Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
སློབ་མ་དབང་བསྐུར་བར་བྱེད་པའི་ཚུལ།
   
   
   
   
   
   
   
   
   
   
   
   


 
previousསློབ་མ་དབང་བསྐུར་བར་བྱེད་པའི་ཚུལ།next

སློབ་མ་དབང་བསྐུར་བར་བྱེད་པའི་ཚུལ།


LT30_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་དབང་བསྐུར་བར་བྱེད་པའི་ཚུལ་བཞུགས་སོ། །


LT30_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་དབང་བསྐུར་བར་བྱེད་པར་འདོད་ན། ནངས་པར་དཀྱིལ་འཁོར་དུ་འཇུག་པར་བྱེད་རྒྱུའི་དེང་གི་ཉིན་པར་དེ། དགོངས་ཁའི་དུས་སུ་སློབ་མ་རྣམས། དཀྱིལ་འཁོར་ཁང་པར་འཚོགས་ན་དཀྱིལ་འཁོར་ལ་ཡོལ་བ་འཐུག་པོ་བཏང་སྟེ་བསྒྲིབ། དཀྱིལ་འཁོར་མ་བཤམས་པའི་སྔོན་དུ་ཡིན་ན་ཡང་། རྡུལ་ཚོན་བུམ་པ་སོགས་མི་མཐོང་བའི་ཕྱིར་སྒྲིབ་པ་ལེགས། དཀྱིལ་ཆོག་རྡོ་རྗེ་ལས་རིམ་ལྟར་ན་སྤྱི་དང་མཐུན་ཡང་། ཕུར་པའི་ཆོས་སྐོར་གྱི་རྩ་བའི་གཞུང་རྣམས་ཀྱི་བཞེད་དགོངས་མིན་པ་སྟ་གོན་རྣམ་བཞིའི་རིམ་པ་སོགས་གསར་མ་དང་སྦྱར་བ་དགོས་པའི་ངེས་པ་མེད་པས། སློབ་མ་སྟ་གོན་ཇི་ལྟར་སྐབས་སུ་བབས་པ་ལ་བྱ། དེ་ཡང་སློབ་མ་རྣམས་གུ་གུལ་གྱིས་བདུགས་ཁྲུས་བྱས། གྲལ་ལ་འཁོད། མེ་ཏོག་བཀྱེ་བསྡུ་བྱ། བླ་མས་ཆོས་བཤད་བྱས་ནས་མཎྜལ་འབུལ་དུ་བཅུག །སྐྱེ་རྒ་ན་དང་འཆི་བ་ཡི། །ཆུ་སྲིན་ལ་སོགས་འཇིགས་བྱེད་ལས། །འདོན་པར་མཛད་པ་ཁྱོད་འབའ་ཞིག །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །


LT30_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཅེས་ལན་གསུམ་རྗེས་ཟློས་ཀྱིས་གསོལ་བ་བཏབ། །བུ་ཚུར་གསང་བའི་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་གསང་བའི་སྣོད་ཡིན་ཏེ། །དམ་ཚིག་དམ་པ་བསྟན་པར་བྱ། །བྱང་ཆུབ་སེམས་ཀྱང་བསྐྱེད་པར་བྱ། །འཁོར་བ་དག་ལས་བསྐྱབ་པར་བྱ། །དཀྱིལ་འཁོར་ཆེན་པོར་གཞུག་པར་བྱ། །ཕྱི་ནང་གསང་བའི་དབང་བསྐུར་རོ། །ད་ནི་དད་པ་བསྐྱེད་པར་བགྱི། །ཅེས་པ་ཙམ་མམ་སྤྲོ་ན། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་


LT30_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་ཀུན། །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ཏེ། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡི། །དྲག་པོ་ཆེན་པོ་བདུད་ཀྱི་སྡེ། །སྟོབས་ཆེན་དག་ཀྱང་དེས་བཅོམ་སྟེ། །འཇིག་རྟེན་མཐུན་པར་གཤེགས་ནས་ཀྱང་། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་པའང་བརྗོད་དེ་སྤྲོ་བ་བསྐྱེད། །བདག་གིས་སྡིག་པ་བགྱིས་པ་དང་། །བགྱིད་དུ་སྩལ་དང་ཡི་རང་བ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །མ་ལུས་དེ་དག་བཤགས་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བསྒོམས་དང་བཟླས་བརྗོད་བསོད་ནམས་ཀྱི། །ཚོགས་ལ་བདག་ནི་ཡི་རང་ངོ། །སེམས་བསྐྱེད་མངོན་པར་སངས་རྒྱས་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །བྱང་ཆུབ་སེམས་དཔའི་ཐབས་ཀྱི་མཆོག །དེ་ལ་བདག་ནི་སྐྱབས་སུ་མཆི། །སེམས་ཅན་མ་ལུས་སྲིད་པར་ལྟུང་། །འགྲོ་བ་རྣམས་ལ་ཕན་པའི་ཕྱིར། །བདག་ནི་དེ་རིང་ཉིད་དུ་ནི། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བདེ་གཤེགས་རྒྱལ་བ་འཁོར་བཅས་པ། །མ་ལུས་བདག་ལ་དགོངས་སུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་སྡོམ་པ་ཡི། །ཡང་དག་ཉིད་དུ་བཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་སྡོམ་པ་ནི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །


LT30_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་རིགས་མཆོག་སྡོམ་པ་ནི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ཡང་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་སྡོམ་པ་ནི། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་བཟུང་། །ལས་ཀྱི་རིགས་མཆོག་སྡོམ་པ་ནི། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བཟུང་བར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སངས་རྒྱས་ཉིད་དུ་བསྒྲུབས་ནས་ནི། །འཁོར་བའི་རྒྱ་མཚོར་བྱིང་བ་རྣམས། །བྱང་ཆུབ་གནས་སུ་སྒྲོལ་བར་ཤོག །རྒྱུན་བཤགས་དང་སྡོམ་བཟུང་འདི། །རྩ་བ་ལུགས་ཀྱི་དབང་བསྐུར་ལ་བྱེད་ལ། མནའ་སྣམ་པའི་ལུགས་དང་ཀྱི་ལུགས་སོགས་ལ་མི་བྱེད་དོ། །དངོས་སུ་མཎྜལ་ཚོམ་བུ་ལྔ་པ་ཞིག་བཤམས། །ཁྱེད་རང་རྣམས་ཀྱི་མོས་པ་ལ། །མཎྜལ་འདི་ཉིད་གཞལ་མེད་ཁང་དུ་མོས། །ཚོམ་བུ་ལྔ་པོ་གདོད་ནས་གྲུབ་པའི་རྒྱལ་བ་རིགས་ལྔར་གྱུར། པུཥྤེ་སོགས་མཆོད་པ་ལྔ་ཕུལ། ཨོཾ་བི་ཤུདྡྷེ་སརྦ་ཧི་ན་ཧཱུྃ་ཕཊ་ཅེས་སློབ་མ་བསངས། ཡུངས་ཀར་གཏོར་ལ་སུམྦྷ་བཟླས་པས་བགེགས་བསྐྲད། །མཎྜལ་གྱི་དབུས་ཀྱི་རྡོ་རྗེ་སེམས་དཔའ་ལས་རྡོ་རྗེ་སེམས་དཔའ་གཉིས་པ་ཆད་ནས་ཁྱེད་རང་རྣམས་ལ་ཐིམ། ཁྱེད་རང་རྣམས་རྡོ་རྗེ་སེམས་དཔའི་སྐུར་གྱུར། །གནས་གསུམ་དུ་བདུད་རྩིའི་ཐིག་ལེ་


