Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
བཅོམ་ལྡན་འདས་རྡོ་རྗེ་ཕུར་པའི་སྟོད་ལས་ཀྱི་དབང་བསྐུར་བའི་ལག་ལེན་གསལ་བར་བྱེད་པ་བདུད་རྩིའི་དོ་ཤལ།
   
   
   
   
   
   
   
   


 
previousབཅོམ་ལྡན་འདས་རྡོ་རྗེ་ཕུར་པའི་སྟོད་ལས་ཀྱི་དབང་བསྐུར་བའི་ལག་ལེན་གསལ་བར་བྱེད་པ་བདུད་རྩིའི་དོ་ཤལ།next

བཅོམ་ལྡན་འདས་རྡོ་རྗེ་ཕུར་པའི་སྟོད་ལས་ཀྱི་དབང་བསྐུར་བའི་ལག་ལེན་གསལ་བར་བྱེད་པ་བདུད་རྩིའི་དོ་ཤལ།


LT30_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རྡོ་རྗེ་ཕུར་པའི་སྟོད་ལས་ཀྱི་དབང་བསྐུར་བའི་ལག་ལེན་གསལ་བར་བྱེད་པ་བདུད་རྩིའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། །


LT30_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རྡོ་རྗེ་ཕུར་པའི་སྟོད་ལས་ཀྱི་དབང་བསྐུར་བའི་ལག་ལེན་གསལ་བྱེད་བདུད་རྩིའི་དོ་ཤལ་ཞེས་བྱ་བ། བླ་མ་དང་དཔལ་ཆེན་པོ་བྱིན་རླབས་ཀྱི་གཏེར་མཛོད་ལ་ཕྱག་འཚལ་ལོ། །སྲིད་གསུམ་སྲོག་ཏུ་ཕུར་བུའི་དབང་བསྐུར་ཞིང་། །དེ་ལ་ཡེ་ཤེས་རྒྱལ་ཐབས་སྤྱི་བླུགས་ཀྱི། །སྨིན་བྱེད་སྩོལ་མཛད་བླ་མ་དཔལ་ཆེན་པོར། །གུས་པས་འདུད་དོ་རྡོ་རྗེའི་དབང་བསྐུར་སྩོལ། །དབང་གི་རང་རྒྱུད་མ་སྨིན་པར། །ལམ་དུ་འཇུག་པའི་སྐལ་དམན་པས། །སློབ་མས་སློབ་དཔོན་བཟང་པོ་དང་། །དེས་ཀྱང་ཆོ་ག་ཚད་ལྡན་གཉེར། །དེའང་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་ནང་ཚན་ཕུར་པ་རོལ་པའི་དཀྱིལ་འཁོར་དུ་སྐལ་ལྡན་གྱི་སློབ་མར་མངོན་པར་དབང་བསྐུར་བ་ལ།


LT30_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཆེན་དབང་དང་འབྲེལ་བ་སྨིན་སློབ་མོས་སློབ་གང་རུང་གི་ལུགས་དང་། མ་འབྲེལ་བ་དབང་བསྐུར་ཙམ་གྱིས་སྣོད་ལྡན་དུ་སྒྲུབ་པའི་ལུགས་གཉིས་ཀྱི་གཙོ་བོ་ནི་སྔ་མ་ཡིན་ཀྱང་། །གནས་དུས་རྟེན་འབྲེལ་ཇི་བཞིན་ཚོགས་པར་དཀའ་བས། ཕྱི་མ་ཉིད་ལག་ལེན་བདེ་བའི་དབང་གིས་གསར་རྙིང་ཕལ་མོ་ཆེས་ཕྱག་བཞེས་སུ་མཛད་པ་ལྟར་འདིར་འཆད་པ་སྟེ། །དེ་ལ་གཉིས། རྩ་བ་འཁོན་ལུགས་ཀྱི་ཕྱག་བཞེས་སྤྱིར་སྨོས་པ། ཁྱད་པར་རྗེ་བཙུན་རིན་པོ་ཆེའི་ཡིག་ཆའི་གསལ་བྱེད་དམིགས་སུ་དབྱེ་བའོ། །དང་པོ་ལའང་རྒྱས་པ་རྡུལ་ཚོན་གྱི་ཕྱོགས་དང་། །བསྡུས་པ་རས་བྲིས་ཀྱི་ཕྱོགས་གཉིས་ལས། །དང་པོ་ནི། །ས་མི་སྣང་བ་ལས་སློང་བ། །སྔོན་འགྲོ་གཏོར་


LT30_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཏང་། མཆོད་པ་བྱིན་རླབས་དང་སྐྱབས་འགྲོ་ནས་བརྩམས། བདག་བསྐྱེད་བཟླས་པའི་བར་ས་ལོས་མཛད་པའི་བསྙེན་སྒྲུབ་གསལ་བྱེད་ལྟར་གྲུབ་ནས་གཏོར་འབུལ་བཤགས་པ་བཅས་བཏང་། ས་སྦྱོང་བ་ཕྱི་ནང་གསང་གསུམ། །བྱིན་གྱིས་བརླབ་པ་སྟེ་ས་ལྷ་སྟ་གོན། །ས་སྟ་གོན་ཞེས་བདུད་རྩི་ལྔས་ཆག་ཆག་འདེབས་པ། བློས་བཟུང་བ། ཕྱོགས་བཞིའི་གསོལ་བ་སྔོན་དུ་འགྲོ་བའི་སྟངས་སྟབས་ཀྱིས་བཟུང་བའི་མཐར་ཁྲོ་བཅུའི་སྟངས་སྟབས་ཙམ་མམ། སྔགས་འཆང་ཆེན་པོས་མཛད་པའི་འཆམས་དཔེ་སྣང་བ་འགྱུར་ཐུབ་བཞིན་རྩ་འཆམས་རྫོགས་པར་མཛད། ས་སྲུང་བ་ཁྲོ་བཅུའི་ཕུར་གདབ་སྲུབ་འཁོར་བཅས་པའི་རྗེས་སུ་སྲུང་མའི་བསྐང་བ་སོགས་དང་ཚོགས་རྗེས་ཆོག་མངོན་རྟོགས་འབྲིང་བསྡུས་གང་རུང་ལྟར་བཏང་། དེ་ནས་རྟེན་གྱི་མདུན་སྨན་རཀ་གཏོར་གསུམ་མཆོད་པ་བཤམ། དཀྱིལ་འཁོར་གྱི་གཞི་ལས་ཐིག་བཏབ་པའི་ལྷ་གནས་སུ་ཚོམ་བུ་མཆོད་པ་བཤམས་ནས་ལྷ་སྟ་གོན་ནི། སྔོན་གཏོར། གནས་ཡོ་བྱིན་རླབས། སྒྲུབ་ཐབས་འབྲིང་པོ་ལྟར་སྐྱབས་འགྲོ་ནས་དཀྱིལ་འཁོར་གསུམ་བསྐྱེད་པར། བཅོམ་ལྡན་འདས་རྡོ་རྗེ་སོགས་སྤྱན་འདྲེན་གདན་འབུལ་མཆོད་གསོལ་དབང་བསྐུར་རྒྱས་གདབ་པར་གྲུབ་ནས། ཚོམ་བུ་རྟེན་བརྟེན་པའི་དཀྱིལ་འཁོར་དུ་བསྐྱེད། འཁོར་བ་ཕུར་བུ་སོགས་སྤྱན་འདྲེན་ནས་རྒྱས་གདབ་བར།


LT30_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མདུན་གཉིས་ཀར་ཐུན་མོང་དུ་མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བའི་མཆོད་བསྟོད་རྒྱས་བསྡུས་འཚམས་པ། །གཙོ་འཁོར་བཟླས་པ་དང་དངོས་གྲུབ་བསྐུལ་ནས་སྙན་གསན་ཕབ། ལྷ་བུམ་བཅུ་བཞི། །ལས་བུམ་དང་བཅོ་ལྔར་རྩ་བའི་ལྷ་ང་གཅིག །འཁྱིལ་པ་ཡབ་ཡུམ་བསྐྱེད། །ཡེ་ཤེས་པ་སྔགས་ཙམ་གྱིས་གཞུག །འབྲུ་གསུམ་གྱིས་རྒྱས་གདབ། །ཐབས་ཀྱི་སྤྱོད་པས་དབང་བསྐུར། སྒེག་ཕྲེང་སོགས་མཆོད་བསྟོད་མདོར་བསྡུས་བཟླས་པའི་མཐར་མཆོད་བསྟོད་བཟོད་གསོལ་འོད་ཞུ་ཟིན་ནས། རྩ་གསུམ་གཏོར་བསྔོ་བསྐང་བ་སོགས་ཚོགས་དང་ཐུན་གཏོར་ཕུལ་ནས། བྱིན་རླབས་དང་མཆོད་བསྟོད་མདོར་བསྡུས་མཐར་ཡེ་ཤེས་ལྔ་ལྡན་གྱིས་དངོས་གྲུབ་བླང་། ཡིག་བརྒྱ་བརྗོད་ལ་སྟ་གོན་གྱི་ལྷ་ནམ་མཁར་བཏེགས། སླར་ཡང་མཆོད་བསྟོད་བྱས། གཏོར་མགྲོན་གཤེགས་གསོལ། བརྟན་བཞུགས་གང་འོས་དང་བདག་བསྐྱེད་ལ་དཀྱིལ་འཁོར་བསྡུ་ཞིང་གོ་ཆ་བགོས་ཏེ་བསྔོ་སྨོན་བཀྲ་ཤིས་བྱ། སློབ་དཔོན་གྱིས་ཐིག་ཚོན་བྱིན་རླབས་བྱས་ཏེ་ཡེ་ཐིག་གདབ། སློབ་མ་སྟ་གོན་རྫོགས་པར་བྱ་སྟེ་དེའི་ཚུལ་ནི། སྔགས་འཆང་ཆེན་པོ་ཀུན་དགའ་རིན་ཆེན་གྱིས་མཛད་པའི་དབང་གི་མཚམས་སྦྱོར་བློ་གསལ་དགའ་བ་སྐྱེད་བྱེད་ལྟར་རོ། །དངོས་གཞིའི་ཐོག་མར་རྡུལ་ཚོན་གྱི་དཀྱིལ་འཁོར་འབྲི། མཚན་མ་འགོད་པ་ཞེས་རྩ་


