྐྱེ་བ་ཀུན་ཏུ་དམ་པ་ཡིས། །རྗེས་བཟུང་ཟབ་མོ་ནང་གི་དབུ་མ་དང་། །རྡོ་རྗེའི་རྣལ་འབྱོར་རྟོགས་པའི་སྣོད་གྱུར་ནས། །ཆོས་རྗེ་ཡབ་སྲས་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་རྣམ་འདྲེན་དམ་པ་ངག་དབང་ཆོས་འཕགས་ནས་གསུང་བསྐུལ་ངོར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་ཛམ་ཐང་གི་ཆོས་སྒར་དུ་བྲིས་པ་དགེ་ལེགས་འཕེལ།། ༈ །།སྤྱན་རས་གཟིགས་དངོས་ཀརྨ་ཆགས་མེད་ཀྱི། །གསུང་སྤྲུལ་བདེ་ཆེན་སྙིང་པོ་ལ་སོགས་པ། །དམ་པས་རྗེས་བཟུང་དམ་པའི་རྣམ་ཐར་ཅན། །སྙིང་པོའི་བསྟན་འཛིན་མཆོག་ལ་གསོལ་བ་འདེབས། །ལྷག་པའི་ཚུལ་ཁྲིམས་བསླབ་པས་ཉེས་སྤྱོད་སྤངས། །ལྷག་པའི་སེམས་ཀྱི་བསླབ་པས་དགེ་ཆོས་སྡུད། །ལྷག་པའི་ཤེས་རབ་བསླབ་པས་གཞན་ཕན་བརྩོན། །སངས་རྒྱས་བསྟན་འཛིན་མཆོག་ལ་གསོལ་བ་འདེབས། །རྒྱུད་སྡེ་མང་པོའི་བསྙེན་སྒྲུབ་མཐའ་རུ་ཕྱིན། །རྫོགས་རིམ་ཆོས་དྲུག་མྱོང་ཚང་གཏན་ལ་ཕེབ། །རང་སེམས་ཆོས་སྐུ་ཕྱག་རྒྱ་ཆེན་པོར་རྟོགས། །སྒྲུབ་བརྒྱུད་བསྟན་འཛིན་མཆོག་ལ་གསོལ་བ་འདེབས། །ཚུལ་འཆོས་སྒྱུ་བྲལ་མ་བཅོས་ལྷུག་པར་སྤྱོད། །གཟའ་གཏད་


LT29_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སྤངས་སྣང་བ་ཐད་ཀར་གཅོད། །བརྩོན་འགྲུས་ཕུལ་ཕྱིན་ཨ་བདྷཱུ་ཏི་པ། །རྡོ་རྗེ་སློབ་དཔོན་མཆོག་ལ་གསོལ་བ་འདེབས། །ཐུགས་རྗེའི་མཐུ་དང་མོས་པའི་རྟེན་འབྲེལ་ལས། །དགོངས་པའི་ལྷག་མ་ཆོས་ཀྱི་དབྱིངས་སུ་རྫོགས། །བདག་ཀྱང་གྲོལ་བ་བཞི་ཡིས་འགྲོ་སྒྲོལ་བའི། དེད་དཔོན་བླ་མེད་བླ་མའི་དཔལ་ཐོབ་ཤོག །ཅེས་བླ་མ་རྡོ་རྗེ་སློབ་དཔོན་གང་ལ་གསོལ་བ་འདེབས་པ་འདིའང་དད་དང་ཤེས་རབ་ཀྱི་ནོར་ཅན་ཀརྨ་དབང་ཕྱུག་ནས་ཆེད་དུ་བསྐུལ་བ་ལྟར། །དེ་ཉིད་ཀྱི་བཀའ་དྲིན་ཆེན་པོས་ཀྱང་བསྐྱངས་པ་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་རི་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།། ༈ །།མཁན་ཆེན་བླ་མ་བྱང་སེམས་ཟླ་བ་བཟང་པོ་ལ་གསོལ་བ་འདེབས་པ་མ་ལ་ཡའི་དྲི་བསུང་ཞེས་བྱ་བ་བཞུགས་སོ། །དཔལ་ལྡན་ཀརྨ་ཀཾ་ཚང་ངེས་དོན་གྱི། །བསྟན་པ་དྲི་མེད་མཁྱེན་བརྩེ་ནུས་པ་ཡིས། །རབ་ཏུ་རྒྱས་མཛད་རྗེ་བཙུན་བླ་མ་ལ། །རྩེ་གཅིག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དྲི་མེད་ཟླ་ཤར་ཡེ་ཤེས་བརྩེགས་ལ་སོགས། །མཁས་གྲུབ་ཚར་དུ་དངར་བའི་རྣམ་རོལ་གྱིས། །སྙིང་པོའི་བསྟན་དང་དེ་ཡི་གདུལ་བྱའི་དོན། །དུས་གསུམ་རྟག་པར་མཛད་ལ་གསོལ་བ་འདེབས། །དལ་འབྱོར་སྡོང་པོར་བསླབ་གསུམ་ཡལ་ག་རྒྱས། །བྱང་ཆུབ་སེམས་ཀྱི་མེ་ཏོག་ཀུན་ནས་འཛུམ། །གྲུབ་


LT29_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འབྲས་བུས་སྐལ་ལྡན་རིས་མེད་པར། །ཐར་ལམ་བཅུད་སྦྱིན་མཛད་ལ༴ པདྨའི་རྒྱལ་ཚབ་པདྨ་དབང་ཆེན་སོགས། །མཚན་ལྡན་བླ་མར་མཉེས་པ་མཆོག་ཏུ་བསྒྲུབས། བསགས་དང་སྦྱངས་པའི་བཏུལ་ཞུགས་མཐའ་རུ་ཕྱིན། །རླབས་ཆེན་ཚོགས་གཉིས་རྫོགས་ལ༴ རྨད་བྱུང་བཟང་པོ་སྤྱོད་པའི་ཕ་རོལ་སོན། །ངོ་མཚར་ཕྲིན་ལས་འབྲེལ་ཚད་དོན་དང་ལྡན། །སྙིང་པོའི་བསྟན་ལ་སྲི་ཞུ་རླབས་ཆེན་མཛད། །སྐལ་ལྡན་བསྡུ་བཞིས་སྐྱོབ་ལ༴ ལྷ་སྐུའི་གསལ་སྣང་བརྟན་པས་ཡེ་ཤེས་ཕེབས། །རང་བྱིན་རླབས་ཀྱིས་རྡོ་རྗེའི་ལམ་མཆོག་བགྲོད། །དོན་དམ་ཆོས་ཉིད་མངོན་སུམ་གཟིགས་པ་ཡིས། །ཕྱག་རྒྱ་ཆེ་མཆོག་གྲུབ་ལ། །བརྟན་མཁས་ཡོན་ཏན་ཀུན་ལྡན་གནས་བརྟན་གཙོ། །གཞན་ཕན་བདུད་རྩིས་རྒྱུད་བརླན་བྱང་སེམས་མཆོག །རིམ་གཉིས་རྣལ་འབྱོར་མཐར་ཕྱིན་རྡོ་རྗེ་འཛིན། །དཀྱིལ་འཁོར་དབང་ཕྱུག་ཉིད་ལ༴ མི་ཕྱེད་གུས་པས་གསོལ་བ་བཏབ་པའི་མཐུས། །སྐྱེ་ཀུན་དཔལ་ལྡན་བླ་མས་རྗེས་སུ་བཟུང་། །རྡོ་རྗེ་གསུམ་དང་དབྱེར་མེད་མཆོག་གྲུབ་ནས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་པའང་སྤར་གྱི་རིག་བྱེད་འཛིན་པ་ཀརྨ་ལེགས་ལྡན་ནས་བསྐུལ་ངོར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་


