Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

2 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
  
 
མོས་གུས་ཀྱི་རབས་ལས་སྐྱེས་པའི་ཐུགས་རྗེ་མངོན་པར་བསྐུལ་བའི་ཚིག་ཕྲེང་སྐལ་ལྡན་འདོད་པ་འཇོ་བའི་བུམ་བཟང་།
  
  
  
  
  
  
  
  
  
  


2 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousམོས་གུས་ཀྱི་རབས་ལས་སྐྱེས་པའི་ཐུགས་རྗེ་མངོན་པར་བསྐུལ་བའི་ཚིག་ཕྲེང་སྐལ་ལྡན་འདོད་པ་འཇོ་བའི་བུམ་བཟང་།next

མོས་གུས་ཀྱི་རབས་ལས་སྐྱེས་པའི་ཐུགས་རྗེ་མངོན་པར་བསྐུལ་བའི་ཚིག་ཕྲེང་སྐལ་ལྡན་འདོད་པ་འཇོ་བའི་བུམ་བཟང་།


LT29_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

མོས་གུས་ཀྱི་རབས་ལས་སྐྱེས་པའི་ཐུགས་རྗེ་མངོན་པར་བསྐུལ་བའི་ཚིག་ཕྲེང་སྐལ་ལྡན་འདོད་པ་འཇོ་བའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།། །།


LT29_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་ལྡན་དང་འབྲེལ་ཐོགས་ཀྱི་བླ་མ་རྣམས་ལ་གུས་པའི་ཚིག་རྡོ་རྗེ་གཉུག་མའི་གསང་ལམ་ཞེས་བྱ་བ། གདོད་མའི་གནས་ལུགས་མངོན་གྱུར་རྡོ་རྗེ་འཆང་། །ཟུང་འཇུག་འབྲས་བུའི་རང་བཞིན་ཧེ་རུ་ཀ །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བཅོམ་ལྡན་འདས། །པདྨ་ཉིན་བྱེད་དབང་པོའི་ཞབས་ལ་འདུད། །མ་འོངས་རྣམ་འདྲེན་ལྔ་པ་བྱམས་ཆེན་མགོན། །ད་ལྟ་པདྨས་ལུང་བསྟན་པདྨ་དངོས། །གཞན་ཏུ་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྟེ། །སི་ཏུ་པདྨ་དབང་ཆེན་ཞབས་ལ་འདུད། །སྙིགས་དུས་བསྟན་འགྲོའི་དཔལ་གྱུར་ཟབ་རྒྱས་ཀྱི། །ཕྲིན་ལས་རྒྱལ་བ་ཁོ་ནའི་སྤྱོད་ཡུལ་ཉིད། །ཁྱད་པར་བདག་ཅག་སྐྱེ་བ་གཏན་གྱི་སྐྱབས། །དཔལ་ལྡན་བསྟན་འཛིན་ཉིན་བྱེད་ཞབས་ལ་འདུད། སོ་ཐར་སྟོད་འདུལ་གྱི་སྡོམ་རྒྱུན། འབྲི་གུང་དང་ཆགས་མེད་ལུགས་ཀྱི་བྱང་སྡོམ་ལན་གཉིས། དུས་འཁོར། ཀྱེ་རྡོར། རྒྱལ་རྒྱམ་དཀོན་སྤྱི་གྲུབ་བརྒྱའི་རིགས་གཏད་སོགས་གསར་རྙིང་མང་པོའི་དབང་བསྐུར་རྗེས་གནང་རིག་གཏད། ཇོ་ནང་རིན་འབྱུང་དབང་ཚང་མ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སོགས་ལྗགས་ལུང་ཆེ་ཕྲ་མང་པོ། ཕྱག་ཆེན་ཆོས་དྲུག །སྦྱོར་དྲུག །རྫོགས་ཆེན། རླུང་སེམས་གཉིས་མེད། སྐུ་གསུམ་ངོ་སྤྲོད། ལྔ་ལྡན། གཞན་སྟོང་ལྟ་ཁྲིད་སོགས་སྡོམ་པ་གསུམ་དང་སྨིན་གྲོལ་མང་པོའི་བཀའ་དྲིན་ནོས་ཤིང་། གསོལ་བ་རྩེ་གཅིག་ཏུ་བཏབ་བས་གནས་ལུགས་རང་ཞལ་ཀྱང་གཡར་ཁྲལ་དུ་མཇལ་བར་རློམས་བས་རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་དངོས་སུ་ངེས་པ་ཡིན་ནོ། །


LT29_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཁམས་ཀུན་བདག་མགོན་པོ་སྤྱན་རས་གཟིགས། །མ་བྱོན་རྒྱལ་བ་དྲུག་པ་སེང་གེའི་ཚུལ། །གངས་ཅན་སྐྱེ་དགུའི་སྐྱབས་གཅིག་ཀརྨ་པ། །ཐེག་པ་མཆོག་གི་རྡོ་རྗེའི་ཞབས་ལ་འདུད། དཔལ་དུས་ཀྱི་འཁོར་ལོ། །ཀརྨ་ཀཾ་ཚང་གི་ཡི་དམ། །ཆོས་སྐྱོང་ཡོངས་རྫོགས། དུས་མཁྱེན་རང་བྱུང་རྗེ་དགུ་བའི་གསུང་སྒོར་སོགས་སྨིན་གྲོལ་ཟབ་རྒྱས། འཐོང་གྲོལ་ཞཱ་ནག་གསེར་མདངས་ཀྱི་ཞལ་ལན་གྲངས་སུ་མཇལ་ཞིང་ཐུན་མོང་མ་ཡིན་པའི་ཐུགས་རྗེས་བྱིན་རླབས་ཐོབ་བའོ། ལོ་ཆེན་བཻ་རོའི་སྒྱུ་འཕྲུལ་རིག་པ་འཛིན། །མཆོག་ཏུ་མི་འགྱུར་བདེ་སྟོང་ཡེ་ཤེས་ཆེ། །གྲུབ་པའི་དབང་ཕྱུག་དཔལ་ལྡན་དཔའ་བོ་མཆོག །གཙུག་ལག་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། ཕྱག་ཆེན་རྒྱ་གཞུང་གི་ལུང་། སྨིན་གླིང་། འཛི་སྒར། ཇེ་ཉིད་ཀྱི་དགོངས་གཏེར་སོགས་གསར་རྙེད་མང་པོའི་དབང་ལུང་དང་། བྱིན་རླབས་གཏད་རྒྱ་དངོས་དང་རྨི་ལམ་ལས་ཡིད་ཆེས་ཐོབ་པས་ཐུགས་རྗེས་ངེས་པར་བཟུང་བའོ། །རྩོད་བྲལ་ནཱ་རོའི་སྒྱུ་འཕྲུལ་འབྲུག་པ་ཆེ། །འགྲོ་འདུལ་མི་འགྱུར་དབང་གི་རྒྱལ་པོ་དང་། །ཤེར་འབྱུང་སྦས་པའི་རྣམ་འཕྲུལ་དབའ་བོ་རྗེའི། །ཡང་སྲིད་གཙུག་ལག་ཉི་མའི་ཞབས་ལ་འདུད། ངེས་དོན་བསྟན་པའི་སྒྲོན་མེ་འགྲོ་བའི་མགོན། །རིམ་གཉིས་བརྟན་ཐོབ་བསླབ་གཉིས་ཀ་ལས་སྨིན་བྱེད་ཀྱི་ཆོས་འབྲེལ་ནོས་ཤིང་དགོངས་གཏར་ཐུན་མིན་གནང་བའོ། གསུམ་རྣམ་པར་དག །ས་བཅུའི་དབང་ཕྱུག་ཆགས་མེད་དངོས་


LT29_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་ཞབས། །ཀརྨ་བསྟན་འཛིན་ཕྲིན་ལས་ཞབས་ལ་འདུད། །ངད་གླིང་ཐུགས་སྒྲུབ་ཞི་དྲག་འདུས་བསྐོར་གསུམ་སོགས་དང་། ཆགས་མེད་གསུང་སྐོར་ཕལ་མོ་ཆེའི་དབང་ལུང་རྒྱ་ཆེར་བཀའ་དྲིན་ཐོབ་ཅིང་། ཉིང་འཁྲུལ་གྱི་སྣང་བར་འདས་རྗེས་བྱིན་རླབས་བསྩལ་བས་བླ་མའི་མཆོག་རབ་ཏུ་གྱུར་པའོ། །ཤེས་དང་ཤེས་བྱ་ཀུན་གཟིགས་ཐམས་ཅད་མཁྱེན། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་འཁོར་ལོའི་མགོན། །བཀའ་དྲིན་སུམ་ལྡན་རྡོ་རྗེ་འཛིན་དབང་པོ། །ཀརྨ་ཐེག་མཆོག་བསྟན་འཕེལ་ཞབས་ལ་འདུད། ཀར་ལུགས་ཀྱི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་དབང་ལུང་། བླ་མ་དགོངས་འདུབ། ཞི་ཁྲོ་འཇའ་ཚོན་པོད་དྲུག །ཡོན་དགེའི་གཏེར་ཆོས། མི་ཏྲ་བརྒྱ་རྩ། །ཞི་ཕྲེང་དྲག་ཕྲེང་སོགས་མདོར་ན་ཀཾ་ཚང་དང་གནས་མདོ་ལུགས་ལ་ད་ལྟ་རྒྱུན་བཞུགས་པའི་གསར་རྙིང་དབང་ལུང་བལ་མོ་ཆེ་དང་། ལྷ་ཁྲིད་ཕལ་ཆེར་དང་ཕྱག་ཆེན་ཆོས་དྲུག་གི་ཞིབ་ཁྲིད་སོགས་ཟབ་པ་དང་རྒྱ་ཆེ་བའི་སྨིན་གྲོལ་མཐའ་དག་བསྩལ་ཞིང་། རྨི་ལམ་དུའང་ཐུགས་རྗེས་བཟུང་བས་བཀའ་དྲིན་ཟླ་མེད་པའི་བླ་མ་མཆོག་ཏུ་གྱུར་བའོ། །བཅུ་ཕྲག་རིག་པར་བྱང་ཆུབ་པཎྜི་ཏ། །ཟབ་གསང་རྒྱུད་སྡེའི་གནད་རྟོགས་གསང་བའི་བདག །ལམ་ཟབ་རྣལ་འབྱོར་ཡོངས་གཙོ་བཀའ་དྲིན་ཅན། །འགྱུར་མེད་མཐུ་སྟོབས་རྣམ་པར་རྒྱལ་ལ་འདུད། སྒྲ་སྙན་ངག་སྡེབ་སྦྱོར་སུམ་རྟགས་གྲུབ་མཐའི་གོ་དོན་སོགས་རིག་གནས་ཕལ་མོ་ཆེ་དང་། རྒྱལ་བའི་བཀའ་འགྱུར་རོ་ཅོག །བསྟན་འགྱུར་ལས་རྒྱུན་གང་བཞུགས་པུསྟི་


LT29_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཉི་ཤུ་སྐོར། རྙིང་རྒྱུད་པོད་ཉེར་བདུན། ཀློང་ཆེན་མཛོད་བདུན། མ་ི་བཀའ་འབུམ། བཀའ་ཐང་སོགས་ལྗགས་ལུང་མང་པོ་དང་། སྨིན་གླིང་འདོད་བུམ་ཕལ་ཆེར། བཀའ་བརྒྱད་བདེ་འདུས། ཆོས་དབང་ཕུར་པ་སྦུ་གྲི་སོགས་ཀྱི་སྨིན་བྱེད་ཀྱང་ཐོབ་ཅིང་། ལར་ཐོས་བསམ་གྱི་ཤེས་རབ་ཐོག་མར་སྐྱེད་པ་པོ་ཡིན་པས་བཀའ་དྲིན་འཁོར་མཐའ་བྲལ་བའོ། །སྐྱེས་ཐོབ་མཁྱེན་རབ་ནམ་མཁའི་ཁྱོན་ལྟར་ཡངས། །འབད་མེད་ཏིང་འཛིན་སྒོ་བརྒྱ་ཀློང་ནས་བརྡོལ། །རིས་མེད་རྒྱལ་བསྟན་སྣང་བའི་ཉིན་མོར་བྱེད། །འཇམ་དབྱངས་མཁྱེན་བརྩེ་མཚན་དོན་མཐུན་ལ་འདུད། །བྱ་སྤྱོད་རྣལ་འབྱོར་གསུམ་གྱི་དབང་རྗེས་གནང་རིག་གཏད་བཀའ་ཡོད་ལྷད་མེད་ཕལ་མོ་ཆེ། དུས་ཀྱི་འཁོར་ལོ་དང་དགྱེས་པ་རྡོ་རྗེའི་སྨིན་བྱེད་རྒྱུད་བཤད་ལམ་འབྲས་བཅས། ནཱ་རོ་མཁའ་སྤྱོད། སྔགས་བཏུ་རིག་གསུམ་གཙོས་བླ་མེད་སྐོར། ལྔ་འགྱུར་སེམས་ཀློང་མན་ངག །ཁྱད་པར་སྒྱུ་འཕྲུལ་གསང་སྙིང་གི་དབང་ལུང་རྒྱུད་བཤད་ཡོངས་རྫོགས། །ཡང་དག་མཉམ་སྦྱོར་སོགས་བཀའ་མ། གང་། ཆོས་དབང་། བྱང་གཏེར། ལྷ་བཙུན། སྨིན་གླིང་སོགས་རྩོད་མེད་ཀྱི་གཏེར་ཆོས་ཕལ་མོ་ཆེ་དང་། རྗེ་ཉིད་ཀྱི་གཏེར་ཆོས། ཤང་ཆོས། ཞི་བྱེད། གཅོད་ཡུལ། བྷཱུ་རླུང་སོགས་མདོར་ན་བརྒྱུད་བ་སེལ་མེད་རྒྱུན་ཡོད་ངེས་གྱི་དབང་ལུང་གྲངས་ལས་འདས་པ་དང་། ཁྲིད་ཚུལ་ཁོ་ན་ཉིས་བརྒྱའི་གྲངས་ལས་བརྒལ་བ་ཐོབ་པས་བླུན་པོ་ཐོས་ཆུང་དལ་འབྱོར་སྟོང་ཟད་ཀྱི་གསེབ་ལས་དབུགས་ཆེན་དབྱུང་བ་བསྩལ་བའི་བཀའ་དྲིན་ནམ་མཁའི་ར་བ་ལས་