LT30_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ། ཨོཾ་ཙཀྲ་སྭཱ་ཧཱ་ཨོཾ། ཨཱཿཔདྨ་སྭཱ་ཧཱ་ཧྲཱིཿ ཧཱུྃ་བཛྲ་སྭཱ་ཧཱ་ཧཱུྃ་ཞེས་བརྗོད་ལ། །སྐུ་གསུང་ཐུགས་སུ་སྦྱོར་བ་ཡི། །ལུས་ངག་ཡིད་གསུམ་སྲུང་བ་དང་། །རྣམ་ཐར་གསུམ་ལ་འགོད་པའི་ཕྱིར། །བྱིན་གྱིས་བརླབས་པའི་གནས་མཛོད་ཅིག །དཔུང་སྐུད་བཅིང་པའང་སྤྱི་དང་འདྲ་སྟེ། ཧཱུྃ་ཞེས་དྲག་ཏུ་བཟླ་བ་དང་། །སྙིང་པོ་འབྲུ་བཅུ་དྲུག་པས་བསྲུང་བ་བྱ། །རྡོ་རྗེ་བསྲུང་བའི་དོན་དུ་ནི། །བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བཏབ། །ལུས་ཀྱི་ཉེས་པ་བསལ་བ་དང་། །སྲུང་དང་སྟ་གོན་གནས་པར་མཛོད། །ཅེས་བརྗོད། སོ་ཤིང་། ཨོཾ་བཛྲ་ད་ན་ད་སམྦ་ར་ཏིཀྵ་་སྭཱ་ཧཱ། ཞེས་པས་བྱིན་གྱིས་བརླབས་ཤིང་སློབ་མ་ལ་གཏད། །ངག་གི་ཉེས་པ་བསལ་བའི་ཕྱིར། །དུར་ཁྲོད་སོ་ཤིང་དམ་པ་ནི། །དཀྱིལ་འཁོར་སྟེང་དུ་རབ་ཏུ་འཁོར། །དབང་གི་ལྷ་རྣམས་བསྟན་ཏུ་གསོལ། །ཅེས་བརྗོད་ནས་འདོར་དུ་གཞུག །ཁྱོར་ཆུ་སྦྱིན་པ་དང་འདྲ། ཟབ་མོའི་ཆོས་བཤད་པའི་སྒོ་ནས་སྤྲོ་བ་བསྐྱེད་པ་ནི། །ཡོད་མེད་དག་ལས་རྣམ་པར་འདས། །ནམ་མཁའ་ལྟ་བུར་དྲི་མ་མེད། །རབ་ཏུ་རྟོག་མེད་གནས་མེད་པ། །སྤྲོས་པ་ཐམས་ཅད་སྤངས་པ་ཡིན། །ཅེས་བརྗོད་ཅིང་དེའི་དོན་བསམ་དུ་གཞུག །འདི་ནི་ཡིད་དག་པར་བྱེད་པ་སྟེ། སྤྲོ་ན་དེའི་རྗེས་སུ། །འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྦཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག། འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གི་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །


LT30_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་བྱེ་བ་དུ་མར་ནི། །སྔོན་ཏུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་ལ། །བདག་ཉིད་ཆེན་པོ་ཀུན་གྱི་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པར། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་འདིར་ནི་དོང་བས་ན། །རང་བྱུང་སྐལ་པ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཅེས་སོགས་སྤྲོ་བ་བསྐྱེད་པའང་འགྲུབ་ན་ལེགས། །དེ་རྗེས་ཡི་གེ་འབྲུ་གསུམ་གྱིས་བསྔགས་པའི་རྩྭའི་སྔས་དང་གདན་གཏད། །བུ་ཀྱེ་སང་ནས་དཀྱིལ་འཁོར་མཆོག །ཅེས་སོགས་ཉལ་བར་གདམས་ཤིང་རྨི་ལམ་བརྟག་པ་སྤྱི་དང་མཐུན་ཏེ་སློབ་མ་སྟ་གོན་གྱི་ཆོ་གའོ། །ནང་པར་དངོས་གཞིའི་སྐབས་སུ། བདག་འཇུག་དང་སློབ་མ་ལ་དབང་བསྐུར་བ་ནི། ལྷག་གཏོར་གྱིས་བྱེད་ཀྱང་ལེགས་པའི་སྐབས་ཞིག་ཡོད་མོད། འོན་ཀྱང་བཟླས་པའི་གཞུག་གི་བསྟོད་