LT29_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

སྡེས་གུས་པ་ཆེན་པོས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། ༈ །།སྤྲུ་པའི་གཏེར་ཆེན་མཆོག་གྱུར་གླིང་པའི་རྣམ་ཐར་གསོལ་འདེབས་བཀྲ་ཤིས་འཁྱིལ་པའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །ཀུན་ཁྱབ་བདེ་ཆེན་འོད་གསལ་ཆོས་ཀྱི་སྐུ། །འཁོར་འདས་སྙིང་པོ་མི་ཤིགས་ཐིག་ལེ་ཆེ། །དངོས་པོ་ཀུན་གྱི་ཁྱབ་བདག་གདོད་མའི་མགོན། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཨོ་རྒྱན་སངས་རྒྱས་གཉིས་པའི་ཐུགས་ཀྱི་སྲས། །གཏེར་འབྱིན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར། །རྣམ་ཐར་བསམ་ཡས་སྙིགས་དུས་བསྟན་འགྲོའི་མགོན། །མཆོག་གྱུར་གླིང་པའི་ཞབས་ལ་གསོལ་བ་འདེབས། །གདོད་ནས་རབ་ཞིའི་བདུད་རྩི་བརྙེས་གྱུར་ཀྱང་། །སྐུ་དང་ཞིང་ཁམས་རྒྱ་མཚོའི་སྤྲིན་བཀོད་དེ། །བཟོ་སྐྱེ་མཆོག་གི་སྤྲུལ་སྐུ་མཐའ་ཡས་པས། །འདུལ་བཞིའི་ཆོ་འཕྲུལ་སྟོན་ལ༴ ཁྱད་པར་གངས་ཅན་མངའ་བདག་ཁྲི་སྲོང་རྗེའི། །སྲས་ཀྱི་ཚུལ་བཟུང་མཆོག་གི་དངོས་གྲུབ་བརྙེས། །སངས་རྒྱས་གླིང་སོགས་རྨད་བྱུང་ངོ་མཚར་བའི། །སྒྱུ་འཕྲུལ་གར་བརྒྱས་རོལ་ལ༴ ཐུགས་བསྐྱེད་ཁྱད་འཕགས་སྙིགས་མའི་འགྲོ་ལ་དགོངས། །ཕྲིན་ལས་ཁྱད་འཕགས་གང་འདུལ་དེར་མཐུན་སྟོན། །རྣམ་


LT29_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་ཁྱད་འཕགས་སྔོན་མེད་གསང་མཛོད་འཆང་། །ཁྱད་པར་གསུམ་ལྡན་ཁྱོད་ལ༴ མདོ་སྟོད་ས་ཡི་ཐིག་ལེར་བསམ་བཞིན་ཏུ། །སྐྱེ་བ་བཞེས་ནས་གཞོན་ནུའི་སྐབས་སྲ་ཡང་། །ཕལ་པའི་ཡུལ་འདས་དམ་པའི་རྣམ་ཐར་སད། །དད་ལྡན་སྒྲོ་བ་སྐྱེད་ལ༴ བཅུ་གསུམ་བཞེས་ཚེ་ཨོ་རྒྱན་དངོས་སུ་མཇལ། །ཟབ་གཏེར་རྗེས་གནང་སྩལ་ནས་བྱིན་གྱིས་བརླབས། །ལྷ་སྲས་ཐུགས་དམ་རྟེན་སོགས་དངོས་གྲུབ་ཐོབ། །དགོངས་གཏེར་ཀློང་ནས་བརྡོལ་ལ༴ ཀར་འབྲུག་འབྲི་སྟག་ཡབ་སྲས་གཙོར་གྱུར་པའི། །རེས་མེད་ཚད་མའི་སྐྱེས་ཆེན་དུ་མ་བསྟེན། །མཉེས་པ་གསུམ་གྱིས་མདོ་སྔགས་བདུད་རྩིའི་བཅུད། །ཐུགས་ཀྱི་དཔལ་བེར་བསྐྱིལ་ལ༴ པད་འབྱུང་དངོས་སྣང་པདྨ་དབང་ཆེན་དང་། །དཔལ་ལྡན་དཔའ་བོ་གཙུག་ལག་ཆོས་རྒྱལ་གྱིས། །བརྡ་ཡིས་ལུང་བསྟན་དོན་གྱི་བརྒྱུད་པ་གཏད། །གེགས་སེལ་དངོས་གྲུབ་བརྙེས་ལ༴ ཁྱད་པར་འཇམ་མགོན་མཁྱེན་བརྩེའི་དབང་པོ་དང་། །ཡབ་སྲས་འབྲེལ་པའི་ལས་ཀྱི་འཕྲོ་སད་ནས། །ཐུགས་ཡིད་གཅིག་འདྲེས་ངོ་མཚར་རྟེན་འབྲེལ་གྱི། །སྒོ་འཕར་བརྒྱ་ཕྲག་ཕྱེད་ལ༴ སྐྱེ་བས་ཐོབ་པའི་དྲི་མེད་ཡེ་ཤེས་སྤྱན། །དྲང་དེས་ཆོས་ལ་ལྐོག་ཏུ་མ་གྱུར་པས། །མཁས་དང་གྲུབ་པར་རློམས་


LT29_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཟིལ་གནོན་པའི། །མཁྱེན་གཉིས་རྩལ་ཆེན་རྫོགས་ལ༴ ས་སྤྱོད་གསུང་གི་འཁོར་ལོ་ལ་སོགས་པར། །བསྐྱེད་རྫོགས་རྫོགས་ཆེན་རྣལ་འབྱོར་མཐར་ཕྱིན་ཏེ། །འཁྲུལ་བཞིག་ཅིང་ལས་བཞི་རང་དབང་འབྱོར། །གྲུབ་པའི་གཙུག་རྒྱན་གྱུར་ལ༴ དག་པའི་སྣང་བར་པདྨ་འོད་ཞིང་དུ། །ཡང་ཡང་ཕེབས་ནས་བླ་མ་སྐུ་གསུམ་དང་། །རྗེ་འབངས་ཚོགས་བཅས་བསྙེན་སྒྲུབ་རྣམ་བཞི་མཛད། །དབང་བསྐུར་ལུང་བསྟན་ཐོབ་ལ༴ རྒྱལ་བ་རྒྱལ་སྲས་ཡི་དམ་དཔག་མེད་གཟིགས། །མཁའ་འགྲོ་རྣམས་དང་ཚོགས་ཀྱི་འདུ་བར་རོལ། །དམ་ཅན་གཏེར་སྲུང་དཀར་ཕྱོགས་སྐྱོང་རྣམས་ཀྱིས། །ཅི་བཅོལ་བཀའ་བཞིན་སྒྲུབ་ལ༴ བླ་མ་སྐོར་གསུམ་སྒྲུབ་སྡེ་ཞི་དང་ཁྲོ། །མཉམ་སྦྱོར་མདོ་སྒྱུ་རྫོགས་ཆེན་སྡེ་གསུམ་སོགས། །སྔོན་ཆད་ས་སྟེང་མ་བྱོན་ཆོས་རྟེན་གྱི། །ནོར་བུའི་མཛོད་ཆེན་ཕྱུངས་ལ༴ མདོ་ཁམས་གནས་ཆེན་ཉེར་ལྔ་གཙོར་གྱུར་པའི། །གནས་མཆོག་བརྒྱ་རྩའི་ཞལ་རས་དངོས་བརྒྱུད་ནས། །སྣང་བར་མཛད་ཅིང་སྐྱེ་དགུ་མཐའ་ཡས་པ། །ཐར་པའི་ཁ་ལོ་སྒྱུར་ལ༴ ཀར་འབྲུག་ཡབ་སྲས་སྔ་འགྱུར་བསྟན་འཛིན་མཆོག །གངས་ཅན་དཔལ་མགོན་རྣམས་ཀྱིས་གཙོར་མཛད་དེ། །རིས་མེད་སྐྱེས་ཆེན་ཀུན་གྱིས་