LT29_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བརྒལ་ལོ། །དམ་འཛིན་ཡང་སྲིད་གནས་གཏེར་བརྒྱ་རྩའི་བདག །སྔོན་མེད་ངོ་མཚར་ཟབ་ཆོས་གསང་མཛོད་འཛིན། །ད་ལྟ་སེམས་དཔའ་པདྨའི་མྱུ་གུའི་ཚུལ། །ཨོ་རྒྱན་མཆོག་གྱུར་གླིང་པའི་ཞབས་ལ་འདུད། །ཉིད་ཀྱི་ཟབ་གཏེར་མཐའ་དག་གི་སྨིན་གྲོལ་ཡོངས་རྫོགས་གཅིག་བརྒྱུད་གཏད་རྒྱ་བཅས་སྩལ་ཞིང་ཆོས་ཀྱི་བདག་པོར་མངའ་གསོལ་སྩལ་བས་བཀའ་དྲིན་ཆེའོ། །སྐྱེས་ཐོབ་སྟོབས་ཀྱིས་བྱང་ཆུབ་སེམས་གཉིས་རྫོགས། །སྒྲུབ་བརྒྱུད་བསྟན་ལ་སྲི་ཞུ་རླབས་ཆེན་མཛད། །ལང་གྲོའི་རྣམ་འཕྲུལ་ལུང་ཟིན་སྐྱེས་བུ་མཆོག །སྒྲུབ་བརྒྱུད་བསྟན་འཛིན་ཕྲིན་ལས་ཞབས་ལ་འདུད། ཀློང་གསལ་གཏེར་ཆོས་ཁ་ཤས་དང་ཚེ་དབང་བརྒྱ་རྩ་སོགས་ནོས་ཤིང་དགེ་བའི་མཐུན་རྐྱེན་གྱི་བཀའ་དྲིན་གཞལ་དུ་མ་མཆིས་པའོ། །སྨྱོས་རིགས་རྡོ་རྗེའི་ཁྲིར་བཞུགས་གནུབས་ཆེན་འཕྲུལ། །འགྱུར་མེད་ཡིད་བཞིན་དབང་གི་རྒྱལ་པོ་དང་། །བསླབ་གསུམ་སྦྱང་རྟོགས་ཕུལ་བྱུང་རྗེ་བཙུན་མ། །འགྱུར་མེད་བསྟན་འཛིན་དཔལ་གྱི་སྒྲོན་མར་འདུད། སྔ་མ་ལས་རྙིང་མ་བཀའ་མ་ཕལ་མོ་ཆེ་དང་། གཤེད་སྐོར་གཙོ་གྱུར་སྨིན་བྱེད་ཆེ་ཕྲ། །ཕྱི་མ་ལས་དེ་དག་གི་ལུང་སོགས་ནོས་པའོ། །ཡབ་སྲས་སྐྱེས་ཆེན་མང་པོས་བླ་མར་བཀུར། །རྩོད་བྲལ་གཏེར་ཁའི་ལུང་ཟིན་ཆོས་བདག་གྱུར། །གར་དབང་ཞེས་གྲགས་སྐྱེ་བའི་རབས་བདུན་པ། །ངེས་དོན་ཆོས་སྐྱོང་བཟང་པོའི་ཞབས་ལ་འདུད། སྨིན་གྲོལ་བདུད་རྩི་


LT29_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཞིག་དང་། ལྷག་པར་བཀའ་བརྒྱད་བདེར་འདུས་ཀྱི་དབང་ལུང་ཡོངས་རྫོགས་བསྩལ་བས་བཀའ་དྲིན་ཤིན་ཏུ་ཆེའོ། །སྐྱེས་རབས་དུ་མར་མཁས་གྲུབ་རྩེ་མོར་བསྙེགས། །རྣམ་ཀུན་སྒྲུབ་བརྒྱུད་བསྟན་ལ་བྱ་བ་མཛད། །སྐུ་ཚེ་འདིར་ཡང་འཕགས་པའི་རྣམ་ཐར་འཆང་། །བསྟན་འཛིན་དགེ་ལེགས་ཉི་མའི་ཞབས་ལ་འདུད། །བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་འཁོར་ལོ་ལྔ་ཚང་མའི་དབང་ལུང་ཁྲིད་བཅས། །རོལ་རྡོར་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་སོགས་མང་དུ་བཀའ་དྲིན་ཐོབ་པས་སྐལ་པ་ཤིན་ཏུ་བཟང་ངོ་། །སྙིགས་དུས་གདུལ་དཀའ་མི་དང་མི་མ་ཡིན། །སྦས་མངོན་ཐབས་ཀྱིས་འདུལ་མཛད་རིགས་སྔགས་འཆང་། །རྡོ་རྗེ་དྲག་པོའི་ཕྲིན་ལས་ལྷུན་གྲུབ་ཏུ། །དབང་སྒྱུར་བསྟན་པའི་རྒྱལ་མཚན་ཞབས་ལ་འདུད། །བཀའ་འདུས། སྨན་ཡིག་རྒྱུད་བཞི། མི་ལའི་མགུར་འབུམ། གོང་མའི་དགོངས་གཏེར་འགའ་རེའི་སྨིན་གྲོལ་ནོས། །མཆོག་གྲུབ་རྒྱལ་པོ་ཤོ་སྒོམ་རྣམ་པར་འཕྲུལ། །ཡང་སྲིད་ཀུན་ཏུ་སྒྲུབ་བརྒྱུད་བསྟན་པ་མཆོག །འཛིན་སྐྱོང་སྤེལ་བའི་ཕྲིན་ལས་རྨད་བྱུང་བ། །ཁྲ་ལེབ་ཡེ་ཤེས་ཉི་མའི་ཞབས་ལ་འདུད། །རྔོག་དཀྱིལ་སོགས་ཞྭ་དམར་སྤྱན་སྔའི་རྒྱུད་སྡེའི་དབང་ལུང་ནོས། ཧཱུྃ་ཆེན་ཀ་ར་འཁོན་སྟོན་ཀླུ་དབང་སྲུང་། །ཐུགས་གཏེར་མཛོད་འཆང་ལ་ལི་ཏ་བཛྲ། །གང་འདུལ་རོལ་པ་སྒྱུ་འཕྲུལ་དྲྭ་བའི་གར། །མཆོག་སྤྲུལ་པདྨ་


LT29_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་འཕེལ་ཞབས་ལ་འདུད། །རོལ་རྡོར་ཐུགས་སྒྲུབ་ཞི་དྲག་དང་ཁྲོ་རོལ་ཕུར་པའི་དབང་སྐུར་ནོས། མཁས་གྲུབ་ཡོངས་འཛིན་དུ་མ་ཚུལ་བཞིན་བསྟེན། །དབང་ལུང་གདམས་སྤེལ་བསྟན་ལ་བྱ་བ་མཛད། །སོར་བསམ་མཐར་ཕྱིན་སྤྲོས་བྲལ་ཆེན་པོ་རྟོགས། །ཚེ་དབང་པདྨ་ནོར་བུའི་ཞབས་ལ་འདུད། །ཆོས་གླིང་རྫོགས་ཆེན། གནམ་ཆོས་གཏུམ་མོ་དང་རྫོགས་ཆེན་སོགས་སྨིན་ཁྲིད། སངས་གླིང་ཀློང་གསལ་གནམ་ཆོས་རོལ་རྡོར་སོགས་ཀྱི་དབང་སུང་ཆེ་ཕྲ་མང་པོ། སེམས་ཁྲིད་དང་དོགས་གཅོད་ལན་བླངས་གནང་ཞིང་འདས་རྗེས་རྨི་ལམ་གྱི་སྣང་བར་ངོ་སྤྲོད་ཐོབ་པས་མྱོང་ཐོག་ཏུ་བོགས་ཕྱིན་པ་སོགས་བཀའ་དྲིན་ཆེའོ། །རྒྱུད་སྡེ་དུ་མའི་བསྙེན་སྒྲུབ་ཚད་དུ་འཁྱོལ། །གཏུམ་མོའི་དྲོད་རྟགས་ཕྱི་ཡི་ལུས་ལ་ཤར། །མ་ཞེན་མ་བཀག་རྣལ་འབྱོར་སྤྱོད་པའི་ཕུལ། །རྡོ་རྗེ་སློབ་དཔོན་བསྟན་འཛིན་ཞབས་ལ་འདུད། ཐུགས་རྗེ་གསང་འདུས། རྒྱལ་རྒྱམ་སོགས་དབང་ཆེན་ཁ་ཤས། ཆགས་མེད་ལུགས་གྱི་དབང་ལུང་འགའ་ཙམ་ཐོག །སྡོམ་དང་དམ་ཚིག་སྤྱན་གྱི་འབྲས་ལྟར་བཙའ། །བསྟན་པའི་སྲི་ཞུ་སྲོག་གི་ཕྱིར་ཡང་བཟོད། །དམ་པས་ལུང་བསྟན་དམ་པའི་རྣམ་འཕྲུལ་མཆོག །ཀརྨ་འོད་གསལ་འགྱུར་མེད་ཞབས་ལ་འདུད། །རྗེ་བཙུན་ཏཱ་ར་ནཱ་ཐའི་བཀའ་འབུམ་ཕལ་མོ་ཆེའི་ལུང་དང་ཁྲིད། །དཔལ་དུས་ཀྱི་འཁོར་ལོ་གཙོ་བོར་གྱུར་པའི་བླ་མེད་ཀྱི་རྒྱུད་སྡེ་རྒྱུན་བཞུགས་སོ་འཚལ་གྱི་དབང་


LT29_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་ཟབ་ཅིང་རྒྱ་ཆེ་བས་རྗེས་སུ་བཟུང་བས་སྤྱིར་བཀའ་དྲིན་ཆེ་བ་མ་ཟད། ཇོ་ནང་བའི་བསྟན་པ་ལ་སྲོག་མཐུད་པ་ལྟ་བུའི་གསོས་སུ་གྱུར་པས་བཀའ་དྲིན་སྙིང་པོའི་བར་དུ་འཁོར་བར་དཀའ་འོ། །བཙུན་ཚུགས་དགྲ་བཅོམ་ལྟ་བུར་དང་བ་འདྲེན། །གཞན་ཕན་བྱང་ཆུབ་ཐུགས་བློ་གཏིང་ནས་འབྱོངས། །མཚན་བཅས་མཚན་མེད་ཏིང་འཛིན་འདུ་འབྲལ་མེད། །ངེས་དོན་བསྟན་པ་རབ་རྒྱས་ཞབས་ལ་འདུད། །དྭགས་པོའི་བཀའ་འབུམ། ཡང་དགོན་རི་ཆོས། ནག་རྒྱལ་ཕག་གསུམ་སོགས་བཀླག་ལུང་དུ་མ། རྔོག་དཀྱིལ་བདུན་སོགས་རྒྱུད་སྡེ་དང་། སྨིན་གླིང་འདོད་བུམ་དང་ཆགས་མེད་དབར་བསྒྲིགས་སྐོར། བདུད་འདུལ་ཀློང་གསལ་གནམ་ཆོས་སོགས་གཏེར་ཆོས་རྣམས་ཀྱི་དབང་ལུང་ཐོར་བུ་མང་པོ་ཐོབ་ཅིང་། ཆོས་བཞིན་སྤྱོད་པའི་གེགས་སེལ་བོགས་འདོན་སོགས་མདོར་ན་སྡོམ་པ་གསུམ་ཀ་ལ་བཀའ་དྲིན་རབ་ཏུ་ཆེའོ། །ཀུན་རྫོབ་བྱང་ཆུབ་སེམས་འབྱོངས་ཐུགས་རྒྱུད་དུལ། །སྒྱུ་ལུས་རྨི་ལམ་བརྟན་ཐོབ་ཚུལ་འཆོས་ཞིག །ཟུང་འཇུག་ལྷ་ཡི་ཕྱག་རྒྱར་གསལ་སྣང་ཐེབས། །ཀརྨ་ནོར་བུ་ཤངས་ཆོས་བདག་པོར་འདུད། །ནི་གུ་ལུགས་ཀྱི་བྱིན་རླབས་སྒོ་འབྱེད་དང་། གཞུང་ཤིང་གི་བཀའ་དྲུག །ཆོས་དྲུག་ཞིབ་ཁྲིད་ལན་གསུམ། ཕྱག་ཆེན་གའུ་མ། བློ་སྦྱོང་ཞིབ་ཁྲིད་སོགས་ཐོབ་ཅིང་རྟག་ཏུ་ཡིད་ལ་བརྣག་བའི་གསེར་ཆོས་ཀྱི་བདུད་རྩི་སྙིང་གི་བུམ་པར་བསྩལ་བས་བཀའ་དྲིན་བྱང་ཆུབ་བར་དུ་གཞལ་བར་དཀའོ། །གོང་མའི་