LT30_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོང་བའི་མཚམས་དེར། དང་པོར་བདག་འཇུག་ལེན་པར་སྤྲོ་ན་འདི་ལྟར་བྱ་སྟེ། དེ་ལ་སྡོམ་ནི། གསོལ་བཏབ་དྲི་ལན་ལྷ་ལ་ཞུ། །ནང་འཇུག་ཕྱག་འཚལ་རྒྱུན་བཤགས་བྱ། །སྡོམ་བཟུང་མིག་དར་མེ་ཏོག་གཏད། །དམ་བཞག་ཡེ་ཤེས་དབབ་པ་དང་། །ལྟས་བརྟག་མེ་ཏོག་འབུལ་བ་དང་། །མིག་དར་བསལ་ལ་མེ་ཏོག་བཅིངས། །བལྷར་བསྐུལ་ལྷ་ངོ་དེ་ཉིད་བསྟན། །གསོལ་བཏབ་བགེགས་བསྐྲད་ཆུ་དབང་དང་། །དབུ་རྒྱན་རྡོ་དྲིལ་མིང་ཕྱག་མཚན། །སློབ་དཔོན་དབང་ལ་གསོལ་གདབ་དང་། །སློབ་མ་ལྷར་བསྐྱེད་རྡོ་དྲིལ་གཏད། །ཆུ་དབང་བསྐུར་ལ་བརྟན་བཞུགས་བྱ། །རིགས་ལྔའི་ཕྱག་མཚན་ཆོས་དུང་གཏད། །བཀའ་ཡི་གནང་བ་རྗེས་གནང་ཡིན། །གསང་བའི་དབང་ལ་གསོལ་གདབ་དང་། །དབང་བསྐུར་དངོས་དང་ལུང་བསྟན་ནོ། །ཤེར་དབང་གསོལ་བཏབ་ཐོག་མར་གདམས། །དྲི་བ་དྲི་ལན་གདམས་པ་དང་། །རིག་མ་གཏད་དེ་དབུགས་དབྱུང་བྱ། །བཞི་པ་ལ་ཡང་གསོལ་བཏབ་དང་། །བདུད་རྩི་སྦྱིན་ནས་བརྗོད་བྲལ་བསྒོམ། །དེ་རྗེས་དམ་ཚིག་བརྟན་པར་བྱ། །དེ་ལྟར་སྡོམ་པ་བློ་ཡུལ་དུ་ངེས་པར་བྱས་ནས། དང་པོ་གསོལ་བཏབ་ནི། །བླ་མ་སངས་རྒྱས་ཀུན་དང་མཉམ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །རྡོ་རྗེ་གཞོན་ནུ་འཁོར་དང་བཅས། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །མྱ་ངན་འདས་པའི་གྲོང་ཁྱེར་དུ། །སློབ་དཔོན་གྱི་ནི་བདག་གཞུག་གསོལ། གཉིས་པ་དྲི་བ་ནི། །བུ་ཁྱོད་སུ་ཡིན་ཅི་ལ་དགའ། །འདོད་དོན་གང་ཡིན་ཁྱོད་ཀྱིས་སྨྲོས། གསུམ་པ་ལན་ནི། །སྐལ་བཟང་བདག་ནི་བདེ་ཆེན་ལའོ། །བདག་ནི་གསང་བའི་དཀྱིལ་འཁོར་དུ། །རབ་ཏུ་འཇུག་པར་འཚལ་ལགས་སོ། །བཞི་པ་ལྷ་ལ་ཞུ་བ་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་གཞོན་ནུའི་


LT30_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག་པར་བགྱིད། ལྔ་པ་ནང་དུ་འཇུག་པ་ནི། །ཨོཾ་བཛྲ་ཀི་ལི་སོགས་དང་ཨཱ་ཁཾ་བཱི་ར་སོགས། སློབ་མ་དབང་བསྐུར་གྱི་དུས་སྐབས་འདིར་ཡོལ་བ་བསལ། དྲུག་པ་ཕྱག་འཚལ་བ་ནི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །བདེ་གཤེགས་རྒྱལ་བ་འཁོར་བཅས་ལ། །ལུས་ངག་ཡིད་གསུམ་ཕྱག་འཚལ་ལོ། རྒྱུན་བཤགས་ཀྱི་སྔོན་དུ། སྡོམ་པ་སྒྲོགས་པར་བྱེད་པར་སྤྲོ་ན། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །བློ་ཆེན་གྱིས་ནི་བཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་བཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་


LT30_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །ཞེས་པ་སྤྱི་དང་མཐུན་པར་བྱེད་པར་བཤད་ཀྱང་། བསྡུ་ན་ངེས་པར་དགོས་པའང་མིན་པས། །བདག་གིས་སྡིག་པ་ཞེས་པས་ནས། གནས་སུ་སྒྲོལ་བར་ཤོག་གི་བར་སློབ་མ་སྟ་གོན་གྱི་བར་བཞིན། རྗེས་ཟློས་བྱར་གཞུག་སྟེ་བདུན་པ་རྒྱུན་བཤགས་དང་། བརྒྱད་པ་སྡོམ་བཟུང་ལན་གསུམ་བྱ། དགུ་པ་མིག་དར་ནི། ཨཱ་ཁཾ་བཱིར་ཧཱུཾ་གིས་བཅིངས། བཅུ་པ་མེ་ཏོག་ཀྱང་ཨཱ་ཁཾ་བིར་ཧཱུྃ་གིས་བཟུང་། བཅུ་གཅིག་པ་དམ་ལ་བཞག་པ་ནི། །རིགས་ཀྱི་བུ་ཁྱོད་ཚུར་ཉོན་ཅིག །དེ་རིང་བདེ་གཤེགས་ཐམས་ཅད་ཀྱི། །ནང་དུ་ཁྱོད་ནི་བཞུགས་པ་ཡིན། །སློབ་དཔོན་ལུང་བསྟན་ངས་ཀྱང་ནི། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡི། །ཡེ་ཤེས་ཁྱོད་ལ་བསྐྱེད་པར་བྱ། །རྣལ་འབྱོར་བུ་མཆོག་ཁྱོད་ཀྱིས་ནི། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི། །དངོས་གྲུབ་དམ་པ་ཐོབ་འགྱུར་ན། །དངོས་གྲུབ་གཞན་རྣམས་ལྟ་ཅི་སྨོས། །དཀྱིལ་འཁོར་ཆེན་པོ་མ་མཐོང་བའི། །དྲུང་དུ་སྨྲ་བར་མ་བྱེད་ཅིག །ཅེས་དང་། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ནི། །དེ་རིང་ཁྱོད་ཀྱི་སྙིང་ལ་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་དང་། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་པཉྩ་ཨ་མྲྀ་ཏ་ཧ་ན་ཧ་ན་ཋ་ཧཱུྃ་ཕཊ། །ཅེས་དང་། །དེང་ནས་བརྩམས་ཏེ་ཐམས་ཅད་དུ། །རྡོ་རྗེ་གཞོན་ནུ་ང་ཡིན་གྱི། །ང་ཡིས་སྨྲས་པ་བུ་ཡིས་གྱིས། །ང་ལ་བརྙས་པར་མ་བྱེད་ཅིག །ཁྱོད་ཀྱིས་གལ་ཏེ་བརྙས་ན་ནི། །ཁྱོད་ཀྱིས་སྡུག་བསྔལ་དང་བཅས་ཏེ། །ཚེ་ཡི་འདུ་བྱེད་བཏང་ནས་ནི། །