LT29_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ལ་བཏུད། །བླ་མའི་བླ་མར་གྱུར་ལ༴ ཨོ་རྒྱན་རྡོ་རྗེའི་ལུང་གིས་བསྔགས་པ་ཡིས། །རྩ་བའི་ཆོས་བདག་རྣམ་བཅུའི་ཐོག་དྲངས་ཏེ། །མངའ་རིས་དབུས་གཙང་མདོ་ཁམས་མཐའ་དབུས་སུ། །ཟབ་གཏེར་ཕྲིན་ལས་སྤེལ་ལ༴ གནས་མཆོག་རྣམས་ལ་རྡོ་རྗེའི་བྱིན་ཆེན་ཕབ། །སྡེ་བརྒྱད་འབྱུང་པོར་བཀའ་ནན་རབ་བརྗིད་སྩལ། །ས་གནད་ཀུན་ཏུ་ཕྱི་ནང་རྟེན་འབྲེལ་བསྒྲིགས། །སྙིགས་མའི་སྐལ་ངན་ཟློག་ལ༴ ཐུན་མོང་ཐུན་མོང་མིན་པའི་སྨིན་གྲོལ་དང་། །སྒྲུབ་ཆེན་གར་འཆམས་མྱང་གྲོལ་སྦྱིན་པ་སོགས། །ཕྱོགས་མེད་སྩལ་བས་སྐྱེ་དགུ་གྲངས་མེད་པ། །འབྲེལ་ཚད་དོན་ལྡན་མཛད་ལ༴ རྟག་འཛིན་ཅན་རྣམས་དགེ་ལ་བསྐུལ་བ་དང་། །དོན་མཆོག་རྒྱ་ཆེན་གཞན་ལ་གཟིགས་ནས་ཀྱང་། །སྐལ་ལྡན་སྣང་ངོར་ཆོ་འཕྲུལ་དུ་མར་བཅས། །པདྨ་འོད་དུ་གཤེགས་ལ་གསོལ་བ་འདེབས། །པདྨས་ཡོངས་སུ་ཁེབས་པའི་ཞིང་ཁམས་སུ། །པདྨའི་འོད་ཟེར་རྒྱལ་བའི་སྲས་མཆོག་ནི། །པདྨའི་མྱུ་གུ་ལ་སོགས་ཕྱོགས་བཅུ་ན། །རྣམ་འཕྲུལ་མཐའ་ཡས་སྟོན་ལ་གསོལ་བ་འདེབས། །སྒོ་གསུམ་གུས་པས་གསོལ་འདེབས་བུ་རྣམས་ལ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྩོལ་བ་དང་། །


LT29_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་ཀུན་ཏུ་འབྲལ་མེད་རྗེས་འཛིན་ནས། །དག་པའི་ཞིང་ཁམས་མཆོག་ཏུ་དྲང་དུ་གསོལ། །བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །གནས་སྐབས་བསམ་དོན་ཆོས་བཞིན་འགྲུབ་པ་དང་། །རིག་འཛིན་རྣམ་བཞིའི་ལམ་མཆོག་བདེ་བླག་བགྲོད། །མཐར་ཐུག་བདེ་ཆེན་རྡོ་རྗེ་སེམས་འགྲུབ་ཤོག །ཟབ་གཏེར་བསྟན་པ་འཛམ་གླིང་ཀུན་ཏུ་ཁྱབ། །དེར་འཛིན་སྐྱེས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན། །ཕྲིན་ལས་རྟག་ཅིང་ཁྱབ་པའི་དགེ་ལེགས་ཀྱི། །བཀྲ་ཤིས་ཉི་མས་ས་གསུམ་སྣང་གྱུར་ཅིག །ཅེས་རིགས་ལྡན་མཁའ་འགྲོའི་གཙོ་མོ་བདེ་ཆེན་ཆོས་སྒྲོན་གྱིས་རྟེན་དང་བཅས་པའི་གསུང་གིས་བསྐུལ་བ་དང་། མོས་ལྡན་གཞན་དག་གིས་ཀྱང་མཚམས་སྦྱར་བ་ལ་བརྟེན། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གང་དེས་གསང་བའི་མཛོད་ཀྱིས་དབུགས་དབྱུང་སྩལ་བ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། བློ་གྲོས་མཐའ་ཡས་པའི་སྡེས་གུས་པ་ཆེན་པོས་བྲིས་ནས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། ༈ །།ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་འཁྲུངས་རབས་རགས་བསྡུས་ཀྱི་གསོལ་འདེབས་ངོ་མཚར་དཔལ་སྐྱེད་བཞུགས་སོ། །ན་མོ་གུ་ར་བེ། །རྒྱལ་བ་སྲས་དང་བཅས་པའི་ཡེ་ཤེས་མཛོད། །ཕྱོགས་དུས་རྫོགས་སངས་རྒྱས་ཀུན་སྐྱེད་པའི་ཡབ། །མཁའ་


LT29_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་འགྲོ་བ་འདྲེན་མཛད་ཐུགས་རྗེ་ཅན། །བཅོམ་ལྡན་འཇམ་དཔལ་དབྱངས་ལ་གསོལ་བ་འདེབས། །མཁྱེན་རབ་ཕུལ་བྱུང་ཆོས་ཀུན་ཐུགས་སུ་ཆུད། །ཨ་ཏིའི་བསྟན་བདག་འཇམ་དཔལ་བཤེས་གཉེན་དང་། །རྡོ་རྗེའི་སྐུ་བརྙེས་འགྲོ་དོན་རྟག་ཏུ་བཞུགས། །བི་མ་མི་ཏྲའི་ཞབས་ལ༴ གངས་ལྗོང་ཆོས་ཀྱི་ཉིན་བྱེད་འདྲེན་པ་ཡི། །ཤིང་རྟ་ཆེན་པོ་འཇམ་མགོན་ཁྲི་ལྡེའི་ཞབས། །འབྲེལ་ཚད་དོན་ལྡན་བཀའ་འདུས་ཆོས་ཀྱི་བདག །རྒྱལ་སྲས་མཆོག་གྲུབ་རྒྱལ་པོར་གསོལ་བ་འདེབས། །འོད་དཔག་མེད་མགོན་དཱི་པཾ་ཀ་ར་ཡི། །ཐུགས་སྲས་མཆོག་གྱུར་ནག་ཚེ་ཚུལ་ཁྲིམས་རྒྱལ། །སྤྱན་རས་གཟིགས་སྤྲུལ་གངས་ཅན་བསྟན་འགྲོའི་དཔལ། །རྒྱལ་བའི་འབྱུང་གནས་ཞབས་ལ༴ ངོ་མཚར་གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་སྒྱུར། །མངའ་བདག་ཉང་རལ་ཉི་མ་འོད་ཟེར་དང་། །མི་ལའི་ཐུགས་སྲས་མཁའ་སྤྱོད་སྐུ་དངོས་གཤེགས། །རས་ཆུང་རྡོ་རྗེ་གྲགས་པར༴ བྱང་ཕྱོགས་རྒྱུད་དུ་དགེ་སློང་འཚོ་བྱེད་ཅེས། །རྒྱལ་བས་ལུང་བསྟན་མཉམ་མེད་སྒམ་པོ་པ། །བོད་ཡུལ་རྡོ་རྗེ་འཛིན་ཀུན་གཙུག་གི་རྒྱན། །གྲགས་པ་རྒྱལ་མཚན་ཞབས༴ ཆོས་རྒྱལ་གསུང་སྤྲུལ་གཏེར་ཁ་བཅོ་བརྒྱད་བདག །