LT30_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལྷ་ཕུར་བཅོ་ལྔ། །དམ་ཅན་དབང་ཕྱུག་བཅས་ཕུར་པ་བཞི་བཅུ་སྣོད་དུ་གཟུག །བདག་ཉིད་གཙོ་བོར་བསྐྱེད་བསྟིམས་རྒྱས་གདབ་བྱས་ནས། ཕུར་པ་རྣམས་བྱུག་བདུག་བྲབ་པ་སྔོན་འགྲོས་ལྷར་བསྐྱེད་བསྟིམས་རྒྱས་གདབ་བྱ། དཀྱིལ་འཁོར་གྱི་ལྷ་གནས་སུ་གདན་བསྐྱེད་ལ་ཕུར་གདན་བཀོད། དབུས་ནས་རང་བྱུང་སོགས་ཀྱིས་ཕུར་པ་རྣམས་རིམ་པར་འགོད་ལ་མདའ་དྲྭ་དུམ་ཐོད་སོགས་རྒྱན་འབུལ། དེ་ནས་བྱིན་གྱིས་བརླབས་པའི་ལས་ཀྱི་རིམ་པ། སྒྲུབ་ཁང་ནང་གི་ཕྱོགས་བཞིར་རྒྱལ་ཆེན་སྐུ་བཞག་པ་ལ་བསྐྱེད་བསྟིམ་མཆོད་བསྟོད་ཕྲིན་བཅོལ་གྱིས་ཐོ་གཟུག །ཕྱག་ལེན་ལྟར་བུམ་པ་དགོད། བསྐོར་བ་ཡིག་བརྒྱ་སོགས་ཀྱི་ལྷག་ཆད་བསྐང་། དབྱངས་རོལ་ཚིགས་བཅད་ཀྱིས་གསོལ་བ་གདབ་སྟེ་གཏེར་མའི་ཕྱོགས་སུ་བྱིན་འབེབས་བྱ་བ་དང་གཅིག་གོ། །སྤྱི་མཆོད་སྒོས་མཆོད་བཤམས་ལ། སྔོན་གཏོར་གནས་ཡོ་བྱིན་རླབས་ནས་སྒྲུབ་ཐབས་རྒྱས་པ་ལྟར་རིམ་པར་བཏང་བ་ལས་རྒྱུའི་ཧཱུྃ་དེ་དཀྱིལ་འཁོར་དབུས་སུ་བབས་པ་ལས་རང་ཉིད་དཀྱིལ་འཁོར་གྱི་གཙོ་བོར་གྱུར་པར་བསྒོམས་ནས་སྤྱན་འདྲེན་སྐབས་སྟ་གོན་ལྷའང་བསྟིམ། བཟླས་པའང་བདག་མདུན་ཐ་མི་དད་དུ་བྱ་བའི་བརྒྱུད་འདེབས་ཡན་སོང་མཚམས། རང་ཉིད་གཙོ་བོ་གཉིས་པར་ལོགས་སུ་བྱེ་ནས་དཀྱིལ་འཁོར་མཐར་བཞེངས་ནས་རིག་འཛིན་


LT30_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་མཛད། ཕྱི་རོལ་དུ་ཕྱོགས་སྐྱོང་གཏོར་མ་བཏང་། དཀྱིལ་འཁོར་བསྐོར་ནས་ལྷག་ཆད་ཁ་སྐོང་། སྒྲུབ་མཆོད་ཞག་སྦྲེལ་གྱི་ནུབ་ཕྱི་མ་རྣམས་ལ། །དབྱངས་རོལ་ཚིགས་བཅད་ཀྱིས་གསོལ་གདབ་དང་བུམ་བསྐྱེད་བཟླས་པ་བཅས་བྱ། དེ་ནས་ཕྱི་ནང་གི་འཇུག་པ་སྔོན་ཏུ་འགྲོ་བའི་དབང་བཞི་ཡོངས་སུ་རྫོགས་པའི་བདག་འཇུག་བཞེས་ནས་སློབ་མ་ཟུང་དུ་མ་གྱུར་པ་རྣམས་ལ་དབང་རྫོགས་པར་བསྐུར། རྗེས་ཆོག་ནི། སྒྲུབ་མཆོད་ཞག་སྦྲེལ་གྱི་ནུབ་དང་པོ་རྣམས་ལ་སྲུང་མའི་གཏོར་བསྔོ། བསྐང་བ་བསྟོད་པ། རྡོ་རྗེའི་གླུ། བཀྲ་ཤིས། ཚོགས་བྱིན་རླབས་ནས་བར་པ་ཡན་སོང་རྗེས་སྤྱི་བསྟབ་ཀྱིས་ཐུན་གཏོར་དང་བཀྲ་ཤིས་སྲིང་ཞི་མ། མཆོད་བསྟོད་བསྡུས་པ། དངོས་གྲུབ་བླང་། བཟོད་གསོལ་དང་དཀྱིལ་འཁོར་བརྟན་བཞུགས། གཏོར་མགྲོན་གཤེགས་བསྡུ། གོ་བགོ་བསྔོ་སྨོན་བཀྲ་ཤིས་བྱ། ནུབ་ཐ་མར། ཚོགས་བར་པའི་རྗེས་དགྲ་བགེགས་བྲུབ་འཆམས་རྒྱས་པ་བྱ། ཕྱིར་ནང་ཚོགས་བར་པའི་རྗེས་ལྷག་མའི་ཆོ་ག་བཏང་། མདའ་དྲ་སོགས་དང་ཁྲོ་བཅུའི་ཕུར་པ་བསྡུ། པུ་ཏྲ་བསྐུལ་ནས་ཐོག་མར་སྲུང་གཏོར་རྣམས་འབུལ། བརྟན་མ་སྐྱོང་། ཕྲིན་ལས་བཅོལ། སྲིང་ཞི་མས་བཀྲ་ཤིས་བརྗོད། སྟེང་གི་ཤར་ལྷོར་ཕྱོགས་སྐྱོང་གཏོར་མ་བཏང་ལ་གཤེགས། ནང་དུ་ལོགས་ནས་དཀྱིལ་འཁོར་བསྐོར་ལ་ཡིག་བརྒྱ་


LT30_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། མཆོད་བསྟོད་མན་ཆད་སྔར་བཞིན་ལ་ཨ་ཀཱ་རོས་དཀྱིལ་འཁོར་དང་ཕུར་པ་སོགས་བསྡུ། དགྲ་བགེགས་བྲུབ་འཆམས་མི་བྱེད་ན་དེའི་མལ་དུ་ཚོགས་ཐ་མ་བསྒྲལ་མཆོད་སྒྲུབ་ཐབས་འབྲིང་པོ་ལྟར་མཛད་ནས་ལྷག་མ་ལ་འཇུག་པ་ཡིན་ནོ། །གཉིས་པ་རས་བྲིས་ཀྱི་ཕྱོགས་ལ། ས་ཆོག་ཡོངས་རྫོགས། ཐིག་ཚོན་བྱ་བ། ཐོ་འཛུག །བུམ་པ་འགོད་པ་སོགས་མི་མཛད་པས་མཚོན། ཕྱག་ལེན་རྒྱས་བསྡུས་དབྱེ་བ་ཕྱེད་པར་བྱ་དགོས་ཀྱི་སྤྱིའི་ཁོག་སྔ་མ་བཞིན་ནོ། །འདི་དག་ནི་ཨོ་རྒྱན་ཆེན་པོས་མཛད་པའི་དཀྱིལ་ཆོག་རྡོ་རྗེ་ལས་རིམ་རྩ་འགྲེལ་གྱི་དགོངས་པ། སྔོན་འགྲོ་ས་ཆོག་སྟ་གོན། དངོས་གཞི་དཀྱིལ་འཁོར་སྒྲུབ་པ་དང་དབང་བསྐུར་བ། རྗེས་ཀྱི་བྱ་བ་བཅས་ཀྱིས་བསྡུས་པ་སྟེ་ཁྱད་ཆོས་ལྷག་པོ་རྣམས་ལས་སྤྱི་འགྲོ་གསར་མའི་དཀྱིལ་འཁོར་དང་མཚུངས་སོ། །གཉིས་པ་ལའང་གཉིས། སྤྱིར་སྨོས་པ་དང་། བྱེ་བྲག་བཤད་པའོ། །དང་པོ་ནི། རྗེ་བཙུན་རིན་པོ་ཆེའི་ཡིག་ཆ་འདི་རྩ་བའི་རྒྱུད་གཞུང་གི་རྗེས་སུ་འབྲངས་ནས། །རོག་ལུགས་སོགས་དང་བསྟུན་ཅིང་། སྟ་གོན་རྣམ་བཞི་སོགས་རྡོ་རྗེ་ལས་རིམ་ནས་བཤད་མོད་ཀྱི། གསར་མ་དང་བསྟུན་དགོས་པའི་ངེས་པ་མེད་ཅེས་གསུངས་ཏེ་ལྷ་སྟ་གོན་སོགས་མི་འབྱུང་མོད། སྤྱིར་རྡོ་རྗེ་ཕུར་པ་ལ་ལུགས་སྲོལ་ཤིན་