LT30_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དམྱལ་བ་ཆེན་པོར་ལྟུང་། བཅུ་གཉིས་པ་ཡེ་ཤེས་དབབ་པ་ནི། །སློབ་དཔོན་ཆེན་པོ་དགོངས་སུ་གསོལ། །སེམས་ཅན་ཀུན་ལ་ཕན་བྱའི་ཕྱིར། །རྡོ་རྗེ་གཞོན་ནུ་འཁོར་བཅས་རྣམས། །དེ་རིང་བདག་ལ་དབབ་ཏུ་གསོལ། ལན་གསུམ། །རང་གི་སྙིང་གར་ཧཱུྃ་ཡིག་སྔགས་ཀྱི་ཕྲེང་བ་དང་བཅས་པ་མེ་འོད་རབ་ཏུ་འབར་བ་དང་བཅས་པ་འཁོད་པར་གྱུར། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པའི་ཐུགས་ཀ་ནས། རྡོ་རྗེ་མཁའ་འགྲོ་མ་ལྕགས་ཀྱུ་ཐོགས་པ་དཔག་ཏུ་མེད་པ་སྤྲུལ་ཞིང་སྤྲོས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཐམས་ཅད་དང་། རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས། རང་གི་བ་སྤུའི་བུ་ག་ནས་ཞུགས་སྙིང་གའི་ས་བོན་སྔགས་བཅས་ལ་ཐིམ། སྡིག་སྒྲིབ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། །ལུས་ནང་ཐམས་ཅད་འོད་ཀྱིས་གང་བར་གྱུར། །འབྲུ་བཅུ་དྲུག་པའི་སྔགས་ཀྱི་མཐར། ཨོཾ་བཛྲ་ཨ་བེ་ཤ་ཡ་ཨ་ཨ་ཨ། ཞེས་ལན་བརྒྱ་རྩ་སོགས་བརྗོད། ཏིཥྛ་བཛྲ། བཅུ་གསུམ་པ་རྟས་བརྟག་པ་ནི། ལས་དང་མཐུན་པའི་ནམ་མཁའི་ཁ་དོག་མཐོང་། སློབ་མ་དབང་བསྐུར་གྱི་སྐབས། །ནམ་མཁའི་ཁ་དོག་སྐབས་འདིར་འདྲི། །བཅུ་བཞི་པ་མེ་ཏོག་འབུལ་བ་ནི། །ཨོཾ། །དྲི་ཞིམ་མེ་ཏོག་དམ་པ་འདི། །དཀྱིལ་འཁོར་དམ་པར་དབུལ་བར་བགྱི། ཨོཾ་པྲ་ཏིཙྪ་བཛྲ་ཧོ། བཅོ་ལྔ་པ་མིག་དར་བསལ་བ་ནི། །སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །འཇིག་


LT30_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལིང་ཐོག་བསལ་བ་ལྟར། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡིས། །ཁྱོད་ཀྱིས་མི་ཤེས་རབ་རིབ་བསལ། ཨོཾ་པྲ་བེ་ཤ་ཡ་ཕཊ། བཅུ་དྲུག་པ་མེ་ཏོག་བཅིངས་པས་དབང་བསྐུར་བ་ནི། །སྟོབས་དང་ལྡན་པའི་སེམས་ཅན་ཁྱོད། །མེ་ཏོག་འཕྲེང་བས་དབང་བསྐུར་རོ། །ཨོཾ་ཨཱཿཧཱུྃ་ཨ་བྷི་ཥཱིཉྩ་མི། མེ་ཏོག་སྤྱི་བོར་བཅིངས། བཅུ་བདུན་པ་བལྟ་བར་བསྐུལ་བ་ནི། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཤེས་རབ་རྣམ་གསུམ་རབ་ཏུ་སྐྱེད། །ཁྱོད་ནི་ཐུགས་ཀྱི་རིགས་སུ་སྐྱེ། །བདེ་བར་གཤེགས་པས་བྱིན་གྱིས་བརླབས། །དངོས་གྲུབ་ཐམས་ཅད་མངོན་དུ་འགྱུར། །རིགས་དྲུག་སེམས་ཅན་ཐམས་ཅད་ལ། །བུ་བཞིན་སྙིང་རྗེ་ཀུན་ནས་བསྐྱེད། །གསང་བའི་ཆོས་ལ་དད་པ་གྱིས། བཅོ་བརྒྱད་པ་ལྷ་ངོ་ནི། སློབ་མ་དབང་བསྐུར་གྱི་སྐབས། །རྟེན་གྱི་དཀྱིལ་འཁོར་གྲུབ་པ་ནི། །ནམ་མཁའི་ཁམས་སུ་ཅེས་པ་ནས། གདན་རྣམས་སུ་གྱུར། ཅེས་པའི་བར་དང་། །བཅོམ་ལྡན་འདས་དཔལ་ཆེན་པོ་ཧེ་རུ་ཀ་ནས་གཉིས་མེད་འཁྱུད་ཅེས་པའི་བར་དང་། །ཁྲོ་བོ་བཅུ་འཁོར་དང་བཅས་པར་གྱུར་པ་ནས། དཔག་ཏུ་མེད་པ་དང་བཅས་པ་གྲུབ་པར་གྱུར། ཅེས་པའི་བར་ས་བོན་དང་སྔགས་རྣམས་ཁོར་བའི་སྒོ་ནས་ལྷ་ངོ་བསྟན། སྐབས་འདིར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་བཞིན་དུ་གསལ་བར་གྱུར། ཅེས་བརྗོད། བཅུ་དགུ་པ་དེ་ཁོ་ན་ཉིད་བསྟན་པ་ནི། །དཀྱིལ་འཁོར་གྲུ་བཞིར་གྱུར་པ་ནི། །ཚད་མེད་བཞི་རྣམས་དག་པའི་རྟགས། །སྒོ་བཞི་དྲན་པ་ཉེར་བཞག་བཞི། །གསལ་བར་དག་པའི་རྟགས་