LT29_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་འདུལ་གུ་རུ་ཆོས་ཀྱི་དབང་ཕྱུག་དང་། ཁམས་གསུམ་སྐྱེ་དགུའི་སྐྱབས་གཅིག་ཆོས་ཀྱི་རྒྱལ། །བློ་གྲོས་རྒྱལ་མཚན་ཞབས༴ རྩོད་བྲལ་ཐེག་པའི་ཆོས་འཁོར་བླ་མེད་བསྐོར། །ཀུན་ཏུ་བཟང་པོ་དྲི་མེད་འོད་ཟེར་དང་། །བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་གཏེར་མཛོད་འཆང་། །ཡར་རྗེ་ཨོ་རྒྱན་གླིང་པར༴ བཀའ་གདམས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན། །ཕྲིན་ལས་མཁའ་ཁྱབ་དགེ་འདུན་གྲུབ་པ་དང་། །རི་ཁྲོད་མགོན་པོས་རྗེས་བཟུང་མཆོག་དངོས་གྲུབ། །པ་ཆེན་བན་རཏྣར་གསོལ༴ རྒྱུད་སྡེ་རྒྱ་མཚོའི་འབྱུང་གནས་ཞ་ལུ་བ། །མཁྱེན་རྟོགས་དབང་ཕྱུག་མཁྱེན་རབ་ཆོས་ཀྱི་རྗེ། །གཞན་ཕན་ཆོ་འཕྲུལ་ཛམ་གླིང་ཁྱབ་པར་སྟོན། །གྲུབ་ཆེན་ཐང་སྟོང་རྒྱལ་པོར༴ གསང་ཆེན་སློབ་བཤད་བསྟན་འཛིན་ཀུན་གྱི་ཕུལ། །འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་ཕྱུག་དང་། །མཚན་ཐོས་སྲིད་པའི་འཇིགས་སྐྱོབ་མཁས་གྲུབ་མཆོག །པདྨ་དབང་གི་རྒྱལ་པོར༴ རིག་སྔགས་འཆང་བ་མཐུ་ལྡན་དབང་པོའི་སྡེ། །བཀྲ་ཤིས་སྟོབས་རྒྱལ་མཁའ་འགྲོ་ཡོངས་གྲུབ་རྩལ། །རྩོད་པའི་དུས་མཐར་གངས་ཅན་སྐྱོབ་པའི་མགོན། །ངག་དབང་བློ་བཟང་རྒྱ་མཚོར༴ རྒྱལ་སྲས་ལྷ་རྗེའི་ཡང་སྲིད་བཅུ་


LT29_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ། །ཨོ་རྒྱན་གསུང་སྤྲུལ་གཏེར་ཆེན་ཆོས་རྗེ་གླིང་། །མཁྱེན་བརྩེ་ནུས་ལྡན་མཁན་ཆེན་ཨེ་ཝཾ་པ། །ནམ་མཁའ་འཆི་མེད་ཞབས་ལ༴ དགོངས་པའི་རྩལ་རྫོགས་ཨ་ཏིའི་བསྟན་པ་ཡིས། །ཀུན་ཏུ་ཁྱབ་མཛད་འཇིགས་མེད་གླིང་པ་དང་། །བཀའ་བབས་བདུན་ལྡན་མཚུངས་བྲལ་འཁོར་ལོའི་མགོན། །འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གསོལ་བ་འདེབས། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་བཏབ་མཐུས། །སྐྱེ་བ་ཀུན་ཏུ་དམ་པ་མཆོག་རྣམས་ཀྱིས། །རྗེས་སུ་བཟུང་ནས་རླབས་ཆེན་སྤྱོད་པ་ཡིས། །རང་གཞན་དོན་གཉིས་མཐའ་རུ་ཕྱིན་པར་ཤོག །མགོན་ཁྱོད་མངོན་པར་རྫོགས་པར་འཚང་རྒྱ་བའི། །འཁོར་གྱི་འདུས་པ་དང་པོར་སྐྱེས་ནས་ཀྱང་། །ཆོས་སྒོ་ཀུན་འཛིན་བསྟན་པ་ཕྱོགས་བརྒྱར་སྤེལ། །ཉིད་དང་དབྱེར་མེད་མངོན་པར་བྱང་ཆུབ་ཤོག །གང་གི་གསང་གསུམ་བསྐལ་བརྒྱར་བརྟན་པ་དང་། །ཟབ་རྒྱས་ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར། །འཇིག་རྟེན་རྒུད་པ་མིང་ཡང་མི་གྲགས་ཤིང་། །དགེ་ལེགས་རྫོགས་ལྡན་གསར་པས་ཀུན་ཁྱབ་ཤོག །ཅེས་པའང་དཔལ་ལྡན་ཨེ་ཝཾ་པའི་བསྟན་འཛིན་ཆེན་པོ་མངའ་རིས་ཆོས་རྗེ་ཀུན་དགའ་འཇམ་དབྱངས་ཀྱིས་གསུང་བསྐུལ་རྟེན་བཅས་གནང་ངོར། ཀུན་མཁྱེན་བླ་མ་རིན་པོ་


LT29_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་རྡོ་རྗེའི་བཀའ་སློབ་བློ་གྲོས་མཐའ་ཡས་པའི་སྡེས་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཟང་པོར་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། ༈ །།སྐྱེས་ཐོབ་མཁྱེན་རབས་ནམ་མཁའི་ཁྱོན་ལྟར་ཡངས། །བསླབ་པ་གསུམ་གྱི་སྦྱངས་ཡོན་མཐའ་རུ་ཕྱིན། །འབྲེལ་ཚད་རྒྱལ་སྲས་སྤྱོད་པར་འཇུག་མཛད་པ། །ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །དགེའོ།། ༈ །།བྱང་ཆུབ་སེམས་དང་རྣམ་པར་མི་རྟོག་པ། །ཟུང་འཇུག་གྲུབ་བརྙེས་རྗེ་བཙུན་ཁྱི་ཐུལ་ཅན། །མི་ཕམ་མགོན་དང་ཚོགས་གཉིས་ལེགས་གྲུབ་སོགས། །དམ་པའི་བྱིན་རླབས་ཡེ་ཤེས་རྣམ་པར་རོལ། །རྡོ་རྗེ་འཆང་དངོས་པདྨ་ཉིན་བྱེད་ཀྱིས། །རྗེས་བཟུང་ཀརྨ་ཀཾ་ཚང་རིང་ལུགས་པ། །ངག་གི་དབང་ཕྱུག་ཐོས་བསམ་བསྒོམ་གསུམ་གྱི། །ཡོན་ཏན་ཀུན་ནས་འདུ་བའི་རྒྱ་མཚོ་མཆོག །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །དཀོན་མཆོག་རྩ་བ་གསུམ་གྱི་བདེན་པའི་མཐུས། །གསང་གསུམ་འགྱུར་མེད་རྡོ་རྗེ་གསུམ་དུ་བརྟན། །གཞན་ཕན་བཞེད་པའི་དོན་ཀུན་མཐར་ཕྱིན་ཞིང་། །བདག་སོགས་རྣམས་ཀྱང་སྐྱེ་ནས་


LT29_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རབས་སུ། །མཚན་ཉིད་ཀུན་ལྡན་རྡོ་རྗེ་སློབ་དཔོན་དང་། །མི་འབྲལ་རང་གཞན་དོན་གཉིས་ལྷུན་གྱིས་གྲུབ། །རྡོ་རྗེ་འཛིན་པའི་གོ་འཕང་མཆོག་བརྙེས་ཤོག །ཅེས་སོ་སྐྱེ་ལ་གསོལ་འདེབས་དངངས་བསྟོད་འདི་ལྟར་མི་འོས་ཀྱང་དད་ལྡན་ཚེ་དབང་བསམ་འགྲུབ་ཀྱིས་བསྐུལ་ངོ་མི་ལྕོགས་ཕྱིར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་བྲིས་པ་དགེ་ལེགས་འཕེལ།། ༈ །།ཡོན་ཏན་རྒྱ་མཚོ་དཔལ་ལས་ལེགས་འཁྲུངས་ཤིང་། །མཁྱེན་གཉིས་བློ་གྲོས་འོད་དཀར་མཐའ་ཡས་འཕྲོ། །ཟག་མེད་བདེ་བའི་རྡོ་རྗེའི་ཆ་གང་བ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཟབ་གསང་དཀྱིལ་འཁོར་རྒྱ་མཚོའི་མགོན་པོ་ཉིད། །སྙིགས་དུས་རྡོ་རྗེ་འཛིན་པའི་སྐུར་ཤར་བ། །རང་རིག་སྤྲོས་བྲལ་ངང་དུ་རོ་གཅིག་པར། །རྟག་པ་དམ་པའི་སྐུ་རུ་བཞུགས་གསོལ་འདེབས། །བདག་སོགས་སྐྱེ་ཀུན་མཆོག་གི་བཤེས་གཉེན་གྱིས། །རྗེས་བཟུང་བྱང་ཆུབ་སེམས་མཆོག་རྣམ་གཉིས་དང་། །མི་འབྲལ་རྡོ་རྗེའི་དམ་ཚིག་མཐར་ཕྱིན་ནས། །དཔལ་ལྡན་རྡོ་རྗེ་སེམས་དཔའི་གནས་ཐོབ་ཤོག །ཅེས་པའང་ཨེ་ཝཾ་པ་སརྦ་ཛྙཱ་མཆོག་སྤྲུལ་རིན་པོ་ཆེའི་ཉེ་གནས་ཚུལ་རྒྱམ་པས་བཞེད་ངོར་གུ་ས་སྤེལ་བ་དགེ་ལེགས་འཕེལ།། །།