LT29_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

གདན་སར་སྲི་ཞུ་ནུ་རླབས་ཆེན་མཛད། །ཐུགས་རྗེ་ཆེན་པོའི་རིམ་གཉིས་ཚད་དུ་འཁྱོལ། །སྐྱེ་བ་བདུན་ནས་རྣམ་གྲོལ་ལུང་བསྟན་བརྙེས། །ཀརྨ་ཀུན་བཟང་བསྟན་འཛིན་ཞབས་ལ་འདུད། །གནམ་ཆོས་དགོངས་གཏེང་བཀའ་འབུམ་བཅས་པའི་དབང་ལུང་ཡོངས་རྫོགས། བདུད་འདུལ་གཏེར་ཆོས་རྣམས་ཀྱི་དབང་བསྐུར་ཚང་བར་ནོས། སྐྱེས་ཐོབ་སྟོབས་ཀྱིས་མཁྱེན་རབ་ཤིན་ཏུ་ཡངས། །ཉིན་མཚན་འཁོར་ཡུག་འོད་གསལ་ལྷུན་འབྱམས་ངང་། །རིག་པ་ཚད་ཕེབས་བྱིན་ནུས་འགྲན་ཟླ་བྲལ། །མཆོག་སྤྲུལ་ཀུན་བཟང་རྣམ་པར་རྒྱལ་ལ་འདུད། ཀློང་གསལ་གཏེར་ཆོས་བཀའ་འབུམ་ཡོངས་རྫོགས་ཀྱི་དབང་ལུང་ཁྲིད་གསུམ། བདུད་འདུལ་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་། ཀར་གླིང་ཞི་ཁྲོ་དང་ཡང་ཏི་ནག་པོའི་སྨིན་ཁྲིད་སོགས་ནོས། ཅི་ནུས་བསླབ་པ་གསུམ་པོ་དྲི་མེད་བསྲུངས། །ཅི་ཡོང་རླབས་ཆེན་དགེ་བའི་ཕྱོགས་སུ་བཏང་། །ཅི་མཛད་དམ་པའི་རྣམ་ཐར་ཤ་སྟག་ཅན། །ཀརྨ་གཞན་ཕན་ཅི་ཡང་མཁྱེན་དེར་འདུད། །ཐེག་དགུའི་ཡང་བཅུད་རྫོགས་པ་ཆེན་པོ་སྙིང་ཐིག་ཡ་བཞིར་གྲགས་པའི་ཆོས་སྡེ་མ་བུ་བཞི། །ཟབ་མོ་ཡང་ཏིག་གསང་སྐོར་དང་བཅས་པའི་དབང་ལུང་རྒྱུན་གཙང་། ཕྱག་དྲུག་པའི་གཞུང་བོད་ལུང་། །མགོན་སྤྲུལ། སོགས་བཀའ་དྲིན་ཟབ་སོ་ཐོབ་བོ། །ཀུན་སྤྱོད་རྣམ་ཐར་གཙང་བས་བྲམ་ཟེ་འདྲ། །བརྟུལ་ཞུགས་སྤྱན་ལྟོས་བཟང་བས་གནས་བརྟན་འདྲ། །ཐབས་ལམ་དྲོད་ཚད་ལྡན་པས་


LT29_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཐོབ་འདྲ། །ཀརྨ་མཁས་གྲུབ་འདྲ་གསུམ་ལྡན་དེར་འདུད། དཀོན་སྤྱིའི་ཚེ་དབང་བརྒྱ་རྩ་སོགས་ནོས། མདོ་སྔགས་སྨིན་གྲོལ་ཟབ་མོའི་གཏེར་མཛོད་འཛིན། །བསླབ་གསུམ་དཔལ་ལྡན་རྡོ་རྗེའི་གནས་ལུགས་རྟོགས། །མི་ཕམ་ཆོས་ཀྱི་རྒྱལ་པོའི་བཞེད་བ་སྐྱོང་། རི་སྤྲུལ། །པད་དཀར་མཆོག་གི་རྣམ་རོལ་ཞབས་ལ་འདུད། ཇོ་ནང་ཁྲིད་བརྒྱ་དང་ཆོས་གླིང་ཕུར་པའི་དབང་ལུང་སོགས་ནོས། །འཇམ་དཔལ་ཁྲི་སྲོང་རྣམ་འཕྲུལ་རིག་འཛིན་རྗེའི། །རིགས་དང་ཆོས་ཀྱི་སྲས་གྱུར་རྗེ་པདྨས། །དགོངས་ཟབ་ཐུན་མིན་གཏོད་པའི་སྐྱེས་ཆེན་མཆོག །པདྨ་དབང་དྲག་བྱིན་ནུས་ལྡན་དེར་འདུད། །ཆོས་གླིང་ཐུགས་རྗེ་ཆེན་པོ་སའི་སྙིང་པོའི་དབང་ལུང་སོགས་དང་། འབྲུག་ལུགས་ཚེ་དཔག་ལྷ་མང་། རིག་འཛིན་རྡོ་རྗེ་དྲག་པོའི་དགོངས་གཏེར་སྨིན་གྲོལ་ཆ་ཚང་ནོས། བཀའ་དགོངས་ཕུར་སོགས་ཡོ་ག་སྐོར་གསུམ་ལྷར། །བསྙེན་སྒྲུབ་རྟགས་ཐོན་སྒྲུབ་ཕྲིན་ཕྱག་བཞེས་མཁས། །ནུས་པ་བརྙེས་ཀྱང་མངོན་སྤྱོད་ལས་མི་རྩོམ། །གསང་སྔགས་མགོན་པོ་སྔགས་བསྟན་འཛིན་དེར་འདུད། །བླ་མ་དགོངས་འདུས་ཚང་མ། རང་གླིང་ཐུགས་སྒྲུབ་ཞི་དྲག་དང་། ཀློང་གསལ་སྙིང་ཏིག་གཙོས་ཆེ་ཕྲ་ཡོངས་རྫོགས། པད་གླིང་ཕལ་མོ་ཆེ། ཞིག་གླིང་དབང་ཚད་མ། ཆགས་མེད་དང་གནམ་ཆོས་སྐོར་ཐོར་བུ། མགོན་པོ་ཚོགས་བདག་སོགས་དབང་ལུང་གྲངས་མང་དང་། ཁྱད་པར་འདུས་པ་མདོ་དབང་ཆེན་མོ།


LT29_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སྡེ་དོང་སྤྲུགས་སོགས་གྱི་དབང་ལུང་། སྒྲུབ་ཆེན་ཕལ་ཆེར་གྱི་ཕྱག་ལེན་བསླབ་པ་སོགས་བཀའ་དྲིན་ལྷུན་པོའི་གཏོས་ལས་བརྒལ་ལོ། །ལས་འཕྲོའི་སྟོབས་ཀྱིས་ཟབ་ཆོས་སྣོད་གྱུར་པ། །ཉམས་རྟོགས་ཕུལ་བྱུང་བསམ་གཏན་བསྟན་འཛིན་དང་། །ནུས་ལྡན་རྡོ་རྗེའི་ཆོས་བདག་རིགས་ཀྱི་དབོན། །རྣལ་འབྱོར་དབང་ཕྱུག་ནཱ་ཐ་བཛྲར་འདུད། །འདི་གཉིས་ལས་སྟག་ཤམ་ཐུགས་སྒྲུབ་རྣམ་གསུམ། ཡི་དམ་དགོངས་འདུས་གཙོར་གྱུར་གཏེར་ཆོས་ཡོངས་རྫོགས་ཀྱི་སྨིན་གྲོལ་ནོས། ལྷ་སྲས་རྣམ་རོལ་པདྨ་བཛྲ་གྲུབ། །གཏེར་སྟོན་རིག་འཛིན་ཆོས་རྒྱལ་རྡོ་རྗེ་དང་། ཉིད་ཀྱི་གཏེར་ཆོས་རྣམས་ཞུས། དམ་པས་རྗེས་བཟུང་མདོ་སྔགས་ཆོས་ཀྱི་གཏེར། །འགྱུར་མེད་སྨོན་ལམ་དབང་གི་རྒྱལ་པོར་འདུད། བྱང་གཏེར་བཀའ་བརྒྱད། རྡོ་རྗེ་གཙུག་ལག་སོགས་གཏེར་རྙིང་མང་དུ་ནོས། རྗེ་བཙུན་དཔའ་བོའི་རིགས་སྲས་ཆོས་ཀྱི་མཛོད། །རིག་འཛིན་ཚེ་ནོར་མཆོག་གི་སྤྲུལ་སྐུ་དང་། བརྟག་གཉིས་རྒྱུར་བཤད་རང་བྱུང་ལུགས། ཡང་ཏི་ནག་པོ་སོགས་སྨིན་གྲོལ་རྒྱུན་དཀོན་ནོས། གོང་མའི་གདུང་རིགས་ཆོས་ཀྱི་བརྒྱུད་པ་འཛིན། །བཙན་རི་ཨོ་རྒྱན་མི་འགྱུར་ཉིད་ལ་འདུད། ཀློང་གསལ་གཏེར་ཆོས་ཁ་ཤས་དང་། བདེ་གླིང་ཆོས་བཀའ་ཡོངས་རྫོགས་ནོས། དཔལ་རྡོར་ཡང་སྲིད་མཁྱེན་བརྩེ་ནུས་པའི་བདག །མཁན་ཆེན་བླ་མ་ཐུབ་བསྟན་རྒྱལ་མཚན་དང་།  དགོངསཟངཐལ next hit་སོགས་བྱང་གཏེར་སྐོར། །


LT29_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

པད་གླིང་གཏེར་ཆོས། གསེར་འོད་ས་བཅུ་མ་དང་། བསྟན་འགྱུར་ལུང་རྒྱུན་སྔར་མ་ཐོབ་རིགས་ནོས། མཁས་བཙུན་བཟང་པོའི་ཕུལ་གྱུར་སྡེ་སྣོད་འཛིན། །དཀོན་མཆོག་འོད་ཟེར་རྒྱལ་བའི་མྱུ་གུར་བདུད། གཏེར་ཆོས་ཁ་ཤས་ནོས། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་པ་ཡི། །མཁན་ཆེན་རྡོ་རྗེ་འཛིན་དབང་དོན་གྲུབ་མཚན། ཚེ་བདག་ལྕགས་སྡིག །ཉང་། ཆོས་དབང་། ལས་འབྲེལ། ར་ཤག་སོགས་གཏེར་རྙིང་མང་ཙམ། སྔགས་སྡེབ། སྟོབས་ཆེན་མཆོད་རྟེན། ཡང་ཟློག་སོགས་ཀྱི་ཟབ་གནད་ལག་ལེན་མང་དུ་ཞུས། སྤྲོས་བཅས་ཕྱག་བཞེས་ཀུན་ལ་མ་རྨོངས་པའི། །མཁས་བཙུན་འགྱུར་མེད་བསྟན་པ་འཕེལ་ལ་འདུད། །ཆོས་དབང་ལོཀྟྲི་དང་འཆར་ཁ །འཇོམས་བྱེད་རྩལ་ཉི་སོགས་ཀྱི་དབང་ལུང་ལག་ལེན། སྨིན་ལུགས་ཕྱག་ལེན་དབྱངས་རོལ་འགའ་ཞིག་བསླབ། སྔ་འགྱུར་བསྟན་བདག་རྒྱལ་བ་ཀཿཐོག་པ། །གྲུབ་པའི་རྣམ་རོལ་ཐུབ་བསྟན་མཚན་ཅན་དང་། ཀློང་གསལ་གཏེར་ཆོས་ཁ་ཤས་ཞུས། །ཀུན་བཟང་སྤྱོད་གནས་ཀ་དག་རིག་རྩལ་རྫོགས། །འདྲེན་མཆོག་མདོ་སྔགས་སྤྲུལ་པའི་སྐུ་ལ་འདུད། །སྨིན་གཏེར་གསུང་འབུམ་གྱི་ལུང་ནོས། གསང་ཆེན་འབྱུང་གནས་དཔལ་ལྡན་ཨེ་ཝཾ་པའི། །རྡོ་རྗེ་སློབ་དཔོན་ངག་དབང་ལེགས་གྲུབ་དང་། ལམ་འབྲས་བྱིན་རླབས་ཁ་ཤས། ལས་འབྲེལ་དྲེགས་འདུལ་སོགས་ནོས། དམ་པའི་རྣམ་འཕྲུལ་དམ་པའི་སྤྱོད་ཚུལ་ཅན། །


LT29_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་མེད་སངས་རྒྱས་ཆོས་འཕེལ་མཆོག་ལ་འདུད། གསར་རྙིང་མང་ཞིག་གི་བཀླགས་ལུང་ནོས། མཁྱེན་རབ་རྨད་བྱུང་དམ་ཆོས་ཕྱོགས་མེད་ཚོལ། །དབོན་སྤྲུལ་ཀརྨ་ངེས་དོན་དཔལ་བཟང་དབང་། ཕྱག་ཆེན་རྒྱ་གཞུང་། ཀུན་ཁྱབ་གསུང་སྐོར་སོགས་ལུང་འགའ་ཞིག་ནོས། རིམ་པ་གཉིས་ཀྱི་རྣལ་འབྱོར་ལྷུར་བཞེས་པས། །འདྲེན་པ་མཆོག་གྱུར་རྡོ་རྗེ་སྙིང་པོར་འདུད། ཆོས་གླིང་ཟབ་ལམ་སོགས་ནོས། བཻ་རོའི་ཐུགས་སྤྲུལ་ཟབ་གཏེར་རྒྱ་མཚོའི་བདག །རིག་སྔགས་འཆང་ཆེན་ཀུན་གྲོལ་གསང་བ་རྩལ། ཆོས་གཏེར་རྣམས་ཀྱི་གཏད་རྒྱ་དང་། རང་གཏེར་རྣམས་ཀྱི་ཁ་བྱང་ངོ་སྤྲོད་སྩལ་བས་བཀའ་དྲིན་ཆེའོ། །སྐྱེས་ཐོབ་མཁྱེན་རྟོགས་རང་བརྡོལ་སྤྲུལ་པའི་སྐུ། །འགྲོ་བའི་མགོན་པོ་ལྕང་ལུང་པ་ལ་འདུད། རྡོར་གླིང་ཡང་སྲས་བཅུད་དྲིལ་ནོས། མཐའ་འཁོབ་ཡུལ་དུ་མུན་ནང་སྒྲོན་མེ་བཞིན། །བཅས་པའི་ཁ་ན་མ་ཐོ་གཏན་ནས་སྤངས། །ལམ་ཟབ་རྡོ་རྗེའི་རྣལ་འབྱོར་མཐའ་རུ་ཕྱིན། །ངག་དབང་ཆོས་འཕེལ་མཆོག་དངོས་བརྙེས་དེར་འདུད། །སྦྱོར་དྲུག་ཉམས་ཁྲིད་དུ་བཀའ་དྲིན་ཐོབ་པས་མི་ལུས་དོན་ལྡན་བྱས་སོ། །མཛོད་ཆེན་བདུན་དང་ངལ་གསོ་སྐོར་གསུམ་སོགས། །གོ་མྱོང་རྟོགས་ཤར་དཀའ་སྤྱད་མཐིལ་ཕྱིན་པས། །རིག་པ་ཚད་ཕེབས་དག་པ་རབ་འབྱམས་རྫོགས། །འགྱུར་མེད་སྙིང་ཐིག་བསྟན་པ་འཛིན་དེར་