LT30_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མང་བ་ལས་ལུགས་སྲོལ་འདི་འཁོན་ལུགས་ལ་བརྟེན་པར་སྣང་ཞིང་། དེའང་རྡོ་རྗེ་ལས་རིམ་ལ་གཙོ་བོར་བརྟེན་པར་སྣང་བ་དང་། རོག་ལུགས་སོགས་དང་གལ་ཏེ་བསྟུན་ན་དེ་དག་ལ་འཇུག་པའི་རིམ་པ་ཙམ་ལས། །སློབ་མ་སྟ་གོན་ཀྱང་མི་འབྱུང་བས་འཁོན་ལུགས་དང་སྦྱར་སླ་བ་ཞིག་མི་འབྱུང་བ་མ་ཟད། གང་ལས་བརྒྱུད་པའི་ཁུངས་ཀྱིས་ས་ལུགས་ཕྱག་ལེན་དང་སྦྱར་ན་ལེགས་སམ་སྙམ་དུ་རྣམ་པར་རྟོག་པས། དེ་ལྟར་ན་དཀྱིལ་ཆོག་བདུད་འཇོམས་རོལ་པ་དང་། སློབ་མ་དབང་བསྐུར་གྱི་ཡི་གེ་གཞིར་བཞག །ཕྲིན་ལས་ཀྱི་ཁོག་བསྡེབ་གོང་དུ་སྨོས་པས་རིགས་བསྒྲེས་པས་ལེགས་པར་འགྲུབ་བོ། །གཉིས་པ་ལག་ལེན་བྱེ་བྲག་ཏུ་བཤད་པ་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་འགྲུབ་པའི་ཚེ་དཀྱིལ་ཆོག་དང་དབང་བསྐུར་གཉིས་ལས་ཇི་སྐད་གསུངས་པ་ཐམས་ཅད་ཚང་ལ་མ་འཁྲུལ་བར་ཉམས་སུ་ལེན་པ་ལས་འདོར་ལེན་བྱ་མི་དགོས་ཀྱང་དབང་བསྐུར་དཀྱུས་མ་ཙམ་ལ་འགྲུབ་དཀའ་བས། བྱ་སླ་བ་རས་བྲིས་ཀྱི་ཕྱོགས་ལྟར་ན། གནས་ཁང་གཙང་ཞིང་མཛེས་པར་བརྒྱན་པའི་གུང་དུ་རྟེན་དང་། སྟེགས་བུ་ཁེབས་ལྡན་ལ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། ཕུར་པ་ཆ་ཚང་བ་འཛོམ་ན་བཀོད་པའི་ཕྱག་ལེན་ཡོད་ཀྱང་སྤྲོས་པ་བསྡུས་པའི་སྐབས་འདིར་བསྙེན་ཕུར་ཙམ་གྱིས་ཀྱང་འཐུས་པས། དབུས་སུ་རྐང་གསུམ་མཐོ་བར་


LT30_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་ཁྲོམ་ལ་བསྙེན་ཕུར་བཀོད། བུམ་པ་ལའང་ལྷ་གྲངས་འབྱོར་དཀའ་ན་གཅོ་བུམ་ཤར་སྒོའི་གཡོན་དང་། བསངས་ཆུའམ། ལས་བུམ་བྱང་དུ་བཞག །ཅོད་པན་ལྷོ། རྡོ་རྗེ་ནུབ། དྲིལ་བུ་བྱང་། རྡོར་དྲིལ་ཤར་སྒོའི་གཡས། རྗེས་གནང་ཆས་རྩེ་དགུ་དང་ཐོད་པ། རིགས་ལྔའི་ཕྱག་མཚན། །དུང་དཀར། གསང་དབང་ཐོད་པའི་བདུད་རྩི་ལ་ཨ་མྲྀ་ཏ་སྦྱར་བ། རིག་ཙཀ་བཅས་ཇི་ལྟར་བདེ་བར་བཞག་དཀྱིལ་འཁོར་གྱི་རྒྱབ་ཏུ་དཔལ་ཆེན་པོའི་གཏོར་མ་དང་། གཏོར་འབུལ་བཅུ་ཚར་རམ། དཀར་བདུད་ཕུར་སྲུང་གསུམ་ནི་མེད་དུ་མི་རུང་བས་ཕྲེང་ཚར་བཤམ་པའི་གཡས་གཡོན་སྨན་རཀ །དཀྱིལ་འཁོར་མདུན་ཏུ་ཆུ་གཉིས་ཉེར་སྤྱོད་བཅས། སྔོན་འགྲོ་གཏོར་མ། ཚོགས་ཀྱི་ཡོ་བྱད། བརྟན་མའི་གཏོར་མ་སོགས་འདུ་བྱ། སློབ་མ་སྟ་གོན་གྱི་རྫས་སོ་ཤིང་དང་མཎྜལ་ཚོམ་བུ་ལྔ་པ། སྲུང་སྐུད་ཁ་དོག་ལྔ་བསྒྲིལ། ཁྱོར་ཆུ། ཀུ་ཤ །མཆོད་པའི་མཎྜལ་བཅས་ལོགས་སུ་ཉེ་བར་བསྔོག སློབ་དཔོན་མདུན་ཏུ་སྲས་མཆོག་ཕུར་པ། བྱུགས་བདུག་བྲབ་གསུམ་རྫས། ཌཱ་མ་རུ། རྡོར་དྲིལ། ནང་མཆོད་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཚོགས་པ་དང་། ཚིག་བདུན་གསོལ་འདེབས། སྤྱིའི་བརྒྱུད་འདེབས། དཀྱིལ་ཆོག་ལྟར་སྔོན་འགྲོ་བཏང་། །གནས་ཡོ་བྱིན་རླབས། སྐྱབས་སེམས་


LT30_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་བརྒྱ། ཏིང་འཛིན་གྱི་དཀྱིལ་འཁོར་བསྡུས་པ་བསྒོམ་བཟླས་གྲུབ་རྗེས། ཕུར་ཁྲོམ་ཡོད་ན་ཕུར་པ་བྱིན་རླབས་དང་ཕུར་བཤར་འདེབས་པ་ལ་འཇུག་དགོས་ཀྱང་དཀྱུས་ལ་མི་འཛོམ་པའི་དབང་དུ་བྱས་ནས། བུམ་པ་བྱིན་རླབས་བཟླས་པ་ཆོད་པར་བྱ། ལས་བུམ་མམ་དུང་ཞལ་ལ། རྃ་ཡྃ་ཁྃ་གིས་བསང་སྦྱང་། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ་ཉི་མ་ལ་གནས་པའི་ཧཱུྃ་ཡིག་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ལྗང་ནག་ཞལ་གསུམ་ཕྱག་དྲུག་རང་སྣང་གི་ཡུམ་དང་བཅས་པའི་སྐུར་གྱུར། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་པའི་ཚུལ་གྱིས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། ཞེས་བཟླ། ཁྲོ་བོ་བདུད་རྩི་འཁྱིལ་པའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་མོས། དཀྱིལ་འཁོར་ལ་ཡོལ་བ་བཏང་ལ་སློབ་མ་སྟ་གོན་བྱ་སྟེ། ཟུང་དུ་མ་གྱུར་པའི་སློབ་མ་རྣམས་སྒོའི་ཕྱི་རོལ་དུ་བསང་ཆུས་ཁྲུས་བྱས། གུ་གུལ་བདུག །ནང་དུ་འཁོད། མེ་ཏོག་བཀྱེ་བསྡུ་བྱས་ལ། སློབ་དཔོན་གྱིས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་དང་པོ་མངོན་པར་དབང་བསྐུར་བ་ནོས་ནས་དོན་ཉམས་སུ་ལེན་པར་བགྱིའོ་སྙམ་པ་བྱང་ཆུབ་


LT30_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་སེམས་བསྐྱེད་པའང་། སློབ་དཔོན་ལ་ཡི་དམ་དངོས་སུ་འདུ་ཤེས་པས་གུས་པ་དང་། རང་གི་སྒོ་གསུམ་སྡོམ་ཞིང་རྣམ་པར་མི་གཡེང་བ་ལ་རྩེ་གཅིག་པའི་ཡིད་དང་ལྡན་པ་སྟེ་ཆོས་ཉན་པའི་ཀུན་ཏུ་སྤྱོད་པ་དང་བཅས་ནས་གསན་འཚལ། དེ་ཡང་ཁམས་གསུམ་འཁོར་བ་ནི་མེའི་འོབ་ལྟ་བུ་སྟེ་གང་ལྟུང་བ་ཐམས་ཅད་ཚིག་པའོ། །ཉོན་མོངས་པ་ནི་སྤུ་གྲིའི་སོ་དང་མཚུངས་ཏེ་གང་ལ་རེག་པས་གཅོད་པའོ། །འདོད་པ་ནི་དུག་གི་ལོ་མ་ལྟ་བུ་སྟེ་ཡུན་རིང་དུ་ཕུང་ཁྲོལ་ཆེན་པོ་བསྐྱེད་པའོ། །སྐྱེས་བུའི་ཚེ་ཡང་འབབས་ཆུའམ་གློག་དང་འདྲ་སྟེ་མི་བརྟན་ཅིང་མྱུར་དུ་འཇིག་པའོ། །གཏན་ཏུ་བདེ་བ་ནི་མི་གནས་པའི་མྱང་འདས་ཡིན་པས་དེའི་གོ་འཕང་དོན་དུ་གཉེར་དགོས་ལ། དེ་ཐོབ་པར་བྱེད་པའི་ཐབས་ཐུན་མོང་མ་ཡིན་པ་དམ་པའི་ཆོས་དང་། དེའི་ཡང་ཁྱད་པར་ཚེ་གཅིག་གིས་བླ་ན་མེད་པའི་བྱང་ཆུབ་མངོན་ཏུ་བྱེད་ནུས་པ་གསང་སྔགས་རྡོ་རྗེ་ཐེག་པ་ལ་འཇུག་དགོས། དེ་ལ་འོ་སྐོལ་གྱི་སྟོན་པ་ཚད་མེད་པའི་ཐུགས་རྗེ་དང་ལྡན་པ་ཐབས་མཁས་པ་ཆེན་པོ་མངའ་བ་དེས། གདུལ་བྱ་སོ་སོའི་དབང་པོ་དང་མཐུན་པར་ཆོས་ཀྱི་སྒོ་མོ་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་དེ་ཐམས་ཅད་སྤང་གཉེན་ནམ་ལྟ་སྤྱོད་ཙམ་གྱི་སྒོ་ནས་མདོར་བསྡུ་ན་ཐེག་པ་རིམ་པ་གསུམ་ལས་ཕྱེས་པའི་དགུ་