LT29_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫུ་ཤྲི་ཡེ། །མཁའ་ཁྱབ་གཉུག་མའི་རྡོ་རྗེའི་ཡེ་ཤེས་ཀྱིས། །སྒྲིབ་གསུམ་ཆ་དང་བཅས་པ་ཟོས་པ་ལས། །མཁྱེན་གཉིས་བཅུ་དྲུག་ལང་ཚོ་འབར་བ་ཅན། །བླ་མ་འཇམ་དཔལ་དབྱངས་ལ་གསོལ་བ་འདེབས། །གང་གི་བྱིན་རླབས་བདུད་རྩིའི་འོད་བཟང་པོས། །བློ་གྲོས་རྒྱ་མཚོ་ཡོངས་སུ་གང་བ་ལས། །རིས་མེད་བསྟན་པའི་པད་ཚལ་རྒྱས་བྱེད་པ། །བསྟན་འཛིན་མཆོག་རྣམས་བསྐལ་བརྒྱར་ཞབས་བརྟན་གསོལ། །བདག་ཀྱང་སྐྱེ་བར་མགོན་པོ་འཇམ་དབྱངས་ཀྱིས། །རྗེས་བཟུང་སྲིད་ཞིའི་མཐའ་ལ་མི་གནས་པར། །ཕྱིར་མི་ལྡོག་པའི་ཆོས་འཁོར་བསྐོར་བ་ལ། །ཐོགས་མེད་ངག་གི་དབང་ཕྱུག་ཉིད་གྱུར་ཅིག །ཅེས་པའང་ཐར་རྩེ་མཆོག་གི་སྤྲུལ་པའི་སྐུ་ཆེན་པོ་འཇམ་དབྱངས་མཁྱེན་བརྩེས་བོང་བ་གསེར་གཟིགས་ཀྱི་ཚུལ་འདི་རང་ཉིད་ལ་སྦྱར་བར་དགོས་ཞེས་བཀའ་ཕེབས་རྟེན་འབྲེལ་ཆེད་དུ་མ་ལྡོག་པར། །འཕགས་ཆེན་སྤྱི་ལ་གསོལ་བ་འདེབས་པའི་ཁུངས་སུ་བྱས་ཏེ་གུ་ས་རས་བྲིས་པ་དགེ་ལེགས་འཕེལ།། ༈ །།ངོ་བོ་སྤྲོས་དང་བྲལ་བ་ཆོས་ཀྱི་སྐུ། །རང་བཞིན་གསལ་ལམ་འགགས་ལོངས་སྤྱོད་རྫོགས། །ཐུགས་རྗེ་གང་འདུལ་དེར་སྣང་སྤྲུལ་པའི་སྐུ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །འཁོར་འདས་ཐམས་ཅད་གདོད་


LT29_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གཞི་ལ་རྫོགས། །རྟོགས་ནས་མངོན་པར་བྱང་ཆུབ་གཞན་སྣང་དུ། །རྣམ་རོལ་ཅིར་ཡང་འཆར་བའི་སེམས་དཔའ་ཆེ། །བློ་གྲོས་མཐའ་ཡས་ཞབས་ལ༴ འཁྲུལ་མེད་སྙིང་པོའི་དོན་གཟིགས་སེང་གེའི་སྒྲ། །ཡང་སྲིད་ཀུན་ཏུ་བསྙེངས་པ་མེད་པར་སྒྲོགས། །ཐབས་ཤེས་ཕྱག་རྒྱས་བསྡམས་པའི་རྡོ་རྗེ་འཛིན། །པདྨ་གར་དབང་རྩལ་ལ༴ སྐྱབས་གནས་བླ་མ་དཀོན་མཆོག་ཀུན་འདུས་སུ། །ངེས་པ་རྙེད་ནས་རྩེ་གཅིག་གསོལ་བཏབ་མཐུས། །རྒྱལ་ཀུན་རྡོ་རྗེ་བཞི་ཡི་བྱིན་རླབས་བཅུད། །བདག་རྒྱུད་ལ་ཞུགས་སྐད་ཅིག་སྨིན་གྲོལ་ཤོག །སྡོམ་པའི་ཚུལ་ཁྲིམས་རྣམ་གསུམ་རྣམ་པར་དག །དགེ་བ་ཆོས་སྡུད་ཕར་ཕྱིན་དྲུག་མཐར་སོན། །སེམས་ཅན་དོན་བྱེད་བསྡུ་བཞིའི་རྩལ་ཆེན་རྫོགས། །རིམ་གཉིས་བརྟན་ཐོབ་ཟུང་འཇུག་ཆེ་བརྙེས་ཤོག །ཅེས་པ་འདིའང་ཛཾ་ཐང་དཔོན་བླ་མ་བསླབ་པ་གསུམ་ལྡན་ཀརྨ་དམ་ཆོས་ནས་གསུང་བསྐུལ་ངོར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་ནས་བྲིས་ཏེ་ཕུལ་བ་དགེ་ལེགས་འཕེལ།། ༈ །།ཕྱོགས་མེད་དགེ་བའི་བཤེས་གཉེན་ཚུལ་བཞིན་བསྟེན། །རིས་མེད་ཐུབ་པའི་བསྟན་ལ་གཅིག་ཏུ་གུས། །ཤེས་དང་ཤེས་བྱར་ཐོས་བསམ་སྒོམ་ལྡན་པ། །དཔལ་ལྡན་བླ་མའི་ཞབས་ལ་


LT29_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས། །ངག་གི་དབང་ཕྱུག་ཡོན་ཏན་རྒྱ་མཚོའི་མཇིངས། །ལྷག་བསམ་བློ་གྲོས་རིན་ཆེན་མཐའ་ཡས་པ། །པདྨའི་རིགས་འཆང་གར་གྱི་དབང་ཕྱུག་རྩལ། །རྣམ་སྣང་ལོ་ཙཱའི་ངོ་བོར་གསོལ་བ་འདེབས། །རྒྱལ་བ་དགྱེས་པའི་སྤྱོད་མཆོག་ཀུན་རྫོགས་ནས། །སྣང་མཛད་ཉི་མས་འཇིག་རྟེན་གསལ་བའི་ཚེ། །འདུས་པ་མཆོག་གི་གྲངས་སུ་དབུགས་དབྱུང་ཞིང་། །བྱང་ཆུབ་ཆེན་པོར་ལུང་བསྟན་ཐོབ་གྱུར་ཅིག །ཅེས་པའང་དད་བརྩོན་མཁྱེན་རབ་ཀྱིས་རྒྱུད་ཕྱུག་པ་སྡེ་བ་དྲུང་ནམ་མཁའ་རྒྱལ་མཚན་གྱི་ཐུགས་བཞེད་སྐོང་སླད་བློ་གྲོས་མཐའ་ཡས་ཀྱིས་ལྷ་ལྡན་སྤྲུལ་པའི་གནས་སུ་བྲིས་པ་དགེ་ལེགས་འཕེལ།། ༈ །།དུས་གསུམ་རྒྱལ་བ་སྲས་བཅས་སྐྱེད་པའི་ཡུམ། །བཅོམ་ལྡན་རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །དབྱེར་མེད་བླ་མ་སངས་རྒྱས་ཀུན་འདུས་ལ། །སྒོ་གསུམ་རྩེ་གཅིག་གུས་པས་གསོལ་བ་འདེབས། །འཆི་མེད་རྡོ་རྗེ་བདེ་བའི་ཡེ་ཤེས་ཀྱིས། །སྨིན་ཅིང་གྲོལ་ནས་དོན་གཉིས་མྱུར་འགྲུབ་ཤོག །ཅེས་འཇམ་དཔལ་བསྟན་དར་སོགས་དད་ལྡན་རྣམས་ཀྱི་ངོར་བློ་གྲོས་མཐའ་ཡས་ཀྱིས་སྤེལ་བ་དགེ་ལེགས་འཕེལ།། ༈ །།སྐྱེས་ཆེན་ཡོངས་འཛིན་དུ་མས་རྗེས་སུ་བཟུང་། །རིས་མེད་རྒྱལ་བསྟན་