LT29_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

འདུད། །ཀློང་ཆེན་མཛོད་བདུན་ཕལ་མོ་ཆེའི་གོ་ཁྲིད། སྙིང་ཐིག་གི་ངོ་སྤྲོད་ཐུན་མིན་ཐོབ་པས་གཏན་འདུན་གྲུབ་ཅིང་། ཐོག་མར་གོ་དོན་གྱི་སྒོ་འབྱེད་པ་པོ་ཡིན་པས་ཀྱང་བཀའ་དྲིན་ཤིན་ཏུ་ཆེ་བའོ། །ཡིག་དྲུག་དུང་ཕྱུར་བཅུ་གསུམ་ཡར་བརྒལ་འགྲུབ། །ཉིན་མཚན་སྣང་བ་གཅིག་འདྲེས་འོད་གསལ་ངང་། །འབྱུང་བཞིའི་གནོད་པས་མི་བརྫི་མངོན་རྟགས་ཅན། །ཀུན་བཟང་བསམ་གཏན་ཀུ་སཱ་ལི་དེར་འདུད། །ཆོས་དབང་ཐུགས་རྗེ་ཆེན་པོ་ཡང་འདུས་ཀྱི་དབང་དང་སེམས་ཁྲིད་འབྲེལ་པ་ནོས། ཆོས་ལོངས་སྤྲུལ་གསུམ་རྟ་མགྲིན་རྡོར་སེམས་ཀྱི། །བསྙེན་གྲངས་དུང་ཕྱུར་རེ་འགྲུབ་ལྷ་ཞལ་འཁུམས། །ལོ་གསུམ་སྒྲུབ་ཚེ་བུམ་པ་ཚེ་ཆུས་ཁེངས། །ཀུན་བཟང་དག་དབང་དྲོད་ཚད་བརྙེས་དེར་འདུད། །ཉང་གི་རྟ་ནག་སྲོག་གཏད། སྨིན་གླིང་ཚེ་དཔག་དང་རྡོར་སེམས་ཀྱི་དབང་ནོས། ཆོས་བརྒྱད་ཆོམ་ལ་ཕབ་པས་སྨྱོན་པའི་ཚུལ། །བྱ་བ་སྙིང་ནས་བཏང་བས་སྤྲང་པོའི་ཚུལ། །ཉམས་རྟོགས་རྩལ་ཆེན་རྫོགས་པས་གྲུབ་ཐོབ་ཚུལ། །འགྱུར་མེད་བསྟན་འཕེལ་ཚུལ་གསུམ་ལྡན་དེར་འདུད། ཆོས་འབྲེལ་ཐོར་བུ་ནོས། ཐོག་མར་བློ་ཆོས་ལ་སྤྲོ་བ་སྐྱེད་པ་པོའོ། །ཀ་དག་རིག་པའི་འགྱུ་སྟོང་སྐྱེ་མེད་གྲོལ། །ཐོད་རྒལ་ལྷུན་གྲུབ་སྣང་བ་ཚད་ལ་ཕེབས། །ཤུགས་འབྱུང་ནང་ནས་བརྡོལ་བས་ཐ་མལ་ཚུལ། །ཀརྨ་རྣམ་རྒྱལ་འབྲེལ་དོན་


LT29_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དེར་འདུད། །བཏགས་གྲོལ་ལུང་དང་ཐོད་རྒལ་གྱི་བསླབ་ཁྲིད་ནོས། སྲིད་འབྱོར་རྩྭ་ལྟར་སྤངས་ནས་སྒྲུབ་ལ་ཞུགས། །གསར་རྙིང་རྩ་གསུམ་མང་པོའི་བསྙེན་གྲངས་ཐེམས། །སེམས་ཀྱི་ངོ་བོ་གཟིགས་པས་གཟའ་གཏད་བྲལ། །ཀཱི་ལའི་རྣལ་འབྱོར་ཀརྨ་པུཎྱར་འདུད། །ཉེས་སེལ་དང་། མགོ་གསུམ་དབང་ཆེན་སོགས། །ཆགས་མེད་གཏོ་སྐོར་ཆེ་ཕྲ་ཕལ་མོ་ཆེའི་ལུང་ལག་ལེན་བཀའ་གཏད། བཀླག་ལུང་ཐོར་བུ་མང་དུ་ནོས། ལས་འཕྲོ་གླིང་པའི་ལུང་ཟིན་བཀའ་བབ་ཀྱི། །རིགས་ཆོས་འཁྲུལ་མེད་ཉམས་མྱོང་ལག་ལེན་ལྡན། །རྗེ་བཙུན་དཔའ་བོའི་ཐུགས་སྲས་དམ་ཚིག་ཅན། །ངག་དབང་བློ་གྲོས་གདམས་ངག་མཛོད་དེར་འདུད། །རྩེ་ལེའི་བཀའ་འབུམ། འཇའ་ཚོན་པོད་དྲུག་བཀའ་འབུམ་བཅས་པའི་ལུང་ལག་ལེན་སོགས་ཟབ་གདམས་མང་དུ་ནོས། མདོ་སྒྱུ་སེམས་གསུམ་བཤད་པ་ཕྱག་ལེན་མཁས། །previous hit དགོངསཟངཐལ ་ཕག་མོ་ཟབ་རྒྱ་སོགས། །ཉམས་ཁྲིད་མཐར་ཕྱིན་ཚུལ་ཁྲིམས་ཤིན་ཏུ་གཙང་། །ཀུན་བཟང་གསང་སྔགས་བྱིས་སྤྱོད་ཅན་དེར་འདུད། །མངའ་རི་པ་ཆེན་རིན་པོ་ཆེའི་སྡོམ་གསུམ་སྨིན་འགྲེལ་ལྟར་དང་ཆོས་འབྲེལ་ཐོར་བུ་ནོས། གོ་ཡུལ་ཙམ་མིན་རིག་ཐོག་རྡོ་རུས་འཕྲོད། །ཉམས་ཀྱི་གཡོས་མིན་རྟོགས་པའི་རང་ཞལ་མཇལ། །དྲན་རྩོལ་ལྟོས་མིན་ཕལ་ཆེར་ཁོར་ཡུག་དང་། །ཀརྨ་དམ་


LT29_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཕྱག་ཆེན་སྒྲོན་མེར་འདུད། །ཕྱག་ཆེན་ཉམས་ཁྲིད་མདོ་ཚང་བྱིན་རླབས་དབང་བསྐུར་སྨོན་ལམ་ནན་ཏན་མཛད་སོང་། བྱམས་ཆོས་ལྔ་དང་ནང་དོན་དགོངས་གཅིག་སོགས། །མདོ་རྒྱུད་ཐོས་བསམ་ཤེས་རབ་ཤིན་ཏུ་ཡངས། །འཆད་རྩོམ་ཐོགས་མེད་སྒྲུབ་ལ་རྩེ་གཅིག་དགྱེས། །ཀརྨ་བསྟན་འཕེལ་སྙེམས་ཐག་གཅོད་དེར་འདུད། །ཟབ་མོ་ནང་དོན། འབྲི་གུང་དགོངས་གཅིག་སོགས་ཀྱི་བཤད་པ་ཞིབ་རྒྱས། ཟུར་ལུགས་གཅོད་ཀྱི་བེའུ་བུམ་གྱི། གོ་བའི་དོགས་སེལ་མང་དུ་ནོས། ཆོས་འདུལ་ཀུན་སྤྱོད་ཉེ་བར་འཁོར་ལྟར་གཙང་། །རྩ་གསུམ་བསྙེན་བཟླས་དུང་ཕྱུར་ཚད་དུ་འཁྱོལ། །ཉམས་དང་རྟོགས་པའི་འོད་གསལ་ཉི་མ་ཤར། །དྷརྨ་རཱ་ཛ་ཆོག་ཤས་ལྡན་དེར་འདུད། རྗེ་བརྒྱད་པའི་འདུལ་ཊཱིཀ་ཆེན་མོའི་ལུང་ནོས། དཀར་ནག་རྩིས་རིགས་ཕྲ་ཞིབ་ཐུགས་སུ་ཆུད། རླུང་སེམས་ལས་རུང་གཏུམ་མོའི་འབར་སྣང་བརྟན། །གང་ཤར་ལམ་ཁྱེར་ཚུལ་འཆོས་གཡོ་སྒྱུ་བྲལ། །ཀརྨ་མཐོང་ལམ་རྟེན་འབྲེལ་མཁྱེན་དེར་འདུད། །མཚུར་ལུགས་གྲུབ་རྩིས་སྐར་ནག །ས་དཔྱད་རགས་བསྡུས་ཀྱི་ཁྲིད་ཀ་ནོས། །ཤེས་བྱར་བློ་ཡངས་ཆོས་ཀྱི་གནད་གསང་ཕྱེད། །ཁྱད་པར་གསོ་རིག་མཁས་པའི་ཕུལ་དུ་ཕྱིན། །འཇམ་མགོན་བླ་མ་ཡབ་སྲས་བྱིན་ཞུགས་པ། །ཀརྨ་ཚེ་དཔལ་བསྟན་ལ་སྨན་དེར་འདུད། །གསོ་རིག་


LT29_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་བཞིའི་ཞིབ་ཁྲིད། །རིན་ཆེན་རིལ་ནག་ཆེན་མོ་གཙོར་གྱུར་སྨན་སྦྱོར་ཕལ་མོ་ཆེའི་ལག་ལེན་མཐོང་ཁྲིད་དུ་ནོས། འཕགས་བོད་ཡིག་རིགས་ཀུན་མཁས་པདྨའི་མཚན། །དབུ་ཕལ་འདུལ་མཛོད་གཞུང་ཆུབ་ཚད་མ་པ། །སྐུ་བརྙན་བྲིས་འབུར་ཐིག་རྩ་བཟོའི་འདུ་བྱེད། །འགྲན་བྲལ་ཆོས་དང་སྨིན་ལུགས་དཀྱིལ་འཁོར་སྒྲུབ། ལ་ཉ་ཝར་ཡིག་རིགས་སྨྱུགས་འགྲོས་བསླབ། མཆོད་ཀྱི་ཕྱག་ལེན་མཐོང་བརྒྱུད་འགའ་ཤས་དང་། གཟབ་བསྡུས་རའི་རིག་པའི་འགྲོ་ཕྱོགས་དང་། གཞུང་ཆེན་བཞིར་རིག་ལམ་བཏང་ཚུལ་འབྲེལ་པ་ནོས། །བྲིས་ཚུགས་ཆེན། བློས་བསླང་ཐིག་རྩ་སོགས་ཁྲིད་ཀ་ནོས། ཨཱི་ཤའི་མིང་སོགས་བསྔགས། ཐོག་མའི་ཀློག་སློབ་པ་གཤེན་གྱི་སྔགས་འཆང་པུཎྱའི་མིང་དང་། ཚུགས་ཆེ་ཆུང་གི་གཤར་བྲིས་སྣ་ཚོགས་སློབ་པ་བདུན་ལྷག །ཇུ་ཐིག་གི་མདུད་རྫོང་སློབ་པ་པོ་པྲཛྙཱ་སོགས་ཀྱང་ངོ། །སྐུ་བརྙན་བྲིས་འབུར་གྱི་ཐིག་རྩ་ཁ་ཤས་བསླབ། གཞན་ཡང་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད། །བཤད་པ་བཀླག་ལུང་ཕྱག་ལེན་ཟབ་པའི་གནད། །བདུད་རྩིའི་ཐིགས་པས་བདག་བློ་ཚིམས་མཛད་པ། །མཆོག་དམན་བར་མའི་ཚུལ་འཛིན་ཀུན་ལ་འདུད། །ཚེ་དབང་སོགས་ཐོར་བུ་དང་། བཀླགས་ལུང་། མདོ་སྔགས་བཤད་པ་སོགས་ནོས་བའི་འབྲེལ་ལྡན་བླ་མ་ཉི་ཤུ་རྩ་གྲངས་སྣང་བ་རེ་རེ་བཞིན་བྲིར་མ་ལངས་སོ། །སངས་རྒྱས་དངོས་སྣང་བཀའ་བརྒྱུད་ཡབ་སྲས་ནས། །ཀློག་དང་ཡིག་