LT30_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྡེ་སྣོད་བཞིར་འདུ་བ་གསང་སྔགས་སྔ་འགྱུར་བའི་རང་བཞེད་ཐུན་མོང་མ་ཡིན་པ་སྟེ། །སྤྱི་མདོ་དགོངས་པ་འདུས་པ་ལས། །དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་སྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་གསུངས་པའི་ཀུན་འབྱུང་འདྲེན་པའི་ཐེག་པ་ལ། ཉན་ཐོས། རང་རྒྱལ། བྱང་སེམས་གསུམ། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ལ། ཀྲི་ཡ། ཨུབྷ། ཡོ་ག་གསུམ། དབང་སྒྱུར་ཐབས་ཀྱི་ཐེག་པ་ལ་མ་ཧཱ། ཨ་ནུ། ཨ་ཏི་གསུམ་དུ་དབྱེ་ཞིང་། དེའང་བསྡུ་ན། ཀུན་བྱེད་རྒྱལ་པོ་ལས། །ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུའི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་གཉིས་སུའང་འདུ་ཞིང་། ཀུན་བྱེད་ཀྱི་དགོངས་པ་ཤིང་རྟ་ཆེན་པོ་སངས་རྒྱས་གསང་བས། སངས་རྒྱས་མཆོག་གིས་ཆོས་གསུངས་པ། །འདུལ་བ་མདོ་སྡེ་མངོན་པ་དང་། །རིག་པ་འཛིན་པའི་སྡེ་བཞིར་གནས། །ཞེས་སྡེ་སྣོད་བཞིར་དབྱེ་བ་སོགས་རྒྱུད་ལུང་རྣམས་ལས་རྒྱ་ཆེར་གསུངས་པ་ལས། ད་ལམ་སྐབས་སུ་བབས་པ་འདི་ནི། །རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས། ལམ་བདེ་བ་དང་། དུས་མྱུར་བ་དང་། ཐབས་ལ་མཁས་པ་སྟེ་ཁྱད་པར་གསུམ་གྱིས་འཕགས་པའི་འབྲས་བུ་རྡོ་རྗེ་ཐེག་པའམ། རིག་པ་འཛིན་པའི་སྡེ་


LT30_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་ཡིན། དེའི་ནང་གསེས་ཕྱི་རྒྱུད་སྡེ་གསུམ་ལས་ཁྱད་པར་དུ་མས་འཕགས་པའི་ནང་རྒྱུད་བསྐྱེད་རྫོགས་རྫོགས་ཆེན་གྱི་བརྗོད་བྱ་གཙོ་བོར་གྱུར་པ་ལས་ཕྱེས་ཏེ། རིག་པའི་ཆོ་འཕྲུལ་དུ་སྣང་བ་མ་ཧཱ་ཡོ་ག། རིག་པའི་རྩལ་དུ་སྣང་བ་ཨ་ནུ་ཡོ་ག །རིག་པ་རང་སྣང་བ་ཨ་ཏི་ཡོ་ག་གསུམ་དུ་ཡོད་པ་ལས། འཇམ་དབྱངས་མཁོན་སྟོན་ཆེན་པོ་རྣམས་ཀྱིས་བསྐྱེད་ཚུལ་ལ་དགོངས་ཏེ་ཨ་ནུ་ཡོ་གར་བཞེད་ཅིང་། སྔ་འགྱུར་རང་ལུགས་ཀྱིས་རྒྱུད་རྣལ་འབྱོར་ཆེན་པོ་སྟེ་མ་ཧཱ་ཡོ་ག །དེ་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས་སྔ་མ། ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་ཡ་གྱལ། ཕུར་པ་རོལ་པའི་རྒྱུད་ལ་བརྟེན་པའི་མན་ངག །འཇམ་དབྱངས་ས་སྐྱ་པའི་ཡབ་ཆོས། གསང་བདག་སྒྲོལ་བའི་མགོན་པོའི་ཐུགས་དམ་ལྷག་པའི་ལྷ་ཐུན་མོང་མ་ཡིན་པ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ་གཞུག་པ་ལ། ཐོག་མར་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་ཏུ་མཎྜལ་འབུལ་འཚལ། ཞེས་བཤད་ལ་མཎྜལ་ཚོམ་བུ་བདུན་མ་འབུལ་དུ་གཞུག །བླ་མ་དཔལ་ཆེན་རྡོ་རྗེ་གཞོན་ནུ་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པས་ཕྱག་སྙིམས་པ་མེ་ཏོག་དང་བཅས་ཐལ་མོ་སྦྱར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སྐྱེ་རྒན་དང་སོགས་གསུམ། དེ་ལྟར་གསོལ་བ་གདབ་པ་


LT30_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐབས་ཕྱེ་སྟེ་གནང་བ་སྦྱིན་པ་དང་སྤྲོ་བ་བསྐྱེད་པ་ནི་འདི་ལ་གསན་འཚལ། བུ་ཚུར་གསང་བའི་སོགས་དང་། རྫོགས་པའི་སངས་རྒྱས་སོགས་བརྗོད། ཁྱེད་རང་རྣམས་ཀྱིས་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལ། རྩ་བ་གསུམ་གྱི་ལྷ་ཚོགས་སྤྲིན་གཏིབས་པ་ལྟ་བུས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། སྡིག་པ་བཤགས་ཤིང་དགེ་བ་ལ་ཡི་རང་བ། སྐྱབས་སུ་འགྲོ་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་རྣམས་ཚུལ་བཞིན་ཏུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། །བདག་གི་སྡིག་པ་ནས། བསྐྱེད་པར་བགྱི་བར་ལན་གསུམ། དེ་ནས་རིགས་ལྔ་སྤྱི་དང་བྱེ་བྲག་གིས་བསྡུས་པ་སོགས་སྔགས་ཀྱི་ཐུན་མོང་མ་ཡིན་པའི་དམ་ཚིག་དང་སྡོམ་པ་རྣམས་གཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། །བདེ་གཤེགས་རྒྱལ་བ་སོགས་གསུམ། མཎྜལ་ཚོམ་བུ་ལྔ་པ་མདུན་ཏུ་བཞག་ལ། ཁྱེད་རང་རྣམས་ཀྱི་སོགས། བི་ཤུདྡྷེའི་སྐབས་བདུད་རྩིའམ་བསངས་ཆུ་གཏོར། བགེགས་བསྐྲད་སོགས་གཞུང་ལྟར་ལ། གནས་མཛོད་ཅིག །སྲུང་སྐུད་སྣ་ལྔ་བུམ་ཆུ་དང་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སྲད་བུ་ཁ་དོག་སྣ་ལྔ་པ་རྡོ་རྗེ་སློབ་མ་རྣམས་ཀྱི་ལུས་ཚད་དང་མཉམ་པ་


LT30_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་བསྒྲིལ་བྱས་པ་ལ་རྡོ་རྗེའི་མདུད་པ་ལྔ་བཏབ། དེ་ལ་ཧཱུྃ་ཨོཾ་སྭཱ་ཨ་ཧཱ་ལྔ་བཀོད་པ་དེ་ལས་འོད་ཟེར་འཕྲོས་པས། རང་བཞིན་གནས་ནས། དེ་བཞིན་གཤེགས་པ་ལྔ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་ཡིག་འབྲུ་རྣམས་ལ་ཐིམ། དེ་རྣམས་འོད་དུ་ཞུ་ནས་སྲད་བུ་ལ་ཐིམ་པས་རིགས་ལྔའི་རང་བཞིན་ལྷ་སྟ་གོན་གྱི་དགོངས་མོ་ཡིན་ན་སྟ་གོན་གྱི་ལྷ་ཚོགས་ཀྱི་ཐུགས་ཀ་ནས་ཟེར་གཞན་དཀྱུས་བཞིན། གྱི་སྲད་བུར་གྱུར། ཧཱུྃ་ཨོཾ་སྭཱ་ཨ་ཧཱ་ལན་གསུམ་ཙམ་བཟླས། དེ་ལྟར་མངོན་པར་བསྔགས་པའི་སྲད་བུ་དེ་ཉིད་སྐྱེས་པ་རྣམས་ཀྱི་དཔུང་པ་གཡོན། བུད་མེད་རྣམས་ཀྱི་གཡས་སུ་བཅིངས་པ་ལ་བརྟེན་ནས་བར་ཆད་ཐམས་ཅད་སྲུང་བའི་མོས་པ་མཛོད། ཧཱུྃ་དང་ཀཱི་ལ་ཡ་བརྗོད་ལ་བཅིངས། མདུད་པར་བསངས་ཆུས་བཏབ་ལ་འཁྱིལ་པའི་སྔགས་བརྗོད། རྡོ་རྗེ་སྲུང་བའི་སོགས། སོ་ཤིང་སྔགས་ལན་གསུམ་གྱིས་བྱིན་གྱིས་བརླབས། སློབ་དཔོན་མདུན་དུ་ས་དཀར་གྱིས་པདྨ་འདབ་བརྒྱད་བྲིས་ལ་སྔགས་ཀྱིས་སོ་ཤིང་གཏད། སོ་ཤིང་རྩེ་མོས་སོ་ནེ་མ་གྱིས་དྲུད་པ་ལ་བརྟེན་ནས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྨན་པ་མཁས་པས་སྐྱུགས་སྨན་བཏང་བ་བཞིན་སྐྱུགས་པར་མོས། གྲལ་རིམ་བཞིན་བཞེངས་ནས་པདྨ་འདབ་མ་བརྒྱད་པ་