LT30_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །རྟ་བབས་ཡང་དག་སྤོང་བ་བཞིན། །རྣམ་པར་དག་པའི་རྟགས་ཡིན་ནོ། །དྲ་བ་དྲ་ཕྱེད་འཕྱང་བ་ནི། །ཉོན་མོངས་ཉེ་ཉོན་རྣམ་དག་པའོ། །ཀ་བ་བརྒྱད་ཀྱིས་དབུས་བརྒྱན་པ། །འཕགས་ལམ་བརྒྱད་པོ་རྣམ་དག་རྟགས། །རིན་ཆེན་ཕ་གུ་ལ་སོགས་བརྒྱན། །ཚུལ་ཁྲིམས་རྣམ་པར་དག་པའོ། །རྡོ་རྗེའི་རྭ་བས་བསྐོར་བ་ནི། །ཆོས་ཀྱི་འཁོར་ལོ་དག་པའི་རྟགས། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ནི། །རྣམ་ཤེས་ཚོགས་བརྒྱད་རྣམ་དག་པའོ། །ཁྲོ་བོ་ཆེན་པོ་བཅུ་རྣམས་ནི། །མི་དགེ་བཅུ་རྣམས་དག་པ་སྟེ། །དེ་རྣམས་ཀུན་གྱི་ཡོན་ཏན་གྱི། །ཆོས་རྣམ་རྣམ་དག་ཡུམ་རྣམས་སོ། །སྟོབས་བཅུ་རྣམ་དག་ཁྲོ་བོ་དང་། །དབང་བཅུ་རྣམ་དག་ཡུམ་རྣམས་ཏེ། །སྟོང་ཉིད་རྣམ་དག་ཕྱག་བསྙེན་ལ། །ཚངས་གནས་དག་པའི་སྒོ་སྲུང་། །དེ་ལྟར་ན་དཀྱིལ་འཁོར་དུ་ཞུགས་པ་ནི། །དད་པའི་ས་ཚོགས་ཀྱིས་ལམ་མོ། །ཉི་ཤུ་པ་དབང་དངོས་གཞིའི་དོན་དུ་གསལ་བ་གདབ་པ་ནི། མཎྜལ་ཕུལ་ལ། །སློབ་དཔོན་དམ་པ་དགོངས་སུ་གསོལ། །རྡོ་རྗེ་གཞོན་ནུའི་དབང་བསྐུར་བ། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །ཕྱིར་མི་ལྡོག་པའི་དབང་སྩོལ་ཅིག །ལན་གསུམ། ཉེར་གཅིག་པ་བགེགས་བསྐྲད་པ་ནི། སློབ་མ་དབང་བསྐུར་གྱི་སྐབས། གུ་གུལ་བདུག །ཡུངས་ཀར་གྱི་བྲབ། བདེན་པ་དར་དང་བཅས་ཏེ་བགེགས་སྐྲོད་པའི་ཚིག་བརྗོད་དགོས་ལ་བདག་མཇུག་གི་སྐབས། ཀཱི་ལི་བཟླས་ཤིང་རྡོ་རྗེ་གསོར་རོ། །ཉེར་གཉིས་པ་ཆུ་དབང་ནི། །ཨོཾ་སྭཱ་བྷཱ་ཝ་བི་ཤུདྡྷ་སརྦ་བྷརྨཱཿསྭ་བྷཱ་བ་བི་ཤུདྡྷོ་ཧཾ། །བདག་དང་


LT30_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རྫས་སྟོང་པའི་ངང་ལས། པད་ཉི་ལ་གནས་པའི་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས། བཛྲ་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་མཐིང་ནག །རྡོ་རྗེ་དང་དྲིལ་བུ་འཛིན་པ། །དུར་ཁྲོད་ཀྱི་ཆས་ཐམས་ཅད་རྫོགས་པའོ། །དཔྲལ་བར་ཨོཾཿ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། དབང་རྫས་ཀྱི་ལྷ་ཞུ་བ་ལས་ཡེ་ཤེས་བུམ་པའི་ཆུར་གྱུར། །ཆེ་བའི་ཡོན་ཏན་ཀུན་རྫོགས་ཤིང་། །བྱང་ཆུབ་སེམས་ཆུས་རབ་གང་བ། །རྣམ་པར་དག་པའི་བུམ་པ་འདིས། །དེ་རིང་བུ་ཁྱོད་དབང་བསྐུར་རོ། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། །ཨརྒྷཾ་པུཥྤེ་ནས་ཤཔྡའི་བར་གྱིས་མཆོད། ཉེར་གསུམ་ཅོད་པན་གྱི་དབང་ནི། གཞན་རྣམས་དེ་དང་འདྲ་བ་ལས་པདྨ་དང་ཉི་མའི་སྟེང་དུ་སྭཱ་ལས་རིན་པོ་ཆེ་སྭཱས་མཚན་པ་ལས། རངྣ་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་སེར་པོ། །རིན་པོ་ཆེ་དང་དྲིལ་བུ་འཛིན་པ། དུར་ཁྲོད་ཀྱི་ནས་ཞུ་བ་ལས་བྱུང་བའི་ཅོད་པན་དུ་གྱུར་གྱི་བར་གོང་བཞིན་དེ་བཞིན་གཤེགས་པ་ཀུན་གྱི་རྒྱན། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །དབུ་རྒྱན་རིན་ཆེན་དམ་པ་དང་། །དར་དཔྱངས་དག་གིས་དབང་བསྐུར་རོ། །ཨོཾ་བཛྲ་མུ་ཀུ་ཊ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། གོང་བཞིན་མཆོད། ཉེར་བཞི་པ་རྡོ་རྗེའི་དབང་ནི། སྔ་མ་གཉིས་ལ་འདོན་པ་བསྒྱུར་ཏེ། །ཨ་ལས་པདྨ་ཨས་མཚན་པ། པདྨ་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་རྡོ་རྗེར་གྱུར། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་བྱང་ཆུབ་སེམས་ཡིན་ཏེ། །གཉིས་མེད་


LT30_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱི་ངོ་བོ་འདིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨོཾ་བཛྲ་བོདྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། མཆོད། ཉེར་ལྔ་པ་དྲིལ་བུའི་དབང་ནི། །ཧཱ་ལས་རྒྱ་གྲམ་ཧཱས་མཚན་པ་ལས། ཀརྨ་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་ལྗང་ཁུ། རལ་གྲི་དང་དྲིལ་བུ་འཛིན་པ། དྲིལ་བུར་གྱུར། འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་བསྒོམ་ཕྱིར་རང་བཞིན་ནོ། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བ། །དེ་རིང་ཁྱོད་ལ་འདིས་དབང་བསྐུར། །ཨོཾ་བཛྲ་ཨ་ཏི་པ་ཏི་ཨ་བྷི་ཥིཉྩ་ཧཱུྃ། ཉེར་དྲུག་པ་མིང་གི་དབང་ནི། །ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ། བུདྡྷ་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ། རྡོ་རྗེ་དང་དྲིལ་བུར་གྱུར། །འདི་སྟེ་སངས་རྒྱས་དངོས་ཡིན་ཏེ། །རབ་ཏུ་བསྔགས་པ་གསང་བའི་མིང་། །རྡོ་རྗེ་ཆེ་གེ་མོ་ཞེས་པས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨོཾ་བཛྲ་སཏྭ་བཛྲ་ན་མཿཨ་བྷི་ཥིཉྩ་ཧཱུྃ། སློབ་མ་དབང་བསྐུར་གྱི་སྐབས་གསང་མིང་འདོགས་ཏེ། སྤྱི་དང་མཐུན་པ་ཉིད་ལེགས་ཤིང་། རྙིང་མ་བ་རང་ལུགས་ཀྱི་རྡོ་རྗེ་ཐོད་ཕྲེང་རྩལ་སོགས་རིགས་ལྔ་དང་མི་འགྱུར་ལྷུན་གྲུབ་མི་ལྡོག་ཡང་དག །དྲི་མེད་གྲུབ་པ་རྣམས་ལ་རྩལ་གྱི་མཐའ་ཅན་དུ་བྱད་པ་སོགས་ཀྱང་འདུག་ཅིང་། མེ་ཏོག་གང་ལ་ཕོག་པའི་ལྷའི་མཚན་རྟགས་ཀྱང་ལེགས་པ་ཡིན་ནོ། །མཚན་དེ་ལྟར་ན་དབང་ལྔ་བསྐུར་བས། ཉོན་མོངས་ལྔ་ཡེ་ཤེས་ལྔར་གྱུར། ཕུང་པོ་ལྔ་རྒྱལ་བ་ལྔའི་ངོ་བོར་སངས་རྒྱས་པ་ཡིན་ནོ། །ཉེར་བདུན་པ་ཕྱག་མཚན་གྱི་དབང་ནི། །བདག་ཉིད་བཛྲ་ཧེ་རུ་ཀ་རྡོ་རྗེ་གཞོན་ནུའི་ངོ་བོར་གྱུར། ཨ་