LT29_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་དཀར་ནག་སློབ་པ་ཡན། །བདག་བློ་དགེ་ལ་དྲང་བ་འབའ་ཞིག་པས། །རྒྱལ་པའི་ཕྲིན་ལས་ཉིད་དུ་ཤེས་པས་འདུད། །ཡོངས་འཛིན་ཡོན་ཏན་ཕུང་པོ་དེ་ཀུན་ཀྱང་། །ཡེ་ཤེས་སྐུ་ཅན་པདྨ་ཉིན་བྱེད་ཀྱི། །འདུལ་བཞིའི་རྣམ་རོལ་ཁོ་ནར་ཐག་ཆོད་ཕྱིར། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་བགྱིའོ། །རྙེད་བཀུར་སྒྲུབ་པ་ཀུན་བཟང་སྤྲིན་གྱིས་མཆོད། །སྐུ་གསུང་ཐུགས་འགལ་ཉེས་བྱས་གང་མཆིས་བཤགས། །ངོ་མཚར་མཛད་པར་སྙིང་ནས་རྗེས་ཡི་རངས། །མྱ་ངན་མི་འདའ་རྡོ་རྗེའི་སྐུར་བཞུགས་གསོལ། །གང་འདུལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །དགེ་ཀུན་བླ་མའི་ཐུགས་དགོངས་རྫོགས་པ་དང་། །འགྲོ་བློའི་འཁྲུལ་རྟོག་དྲི་མ་ཀུན་བསལ་ནས། །བླ་མའི་བྱིན་རླབས་རྒྱུད་ལ་འཇུག་ཕྱིར་བསྔོ། །སྐྱེ་ཀུན་ཐེག་ཆེན་གསང་སྔགས་ལམ་སྤྱི་དང་། །ཁྱད་པར་འོད་གསལ་རྡོ་རྗེ་ཐེག་སྟོན་པའི། །མ་ནོར་དགེ་བའི་བཤེས་ཀྱིས་རྗེས་བཟུང་ནས། །ཚེ་གཅིག་ཟུང་འཇུག་རྡོ་རྗེའི་སྐུ་འགྲུབ་ཤོག །ཆོས་དང་བླ་མའི་ཕྱོགས་སུ་ལུས་དང་སྲོག །ཐེད་ལ་བོར་ནུས་དཀའ་སྤྱད་སྙིང་རུས་ལྡན། །རྨི་ལམ་དུ་ཡང་བླ་མའི་ཐུགས་འགལ་ལས། །སྔར་བྱས་བཤགས་སོ་ཕྱིན་ཆད་མི་འབྱུང་ཤོག །གཞན་སྐྱོན་ཐམས་ཅད་རང་གི་ཉེས་པ་སྟེ། །ཤེས་བྱའི་སྤང་བླང་སོ་སྐྱེའི་མཚངས་རིག་ནས། །


LT29_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་མེད་ཡོངས་འཛིན་རིས་མེད་བསྟེན་པ་དང་། །ཤེས་བྱ་ཕྱོགས་མེད་ཀུན་ལ་བློ་རྒྱས་ཤོག །སྣང་ཚད་ཐམས་ཅད་བླ་མའི་རོལ་པར་ཤར། །བཟང་ངན་ཅི་བྱུང་བྱིན་རླབས་རྩལ་ཁར་ཤེས། །རྟོག་ཚོགས་རིག་སྟོང་ཆོས་སྐུའི་ཀློང་དུ་འདྲེས། །བླ་མ་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །མོས་གུས་བྱང་ཆུབ་སེམས་ལ་གདིང་ཚུད་ཅིང་། །སྡོམ་དང་དམ་ཚིག་མི་ཉམས་གོང་འཕེལ་བརྟན། །བླ་མའི་གསང་བ་གསུམ་དང་སྒོ་གསུམ་པོ། །དབྱེར་མེད་འབྲས་བུ་ཚེ་འདིར་བརྙེས་པར་ཤོག །སྣ་ཚོགས་ཤེས་བྱའི་སྤྲོས་པས་མི་གཡེང་ཞིང་། །ནང་གི་སྤྲོས་པ་བས་མཐའི་ནགས་སུ་བཅད། །རང་སེམས་སྤྲོས་བྲལ་བླ་མ་ཆོས་སྐུའི་ཞལ། །ཚེ་འདིར་དཀའ་བ་མེད་པར་མཇལ་གྱུར་ཅིག །མཐའ་བརྒྱད་དྲི་བྲལ་ཟབ་ཞི་འདུས་མ་བྱས། །མཚན་མའི་བདག་སྤངས་རང་བཞིན་འོད་གསལ་བ། །སྟེང་དང་རྟེན་འབྲེལ་ཟུང་འཇུག་མཁའ་ལྟ་བུ། །རྣམ་ཐར་གསུམ་ལྡན་དབུ་མ་ཆེ་རྟོགས་ཤོག །བློ་ཡིས་མ་རེག་སྣང་སེམས་ལྷན་ཅིག་སྐྱེས། །རང་བྱུང་ཆོས་སྐུའི་འདུ་འཕྲོ་བདེ་བ་ཆེ། །གང་ཤར་འཕོ་འགྱུར་མེད་པ་གཉུག་མའི་གཤིས། །རང་བབ་ལམ་གྱིས་ཕྱག་རྒྱ་ཆེ་འགྲུབ་ཤོག །སྤང་བླང་གཉིས་མེད་ཐམས་ཅད་ཀ་དག་དབྱིངས། །རང་སྣང་རིས་མེད་རིག་སྟོང་ཕྱལ་པའི་ངང་། །བཅིངས་དང་གྲོལ་མེད་གཅིག་བུར་ལ་བཟླ་བས། །


LT29_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་རྫོགས་ལྷུན་གྲུབ་ཆེན་པོར་གདིང་ཐོབ་ཤོག །མདོར་ན་དུས་གསུམ་བསགས་པའི་རྣམ་དཀར་དགེས། །ཆོས་ཟད་བློ་འདས་འཕོ་ཆེན་བུམ་པ་སྐུ། །ཚེ་འདིར་མྱུར་འགྲུབ་ནམ་མཁའ་ཇི་སྲིད་བར། །གཞན་དོན་མཚུངས་མེད་བླ་མའི་དཔལ་བརྙེས་ཤོག །དེ་ཡང་འཕགས་པར་ཡོངས་སུ་གྲགས་པ་རྣམས་ཀྱི་རྣམ་པར་ཐར་པ་ནི་ཚུར་མཐོང་གིས་རྟོགས་པའི་ཡུལ་མ་ཡིན་པས་ཐམས་ཅད་ལ་ཇི་ལྟར་གྲགས་པ་དེ་ཉིད་བརྗོད་པར་བྱས་ཤིང་། སོ་སྐྱེའི་རྣམ་པར་སྣང་བ་རྣམས་ཀྱི་ཡོན་ཏན་ནི་རང་ཉིད་དང་རྒྱུས་ཡོད་པ་དག་གིས་མཐོང་ངེས་པ་དེ་ལས་སྙན་ངག་གི་ཟོལ་བསྟོད་ལྟ་བུའི་སྒྲོ་སྐུར་ཚིག་གིས་མ་བསླད་པས་ཡིད་ཆེས་པའི་གནས་སུ་བཟུང་བར་བྱའོ། །གཞན་ཡང་བྱིས་པའི་སྐབས་རྐྱེན་སེལ་རྗེས་གནང་དང་ལུང་འབྲེལ་ཙམ་ཐོབ་པའི་དགེ་བའི་བཤེས་གཉེན་འགའ་ཞིག་མཆིས་པ་རྣམས་ཀྱང་བཀའ་དྲིན་ཆེ་བ་ཡིན་མོད་ཀྱི་ཧ་ཅང་ཡི་གེ་མང་བའི་འཇིགས་པས་མ་སྤྲོས་ལ། ཕྱིན་ཆད་ཀྱང་རིས་མེད་ཀྱི་སྨིན་གྲོལ་གདམས་པའི་བདུད་རྩི་ངོམས་མེད་དུ་ཚོལ་བར་འདོད་པས་ད་དུང་བསྣན་པར་བྱ་བ་ནི་མང་དུ་འབྱུང་བར་འགྱུར་རོ། །ཞེས་པ་འདིའང་ཐུབ་བསྟན་རིས་མེད་སྐྱོང་ཞིང་དམ་ཆོས་ཕྱོགས་མེད་དུ་ཚོལ་བའི་བློ་ཅན་ཀར་རྙིང་ཟུང་འཇུག་གི་བཙུན་པ་སོ་ཐར་གྱི་སྒོར་ཞུགས་པའི་མིང་། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་མིང་བློ་གྲོས་མཐའ་ཡས། རྡོ་རྗེ་ཐེག་པ་ལས་རང་རིགས་ཀྱི་གསང་བར་ངེས་པས་པདྨ་གར་གྱི་དབང་ཕྱུག་


LT29_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་འགྲོ་འདུལ་རྩལ། ཐ་སྙད་ཤེས་བྱའི་གནས་ལ་བློ་མིག་ཕྱོགས་རེར་མ་སོང་བས། བློ་གཏེར་རབ་དགའ་ཚངས་བྱུང་སྙེམས་པའི་ལང་ཚོའི་ཟླ་སྣང་ཅན་ཏུ་འབོད་པས་དཔལ་སྤུངས་དབེན་རི་སཱ་ལའི་ནགས་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་ཆུ་ཡོས་ནག་ཟླའི་ཚེས་ཆེན་བཅོ་ལྔར་བྲིས་པ་དགེ་ལེགས་འཕེལ། གསོལ་འདེབས་འདི་རང་ལོ་ཞེ་གསུམ་པར་བྲིས་འདུག་ཀྱང་། གསར་རྙིང་སྨིན་གྲོལ་ཟབ་རྒྱས་རིགས་དེ་ཕྱིན་ཆད་དུ་ཚོལ་ནས་ཐོབ་པ་མང་བས་རང་ལོ་བདུན་ཅུ་བར་ཁ་བསྐངས་བ་སྟེ། འདིས་ཀྱང་སྐྱེ་བ་ཀུན་ཏུ་བླ་མ་གསང་ནས་རང་ཆེ་འབྱིན་པ་དང་། བླ་མའི་སྐྱོན་ལ་རྟོགས་ཤིང་རང་ཉིད་ལྷག་པར་ང་རྒྱལ་བ་སོགས་མནར་མེད་ཀྱི་ལས་སྤང་ཞིང་། མཚན་ལྡན་བླ་མ་ཕྱོགས་མང་དུ་ཚོལ་ནས་ཚུལ་བཞིན་ཏུ་བསྟེན་མས་ཚེ་གཅིག་གིས་སངས་རྒྱས་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་ཐཱ་མངྒ་ལཾ། ༈ །གསུང་རབ་ཡན་ལག་བཅུ་གཉིས་ལ་གསོལ་འདེབས་སྨོན་ལམ་མདོར་བསྡུས་བྱས་པ་ཀུན་ཏུ་དགེ་བ་ཞེས་བྱ་བ་བཞུགས་སོ། །གྲངས་མེད་བསྐལ་པར་བསོད་ནམས་ཡེ་ཤེས་ཀྱི། །ཚོགས་རྫོགས་ཆོས་རྣམས་ཀུན་གྱི་དབང་ཕྱུག་བརྙེས། །ཆོས་ཀྱི་རྒྱལ་པོ་འགྲོ་བ་ཀུན་གྱི་སྐྱབས། །ཆོས་རྔ་ཆེན་པོས་མ་རིག་གཉིད་ལས་བསླང་། །ཆོས་ཀྱི་དུང་ཆེན་ནམ་མཁའི་མཐར་ཐུག་སྒྲོགས། །ཆོས་ཀྱི་རྒྱལ་མཚན་སྲིད་པའི་མཐར་ཐུག་བསྒྲེངས། །སྟོན་པ་བླ་མེད་ལྷར་བཅས་གཙུག་གི་རྒྱན། །མི་མཇེད་གདུལ་


LT29_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་མགོན་གཅིག་ཤཱཀྱའི་རྒྱལ། །ཡོན་ཏན་མཐར་ཐུག་གསུང་མཆོག་ཆོས་ཀྱི་དུང་། །དཔལ་གྱི་མགུར་ནས་ཚངས་པའི་དབྱངས་སྙན་པོས། །འགྲོ་ཁམས་དབང་པོའི་རྗེས་འགྲོ་གསུང་རབ་ཀུན། །ཡན་ལག་བཅུ་གཉིས་སྟོན་ལ་གསོལ་བ་འདེབས། །གང་ལ་དམིགས་ན་སྡུག་བསྔལ་ཐམས་ཅད་དང་། །སྒྲིབ་ཀུན་སེལ་བྱེད་སྣང་བའི་དཀྱིལ་འཁོར་བཞིན། །ཀུན་མཁྱེན་རྒྱལ་བས་ལེགས་གསུངས་ཆོས་ཀྱི་མཆོག །འགོག་དང་ལམ་གྱིས་བསྡུས་ལ༴ གང་ཞིག་ཉན་པོ་དགའ་སྐྱེད་ཐོག་མར་དགེ། མཐའགཉིས་སྤངས་པའི་ལམ་བསྟན་བར་དུ་དགེ། ཆགས་བྲལ་ཤིན་ཏུ་མཐར་ཕྱིན་ཐ་མར་དགེ། །མ་འདྲེས་ཡོངས་སུ་རྫོགས་ལ༴ ཚུལ་ཁྲིམས་བསླབ་པས་སྒོ་གསུམ་མི་དགེ་བསྡམས། །སེམས་ཀྱི་བསླབ་པས་ཏིང་འཛིན་སྒོ་བརྒྱ་འབྱེད། །ཤེས་རབ་བསླབ་པས་ཆོས་ཀུན་དེ་ཉིད་རྟོགས། །དོན་བཟང་བརྗོད་བྱས་འཕགས་ལ༴ ཚངས་པའི་དབྱངས་དང་ལྷ་ཡི་རྔ་ཆེན་སོགས། །ཅིས་ཀྱང་འགྲན་བྲལ་སྲིད་གསུམ་སྒྲ་ཀུན་ལས། །ཁྱད་འཕགས་དག་གསལ་རྒྱ་ཆེ་གཏིང་ཟབ་པ། །རྗོད་བྱེད་ཚིག་འབྲུ་བཟང་ལ༴ གང་དུ་གང་ཕྱིར་བདེན་གཉིས་མཚན་ཉིད་དང་། །ཆོས་དང་དགོངས་པའི་དོན་ཟབ་ཕན་ཡོན་བཅུ། །གཟིགས་ནས་མདོར་སྨོས་ཚུལ་གྱིས་ལེགས་