LT30_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་སྟེང་དུ་ཞབས་བཞག །སློབ་དཔོན་ལ་ཞལ་ཕྱོགས་པའི་ཚུལ་གྱིས་ཚིགས་བཅད་འདིའི་རྗེས་ཟློས་དང་བཅས་ཏེ་ཚོམ་བུའི་དཀྱིལ་འཁོར་ལ་འདོར་བཞུ། །ངག་གི་ཉེས་པ་བསལ་སོགས་རྗེས་ཟློས་དང་། སོ་ཤིང་རིམ་པར་དོར་ཟིན་ནས། དེ་ལྟར་སོ་ཤིང་གི་རྩེ་མོ་དེ་ཉིད་རང་དང་བླ་མ་ལ་བསྟན་ན། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་ལ། ཤར་དུ་བསྟན་ན་ཞི་བ། ལྷོར་མངོན་སྤྱོད། ནུབ་ཏུ་དབང་། བྱང་དུ་རྒྱས་པ། སྟེང་དུ་མཁའ་སྤྱོད། འོག་ཏུ་ས་འོག་གི་གཏེར་མཐོང་བ་ལ་སོགས་པ། མཚམས་སུ་བསྟན་ན་བུམ་པ་བཟང་པོ་ལ་སོགས་པའི་དངོས་གྲུབ་ཅི་རིགས་ཐོབ་པར་འགྱུར་རོ། །དུང་ཆོས་སུ་དྲི་བཟང་དང་སྦྱར་བའི་ཚུལ་ཀཱི་ལ་ཡ་དང་འབྲུ་གསུམ་ལན་གསུམ་བཟླས་པས་བྱིན་བརླབས། དྲིའི་ཆབ་འདི་ཉིད་ཁྱེད་རང་རྣམས་ཀྱི་ཁྱོར་བ་གཡས་པར་ལན་གསུམ་བྱིན་པར་བརྟེན་ནས་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པའི་མོས་པ་མཛོད། །ཅེས་དང་། དྲིའི་ཆུ་ཁྱོར་བར་ལན་གསུམ་སྦྱིན་ཞིང་། ཨོཾ་ཧྲཱིཿབི་ཤུདྡྷེ་སརྦ་དྷརྨ༔སརྦ་པཱ་པཾ་ནིཥྩ་སྱ་སཾ་ཤོ་དྷ་ཡ་སརྦ་བི་ཀ་ཝན་ཨ་བ་ན་ཡ་ཧཱུྃ། ཞེས་བརྗོད་ཅིང་ཐམས་ཅད་ལ་བྱིན་ནས། ཟབ་མོའི་ཆོས་བཤད་པའི་སྒོ་ནས་སྤྲོ་བ་སྐྱེས་པ་ནི་འདི་ལ་གསན་པས་ཁྱབ་པར་གདའ། ཡོད་མེད་དག་ལས་སོགས། སྤངས་པ་ཡིན། དེ་ལྟར་ཁྱེད་


LT30_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྣམས་རྩ་བའི་ལྷ་རྡོ་རྗེ་སེམས་དཔར་གསལ་བས་ལུས་དག་པར་བྱས། །སོ་ཤིང་དང་དྲི་ཆུས་ངག་དག་པར་བྱས། རྟོག་མེད་ཀྱི་དོན་བསམས་པས་ཡིད་དག་པ་དང་། །སྒོ་གསུམ་བྱིན་གྱིས་བརླབ་པ་ཡིན་ཅིང་། སླར་ཡང་འདི་ལ་སྙན་གཏོད་པར་ཞུ། འཇིག་རྟེན་ཏུ་ནི་སོགས་བརྗོད། འབྲུ་གསུམ་ལན་བདུན་བརྗོད་པས་ཀུ་ཤ་བྱིན་རླབས། མངོན་པར་བསྔགས་པའི་ཀུ་ཤའི་ཆུན་པོ་ཆུང་བ་འདི་ཉིད་སྔས་ཀྱི་དོན་དུ་ཕྱག་གཡས་དང་། ཆེ་བ་འདི་ཉིད་སྟན་གྱི་དོན་ཏུ་ཕྱག་གཡོན་ཏུ་བཟུང་མཛོད། འབྲུ་གསུམ་གྱིས་གཏད། བུ་ཀྱེ་སང་ནས་སོགས། ཀུ་ཤ་སྔས་དང་སྟན་ཏུ་གྱིས་ལ་དད་མོས་དགེ་བའི་བསམ་པས་བླ་མ་དང་དཀྱིལ་འཁོར་གྱི་ཕྱོགས་སམ། ཤར་དང་བྱང་དུ་ཕྱོགས་པའི་སེང་གེའི་ཉལ་སྟབས་ཀྱིས་ཉལ་བས་དངོས་གྲུབ་དང་མཐུན་པའི་རྨི་ལམ་གྱི་མཚན་མ་གང་ཡང་རུང་བ་ཞིག་འབྱུང་བར་འགྱུར་བས་ཐུགས་ལ་གཅག་འཚལ། །དེས་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ལེགས་པར་ཕུལ་གྲུབ་པ་ཡིན་པས་དགའ་བ། སྐྱེད་མཛོད། བསོད་ནམས་འདི་ཡིས་སོགས་བརྗོད་ལ་གྲོལ། དེ་ནས་གཏོར་ཆོག་རྒྱས་བསྡུས་གང་རུང་དང་། ཕྱོགས་སྐྱོང་གཏོར་མ་བཏང་། གོ་བགོ་ལུས་སྲུང་བསྔོ་སྨོན་བྱས་པས་ཉིན་དང་པོ་འགྲུབ།། ༈ །།ཉིན་གཉིས་པར་ཚིག་བདུན་དང་སྤྱིའི་བརྒྱུད་འདེབས། སྔོན་


LT30_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར། གནས་ཡོ་བྱིན་རླབས། །སྐྱབས་སེམས་ཡིག་བརྒྱ་གྲུབ་ནས། ཚད་མེད་བསྒོམ་པ་དང་། མཚམས་གཅོད་ནས་བཟུང་མཐར་ཆགས་སུ་བཏང་། དངོས་གཞི་དཀྱིལ་འཁོར་གསུམ། བདག་མདུན་དབྱེར་མེད་ཚུལ་གྱིས་བསྒྲུབ། །བཟླས་པ་གཞི་བསྟོད། བརྒྱུད་འདེབས་བཅས་གྲུབ་ནས་གཏོར་ཆོག་སྤྱི་དང་ཁྱད་པར་དཀར་བདུད་ཕུར་སྲུང་གཏོར་འབུལ་དང་། གྲུབ་ན་ཕྱོགས་སྐྱོང་གཏོར་མ་བཏང་ལ་བདག་འཇུག་རྒྱས་པ་ལེན་པའམ། མི་སྤྲོ་ན་སྔ་འགྱུར་རྒྱུད་སྡེ་སྤྱི་ལུགས་རིག་པའི་མེ་ཏོག་དོར། དཀྱིལ་འཁོར་ལ་ཡོལ་བ་བཏང་། དེ་ནས་སྟ་གོན་བྱས་པའི་སློབ་མ་རྣམས་སྒོའི་ཕྱི་རོལ་དུ་ཁྲུས་བྱ། གུ་གུལ་གྱིས་བདུག་ནང་དུ་འཇུག་པའི་སྐབས་སློབ་དཔོན་གྱིས་དྲག་རོལ་ཡུངས་ཐུན་བཅས་ཀཱི་ལ་ཡ་བཟླས་པས་བགེགས་བསྐྲད། གུས་པ་བཅས་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་བྱར་གཞུག་སྟེ་སྟ་གོན་སྐབས་ལྟར་སེམས་བསྐྱེད་དང་ཆོས་ཉན་པའི་ཀུན་སྤྱོད་གསལ་གདབ་ལ། དེའང་གངས་ཅན་ལྗོངས་འདིར་སྔ་འགྱུར་དང་ཕྱི་འགྱུར་གྱི་དབང་གིས་གསང་སྔགས་གསར་རྙིང་གཉིས་ཞེས་རབ་ཏུ་གྲགས་པ་ལས། འདིར་རོང་ཟོམ་ཆོས་ཀྱི་བཟང་པོའི་བཞེད་པས་སྤྱན་འདྲེན་པ་པོ་ཡོན་བདག་ཆོས་བསྒྱུར་བའི་གནས། སྒྱུར་བྱེད་ལོ་ཙཱ། བསྒྱུར་མཁན་པཎྜི་ཏ། ཞུ་རྟེན་མེ་ཏོག །བསྒྱུར་བྱའི་ཆོས་ཏེ་ཁྱད་པར་དྲུག་གིས་འཕགས་པ་གསང་སྔགས་རྙིང་མའི་བཀའ་སྲོལ་དེ་