LT30_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི་བནྡྷ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་དགུ་པའོ། །ཤེས་རབ་པདྨའི་སྣོད་ཀྱི་མཆོག། ཐབས་མཆོག་རྡོ་རྗེ་རྩེ་དགུ་པ། །ཐབས་དང་ཤེས་རབ་ཕྱག་མཚན་འདི། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པྲཛྙཱ་ཨུ་པ་ཡ། ས་མ་ཨ་བྷི་ཥིཉྩ་ཧཱུྃ། སྤྲོ་ན་ཅོད་པན་དང་འདིའི་བར་ལ། རྟེན་བྱེད་ཀྱི་ཆུ་དབང་རེ་ཡང་བསྐུར་བར་འདུག་གོ། །ཉེར་བརྒྱད་པ་སློབ་དཔོན་གྱི་དབང་ལས་དོན་ཚན་ཐོག་མ་གསོལ་བཏབ་ནི། མཎྜལ་ཕུལ་ནས། །སློབ་དཔོན་དམ་པ་དགོངས་སུ་གསོལ། །སེམས་ཅན་ཀུན་ལ་ཕན་བཏགས་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་བགྱིད། །དེ་རིང་བདག་ལ་ལུང་བསྟན་སྩོལ། ལན་གསུམ། དོན་ཚན་གཉིས་པ་ལྷར་བསྐྱེད་པ་ནི། །དབང་སྟེགས་ཀྱི་སྟེང་དུ་རང་ཉིད་རྡོ་རྗེ་གཞོན་ནུ་ཤེས་རབ་མ་དང་བཅས་པའི་སྐུར་གྱུར། སྟེང་དུ་གདུགས་དཀར་པོ། །མཐའ་བསྐོར་དུ་མཆོད་པའི་སྤྲིན་གྱི་ཕུང་པོ་དང་བཅས་པའོ། །དོན་ཚན་གསུམ་པ་རྡོར་དྲིལ་གཏད་པ་ནི། །ཧཱུྃ་ལས་བྱུང་བའི་རྡོ་རྗེ་དང་། །ཨ་ལས་བྱུང་བའི་དྲིལ་བུ། །ཐབས་མཆོག་ཡེ་ཤེས་རྡོ་རྗེ་དང་། །ཤེས་རབ་ཆོས་ཀྱི་དྲིལ་བུ་གཟུང་། །ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས། །དམ་ཚིག་གསུམ་པོ་རབ་ཏུ་བརྟན། དོན་ཚན་བཞི་པ་ཆུ་དབང་བསྐུར་བ་ནི། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རུ། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། བཛྲ་ཨ་བྷི་ཥིཉྩ་ཧཱུྃ། །དོན་ཚན་ལྔ་པ་བརྟན་བཞུགས་


LT30_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ནི་པུཥྤེ་ལ་སོགས་པས་མཆོད། མེ་ཏོག་གཏོར་ཞིང་རོལ་ཆེན་དང་བཅས་པས། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དེ་རྣམས་སློབ་དཔོན་གྱི་དབང་ངོ་། །ཉེར་དགུ་པ་རྗེས་གནང་ལ། རིགས་ལྔའི་ཕྱག་མཚན་གྱི་རྗེས་གནང་ནི། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟ་ཇི་ལྟར་འདུལ་གྱུར་པ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར། །དེ་བཞིན་དུ་རྡོ་རྗེ་རིན་ཆེན། །པདྨ་རལ་གྲི་རྣམས་གོང་བཞིན་སྦྱར། དུང་གཏད་པའི་རྗེས་གནང་ནི། ཚིག་སྔ་མ་གསུམ་འདྲ་བ་ལས། །ཁྱོད་ཀྱིས་ཆོས་ཀྱི་དུང་བུས་ཤིག །བཀའི་གནང་བ་སྦྱིན་པ་ནི། །སློབ་མ་དམ་པ་ཁྱོད་ཀྱིས་ཀྱང་། །ཇི་ལྟར་འདུལ་བའི་ཕྲིན་ལས་ཀྱིས། །སློབ་དཔོན་ལས་རྣམས་ཅི་རིགས་པར། །དེ་རིང་ཕན་ཆད་སྒྲུབ་པར་གྱིས། །དེ་ལྟར་ན་བུམ་པའི་དབང་བསྐུར་བ་ནི། །མོས་པས་སྤྱོད་པའི་ས་སྦྱོར་བའི་ལམ་མོ། །སུམ་ཅུ་པ་གསང་དབང་ལ་མཎྜལ་ཕུལ། གསོལ་བ་གདབ་པ་ནི། །སློབ་དཔོན་དམ་པ་བདེ་གཤེགས་གཙོ། །རྒྱལ་བ་འཁོར་དང་བཅས་པ་ལ། །ལུས་ངག་ཡིད་ཀྱིས་ཕྱག་འཚལ་ལོ། །གསང་གསུམ་དམ་པའི་དབང་མཆོག་འདི། །དེ་རིང་བདག་ལ་གནང་བར་གསོལ། གསང་དབང་བསྐུར་བ་དངོས་ནི། །རང་ཉིད་རྡོ་རྗེ་གཞོན་ནུ་དཔའ་བོ་གཅིག་པའི་སྐུར་གྱུར། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་ཡབ་ཡུམ་ཐབས་ཤེས་གཉིས་སུ་མེད་པའི་ཆོ་ག་བདེ་བ་ཆེན་པོའི་ཉམས་བསྐྱེད། །