LT29_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་མཁྱེན་པ་རྒྱས། །སུམ་ལྡན་རྡོ་རྗེ་འཛིན་མཆོག་རིགས་ཀྱི་བདག །བློ་གྲོས་མཐའ་ཡས་ཞབས་ལ་གསོལ་བ་འདེབས། ཞེས་དགེ་སློང་ཚོགས་གཉིས་རྡོ་རྗེའི་ངོར་རི་རྒྱལ་རྫོང་དུ་རང་ཉིད་ཀྱིས་སྨྲས་པ་དགེ་ལེགས་འཕེལ།། ༈ །།ན་མོ་གུ་རུ། །ཀ་དག་ལྟ་བ་ལྷུན་འབྱམས་གསང་བའི་སྦུབས། །རིག་པའི་བུམ་སྐུ་ཁྱད་ཆོས་རྣམ་དྲུག་རྫོགས། །ཀུན་བཟང་ཆོས་ཀྱི་སྐུ་དང་ངོ་བོ་གཅིག །གནས་ལུགས་རྟོགས་ལྡན་མཆོག་ལ་གསོལ་བ་འདེབས། །ལྷུན་གྲུབ་སྒོམ་པ་འོད་ཀྱི་ཁང་བུ་རུ། །ལྔ་ལྡན་ཐིག་ལེ་རིགས་བརྒྱའི་སྣང་བརྙན་འཁྱིལ། །རིགས་ལྔ་ལོངས་སྤྱོད་རྫོགས་དང་རང་བཞིན་གཅིག །མངོན་སུམ་རྣལ་འབྱོར་མཆོག་ལ༴ གང་ཤར་སྤྱོད་པ་རོ་སྙོམས་རྒྱལ་ཁམས་ན། །འཁོར་འདས་རྫུན་རིས་ཆུ་དང་ཆུ་ལྟར་འདྲེས། །མ་ངེས་སྤྲུལ་པའི་སྐུ་དང་ཐུགས་རྗེ་གཅིག །བརྟུལ་ཞུགས་སྤྱོད་འཆང་མཆོག་ལ༴ ཞེན་ལོག་ངེས་འབྱུང་ལྷ་ཡི་དགའ་ཚལ་ན། །མོས་གུས་སྙིང་རྗེ་མེ་ཏོག་ལྡིང་ཁང་བཀྲ། །དག་སྣང་རིས་མེད་སྦྲང་རྩིའི་ཟིལ་དངར་སྐྱུགས། །ལམ་ཞུགས་གང་ཟག་མཆོག་ལ༴ དུང་དུང་སྐྱོ་ཤས་མྱ་ངམ་ཐང་ཆེན་ཏུ། །ལྷང་ལྷང་འོ་དོད་པདྨའི་


LT29_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ལ་འབོད། །ཐིབ་ཐིབ་བྱིན་རླབས་ཆར་སྤྲིན་སྐུལ་བ་པོ། །རིག་འཛིན་བླ་མ་མཆོག་ལ་གསོལ་བ་འདེབས། །ཚོགས་དྲུག་ལྷུག་པར་ཡན་པའི་དོ་ར་ན། །རིག་པའི་ཁྱེའུ་ཆུང་རང་འགྲོས་གར་སྟབས་རྩེ། །བདེ་སྟོང་ཁ་ཡི་ཆང་གིས་སེམས་མྱོས་པ། །གསང་སྔགས་མོས་སྤྱོད་མཆོག་ལ་གསོལ་བ་འདེབས། །བས་མཐའི་ནགས་ཚལ་བསམ་གཏན་སྐྱིལ་པོ་རུ། །སེམས་ཀྱི་སྤྲོས་བཅད་རྣམ་རྟོག་ནང་སྡུད་ཀྱང་། །ཤེས་བྱའི་མཁའ་ལ་བློ་གྲོས་སྣང་བ་ཤར། །མཁས་དབང་སྒྲུབ་པོ་མཆོག་ལ་གསོལ་བ་འདེབས། །སྣང་སྟོང་ལྷ་སྐུ་ཕྱག་རྒྱར་ལམས་སེ་ལམ། །གྲགས་སྟོང་རྡོ་རྗེའི་སྔགས་བཟླས་དི་རི་རི། །དྲན་སྟོང་ཆོས་ཉིད་གཉུག་མར་ཡ་ལ་ལ། །ཁྱེར་སོ་གསུམ་ལྡན་མཆོག་ལ་གསོལ་བ་འདེབས། །བྱང་ཆུབ་སེམས་ཀྱིས་བཟུང་བའི་གསེར་གླིང་དུ། །ཅི་སྣང་ཅི་སྤྱོད་ཡེ་ཤེས་རིན་པོ་ཆེ། །དེ་ཕྱིར་དམ་པའི་སེམས་ལ་ནན་ཏན་ཅན། །གསེར་འགྱུར་རྩི་བཟང་མཆོག་ལ་གསོལ་བ་འདེབས། །འཁོར་བ་དོང་ནས་སྤྲུགས་པའི་སེམས་མཆོག་བསྐྱེད། །འབྲེལ་ཚད་དོན་དང་ལྡན་པའི་སྨོན་ལམ་འདེབས།


LT29_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་རྒྱ་ཐེག་ཆེན་པོའི་དགོངས་ཉམས་སྐྱོང་། །ཐེག་ཆེན་རིགས་འཁྲུངས་མཆོག་ལ༴ དུས་མཐར་རྡོ་རྗེ་འཆང་ཉིད་ཐ་མལ་གྱི། །སློབ་དཔོན་གཟུགས་ཀྱིས་གདུལ་བྱའི་དོན་མཛད་ཅེས། །བསླུ་མེད་རྡོ་རྗེའི་བདེན་ཚིག་མི་བརྫུན་པས། །བདག་གིས་གསོལ་བཏབ་འབྲས་བུ་དོན་ཡོད་ཤོག །རྒྱལ་བའི་ཐུགས་རྗེའི་ཉི་མ་ཁྱབ་བརྡལ་ཡང་། །བླ་མའི་རྟེན་འབྱུང་མེ་ཤེལ་མ་བརྟེན་པར། །འགྲོ་རྒྱུད་བག་ཆགས་སྲེག་པར་མི་མཛད་པས། །སྨིན་གྲོལ་རྟེན་འབྲེལ་རྒྱུད་ལ་འགྲིགས་པར་ཤོག །དོན་དམ་ཡེ་ཤེས་ཀུན་ཀྱང་སྲོག་གཅིག་ཕྱིར། །དཔལ་ལྡན་བླ་མ་གཅིག་གི་ཐུགས་རྗེ་ལ། །བརྟེན་ནས་རྒྱལ་ཀུན་བྱིན་རླབས་འཇུག་ངེས་པས། །རྟོགས་གྲོལ་དུས་མཉམ་དངོས་གྲུབ་སྩལ་དུ་གསོལ། །ཅེས་པའང་དགེ་བཤེས་ཏིང་འཛིན་བཟང་པོའི་ངོར་པདྨ་གར་དབང་རྩལ་གྱིས་སོ། །བདག་དང་བདག་འདྲའི་བླ་མའི་གཟུགས་བརྙན་ལ། །གསོལ་འདེབས་བརྒྱ་ལས་ཡིག་དྲུག་གཅིག་གིས་དགའ། །མོས་གུས་ཡལ་ག་ལྡེམས་ཀྱང་བྱིན་རླབས་འོད། །མ་མཆིས་རྟོགས་པའི་པདྨེ་བཞད་ནུས་མིན། །འོན་ཀྱང་མོས་ལྡན་ཏིང་འཛིན་བཟང་པོ་ནས། །ཡང་ཡང་གསུངས་པའི་གཡར་རོ་མ་གཅོག་ཕྱིར། །སྐྱེས་ཐོབ་སྤྱི་དང་ཁྱད་པར་ཁྱེད་རང་གི། དྲིན་ཐོབ་ཀུན་ལ་གསོལ་གདབ་རུང་འདི་བྲིས། །ཐུགས་རྗེས་གཞན་རྒྱུད་གྲོལ་བའི་མཐུ་མེད་