LT30_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་། ཞལ་ནས་གསུངས་པའི་བཀའ་མ། རྗེས་སུ་གནང་བའི་གཏེར་མ། བྱིན་གྱིས་རླབས་པའི་དག་སྣང་མ་སྟེ་བརྒྱུད་པའི་ཁྱད་པར་གསུམ་དུ་ཡོད་པ་ལས། འདིར་སྔ་འགྱུར་བཀའ་མ་ཡོག་གསུམ་གྱི་ནང་ཚན། རྒྱུད་རྣལ་འབྱོར་ཆེན་པོ་ཏནྟ་སྡེ་བཅོ་བརྒྱད་ལས། ཕུར་པ་རོལ་པའི་རྒྱུད་སྡེ་རྒྱ་མཚོ་ཙམ་ལ་བརྟེན་ནས། གསུང་རྡོ་རྗེ་གྲུབ་པའི་སློབ་དཔོན་གྱི་སྐུར་བསྟན་པ་ཨོ་རྒྱན་གྱི་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱིས་རྡོ་རྗེ་ཕུར་པའི་སྒྲུབ་ཐབས་དཔག་ཏུ་མེད་པ་མཛད་ནས། རྗེ་འབངས་སོ་སོ་ལ་གནང་བ་དང་། རྡོ་རྗེའི་སྐུ་བརྙེས་པ་ཆེན་བི་མ་ལ་མི་ཏྲས་ཕུར་པ་ཕུན་སུམ་ཚོགས་པ་དང་གཤམ་སྔོན་ཅན་གཉིས་ཀྱི་སྒྲུབ་ཐབས་དང་མན་ངག་གཉགས་ལོ་ཡེ་ཤེས་གཞོན་ནུ་ལ་གནང་བ་སོགས་ལས་རིམ་པར་བརྒྱུད་དེ་བོད་ཀྱི་ཡུལ་འདིར་ཕུར་པ་རྒྱལ་པོ་ལུགས། ཇོ་མོ་ལུགས། ལྕམ་ལུགས། གཉགས་ལུགས། རོང་ཟོམ་ལུགས། རོག་ལུགས་སོགས་མཐའ་ཡས་པ་ཞིག་འཕེལ་བས་ཁྱད་པར་དུ་འཕགས་པ་སློབ་དཔོན་ཆེན་པོས་སད་མི་མི་བདུན་གྱི་ནང་ཚན་ལོ་ཙཱ་བ་ཆེན་པོ་འཁོན་ཀླུའི་དབང་པོ་ལ་གདམས་སྐོར་མན་ངག་མཐའ་རྒྱས་སུ་བསྩལ་ཞིང་། གཞན་ཡང་སྔ་འགྱུར་གྱི་རྒྱུད་ལུང་རྒྱ་མཚོ་ཙམ་བཙལ་བ་ཉམས་སུ་བླངས་པས་གྲུབ་པ་ཆེན་པོའི་གོ་འཕང་ལ་གཤེགས། གདམས་ངག་རྣམས་གཅུད་


LT30_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རིན་ཆེན་ནས་རིམ་པར་བརྒྱུད་པ་ལས། འཁོན་རོག་ཤེས་རབ་ཚུལ་ཁྲིམས་ཀྱིས་དུས་ཀྱི་དབང་གིས་གསང་སྔགས་འཆལ་བར་གཟིགས་ནས། ཕུར་པའི་སྒྲུབ་ཐབས། ཡང་དག་ཆོས་ཚན་གཅིག །དཀར་བདུད་གཏོར་ཆོག་ཙམ་མ་གཏོགས་གདམས་སྐོར་མཐའ་དག་གཏེར་དུ་གཏམས། ཡང་ཕུར་བཀའ་སྲུང་བཅས་འཁོན་དཀོན་མཆོག་རྒྱལ་པོ་ནས། བླ་མ་ས་སྐྱ་པ་ཆེན་པོ། རྗེ་བཙུན་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། བདག་ཉིད་ཆེན་པོ་ས་སྐྱ་པ་ཆེན་གྱི་བར་དུ་བརྒྱུད། པ་ཆེན་གྱིས་རིག་པ་མཆོག་གི་རྒྱུད་ལས་རྡོ་རྗེ་རིགས་ཀྱི་ལེའུ་ཟུར་དུ་བཀོལ་བ་རྩ་དུམ་དུ་གྲགས་པའི་རྒྱུད་རང་འགྱུར་མཛད། ཆོས་རྒྱལ་འཕགས་པས་ཨ་ཙ་ར་ནུ་རུ་ནས་བརྒྱུད་པའི་དྲག་པོ་སྒྲོལ་དབང་ཡང་གསན། དཔལ་ལྡན་བླ་མས་སྒྲུབ་ཐབས་ཆེ་འབྲིང་ཆུང་གསུམ་མཛད་པས་མཚོན། རྗེ་བཙུན་དེ་དག་བརྒྱུད་པར་བཅས་པས་རྒྱ་ཆེར་སྤེལ་བས་དཔལ་ས་སྐྱའི་ཡང་ཕུར་གཉིས་ཞེས་ཉི་ཟླ་ལྟར་གྲགས་ཤིང་། ས་ལུགས་ཀྱི་ཆོས་སྡེ་རྣམས་སུའང་སྒྲུབ་མཆོད་རྩ་འཆམས་དང་བཅས་པ་གཏོར་ཟློག་སོགས་ཤིན་ཏུ་དར་ཞིང་རྒྱས་ལ། འཁོན་ཀླུ་དབང་སྲུང་བ་མཆེད་ནས་བདག་ཅག་གི་དཔལ་ལྡན་བླ་མ་དམ་པའི་བར་དུ་ལྷག་པའི་ལྷ་འདི་ཉིད་ལས་དངོས་གྲུབ་བརྙེས་པ་བར་མ་ཆད་དུ་བྱོན་པས་བྱིན་རླབས་ཀྱི་བཀའ་


LT30_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བབས་ཆེན་པོ་དང་ལྡན་ཞིང་བརྒྱུད་འཛིན་བཀྲ་ཤིས་པའི་ཟབ་ཆོས་ཡིན་ལ། །བརྒྱུད་པ་དེ་ལྡན་གྱི་ལམ་སྐོར་འདི་ལ། །སྟོད་ལས་བྱང་ཆུབ་སྒྲུབ་པ་དང་། སྨད་ལས་དགྲ་བགེགས་བསྒྲལ་བ་གཉིས་ཡོད། གཉིས་ཀ་ལའང་སྨིན་བྱེད་ཀྱི་དབང་བསྐུར་བ་སོ་སོ་སྔོན་དུ་འགྲོ་དགོས་ཏེ། དབང་མ་བསྐུར་བར་གསང་སྔགས་འཆད་དུ་མི་རུང་ཞིང་། སྒོམ་པའི་སྐལ་པ་དང་མི་ལྡན་ལ། བླ་མ་མཚན་ཉིད་དང་ལྡན་པས་ཆོ་ག་མ་འཁྲུལ་བའི་སྒོ་ནས་མངོན་པར་དབང་བསྐུར་བ་ན་ཡོན་ཏན་ཐམས་ཅད་སྐྱེ་བའི་སྣོད་དུ་འགྱུར་བར་མ་ཟད། ཟབ་མོའི་དཀྱིལ་འཁོར་འདི་ལྟ་བུར་དབང་ཐོབ་ཅིང་ལམ་བསྒོམས་ན་བརྩོན་འགྲུས་དང་སྐལ་པ་རབ་ཚེ་འདིར་གྲོལ། འབྲིང་འཆི་ཚེ་མཁའ་སྤྱོད་དུ་འགྲོ། ཐ་མ་སྐྱེ་བ་བརྒྱུད་ནས་དཔལ་ཆེན་པོའི་གོ་འཕང་འཐོབ་ཅིང་། ཡང་ཐ་དད་ཅིང་ཐེ་ཚོམ་མེད་པ་ཁོ་ནས་ཀྱང་དཔལ་ཆེན་པོས་རྗེས་སུ་འཛིན་པར་འགྱུར་ཏེ། བཤད་རྒྱུད་ལས། རྩེ་གཅིག་འདི་ལ་བརྩོན་ལྡན་པས། །འཁོར་བ་མི་ལྡོག་མངོན་འཚང་རྒྱ། །གང་གིས་དབང་དང་མན་ངག་ཐོབ། །སྐད་ཅིག་ཙམ་གྱིས་མོས་གྱུར་ན། །འཆི་བ་ཞེས་ནི་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་འགྱུར། །གང་ཞིག་འདི་ལ་མོས་པ་ཙམ། །དབང་དང་དམ་ཚིག་འཛིན་གྱུར་ན། །སྐྱེ་བདུན་ཉིད་ནས་འཚང་