LT30_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་སྤྱན་དྲངས་པའི་བདེ་བར་གཤེགས་པ་རྣམས་ཞལ་དུ་ཞུགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་་བཛྲ་སྭཱ་བྷ་ཝ་ཨདྨ་ཀོ྅ཧཾ། །ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། སྐུའི་དབྱིབས་བརྒྱུད། །བདག་གི་ལྕེ་ཐོག་ཏུ་བཞག །བྱང་ཆུབ་སེམས་ཀྱི་རྡོ་རྗེ་འདི། །སེམས་ཀྱི་རྣམ་རྟོག་མུན་བཅོམ་ནས། །གསང་བའི་གནས་མཆོག་དམ་པ་ནས། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །བདུད་རྩི་མྱང་། །དེ་རིང་སངས་རྒྱས་ཀུན་དང་མཉམ། །བདག་ནི་བསོད་ནམས་སྐལ་པ་ནི། །དཔལ་ལྡན་ཡོན་ཏན་ཀུན་གྱི་རྒྱན། །རྡོ་རྗེ་གཞོན་ནུ་བདག་ཉིད་དོ། །ལུང་བསྟན་པ་ཞི་བྱེད་ཚུལ་སྤྱི་དང་འདྲ་བ་ལས། ཚིག་འདི་སྐད་ཅེས། །ཇི་ལྟར་ང་ཡིས་ལུང་བསྟན་ཏེ། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །སྲིད་པའི་ངན་འགྲོ་ལས་ཁྱོད་ཉོན། །ཨོཾ་སརྦ་ཏ་ཐཱ་ག་ཏ་བྷུྷུ་བ་སྭ། །ཞེས་སོ། །དེ་ལྟར་གསང་བའི་དབང་བསྐུར་བ་ནི། དོན་དམ་པའི་སེམས་དང་པོ་བསྐྱེད་པ་མཐོང་བའི་ལམ་མོ། །སོ་གཅིག་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་མཎྜལ་ཕུལ་ལ་གསོལ་བ་གདབ་པ་ནི། །སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱི། །ཇི་ལྟར་མཁྱེན་པའི་ཐུགས་ཆུད་པ། །དེ་ལྟར་རྗེས་སུ་བདག་ལ་ནི། །ཤེས་རབ་ཡེ་ཤེས་དབང་བསྐུར་སྩོལ། ཐོག་མར་གདམས་པ་ནི། །སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང་། ཤེས་རབ། མ་ལ་བརྟེན་པས་འགྲུབ། །ཡེ་ཤེས་སྐྱེ་བའི་གཞི་ཡིན་ཕྱིར། །ཁྱོད་ཀྱིས་འདོད་ཆགས་མ་སྡངས་ཤིག །དྲི་བ་དྲི་ལན་ནི། །བུ་ཁྱོད་ཚུར་ཤོག་རྡོ་རྗེ་ཅན། །གཞི་མཉམ་གླ་རྩི་སྤྱོད་ནུས་སམ། །རཀྟ་ག་བུར་བཟའ་བ་དང་། །བུད་མེད་དད་


LT30_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྟེན་ནུས་སམ། །པདྨར་འོ་བྱེད་མི་རྟོག་གམ། །སྨོས་ཤིག་སྣོད་ལྡན་ངང་ཚུལ་ཅན། ལན་ནི། །ཤེས་རབ་དད་པས་བདག་བསྟེན་ནོ། །བདུད་རྩི་ལྔ་ལ་གུས་པར་བགྱིས། །བདེ་བ་སྒྲུབ་པར་གདམས་པ་ནི། །རྨད་བྱུང་ང་ཡི་པདྨོ་ནི། །བདེ་བ་ཐམས་ཅད་འདི་ལས་རྙེད། །བདེ་བར་གཤེགས་པ་ཐམས་ཅད་ཀུན། །རྟག་ཏུ་འདི་དང་མི་འབྲལ་ཏེ། །པདྨ་འདི་ནི་ཆོས་དབྱིངས་ཡིན། །སངས་རྒྱས་ཐམས་ཅད་འདི་ལས་འབྱུང་། །སེམས་ཅན་ཐམས་ཅད་འདི་རུ་གྲོལ། །ནང་གི་རྩ་ཡི་འཁོར་ལོ་ལ། །པདྨ་ཞེས་བྱར་རབ་ཏུ་གསུངས། །པདྨ་ནང་གི་ནམ་མཁའ་ཞེས། །འབྱུང་པོ་ལྔ་པོ་རང་བཞིན་གནས། །ལྟེ་བ་དང་ནི་གེ་སར་བཅས། །པདྨ་བརྒྱད་ཀྱིས་རྣམ་པར་བརྒྱན། །ཟེའུ་འབྲུ་དབུས་ནས་འབྱུང་བ་ཡིན། །དེ་ཉིད་བདུད་རྩི་དམ་པ་སྟེ། །སངས་རྒྱས་ཀུན་གྱི་སྙིང་པོའོ། །ཞེས་གདམས་པ་ཐོབ། །ཤེས་རབ་དམ་པ་འདི་ཡིས་ནི། །ཁྱོད་ཀྱི་ཡེ་ཤེས་སྐྱེད་བྱེད་པས། །དད་པས་རབ་ཏུ་བསྟེན་པར་གྱིས། །ཞེས་སློབ་དཔོན་གྱིས་བདག་ལ་ཤེས་རབ་ཡང་དག་པར་གཏད། །ཐ་མལ་གྱི་རྟོག་པ་སྤངས་ནས། །ལྷ་དང་སྔགས་དང་ཆོས་ཀྱི་ཐབས་མཁས་སུ་བསྒྱུར་ནས། རྗེས་ཆགས་སྙོམས་འཇུག་བདེ་བ་ཆེན་པོ་ལ་བརྟེན་ནས། ཞུ་བདེ་ལྷན་ཅིག་སྐྱེས་པ་མངོན་དུ་བྱས། དབུགས་དབྱུང་བ་ནི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ངོ་བོ་