LT29_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ། །གསུང་མཆོག་མདོ་ཡི་སྡེ་ལ༴ ངེས་དོན་ཐར་པའི་གྲོང་ཁྱེར་ལ་གཞོལ་ཕྱིར། །དབང་པོའི་རིམ་པས་གང་དེར་དཀྲི་བའི་ཚུལ། །སྣ་ཚོགས་ཚུལ་དང་ཆོས་བསྟན་ཐོག་མཐའ་རུ། །དབྱངས་ཀྱིས་བསྙད་པའི་སྡེ་ལ༴ འདས་དང་འབྱུང་འགྱུར་ལས་ཀྱི་རྒྱུ་བ་དང་། །ལྡེམ་པོར་དགོངས་དང་དགོངས་པ་མ་ཡིན་པའི། །དྲང་ངེས་རྣམ་པར་དབྱེ་བ་ལེགས་ཕྱེས་ནས། །ལུང་དུ་བསྟན་པའི་སྡེ་ལ༴ དོན་དམ་ཅི་ཡང་ཚིག་ཏུ་མ་གསུངས་ཀྱང་། །གདུལ་བྱའི་མོས་ངོར་བསམ་པ་ཚིམས་པའི་དབྱངས། །རྐང་པ་གཉིས་དང་བཞི་ནས་དྲུག་གི་བར། །ཚིགས་སུ་བཅད་པའི་སྡེ་ལ། །མ་བསྐུལ་བར་ཡང་དགྱེས་པས་སྐབས་ཕྱེས་ཏེ། །ནང་དུ་ཡང་དག་འཇོག་ལས་སླར་བཞེངས་ནས། །བསྟན་པ་རིན་ཆེན་ཡུན་གནས་འབའ་ཞིག་ཕྱིར། །ཆེད་དུ་བརྗོད་པའི་སྡེ་ལ༴ གང་ཞིག་སྒོ་གསུམ་ནོངས་པར་སྤྱད་པའི་རྒྱུད། །དྲི་མེད་བསླབ་པའི་ཚུལ་གྱིས་ལེགས་བསྡམས་ཤིང་། །གང་ཟག་སོ་སོ་ཐར་པའི་དོན་ཆེད་དུ། །རབ་གསུང་གླེང་གཞིའི་སྡེ་ལ༴ ཉན་པ་པོ་ཡིས་གོ་ཞིང་རྟོགས་པའི་ཕྱིར། །བཏགས་པར་བྱུང་བ་གཞན་ལས་དཔེ་དྲངས་ནས། །རྒྱས་པར་བསྟན་པས་དོན་རྣམས་ཁོང་ཆུད་མཛད། །རྟོགས་པ་བརྗོད་པའི་སྡེ་ལ༴ འདས་པའི་རྒྱལ་བ་རྣམས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་ཁམས་ན་སྔོན་


LT29_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་བྱུང་བ་གང་། །རྒྱུ་རྐྱེན་གླེང་གཞིར་བཅས་ཏེ་དེ་ལྟ་བུར། །བྱུང་བ་བརྗོད་པའི་སྡེ་ལ༴ ཐོས་ན་དད་སྐྱེད་བསམ་ན་བརྗོད་དཀའ་བའི། །བྱང་ཆུབ་སྤྱོད་པ་གྲངས་མེད་བསྐལ་པ་རུ། །སྤྱད་ནས་ཕ་རོལ་ཕྱིན་བཅུ་རྫོགས་སྟོན་པའི། །སྐྱེས་པ་རབས་ཀྱི་སྡེ་ལ༴ སྒྲིབ་པའི་ས་བོན་མ་ལུས་རྣམ་པར་འཐབ། །ཟབ་ཕྱིར་རྟོགས་དཀའ་རྒྱ་ཆེ་བློ་ལས་འདས། །འཇིག་རྟེན་གསུམ་ན་མཚུངས་ཟླ་བྲལ་བའི་ཆོས། །ཤིན་ཏུ་རྒྱས་པའི་སྡེ་ལ༴ ཉན་ཐོས་རྒྱལ་བའི་སྲས་དང་སངས་རྒྱས་ཀྱི། །མཁྱེན་བརྩེའི་ཡོན་ཏན་ངོ་མཚར་ཆོ་འཕྲུལ་དང་། །མངོན་ཤེས་སྟོབས་དང་བྱིན་རླབས་མཐུ་བསྟན་པའི། །རྨད་དུ་བྱུང་བའི་སྡེ་ལ༴ ཤེས་བྱའི་ཆོས་ཀྱི་མཚན་ཉིད་ལེགས་ཕྱེ་ནས། །རེ་རེ་ལ་ཡང་རྣམ་དབྱེ་དུ་མའི་དོན། །རྟོགས་ནས་ལེགས་གསུངས་དེ་ཉིད་ཁོང་དུ་ཆུད། །གཏན་ལ་དབབ་པའི་སྡེ་ལ༴ ཀུན་ཀྱང་ཉན་ཐོས་བྱང་སེམས་མངོན་པ་ཡི། །སྡེ་སྣོད་གསུམ་གྱི་ཚིག་དོན་གསལ་ཕྱེ་ནས། །རིགས་ཅན་གསུམ་པོ་ཐར་པའི་ལམ་བཟང་དུ། །བདེ་བླག་དཀྲི་བར་མཛད་ལ༴ མཚུངས་ཟླ་ཀུན་སྤངས་ཐུབ་གསུང་དམ་པའི་ཆོས། །འདི་ནས་སྐྱེ་བ་ཀུན་ཏུ་མི་འབྲལ་བར། །ཐོས་བསམ་སྒོམ་པའི་ཤེས་རབ་མཐའ་རུ་ཕྱིན། །ཆོས་ཀྱི་རྒྱལ་པོ་ཉིད་དང་མཚུངས་པར་ཤོག །རྟག་ཏུ་ཆོས་ཉན་འབྲི་ཀློག་གཅེས་པར་


LT29_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། །དེ་དོན་བསྒོམ་ཞིང་གཞན་ལ་ཚུལ་བཞིན་འཆད། །སྲོག་གི་ཕྱིར་ཡང་དམ་ཆོས་མི་འབྲལ་ཅིང་། །ཆོས་སྤང་ལས་ངན་ནམ་ཡང་མི་བྱེད་ཤོག །བཀའ་ཆད་ལུང་རྡུམ་གདམས་ངག་ཟོང་དུ་བཙོང་། །རང་ཉིད་མ་སྨིན་གཞན་ལ་ཟབ་ཆོས་འཆད། །བསྙེན་བཀུར་མེད་ཅིང་གླེགས་བམ་བརྙས་འགོམ་སོགས། །ཆོས་ལ་བརྟེན་པའི་སྡིག་པ་མི་གསོག་ཤོག །ཅུང་ཟད་ཐོས་ཀྱང་བློ་སྣ་དགེ་ལ་བསྒྱུར། །བསམ་པ་ཙམ་གྱིས་རྨོངས་པའི་མུན་པ་བསལ། །བསྒོམ་ན་སྲིད་པའི་འཁྲུལ་འཁོར་བདེ་བླག་འཇིག །བྱ་བ་གཞན་སྤངས་ཆོས་ལ་བརྩོན་ནུས་ཤོག །ཆོས་ལ་སྟ་བའི་རྣམ་དཔྱོད་བློ་གྲོས་ཐོབ། །གལ་ཆུང་ཆོས་ལ་བྱེད་པའི་ལས་ངན་ཟད། །ཉིན་མཚན་ཆོས་ཀྱི་སྣང་བས་དུས་འདའ་བས། །སྟོན་པའི་བཀའ་དྲིན་ལེགས་པར་གསོབ་ནུས་ཤོག །ཆོས་མཆོག་འབའ་ཞིག་ཡིད་ལ་བྱས་པའི་མཐུས། །ཆོས་རྒྱུན་ཏིང་འཛིན་སྣང་བ་གོང་དུ་འཕེལ། །ཆོས་སྒོ་རབ་འབྱམས་རྒྱ་མཚོར་མངའ་དབང་སྒྱུར། །ཆོས་ཀྱི་དབང་ཕྱུག་འགྲོ་བའི་མགོན་གྱུར་ཅིག །ཅེས་པའང་སངས་རྒྱས་མཉན་པ་མཆོག་སྤྲུལ་གྱི་རྗེ་དཔོན་འཆི་མེད་སྤྲུལ་པའི་སྐུས་གསུང་བསྐུལ་བསྐྱར་མ་གནང་བའི་ཐུགས་བཞེད་སྐོང་ཕྱིར། བླུན་རྨོངས་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་དུ་ཤར་མར་བྲིས་པ་་དགེ་ལེགས་འཕེལ།། ༈ །།འཕགས་པ་འཇམ་དཔལ་གྱི་ཐུགས་


LT29_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བསྐུལ་བའི་གསོལ་འདེབས་ཡེ་ཤེས་དཔལ་སྐྱེད་ཅེས་བྱ་བ་བཞུགས་སོ། །དུས་གསུམ་རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས། །ཁྱོད་ཞབས་པདྨོར་དད་བརྒྱའི་གཙུག་གིས་འདུད། །གསུང་གི་དབང་ཕྱུག་འགྲོ་བ་ཀུན་གྱི་སྐྱབས། །རབ་གུས་གདུང་བ་ཆེན་པོས་གསོལ་བ་འདེབས། །ཡེ་ཤེས་སྤྱི་གཟུགས་མ་རིག་འཛེམས་པའི་གཉེན། །རྩེ་གཅིག་དད་པས་སྙིང་གི་ཐིག་ལེར་བསྒོམ། །ཁྱོད་ནི་གདོད་ནས་ས་བཅུའི་མཐར་གཤེགས་ཤིང་། །ཐུགས་རྗེ་ཆེན་པོས་འཁོར་བ་དོང་ནས་སྤྲུགས། །དུས་ལ་གཟིགས་པའི་ཕྲིན་ལས་མི་གཡེལ་ཀྱང་། །ལས་ངན་བདག་ནི་འཁོར་བའི་འདམ་དུ་བྱིངས། །མ་རིག་དབང་གིས་སྡུག་བསྔལ་འཁྲུལ་འཁོར་སྤྱོད། །ཐར་པའི་སྐམ་སར་ནམ་ཡང་ཐོན་དུས་མེད། །སྐྱབས་མེད་བདག་འདྲ་བརྩེ་བས་མ་དོར་ལ། །མྱུར་དུ་ཐུགས་རྗེའི་ཕྱག་གིས་དྲང་དུ་གསོལ། །མཁའ་ཁྱབ་སྐྱེ་དགུ་ཕ་མར་མ་གྱུར་མེད། །བདག་ཉིད་ཇི་བཞིན་འཁོར་བའི་རྒྱ་མཚོར་གཡེང་། །མི་བཟད་སྡུག་བསྔལ་གསུམ་གྱིས་རྟག་མནར་ཡང་། །དགྲ་གཉེན་གཉིས་འཛིན་རང་དོན་འབའ་ཞིག་སྒྲུབ། །ནམ་ཡང་བྱང་ཆུབ་ཐོབ་པའི་སྐལ་མེད་པས། །བདག་འཛིན་རྩད་ཆོད་བདག་ལས་གཞན་གཅེས་འབྱོངས། །ཀུན་རྫོབ་དོན་དམ་བྱང་ཆུབ་སེམས་མཆོག་གཉིས། །སྐྱེ་བརྟན་གོང་དུ་འཕེལ་བར་བྱིན་གྱིས་


LT29_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

རློབས། །མ་རིག་དབང་གིས་བླང་དོར་ངོ་མ་ཤེས། །ཐར་པ་བསྒྲུབས་ཀྱང་བར་ཆད་གཞན་དབང་གྱུར། །རང་སེམས་ཆོས་སྐུའི་རང་ཞལ་མ་མཇལ་བས། །སྒྲིབ་གཉིས་མུན་པ་སྟུག་པོ་བསལ་བ་དང་། ཡེ་ཤེས་ཉི་མ་ཁོང་ནས་ཤར་པ་ཡིས། །རང་རིག་འཇམ་དཔལ་ཞལ་མཆོག་མཐོང་བར་མཛོད། །སྲིད་བདེར་ཞེན་པ་ཐར་པའི་སྲོག་གཅོད་དང་། །རང་ལ་མཆོག་འཛིན་བདུད་པོ་ཁོང་ཉལ་དང་། །ཆོས་བརྒྱད་རྣམ་གཡེང་འཁོར་བའི་བསླུ་བྲིད་དང་། །ངན་གཡོ་ཆེ་ཐབས་རང་ཉིད་ཕུང་བའི་རྒྱུ། །ཕྱོགས་རིས་ལོག་ལྟ་ངག་འཁྱལ་ལ་སོགས་པ། །ཆོས་འགལ་བསམ་སྦྱོར་རྨི་ལམ་ཙམ་དུ་ཡང་། །མི་འབྱུང་དགེ་བློ་ལས་སུ་རུང་ནས་ཀྱང་། །བསམ་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས། །རྗེ་བཙུན་འཕགས་པ་འཇམ་དཔལ་བདག་ལ་དགོངས། །མགོན་པོ་མཁྱེན་བརྩེའི་གཏེར་གྱིས་བདག་བྱིན་རློབས། །འཁོར་བ་སྙིང་པོ་མེད་པར་ཐག་ཆོད་ནས། །སྐྱོ་ཤས་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། །འདི་སྣང་སྒྱུ་མའི་འཁྲུལ་འཁོར་ལྟར་ཤེས་ནས། །འཆི་བ་སྙིང་ལ་གཟེར་བར་བྱིན་གྱིས་རློབས། །རྒྱུ་འབྲས་བསླུ་བ་མེད་པར་ཡིད་ཆེས་ནས། །དགེ་སྡིག་འདོར་ལེན་ནུས་པར་བྱིན་གྱིས་རློབས། །སྐྱོན་གྱི་འབྱུང་གནས་རང་ཉིད་ཡིན་ཤེས་ནས། །གཞན་གྱི་ཡོན་ཏན་མཐོང་བར་བྱིན་གྱིས་རློབས། །རང་གི་ལོག་ལྟ་འཁྲུལ་