LT30_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱར་འགྱུར། །སྐྱེ་བ་གཞན་གྱིས་བར་མི་ཆོད། །འདི་ལ་ཐེ་ཚོམ་ལེ་ལོ་སྤང་། །ཞེས་གསུངས་སོ། །དེ་ལས་ད་ལམ་སྐབས་སུ་བབས་པ་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་བསྐུར་བར་བགྱིད་པ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་བདག་མདུན་བུམ་པ་བསྒྲུབས་ཤིང་བདག་ཉིད་འཇུག་པ་སོགས་སྔོན་ཏུ་སོང་ནས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་ཏུ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་མཎྜལ་འབུལ་དུ་གཞུག །དེ་ནས་ཐལ་མོ་སྦྱར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་སངས་རྒྱས་སོགས་གསུམ། དེ་ནས་སྐལ་པ་དང་འདོད་དོན་དྲི་བ་ནི། བུ་ཁྱོད་སོགས། དེ་ལྟར་དྲིས་པའི་ལན་ཏུ་འདིའི་རྗེས་ཟློས་མཛོད། སྐལ་བཟང་བདག་ནི་སོགས། སློབ་དཔོན་ཞྭ་ཕུད་བཞེངས་ནས་དྲིལ་བསིལ་བཅས། དེ་བཞིན་གཤེགས་པ་སོགས་གསུམ། དེ་ལྟར་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་བཏབ་པས་སློབ་མ་རྣམས་ནང་དུ་འཇུག་པའི་གནང་བ་ཐོབ་སྟེ། ཁྱེད་རང་རྣམས་སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་འཇུས་ཏེ་ཤར་གྱི་སྒོ་ཁང་དུ་ཞུགས་པའི་མོས་པ་མཛོད། ཡོལ་བ་བསལ་ལ་སྔགས་གཉིས་བརྗོད། དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལ་སྒོ་གསུམ་གུས་པ་ཆེན་པོས་


LT30_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་བར་མོས་ལ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་སོགས་གསུམ། རྒྱུན་བཤགས་སྡོམ་བཟུང་སྟ་གོན་སྐབས་ལྟར་མཚམས་སྦྱོར་བཅས་བྱ། ཁྱེད་རང་རྣམས་སྔོན་ཆད་དཔལ་ཆེན་པོ་ཀརྨ་ཧེ་རུ་ཀའི་དཀྱིལ་འཁོར་དུ་མ་ཞུགས་པའམ། །ཞུགས་ཀྱང་བསྐྱར་ལྡབ་ཏུ་འཇུག་པའི་མཚོན་བྱེད་དུ་ཁ་ཚར་མ་ཉམས་པའི་དར་ཡུག་དམར་པོས་གདོང་བཅིངས་པའི་མོས་པ་མཛོད། འབྲུ་བཞིས་མིག་དར་དང་། དཀྱིལ་འཁོར་བ་དང་མཇལ་བའི་ཚེ་ཕྱག་རྟེན་མེད་པར་མི་རུང་བས། ཨུ་དུམྦ་ར་སོགས་མཆོག་གི་མེ་ཏོག་སྣ་ལྔའི་ཆུན་པོ་ཕྱག་ཏུ་སྤྲད་པའི་མོས་པ་མཛོད། འབྲུ་བཞིའི་མེ་ཏོག་སྤྲད། དམ་བཞག་བཞི་མཐར་ཆགས་སུ་བཏང་ཞིང་དམ་ཆུ་ཐོད་པའི་བདུད་རྩི་སྦྱིན། དེ་ནས་ཡེ་ཤེས་པ་དབབ་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སློབ་དཔོན་ཆེན་པོ་སོགས་གསུམ། དེ་ནས་ཡིད་གཞན་ཏུ་མ་ཡེངས་པར་དམིགས་པ་འདི་བཞིན་ཏུ་མཛོད། ཁྱེད་རང་རྣམས་ཀྱི་སྙིང་གར་སོགས་བརྗོད། སྔགས་བརྗོད་ཅིང་འབེབས་པའི་རྫས་བདུག །རོལ་མོ་དྲག་ཏུ་བྱ། དེ་ལྟར་དབབ་པའི་ཡེ་ཤེས་པའི་རྒྱུན་དེ་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། རྡོ་རྗེ་རྒྱ་གྲམ་དུ་བཀོད་ལ་སྔགས་བརྗོད།


LT30_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཁྱེད་རང་རྣམས་ཀྱིས་ནམ་མཁའི་ཁ་དོག་ལ་བརྟེན་ནས་དངོས་གྲུབ་ཀྱི་ལྟས་བརྟགས་དགོས་པས། མིག་རས་དང་བཅས་ཏེ་དཀྱིལ་འཁོར་གྱི་ནམ་མཁར་འདོམ་གང་ཁོར་ཡུག་ཙམ་ལ་བལྟས་པ་དེའི་ཚེ་རང་རང་གི་ཁ་དོག་མཐོང་སྣང་ཅི་བྱུང་བ་དེ་སྨྲ་དགོས་པས། ཀྱེ་ཁྱེད་ཀྱི་མིག་ལམ་ན་ཅི་སྣང་རིམ་པས་དྲིས། སློབ་མས་དཀར་པོ་ཞེས་ཟེར་ན། སློབ་དཔོན་གྱི་ཞི་བའི་ལས་འགྲུབ་པར་འགྱུར་རོ། །ཞེས་བརྗོད་ཅིང་དེ་བཞིན་ཏུ་སེར་པོ་རྒྱས་པ། དམར་པོ་དབང་། སྔོན་པོ་མངོན་སྤྱོད། ནག་པོ་དྲག་པོ། ལྗང་གུ་དང་ཁྲ་བོ་ལ་ལས་སྣ་ཚོགས་པར་འགྲུབ་པར་འགྱུར་རོ། །ཞེས་སོ་སོར་ལུང་བསྟན། རིགས་བརྟག་པའི་ཕྱིར་དུ་མེ་ཏོག་འབུལ་བ་ལ་ཁྱེད་རང་རྣམས་གྲལ་རིམ་བཞིན་བཞེངས་ནས། དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་ཡེ་ཤེས་གཅིག་ཉིད་གང་འདུལ་སྒྱུ་མའི་རྣམ་རོལ་དུ་ཤར་བ་ལ་བཟང་ངན་གྱི་དབྱེ་བསལ་མེད་པས་རང་རང་གི་ཚེ་རབས་སྔོན་ནས་འབྲེལ་བའི་ལྷག་པའི་ལྷ་གང་ཡིན་པ་ཞིག་ལ་ཕོག་པར་ཤོག་ཅིག་སྙམ་པའི་བློས་ཚིག་འདིའི་རྗེས་ཟློས་དང་བཅས་སྔར་བྱིན་པའི་མེ་ཏོག་དེ་ཉིད་ལྟོས་པ་མེད་པར་དོར་བར་ཞུ། ཨོཾ་དྲི་ཞིམ་མེ་ཏོག་སོགས། སློབ་དཔོན་གྱིས་མེ་ཏོག་ཕོག་པའི་རིགས་ངེས་པར་མཛོད། མ་རིག་པའི་སྒྲིབ་པ་མིག་དར་དང་ལྷན་ཅིག་ཏུ་བསལ་བས་ཡེ་ཤེས་


LT30_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྱན་ཐོབ་སྟེ་ཐར་པ་ཆེན་པོའི་གྲོང་ཁྱེར་མངོན་སུམ་བཞིན་དུ་མཐོང་བར་མོས་མཛོད། སྔོན་གྱི་མིག་མཁན་སོགས་བརྗོད་ལ་མིག་དར་བསལ། སྔར་ཕུལ་བའི་མེ་ཏོག་དེ་ཉིད་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ནས་སྤྱི་བོར་བཅིངས་པས་དབང་དང་པོ་མེ་ཏོག་ཕྲེང་བའི་དབང་ཐོབ་བར་མོས་མཛོད། སྟོབས་དང་ལྡན་པའི་སོགས་བརྗོད་ལ་མེ་ཏོག་སླར་བཅིངས། སློབ་དཔོན་གྱི་ཕྱག་གི་རྡོ་རྗེས་མཚོན་ཏེ། དཀྱིལ་འཁོར་བཟང་པོ་སོགས་ཀྱིས་བལྟ་བར་བསྐུལ། དེ་ལྟར་མཇལ་བའི་དཀྱིལ་འཁོར་པ་ངོ་སྤྲད་པ་ལ། རྟེན་བརྟེན་པའི་མཚན་ཉིད་བསྟན་པ་ནི་ཐུགས་མ་ཡེངས་པར་གསན་འཚལ། རྟེན་གྱི་དཀྱིལ་འཁོར་ནམ་མཁའི་ཁམས་སུ་སོགས་ནས། དཔག་ཏུ་མེད་པ་དང་བཅས་པའོ། །དེ་ལྟར་རྟེན་དང་སོགས། དེའི་རྣམ་དག་བསྟན་པ་ནི་འདི་ལ་གསན་པས་ཁྱབ་པར་གདའ། དཀྱིལ་འཁོར་གྲུ་བཞི་སོགས་ནས། ཚོགས་ཀྱི་ལམ་མོ། །དེ་རྣམས་ཀྱིས་ལྷ་དང་སྐལ་པ་མཉམ་པར་བྱ་བའི་ཕྱིར་འཇུག་པའི་ཆོས་འཁོར་དང་བཅས་པ་སོང་ནས། དབང་གི་དངོས་གཞི་ལ་བུམ་དབང་། གསང་དབང་། ཤེས་རབ་ཡེ་ཤེས། ཚིག་དབང་བཞི་པ་རྣམས་སུ་ཡོད་པ་ལས། བུམ་དབང་དེ་ལ་སློབ་མ་དང་། སློབ་དཔོན་གཉིས་ལས། དང་པོ་རྡོ་རྗེ་སློབ་མའི་དབང་ཞུ་བའི་ཡོན་ཏུ་དམིགས་ཏེ་མཎྜལ་ཞིག་