LT30_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་ཁྱོད་གྱུར་ཏོ། །ཁམས་གསུམ་བདག་པོར་ཁྱོད་གྱུར་ཏོ། །བདུད་དང་མུ་སྟེགས་ཐམས་ཅད་ལས། །རྒྱལ་བར་གྱུར་པ་ཁྱོད་ཡིན་ནོ། །གྲོང་ཁྱེར་ཡས་ཀྱང་གྲོང་ཁྱེར་ཏེ། །མྱ་ངན་འདས་པའི་གྲོང་ཁྱེར་དུ། །བློ་ལྡན་སྣོད་ཅན་ཁྱོད་ཞུགས་པས། །སངས་རྒྱས་འགྲུབ་པའི་རྒྱུ་འདི་ཡིན། །དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། ས་དགུའི་བདག་ཉིད་སྒོམ་པའི་ལམ་མོ། །སོ་གཉིས་པ་དབང་བཞི་པ་ལས། གསོལ་བཏབ་ནི། །ཁྱོད་ཞབས་པདྨའི་བཀའ་དྲིན་གྱིས། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །དོན་ཆེན་ཟབ་མོས་ཉོན་མོངས་འཇོམས། །དེ་རིང་བདག་ལ་གནང་བར་ཞུ། ལན་གསུམ། །རྒྱུའི་མཐར་ཕྱིན་པ་བདུད་རྩི་སྦྱིན་པ་ནི། །རང་ཉིད་ཧེ་རུ་ཀ་ཡབ་ཡུམ་རྗེས་སུ་ཆགས་པའི་སྙོམས་པར་ཞུགས་པའི། །བྱང་ཆུབ་ཀྱི་སེམས་དབང་གི་གནས་སུ་ཕྱིན་པའི་ཡེ་ཤེས་དཔེར་མཚོན་པར་བྱས། ཨོཾ་མ་ཧཱ་བྷོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། །བྱང་ཆུབ་ཀྱི་སེམས་མཁའི་དཀྱིལ་འཁོར་ལས་རོ་འཛིན་གྱིས་བླང་སྟེ་མྱངས་པའི་ཉམས་མྱོང་ལ་མཉམ་པར་བཞག །འབྲས་བུ་མཐར་ཕྱིན་བརྗོད་བྲལ་བསྒོམ་པ་ནི། །འདི་ལྟར་མཐའ་ཡས་སྣང་བ་ཀུན། །སྐད་ཅིག་གཅིག་ལ་དམིགས་པ་མེད་དེ། །བརྗོད་པའི་ཐ་སྙད་ཀུན་དང་བྲལ། །རང་བྱུང་ཡེ་ཤེས་ཞེས་བྱར་བརྗོད། །དེ་ལྟར་ན་བཞི་པའི་དབང་བསྐུར་བ་ནི། །མཐར་ཕྱིན་མི་སློབ་པའི་ལམ་མོ། །སོ་གསུམ་པ་དམ་ཚིག་བསྒྲག་པ་ནི། རྡོ་


LT30_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་སློབ་དཔོན་མཆེད་ལྕམ་ལ། །སྒོ་གསུམ་སྒོ་ནས་གནོད་པ་བྱེད། །སྐུ་ཡི་དམ་ཚིག་ཉམས་པར་འགྱུར། །དེ་ལས་ལྡོག་ཏེ་ཕན་པར་བྱ། །སྔགས་དང་སྙིང་པོ་བར་ཆད་ཅིང་། །གསང་བ་བསྲུང་བར་མ་ནུས་པ། །གསུང་གི་དམ་ཚིག་ཉམས་པ་ཡིན། །ཕྱག་རྒྱ་བཞི་གསལ་དེ་ལས་ལྡོག །གསང་བཅུ་ལ་སོགས་གཉེར་གཏད་པ། །སྣོད་མིན་པ་ལ་གསང་མ་ཐུབ། །ཐུགས་ཀྱི་དམ་ཚིག་ཉམས་པ་སྟེ། །དེ་ལས་ལྡོག་ཏེ་གསང་བ་བསྲུང་། །སྦྱོར་སྒྲོལ་མ་བྱིན་ལེན་དང་རྫུན་དུ་སྨྲ། །ཚིག་བརླངས་ལ་སོགས་དམ་ཚིག་ལྔ་རྣམས་ནི། །འགྲོ་བའི་དོན་དུ་གཞུང་བཞིན་སྤྱད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་ལ་སོགས་ཉོན་མོངས་ལྔ་རྣམས་ནི། །ཡེ་ཤེས་ངོ་བོ་ཉིད་ཀྱིས་སྤང་མི་བྱ། །དྲི་ཆེན་དྲི་ཆུ་དམར་ཆེན་ཟིལ་པ་དང་། །མདངས་ཆེན་ལ་སོགས་དམ་རྫས་ལྔ་རྣམས་ནི། །གཉིས་མེད་ཚུལ་གྱིས་དང་དུ་བླང་བར་བྱ། །ཕུང་པོ་ལྔ་དང་འབྱུང་བ་ཆེན་པོ་ལྔ། ཁ་དོག་ལྔ་དང་ཡུལ་ལྔ་ཕུང་པོ་ལྔ། །རྣམ་ཤེས་ལྔ་དང་ཡུལ་ལྔ་ཡེ་ཤེས་ལྔ། །ཡབ་ལྔ་ཡུམ་ལྔ་སྦྱོར་ཞིང་ཤེས་པར་བྱ། །རྡོ་རྗེ་རིགས་དང་དེ་བཞིན་གཤེགས་པའི་རིགས། །རིན་ཆེན་རིགས་དང་དེ་བཞིན་པདྨའི་རིགས། །ལས་ཀྱི་རིགས་ཏེ་རྒྱལ་བ་རིགས་ལྔ་པོ། །ལེ་ལོ་སྤངས་ཏེ་ཏིང་འཛིན་གྲུབ་པར་བྱ། །སྐབས་འདིར་དམ་ཚིག་ཉི་ཤུ་རྩ་བརྒྱད་པོ་དེ་ཙམ་ཞིག་བསྟན་ནོ། །རྗེས་ཀྱི་བྱ་བ་ནི།


LT30_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོས་ཇི་ལྟར་སོགས་མཎྜལ་འབུལ་བ་དང་། །དེང་ནས་བརྩམས་ཏེ་སོགས་དང་། དགེ་བ་བསྔོ་བ་རྣམས་བྱའོ། །སློབ་མ་ལ་དབང་བསྐུར་བའི་དངོས་གཞིའི་ཆོ་ག་ནི། བདག་འཇུག་ཤེས་ན་འབད་མེད་དུ་གོ་བའི་ཕྱིར་དང་། ཡི་གེ་ཉུང་བ་ལ་དགའ་བའི་ཕྱིར་འདིར་མ་བརྗོད་དོ། །བཀྲ་ཤིས།། །།


previousསློབ་མ་དབང་བསྐུར་བར་བྱེད་པའི་ཚུལ།next