LT29_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ངོས་ཟིན་ནས། །ཕྱོགས་མེད་དག་སྣང་འབྱོངས་པར་བྱིན་གྱིས་རློབས། །རྒྱལ་བསྟན་སྒོར་ཞུགས་ཁེ་ཉེན་ཆེར་མཐོང་ནས། །དམ་སྡོམ་སྲོག་བཞིན་བསྲུང་ནུས་བྱིན་གྱིས་རློབས། །དཀོན་མཆོག་ཀུན་འདུས་འཇམ་དཔལ་དཔའ་བོ་ལ། །བློ་གཏད་ལིང་བསྐྱུར་ནུས་པར་བྱིན་གྱིས་རློབས། །རྙེད་དཀའི་དལ་འབྱོར་ཆུད་ཟོས་མ་སོང་བར། །དམ་ཆོས་ཚུལ་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཐུགས་དམ་མ་གཡེལ་རྗེ་བཙུན་མཁྱེན་པའི་གཏེར། །ཐོག་མེད་མ་རིག་སྒྲིབ་པའི་སྦུབས་དྲལ་ནས། །མཁྱེན་གཉིས་ཡེ་ཤེས་པདྨོ་མཆོག་ཏུ་རྒྱས། །དོན་གཉིས་མཐའ་རུ་ཕྱིན་པའི་དངོས་གྲུབ་སྩོལ། །ཅེས་པ་འདི་སངས་རྒྱས་མཉན་པ་གྲུབ་ཆེན་གྱི་གྲྭ་རིགས། ལྷག་པའི་ལྷ་འདི་ཉིད་ལ་ལས་འཕྲོ་མངའ་བ་དགེ་སྦྱོང་ཀརྨ་བློ་གྲོས་ཕུན་ཚོགས་ནས་ནན་བསྐུལ་ངོར་བློ་གྲོས་མཐའ་ཡས་ཀྱིས་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ། ༈ །འཕགས་མཆོག་མཁྱེན་ནོ་ཐུགས་རྗེ་ཆེན་པོ་མཁྱེན། །བྱམས་མགོན་མཁྱེན་ནོ་སྤྱན་རས་གཟིགས་དབང་མཁྱེན། །སྐྱབས་གཅིག་མཁྱེན་ནོ་སྙིང་རྗེའི་དབང་ཕྱུག་མཁྱེན། །ལས་ངན་འཁོར་བར་འཁྱམས་རྣམས་བསྐྱབ་ཏུ་གསོལ། །རྒྱལ་བའི་སྲས་མཆོག་འཕགས་པ་སྤྱན་རས་གཟིགས། །འཇིག་རྟེན་གསུམ་གྱི་མགོན་པོ་ཐུགས་རྗེ་ཅན། །ཁྱད་པར་གངས་ཅན་འགྲོ་བའི་སྐྱབས་


LT29_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུ། །བདག་སོགས་འགྲོ་ལ་ཐུགས་རྗེས་གཟིགས་སུ་གསོལ། །ཐོག་མེད་དུས་ནས་མ་རིག་དབང་གྱུར་པས། །འཁོར་བའི་རྒྱ་མཚོར་ཡུན་རིང་ཉིད་དུ་འཁྱམས། །སྡུག་བསྔལ་གསུམ་གྱིས་བར་མེད་མནར་ལགས་ན། །འཁོར་བའི་འདམ་ལས་དྲོངས་ཤིག་སྤྱན་རས་གཟིགས། །ནམ་མཁའི་མཐའ་མཉམ་སེམས་ཅན་མ་ལུས་པ། །དྲིན་ཅན་ཕ་མར་མ་གྱུར་གཅིག་ཀྱང་མེད། །འདི་དག་འཁྲུལ་སྣང་དབང་གིས་སྡུག་བསྔལ་ན། །མ་རིག་མུན་པ་སོལ་ཞིག་སྤྱན་རས་གཟིགས། །བདེ་བ་འདོད་ཀྱང་སྡུག་བསྔལ་ཁོ་ན་སྒྲུབ། །ལས་ངན་དབང་གིས་སྡུག་བསྔལ་ཁོར་ཡུག་སྤྱོད། །ནམ་ཡང་གཏན་བདེའི་ས་ལ་ཕྱིན་དུས་མེད། །བློ་སྣ་དགེ་ལ་སྒྱུར་ཅིག་སྤྱན༴ མ་རྒན་འགྲོ་རྣམས་ལས་ཀྱི་ཞགས་པས་བཅིངས། །ངན་སོང་གསུམ་གྱི་བཙོན་རར་ཆུད་པ་ལ། །སྙིང་རེ་རྗེ་ཡང་བདག་ལ་སྐྱོབ་ནུས་མེད། །ཐུགས་རྗེས་མྱུར་དུ་སྐྱོབས་ཤིག༴ རྙེད་པར་དཀའ་བའི་དལ་འབྱོར་རིན་པོ་ཆེ། །འཁྲུལ་པའི་བྱ་བས་ཆུད་ཟོས་བྱེད་པ་ཡི། །སྙིང་མེད་པོ་རྣམས་ཐར་པའི་ལམ་འཚོལ་བའི། །རིགས་མཆོག་སད་པར་མཛོད་ཅིག༴ མི་ཚེ་དཔག་ཆེན་མདའ་བཞིན་མྱུར་དུ་འགྲོ། །དཔལ་འབྱོར་ཆུ་བུར་བཞིན་ཏུ་སྙིང་པོ་མེད། །འདིར་སྣང་སྒྱུ་མས་བསླུས་པའི་བྱིས་པ་རྣམས། །མི་རྟག་རྒྱུད་ལ་སྐྱེད་མཛོད༴ སྔོན་ཆད་ལས་ངན་དབང་གིས་འཁོར་བར་འཁྱམས།


LT29_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ད་དུང་སུན་མེད་འཁོར་བའི་ས་བོན་སྒྲུབ། །བསམ་སྦྱོར་ཉོན་མོངས་འཁྲུལ་པའི་གཞན་དབང་ཤོར། །ལས་ཀྱི་ཆུ་རྒྱུན་ཟློ་གཅིག༴ གཏི་མུག་དབང་གི་བླང་དོར་ངོ་མི་ཤེས། །འདོད་ཆགས་དབང་གིས་རང་འདོད་ཕུག་ཏུ་བཅུག །ཞེ་སྡང་དབང་གིས་གཞན་གནོད་ཤུགས་ལས་འབྱུང་། །དུག་གསུམ་རྩད་ནས་ཆོད་ཅིག༴ རྒྱུ་འབྲས་མངོན་སུམ་སྨིན་པར་མཐོང་བཞིན་ཏུ། །ད་དུང་ལས་དང་འབྲས་བུར་ཡིད་མི་ཆེས། །ཅི་བྱས་ཕྱིན་ཅི་ལོག་ཏུ་སྤྱོད་པ་ཡི། །གཡང་ས་འདི་ལས་སྒྲོལ་ཅིག༴ དགེ་བའི་བག་ཆགས་ན་བུན་བཞིན་ཏུ་ཡལ། །སྡིག་པའི་སེམས་ནི་གྲིབ་མ་བཞིན་ཏུ་འགྲོགས། །རྨི་ལམ་དུ་ཡང་མི་དགེ་རྗེས་འབྲང་རྣམས། །བག་ཆགས་རྒྱ་ལས་ཁྲོལ་ཅིག༴ བདག་འཛིན་སྤངས་ཀྱང་འཆིངས་ལས་གྲོལ་དུས་མེད། །གཞན་ཕན་སེམས་ཀྱང་ཡིད་སྨོན་ཙམ་དུ་ལུས། །མི་ཚེ་ཁ་ཆོས་ཙམ་གྱིས་བསླུས་པ་རྣམས། །བསླུ་མེད་ཆོས་ལ་སྦྱོར་ཅིག༴ དོན་དམ་ཐམས་ཅད་སྟོང་པ་ཉིད་དུ་མཉམ། །ཀུན་རྫོབ་ཕ་མར་མ་གྱུར་གཅིག་ཀྱང་མེད། །མ་ཤེས་གཅིག་ལ་གཅིག་བརྟེན་ལས་ངན་བསགས། །འཁྲུལ་སྣང་གཉིད་ལས་སློང་ཞིག༴ བློ་ཁ་དགེ་ལ་ཅུང་ཟད་ཕྱོགས་ན་ཡང་། །སང་བྱ་གནང་བྱའི་ངང་དུ་མི་ཚེ་ཟད། །འཆི་ཁར་གྲུབ་འབྲས་གང་ཡང་མ་མཆིས་ན། །བློ་སྣ་བཙན་ཐབས་སྒྱུར་ཅིག༴ ཉིན་མོ་འཇིག་རྟེན་འཁྲུལ་བའི་བྱ་བས་གཡེང་། །མཚན་མོ་གཏི་མུག་གཉིད་ཀྱི་རི་བོས་ནོན། །འཆི་ལ་ཏུག་གིས་


LT29_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

།ཐུག་པའི་དུས་བྱུང་ཚེ། །དེས་ཁྱེད་ལས་མེད་དོ། །གཉེན་བཤེས་ལོངས་སྤྱོད་འཁོར་གཡོག་ཤུལ་དུ་ལུས། །རྣམ་ཤེས་དབང་མེད་ལས་ཀྱི་རླུང་གིས་ཁྱེར། །འཇིགས་རུང་བར་དོའི་འཕྲང་ཆེན་འགྲིམས་པའི་ཚེ། །ལམ་སྣ་འདྲེན་པར་མཛོད་ཅིག་སྤྱན་རས་གཟིགས། །བྱ་བ་སྙིང་ནས་མ་ཐོང་གཡེང་བས་ཁྱེར། །དམ་ཆོས་སྙིང་ནས་མ་འགྲུབ་ཆོས་མིན་སྤྱོད། །བསླབ་པ་འཆལ་ཞིང་དཀོར་གྱིས་རྒྱུད་ཚིག་པ། །དྲེད་པོའི་སེམས་རྒྱུད་ཐུལ་ཅིག་སྤྱན་རས་གཟིགས། །སངས་རྒྱས་སྒྲུབ་པའི་ས་བོན་བྱང་ཆུབ་སེམས། །ཡང་ཡང་བསྐྱེད་ཀྱང་ཡང་ཡང་མཐུ་ཉམས་པས། །རྩོལ་མེད་སྙིང་རྗེ་ཆུ་བོའི་རྒྱུན་ལྟ་བུ། །བདག་གི་རྒྱུད་ལ་སྐྱེད་ཅིག་སྤྱན་རས་གཟིགས། །ཞི་གནས་བསྒོམས་ཀྱང་རྩེ་གཅིག་མཐར་མ་ཕྱིན། །ལྷག་མཐོང་བཙལ་ཡང་གནས་ལུགས་ཞལ་མ་མཇལ། །རྟོགས་པས་རྐྱེན་མ་ཐུབ་པའི་གང་ཟག་ལ། །གཉུག་མའི་རང་ངོ་སྤྲོད་ཅིག་སྤྱན་རས་གཟིགས། །ཇི་ཙམ་འབད་ཅིང་ཇི་ཙམ་རྩོལ་ན་ཡང་། །འཁྲུལ་སྣང་བག་ཆགས་རྒྱ་ལས་གྲོལ་མ་ནུས། །རྨི་ལམ་སྒྱུ་མས་བསླུས་པ་བདག་འདྲ་ཡི། །འཁྲུལ་པ་བཙན་ཐབས་ཟློག་ཅིག་སྤྱན་རས་གཟིགས། །ཁྱིམ་པ་ལས་ངན་ཤུགས་ཀྱིས་དབང་མེད་ཁྱེར། །ཆོས་པ་རྣམས་ཀྱང་ཆོས་བརྒྱད་བྱ་བས་གཡེང་། །ཐམས་ཅད་འཁོར་བའི་རྒྱ་མཚོ་བརྒལ་དགའ་བས།