LT29_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །ཨོ་རྒྱན་རྗེ་ལ་བཟོད་མེད་མོས་གུས་ཐོག །བཀའ་བརྒྱུད་འདི་ལ་བྱིན་རླབས་ཆུ་རྒྱུན་མངའ། །རྟེན་འབྲེལ་དེ་མཐུས་ཁྱོད་ཐུགས་སྨིན་གྲོལ་ཤོག །མངྒ་ལཾ།། ༈ །གདོད་ནས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །རང་རིག་རང་གསལ་ངང་ནས་གསོལ་བ་འདེབས། །གཉིས་མེད་གཉིས་སུ་འཁྲུལ་པའི་སྣང་སེམས་ཀུན། །ཀ་དག་དབྱིངས་སུ་གྲོལ་བར་བྱིན་གྱིས་རློབས། །བདེ་སྟོང་དབྱེར་མེད་བླ་མ་ལོངས་སྤྱོད་རྫོགས། །ཁྱབ་བརྡལ་མཉམ་ཡངས་ངང་ནས་གསོལ་བ་འདེབས། །འཁོར་འདས་མཉམ་ཉིད་བདེ་བ་ཆེན་པོ་རུ། །ཡེ་རྫོགས་གནས་ལུགས་རྟོགས་པར་བྱིན༴ གང་འདུལ་དེར་སྟོན་བླ་མ་སྤྲུལ་པའི་སྐུར། །མོས་གུས་གདུང་ཤུགས་ངང་ནས་གསོལ་བ༴ སྒྱུ་མའི་རང་བཞིན་ཀུན་རྫོབ་འཁྲུལ་སྣང་འདི། །བདེན་མེད་རང་སར་གྲོལ་བར༴ སྨིན་གྲོལ་ཆར་འབེབས་ཐར་པའི་ས་བོན་བསྐྱེད། །བཀའ་དྲིན་མཉམ་མེད་རིག་འཛིན་བླ་མ་ལ། །གསོལ་བ་འདེབས་སོ་འཁྲུལ་པ་སྐད་ཅིག་མར། །གཞི་མེད་རྩ་བྲལ་ཆོས་སྐུར་རྟོགས་པར་མཛོད། །སྲིད་ལས་ངེས་འབྱུང་རྩེ་གཅིག་སྒྲུབ་ལ་བརྩོན། །མོས་གུས་སྙིང་རྗེ་དག་སྣང་རྩལ་ཆེན་རྫོགས། །བསྐྱེད་རྫོགས་ཟུང་འཇུག་ཟབ་ལམ་མཐའ་རུ་ཕྱིན། །ཚེ་གཅིག་གདོད་


LT29_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གྲོལ་སར་བྱང་ཆུབ་ཤོག །ཅེས་དགེ་བཤེས་པདྨ་འོད་གསལ་བཞེད་ངོར་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་གནས་སུ་སྤེལ་བ་དགེ་ལེགས་འཕེལ།། ༈ །།རྣམ་སྣང་རྡོ་རྗེ་སེམས་དཔའ་རིགས་ཀུན་བདག། བརྒྱུད་གསུམ་རིག་འཛིན་བླ་མའི་སྤྲིན་ཕུང་འཕྲོ། །ཡི་དམ་དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་རྫོགས། །མཁའ་འགྲོ་ཆོས་སྐྱོང་རོལ་པའི་རྩལ་དུ་ཤར། །ཀུན་ཀྱང་དཔལ་ལྡན་བླ་མའི་རང་བཞིན་ཏེ། །བླ་མ་ཉིད་ལས་སྐྱབས་ཡུལ་གུད་ན་མེད། །གཅིག་ཆོག་རྒྱལ་པོ་བླ་མ་དམ་པ་ལ། །རྩེ་གཅིག་གུས་པས་སྙིང་ནས་གསོལ་བ་འདེབས། །དམིགས་མེད་ཐུགས་རྗེ་ཆེན་པོའི་རྩལ་སྐྱེད་ལ། །བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་དང་། །འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས། །ཅེས་པའང་སངས་རྒྱས་མཉན་པ་གྲུབ་ཆེན་གྱི་རྗེས་འཇུག་དགེ་སློང་ཀརྨ་བཟང་ལྡན་ནས་ཆེད་བུ་བསྐུལ་ངོར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་ནས་སྤེལ་བ་དགེ་ལེགས་འཕེལ།། ༈ །།རང་བྱུང་ཡེ་ཤེས་བླ་མ་རྡོ་རྗེ་སེམས། །ཐབས་ཤེས་བརྡ་གར་རིག་རྩལ་སྤྲོ་བསྡུའི་སྤྲིན། །དབྱིངས་ལས་མ་གཡོས་འོད་གསལ་ཀུན་ཁྱབ་གདངས། །རང་རིག་ཐིག་ལེ་ཆེན་


LT29_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ངོ་བོ་ཤར། །གདོད་ནས་གཉིས་སུ་མེད་པར་སྐྱབས་སུ་མཆི། །འཁོར་འདས་མཉམ་ཉིད་བྱང་ཆུབ་སེམས་མཆོག་བསྐྱེད། །སྤང་བླང་ཡེ་གྲོལ་རྡོ་རྗེའི་དམ་ཚིག་བཟུང་། །ཀློང་ཡངས་ཁྱབ་གདལ་ངང་དུ་གསོལ་བ་འདེབས། །སྤང་རྟོགས་ཡོན་ཏན་རྒྱ་མཚོར་འཁྱིལ་པ་ལ། །མཁྱེན་གཉིས་བློ་གྲོས་ནོར་མཆོག་མཐའ་ཡས་གཏམས། །པདྨའི་ཕྲིན་ལས་གར་གྱི་དབང་ཕྱུག་རྩལ། །འཆི་མེད་བསྟན་གཉིས་གླིང་པར་གསོལ་བ་འདེབས། །གཞི་ཡི་རིགས་སད་བྱང་ཆུབ་སེམས་གཉིས་འབྱོངས། །མཁའ་ཁྱབ་འགྲོ་ཀུན་གདོད་མའི་གྲོལ་ས་རུ། །སྒྲོལ་བའི་ནུས་ཐོབ་ཡེ་ཤེས་རྩལ་ཆེན་རྫོགས། །སྲས་བཅས་རྒྱལ་བའི་དགོངས་པ་སྐོང་བྱེད་ཤོག །ཅེས་རིག་འཛིན་སྤྲུལ་པའི་སྐྱེས་མཆོག་འགྲོ་འདུལ་དཔའ་བོ་རྡོ་རྗེའི་བཞེད་སྐོང་དུ་སྤེལ་བ་ཤུ་བྷཾ་ཀུརྦནྟུ།། ༈ །།སངས་རྒྱས་ཀུན་འདུས་གུ་རུ་པདྨ་འབྱུང་། །དེ་ཡི་རིག་འཛིན་བསྟན་གཉིས་གཡུང་དྲུང་གླིང་། །དབྱེར་མེད་འོད་གསལ་ངང་དུ་གསོལ་བ་འདེབས། །བྱང་ཆུབ་བར་དུ་མི་འབྲལ་རྗེས་འཛིན་གསོལ། །སྤྱན་རས་གཟིགས་དབང་རྒྱལ་མཆོག་ཀརྨ་པ། །དེ་ཡི་བསྟན་འཛིན་ངག་གི་དབང་ཕྱུག་དཔལ། །དབྱེར་མེད་མཉམ་ཉིད་ཀློང་དུ་གསོལ་བ་འདེབས། །བྱང་ཆུབ་བར་དུ༴