LT29_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པའི་ས་ལ་སྒྲོལ་ཅིག་སྤྱན་རས་གཟིགས། །མདོར་ན་འདི་ཕྱི་བར་དོའི་གནས་སྐབས་ཀུན། །འཕགས་མཆོག་ཁྱེད་ལས་རེ་ས་མ་མཆིས་པས། །སྙིང་རྗེའི་ཡུལ་གྱུར་མ་རྒན་སེམས་ཅན་རྣམས། །བྱང་ཆུབ་ཆེན་པོའི་ས་ལ་བཀོད་དུ་གསོལ། །ཁྱད་པར་བདག་དང་བདག་ལ་འབྲེལ་ཐོགས་ཀུན། །འཕགས་པའི་ཐུགས་རྗེས་ནམ་ཡང་མ་འདོར་བར། །བདེ་བ་ཅན་གྱི་ཞིང་དུ་ལམ་སྣ་དྲོངས། །བྱང་ཆུབ་སྤྱོད་པ་རྫོགས་པར་མཛད་དུ་གསོལ། །བདག་ཉིད་མཐོང་ཐོས་དྲན་པའི་སྐྱེ་འགྲོ་ཀུན། །ལས་ཉོན་སྒྲིབ་དག་བྱང་ཆུབ་སེམས་མཆོག་གཉིས། །རྩོལ་མེད་སྐྱེད་ནུས་རྣམ་ཐར་རྒྱ་མཚོའི་བདག །འཕགས་མཆོག་ཁྱེད་བཞིན་འགྲུབ་པར་མཛད་དུ་གསོལ། །ཅེས་འཕགས་པའི་ཐུགས་རྗེ་སྐུལ་པའི་ཚིགས་བཅད་ཉེར་ལྔ་པ་འདིའང་བསླབ་གསུམ་ལྡན་པ་བླ་མ་ཀརྨ་ཐུགས་རྗེའི་འོད་འཕྲོ་ནས་བསྐུལ་ངོར་བློ་གྲོས་མཐའ་ཡས་ཀྱིས་བྲིས་པ་དགེ་ལེགས་འཕེལ།། ༈ །།ན་མོ་ལོ་ཀེ་ཤྭ་རཱ་ཡ། རིགས་ཀུན་ཁྱབ་བདག་གཟི་བརྗིད་འོད་དཔག་མེད། །རྒྱལ་ཀུན་སྐྱེད་མཛད་འཕགས་པ་ནམ་མཁའི་རྒྱལ། །བཅུ་གཅིག་ཞལ་ལྡན་ཕྱག་སྟོང་སྤྱན་སྟོང་པ། །འགྲོ་དྲུག་འདྲེན་མཛད་འཕགས་པ་སྤྱན་རས་གཟིགས། །ཁྱད་པར་གངས་ཅན་མགོན་པོ་ཐུགས་རྗེ་ཅན། །ཁྱེད་ལ་རྩེ་གཅིག་


LT29_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པས་གསོལ་བ་འདེབས། །སྙིང་ནས་སྐྱབས་སུ་མཆིའོ་ཐུགས་རྗེས་ཟུང་། །ལུས་དང་ལོངས་སྤྱོད་དགེ་བའི་རྩ་བ་བཅས། །ཀུན་བཟང་མཆོད་པའི་སྤྲིན་ཏུ་སྤྲོས་ཏེ་འབུལ། །སྒོ་གསུམ་མི་དགེའི་ལས་རྣམས་གང་བགྱིས་པ། །འགྱོད་པས་བཤགས་སོ་དག་ཅིང་ཚངས་པ་སྩོལ། །བདག་ཅག་ཐོག་མེད་དུས་ནས་འཁོར་བར་འཁྱམས། །ལས་དང་བག་ཆགས་ངན་པའི་གཞན་དབང་གྱུར། །འདི་ལ་འཕགས་པའི་ཐུགས་རྗེས་མ་གཟིགས་ན། །ད་དུང་སྡུག་བསྔལ་ཡུན་རིང་མྱོང་འགྱུར་བས། །ཐུགས་བསྐྱེད་དམ་བཅའ་བསྙེལ་བར་མ་མཛད་པར། །བདག་དང་བདག་འདྲའི་ལས་ངན་སེམས་ཅན་རྣམས། །འཁོར་བའི་འདམ་ནས་མྱུར་དུ་དྲང་དུ་གསོལ། །སྲིད་པའི་བདེ་ལ་ཞེན་པ་གཏིང་ནས་ལོག །ཆོས་མིན་བསམ་པ་སྐད་ཅིག་མི་སྐྱེ་ཞིང་། །བློ་སྣ་དམ་པའི་ཆོས་ལ་འགྱུར་བར་མཛོད། །བྱམས་དང་སྙིང་རྗེ་བཅོས་མིན་རྒྱུད་ལ་སྐྱེས། །བསམ་སྦྱོར་ཐམས་ཅད་བྱང་ཆུབ་ལམ་དུ་འགྱུར། །ཞི་ལྷག་ཏིང་འཛིན་མཐར་ཕྱིན་བྱིན་གྱིས་རློབས། །ཅི་ཡང་མེད་ལ་བདག་གཞན་གཉིས་སུ་འཛིན། །ལོག་པར་རྟོག་པའི་འཁྲུལ་པ་ཁུངས་རྡིབ་ནས། །ཆོས་དབྱིངས་རང་ཞལ་མཇལ་བར་མཛད་དུ་གསོལ། །བདག་གཞན་འབྲེལ་བཅས་འདི་ནས་འཕོས་མ་ཐག །ཞིང་མཆོག་བདེ་བ་ཅན་ཏུ་ལམ་སྣ་དྲོངས། །སངས་རྒྱས་ཞལ་མཐོང་ལུང་


LT29_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་མཆོག་ཐོབ་ནས། །བྱང་ཆུབ་སྤྱོད་པ་རྒྱ་མཚོ་ཡོངས་སུ་རྫོགས། །དོན་གཉིས་མཐར་ཕྱིན་སྐུ་གསུམ་མངོན་གྱུར་ཤོག །ཅེས་པདྨ་གངས་རང་སྒྲུབ་ལ་གཞོལ་བ་དམ་ཆོས་སྤྲུལ་པའི་སྐུས་བཞེད་དོན་ལྟར་བློ་གྲོས་མཐའ་ཡས་ཀྱིས་སྤེལ་བ་དགེ་ལེགས་འཕེལ།། ༈ །།ན་མཿཤྲཱི་གུ་རུ་ཀཱ་ལ་ཙཀྲཱ་ཡ། །དང་པོའི་སངས་རྒྱས་ཁྱབ་བདག་རྡོ་རྗེ་འཆང་། །དུས་ཀྱི་འཁོར་ལོ་ཡེ་ཤེས་ལོངས་སྤྱོད་རྫོགས། །གང་འདུལ་སྤྲུལ་པའི་གར་མཁན་ཤཱཀྱའི་རྒྱལ། །ཟུང་འཇུག་ངོ་བོ་ཉིད་སྐུར་གསོལ་བ་འདེབས། །ཕྱི་ནང་གཞན་གསུམ་དབྱེར་མེད་རྡོ་རྗེའི་གྲོང་། །དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཆེན་པོ་རུ། །གསང་མཆོག་དཀྱིལ་འཁོར་རབ་འབྱམས་སྤྲུལ་ནས་སུ། །རྒྱུད་ཀུན་སྟོན་པར་མཛད་ལ་གསོལ་བ་འདེབས། །མཆོག་གི་དང་པོའི་སངས་རྒྱས་རྒྱུད་ཀྱི་རྒྱལ། །ཞུ་ཞིང་སྡུད་མཛད་གསང་བདག་སྤྲུལ་པའི་སྐུ། །རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད། །རྒྱལ་ཀུན་གསང་བ་འཛིན་ལ་གསོལ་བ་འདེབས། བའི་སྟོན་པ་བཤད་པར་བྱ་བའི་ཆོས། །ཞུ་ཞིང་སྡུད་དང་དེ་བསྟན་སྐྱོང་བ་སོགས། །བསམ་ཡས་ཡེ་ཤེས་ཡངས་པའི་ཆོ་འཕྲུལ་ནི། །ཅིར་ཡང་སྟོན་པར་མཛད་ལ་གསོལ་བ་འདེབས། །འཛམ་གླིང་བྱང་ཕྱོགས་ཡུལ་ཆེན་ཤམྦྷ་ལའི། །ཡུལ་དབུས་ཀ་ལཱ་པ་ཡི་ཕོ་བྲང་ཆེར། །ས་བཅུའི་དབང་ཕྱུག་ཁྲོ་བོའི་རྒྱལ་རྣམས་ཀྱི། །རྣམ་འཕྲུལ་རིམ་པར་བྱོན་


LT29_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ་བ་འདེབས། །མི་བདག་གསེར་གྱི་ཐོད་ལྡན་གོ་དྲུག་གིས། །ཞབས་ནས་རབ་བཏེགས་རྡོ་རྗེ་སེང་གེའི་ཁྲིར། །ལོ་གྲངས་བརྒྱད་བརྒྱར་མཐར་ཐུག་ཆོས་འཁོར་སྐོར། །མཚན་དཔེ་མངོན་ཤེས་ལྡན་ལ་གསོལ་བ་འདེབས། །རྡོ་རྗེའི་གདུང་འཛིན་ལྷ་དབང་གཟི་བརྗིད་ཅན། །ཟླ་བས་བྱིན་པ་ལྷ་ཡི་དབང་ཕྱུག་ཞབས། །སྣ་ཚོགས་གཟུགས་དང་ལྷ་ཡི་དབང་ལྡན་ཏེ། །ཆོས་རྒྱལ་ཆེན་པོ་རྣམས་ལ་གསོལ་བ་འདེབས། །ཐ་དད་རིགས་ཀུན་རྡོ་རྗེའི་རིགས་སུ་བསྡུས། །རྩ་རྒྱུད་བསྡུས་པའི་རྒྱུད་དུ་གཏན་ལ་ཕབ། །སྨྲ་བའི་སེང་གེ་མི་བདག་ཚུལ་བཟུང་བ། །འཇམ་དཔལ་གྲགས་པའི་ཞབས་ལ་གསོལ་བ་འདེབས། །དྲི་མེད་འོད་ཟེར་འབར་བའི་རྒྱས་འགྲེལ་གྱིས། །རྒྱུད་ཀྱི་ཚིག་དོན་ཇི་བཞིན་གསལ་མཛད་པ། །སྙིང་རྗེའི་གཏེར་ཆེན་འཇིག་རྟེན་གསུམ་གྱི་མགོན། །པདྨ་དཀར་པོའི་ཞབས་ལ་གསོལ་བ་འདེབས། །བཟང་པོ་རྣམ་པར་རྒྱལ་བ་བཤེས་གཉེན་བཟང་། །ཕྱག་ན་རིན་ཆེན་ཁྱབ་འཇུག་སྦས་པ་དང་། །ཉི་མ་གྲགས་པ་ཤིན་ཏུ་བཟང་པོའི་ཞབས། །རྒྱ་མཚོ་རྣམ་རྒྱལ་རྣམས་ལ་གསོལ་བ་འདེབས། །རྒྱལ་བར་དཀའ་དང་ཉི་མ་སྣ་ཚོགས་གཟུགས། །ཟླ་བའི་འོད་དང་མཐའ་ཡས་ས་སྐྱེད་ཆེ། །དཔལ་སྐྱོང་སེང་གེ་རྣམ་པར་གནོན་པའི་ཞབས། །ཟླ་བྲལ་སྟོབས་པོ་ཆེ་ལ་གསོལ་བ༴ མ་འགགས་པ་དང་མི་ཡི་སེང་གེ་མཆོག །


LT29_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་ཆེན་པོ་མཐའ་ཡས་ཞེས་བྱའི་མཚན། །ལྷ་མིན་ཀླ་ཀློ་མཐར་མཛད་འཁོར་ལོ་ཅན། །མི་བདག་དྲག་པོའི་ཞབས་ལ༴ དེ་སྲས་ཚངས་དང་ལྷ་ཡི་དབང་པོ་སོགས། །ལས་ས་བཅུ་གཉིས་ཤར་ནུབ་ཕྱེད་དང་ནི། །དུམ་བུར་སྐྱོང་མཛད་འཕགས་པ་ཁོ་ནའི་འཕྲུལ། །རྒྱུན་མི་འཆད་པར་འབྱོན་ལ༴ ལྷག་པའི་ལྷ་དང་དབྱེར་མེད་འཁོར་ལོའི་མགོན། །ཆོས་རྒྱལ་རིགས་ལྡན་ཡེ་ཤེས་སྐུ་རྣམས་ལ། །རྩེ་གཅིག་གུས་པ་ཆེན་པོས་གསོལ་བ་འདེབས། །རྡོ་རྗེ་བཞི་ཡི་བྱིན་རླབས་རྒྱུད་ལ་སྩོལ། །སྔགས་ཀྱི་རིམ་པ་མཐར་ཕྱིན་ལས་ཆེན་འགྲུབ། །ལྟོས་མེད་རྣམ་བཞིས་ཡིད་ཆེས་གསུམ་ལྡན་གྱི། །རྡོ་རྗེའི་རྣལ་འབྱོར་རྩེ་གཅིག་བསྒོམས་པའི་མཐུས། །ཡན་ལག་དྲུག་པོ་མཐར་ཕྱིན་བྱིན་གྱིས་རློབས། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་མངོན་སུམ་རྟོགས། །འགྱུར་མེད་བདེ་བས་རྟོག་ཚོགས་དབུ་མར་འགགས། །ཚེ་འདིར་མཁའ་ཁྱབ་ཡེ་ཤེས་སྐུ་འགྲུབ་ནས། །རྣམ་ཤེས་རྒྱལ་ཁམས་མྱུར་དུ་སྟོང་བྱེད་ཤོག །ཅེས་དཔལ་ལྡན་འབྲུག་པའི་བཀའ་བརྒྱུད་འཛིན་ཅིང་རིག་ལམ་སྨྲ་བ་མཁར་མགོ་བླ་མ་འཇམ་དབྱངས་གྲགས་པ་ནས་རྟེན་དང་བཅས་བསྐུལ་ངོར་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲ་ཆེན་པོར་སྤེལ་བ་དགེ་ལེགས་འཕེལ། །


previousམོས་གུས་ཀྱི་རབས་ལས་སྐྱེས་པའི་ཐུགས་རྗེ་མངོན་པར་བསྐུལ་བའི་ཚིག་ཕྲེང་སྐལ་ལྡན་འདོད་པ་འཇོ་བའི་བུམ་བཟང་།next