LT29_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དཔག་མེད་དངོས་ཆོས་ཀྱི་དབང་ཕྱུག་ཞབས། །དེ་ཡི་བརྒྱུད་འཛིན་པདྨ་གར་གྱི་དབང་། །དབྱེར་མེད་རང་རིག་དབྱིངས་སུ་གསོལ་བ་འདེབས། །བྱང་ཆུབ༴ བྱམས་མགོན་དངོས་སྣང་པདྨ་ཉིན་བྱེད་དབང་། །དེ་ཡི་ཐུགས་སྲས་བློ་གྲོས་མཐའ་ཡས་ཞབས། །དབྱེར་མེད་མོས་གུས་ཀློང་དུ་གསོལ་བ་འདེབས། །བྱང་ཆུབ༴ སྡོམ་དང་དམ་ཚིག་ཉམས་ཆགས་ཉེས་ལྟུང་སོགས། །འདི་ཕྱིར་སྒྲིབ་པའི་ལས་ངན་གང་བསགས་པ། །སྙིང་ནས་གནོང་འགྱོད་དྲག་པོས་མཐོལ་བཤགས་ན། །བྱང་དག་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །ཅི་བྱས་བསྟན་འགྲོའི་དོན་དུ་འགྱུར་བ་དང་། །འདི་ཕྱིར་བསམ་པའི་དོན་ཀུན་ལྷུན་གྱིས་གྲུབ། །འབྲེལ་ཚད་དོན་ལྡན་རྒྱལ་སྲས་སྤྱོད་པ་ཡིས། །ས་ལམ་གེགས་མེད་མྱུར་དུ་བགྲོད་པར་ཤོག །འདི་བཟུང་བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །དཔལ་ལྡན་བླ་མ་མཆོག་གིས་རྗེས་སུ་བཟུང་། །ཐུགས་ཡིད་གཅིག་དྲེས་ཕྲིན་ལས་ཕྱོགས་བརྒྱར་སྤེལ། །དོན་གཉིས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཞེས་ཤུ་བྷ་འབྲུག་དགུ་གླིང་གི་བསྟན་པའི་མངའ་བདག་ཆོས་ཀྱི་རྗེ་ནང་སོ་དབང་ཕྱུག་སེང་གེའི་ཞལ་འདོན་རྒྱུ་བློ་གྲོས་མཐའ་ཡས་པའི་སྡེས་བགྱིས་པ་དགེ་ལེགས་འཕེལ།། ༈ །།


LT29_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་འབྱུང་ཚུལ་ཁྲིམས་ཤན་ཏུ་རྣམ་པར་དག །བརྟན་མཁས་ཡོན་ཏན་ཀུན་རྫོགས་གནས་བརྟན་ཆེ། །བླང་དོར་ལམ་སྟོན་ཐར་པའི་ས་མཁན་མཆོག །ཀརྨ་བཀྲ་ཤིས་འོད་ཟེར་ལ་གསོལ་བ་འདེབས། །བྱང་ཆུབ་སེམས་ཀྱི་རྩ་བ་རབ་ཏུ་བརྟན། །རྒྱལ་སྲས་སྤྱོད་ལ་འཇུག་པའི་ཡལ་ག་རྒྱས། །གཞན་ཕན་མེ་ཏོག་འབྲས་བུའི་ཁུར་གྱིས་དུད། །ཀརྨ་བཀྲ་ཤིས་འོད་ཟེར་ལ་གསོལ་བ་འདེབས། །དབང་བཞིའི་ཡེ་ཤེས་ཟབ་མོས་ལེགས་སྨིན་ཅིང་། །བསྐྱེད་རྫོགས་གདམས་པས་ཐུགས་རྒྱུད་ཡོངས་སུ་གྲོལ། །ས་ལམ་གོང་དུ་འཕེལ་བའི་རྡོ་རྗེ་འཛིན། །ཀརྨ་བཀྲ་ཤིས་འོད་ཟེར་ལ་གསོལ་བ་འདེབས། །མཚན་ལྡན་བླ་མའི་གསང་གསུམ་བསྐལ་བརྒྱར་བརྟན། །དད་ལྡན་སློབ་མའི་བསམ་དོན་ཆོས་བཞིན་འགྲུབ། །རྣམ་ཀུན་འབྲལ་མེད་ཐོས་བསམ་སྒོམ་ལ་བརྩོན། །སྐྱོབ་པ་བླ་མེད་འགྲོ་བའི་མགོན་གྱུར་ཤོག །ཅེས་དགེ་བཤེས་བློ་གྲོས་ཕུན་ཚོགས་ཀྱིས་བསྐུལ་ངོར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་བགྱིས་པ་དགེ་ལེགས་འཕེལ།། ༈ །།ན་མོ་གུ་རུ་བུདྡྷ་དྷརྨཱ་སངྒྷཱ་ཡ། བཅོམ་ལྡན་དེ་བཞིན་གཤེགས་པ་འོད་དཔག་མེད། །ཐུགས་རྗེ་ཆེ་ལྡན་སྟོན་པ་ཤཱཀྱ་ཐུབ། །མངོན་དགའི་ཞིང་བཞུགས་མགོན་པོ་མི་འཁྲུགས་པ། །སྨན་གྱི་བླ་མ་བཻ་ཌཱུརྻ་ཡི་འོད། །ངན་སོང་


LT29_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སྦྱོང་རྣམ་པར་སྣང་མཛད་དང་། །ངན་འགྲོའི་འཇིགས་སྐྱོབས་རིན་ཆེན་གཙུག་ཏོར་ཅན། །འཁོར་བ་དོང་སྤྲུགས་འཕགས་མཆོག་སྤྱན་རས་གཟིགས། །འཇིགས་ཀུན་སེལ་མཛད་རྗེ་བཙུན་སྒྲོལ་མ་ཡུམ། །རྩ་གསུམ་ཀུན་འདུས་གུ་རུ་པདྨ་འབྱུང་། །དབྱེར་མེད་དཔལ་ལྡན་རྩ་བའི་བླ་མ་ལ། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སྙིང་ཁུང་རུས་པའི་གདིང་ནས་སྐྱབས་སུ་མཆི། །དད་མོས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ། །བརྩེ་བས་དགོངས་ལ་ཡེ་ཤེས་སྤྱན་གྱིས་གཟིགས། །འབྲལ་མེད་ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ། །འཁོར་བ་ངན་སོང་འཇིགས་ལས་སྐྱོབ་པ་དང་། །མཐོ་རིས་ཐར་པའི་ལམ་སྒོ་འབྱེད་དུ་གསོལ། །ཚེ་འདིར་མི་མཐུན་བར་ཆད་ཀུན་ཞི་ཞིང་། །ཕྱི་མ་བདེ་ཆེན་ཞིང་དུ་འདྲེན་དུ་གསོལ། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རབ་རྫོགས་ཏེ། །དོན་གཉིས་མཐར་ཕྱིན་རྫོགས་སངས་རྒྱས་གྱུར་ཅིག །ཅེས་སྒྲུབ་བརྒྱུད་བསྟན་པའི་སྦྱིན་བདག་འོ་ཏོ་ཏ་སྩ་ཚེ་རིང་ཕུན་ཚོགས་ཞལ་འདོན་རྒྱུ་བློ་གྲོས་མཐའ་ཡས་ཀྱིས་སྤེལ་བ་དགེ་ལེགས་འཕེལ།། །།


previousཏཱའི་སི་ཏུ་པདྨའི་ལྗགས་ལྡན་དྲུག་གི་ཐོག་མར་བྱོན་པ་རྡོ་རྗེ་འཆང་པདྨ་དབང་ཆེན་ལ་གསོལ་བ་འདེབས་པ་མོས་གུས་ཀྱི་ཆུ་སྐྱེས་རྣམ་པར་རྒྱས་པ།next