LT30_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བ་ཞུ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་བཏབ་པ་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛོད། སློབ་དཔོན་དམ་པ་སོགས་གསུམ། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་ཁྲོ་བོ་མཚོན་ཆ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། ཁྱེད་རང་རྣམས་ལ་དབང་བསྐུར་བ་ལ་བར་དུ་གཅོད་པའི་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་རྒྱང་རིང་དུ་བསྐྲད་པའི་མོས་པ་མཛོད་ཅིག །གདུག་ཅིང་སྡང་སེམས་ལྡན་པ་སོགས། སྒྲུབ་ལ་ཞེས་པར་དབང་ལ་ཞེས་བསྒྱུར་ལ། འགྲོ་བར་གྱིས། བར་བརྗོད་ལ་ཡུངས་ཐུན་དུད་པ་དྲག་རོལ་སོགས་ཚམ་རྔམས་ཆེན་པོས་བགེགས་བསྐྲད། དེ་ནས་སྔོན་འགྲོ་བྱུར་བསལ་བའི་ཆོ་ག་སོང་ནས། དངོས་གཞི་མངོན་པར་དབང་བསྐུར་བ་སྒྲུབ་པར་བྱེད་པ་ལ། རིག་པའི་དབང་ལྔའི་ཐོག་མར་མི་བསྐྱོད་པ་ཆུའི་དབང་གི་དོན་ཏུ་དམིགས་པ་འདི་བཞིན་ཏུ་མཛོད། །ཨོཾ་སྭ་བྷཱ་ཝ་སོགས། སློབ་མ་དང་དབང་རྫས་སྟོང་པའི་ངང་སོགས་ནས། ཡེ་ཤེས་པའི་ཆུར་གྱུར་པ་སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པས་ཐོགས་ཏེ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་ཁྱེད་རང་རྣམས་ལ་དབང་བསྐུར་བའི་མོས་པ་མཛོད། ཚིག་གི་མཐའ་བསྒྱུར་ཕྲན་བུ་འདི་རིགས་རིག་དབང་ཕྱི་མ་རྣམས་ལའང་འགྲོ་ཤེས་པར་བྱའོ། །ཆེ་བའི་


LT30_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་སོགས། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། ཁྱེད་རྣམས་མི་བསྐྱོད་པའི་རང་བཞིན་དུ་གནས་པ་ལ། སློབ་དཔོན་གྱིས་མཆོད་པས་མཆོད་པའི་མོས་པ་མཛོད། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པུཥྤེ་ནས་ཤབྡའི་བར། མཆོད་གཡོག་པས་མཆོད་པ་རྣམ་ལྔ་བཤམས་ལ། སློབ་མ་རྣམས་ལ་བསྐོར་ཅིང་། ཇི་ལྟར་རིགས་པའི་སློབ་མའི་མདུན་དུ་བཞག །དྲིལ་བསིལ་རོལ་ཆེན་བྱ། དེ་ལྟར་ན་ཁྱེད་རྣམས་ཀྱིས་མི་བསྐྱོད་པའི་སྒོ་ནས་ཆུའི་མངོན་པར་དབང་བསྐུར་བ་ཐོབ། ཞེ་སྡང་དག་རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་ཏུ་བྱས། མི་བསྐྱོད་པའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་གོ། །རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་གི་དོན་ཏུ་དམིགས་པ་འདི་བཞིན་ཏུ་མཛོད། སྭ་བྷཱ་ཝ་སོགས་དབུ་རྒྱན་དར་དཔྱངས་ལྷན་ཅིག་དབང་གྲུབ་པ་དང་མཐའ་རྟེན་ཏུ་བུམ་པའི་ཆུས་ཀྱང་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་རྣམ་རྒྱལ་བུམ་ཆུ་ནས་སློབ་མ་རེ་རེའི་སྤྱི་བོར་ཀུ་ཤས་གཏོར་ལ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་


LT30_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། ཁྱེད་རྣམས་རིན་ཆེན་འབྱུང་ལྡན་གྱི་སོགས་མཆོད་པ་གོང་བཞིན། དེ་ལྟར་ན་ཁྱེད་རྣམས་ཀྱིས་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་ཅོད་པན་གྱི་མངོན་པར་དབང་བསྐུར་བ་ཐོབ། ང་རྒྱལ་དང་སེར་སྣ་དག །ཚོར་བའི་ཕུང་པོ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་ཏུ་བྱས། རིན་ཆེན་འབྱུང་ལྡན་གྱི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །འོད་དཔག་མེད་རྡོ་རྗེའི་དབང་གི་དོན་ཏུ་སོགས། སྭ་བྷཱ་ཝ་ནས། །རྡོ་རྗེའི་དབང་བསྐུར་གྲུབ་པ་དང་། །མཐའ་རྟེན་ཆུ་དབང་ཅོད་པན་ལྟར་ལ། འོད་དཔག་མེད་ཀྱིས་དབུ་བརྒྱན། ཁྱེད་རྣམས་འོད་དཔག་མེད་ཀྱི་སོགས་མཆོད། དེ་ལྟར་ན་ཁྱེད་རང་རྣམས་འོད་དཔག་མེད་ཀྱི་སྒོ་ནས་རྡོ་རྗེའི་མངོན་པར་དབང་བསྐུར་བ་ཐོབ། འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོ་སོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་ཀྱི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །དོན་ཡོད་གྲུབ་པ་དྲིལ་བུའི་དབང་གི་དོན་ཏུ་སོགས། སྭ་བྷཱ་བ་ནས། དྲིལ་བུའི་དབང་བསྐུར་གྲུབ་པ་དང་མཐའ་རྟེན་ཆུ་དབང་། དོན་ཡོད་གྲུབ་པས་དབུ་བརྒྱན། ཁྱེད་རང་རྣམས་དོན་ཡོད་གྲུབ་པ་སོགས། མཆོད། དེ་ལྟར་ན་ཁྱེད་རྣམས་དོན་ཡོད་གྲུབ་པའི་སྒོ་ནས་དྲིལ་བུའི་མངོན་པར་དབང་བསྐུར་བ་ཐོབ། ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། དོན་ཡོད་གྲུབ་པའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་པ་


LT30_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །རྣམ་པར་སྣང་མཛད་མིང་གི་དབང་བསྐུར་བའི་དོན་ཏུ་སོགས་ནས་མིང་དབང་བསྐུར། མེ་ཏོག་དབུས་སུ་ཕོག་ན་རྡོ་རྗེ་དྲག་པོ་རྩལ། ཤར་དུ་རྡོ་རྗེ་མི་བསྐྱོད་རྩལ། ལྷོར་རྡོ་རྗེ་རིན་ཆེན་རྩལ། ནུབ་ཏུ་རྡོ་རྗེ་ཆོས་རབ་རྩལ། །བྱང་དུ་རྡོ་རྗེ་ལས་རབ་རྩལ་སོགས་སུ་གདག་གོ། །མཐའ་རྟེན་ཆུ་དབང་། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན། ཁྱེད་རྣམས་རྣམ་པར་སྣང་མཛད་ཀྱི་སོགས། མཆོད། དེ་ལྟར་ན་ཁྱེད་རྣམས་ཀྱིས་རྣམ་པར་སྣང་མཛད་ཀྱི་སྒོ་ནས་མིང་གི་མངོན་པར་དབང་བསྐུར་བ་ཐོབ། གཏི་མུག་དག །གཟུགས་ཀྱི་ཕུང་པོ་གནས་གྱུར། ཆོས་དབྱིངས་ཡེ་ཤེས་མངོན་ཏུ་བྱས། རྣམ་པར་སྣང་མཛད་ཀྱི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །དེ་ལྟར་ན་དབང་ལྔ་སོགས། ཁྱེད་རང་རྣམས་བཛྲ་ཧེ་རུ་ཀ་ནས་རྡོ་རྗེ་རྩེ་དགུ་པ་ཕྱག་གཡས་གཡོན་དུ་གཏད་པས་བརྟུལ་ཞུགས་ཀྱི་དབང་ཐོབ་པའི་མོས་པ་མཛོད། ཤེས་རབ་པདྨའི་སོགས། དེ་ལྟར་ན་དབང་རྣམ་པ་དྲུག་གི་སྒོ་ནས་ཀུན་གཞིའི་དྲི་མ་སེལ་ཞིང་མ་རིག་པ་དང་ཉོན་མོངས་པ་དྲུག་དག་ནས་རིག་པ་དང་ཡེ་ཤེས་དྲུག་གི་དབང་ཐོབ་པ་ཡིན་ནོ། །དེ་རྣམས་ཀྱིས་རྡོ་རྗེ་སློབ་མའི་དབང་བསྐུར་སོང་ནས། རྡོ་རྗེ་སློབ་དཔོན་གྱིས་དབང་བསྐུར་བ་ཞུ་བའི་ཡོན་ཏུ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་བཏབ་པ་འདིའི་རྗེས་ཟློས་ལན་གསུམ་དུ་མཛོད། སློབ་དཔོན་ཆེན་པོ་དགོངས་སུ་གསོལ། །ཞེས་སོགས་བརྗོད། དེ་ལྟར་གསོལ་བ་བཏབ་ནས་དམིགས་པ་འདི་བཞིན་ཏུ་མཛོད།


LT30_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

དབང་སྟེགས་ཀྱི་སྟེང་དུ་ཁྱེད་རང་རྣམས་རྡོ་རྗེ་གཞོན་ནུ་སོགས་ནས། ཨ་ལས་བྱུང་བའི་དྲིལ་བུ་ཕྱག་གཡས་གཡོན་ཏུ་བྱིན་པས་དམ་ཚིག་གསུམ་པོ་ཆབ་ཅིག་ཏུ་བྱིན་པའི་མོས་པ་མཛོད། ཐབས་མཆོག་ཡེ་ཤེས་སོགས། དབང་དེ་དག་བརྟན་པའི་ཡན་ལག་ཏུ་བུམ་པའི་ཆུས་ཀྱང་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། སངས་རྒྱས་ཐམས་ཅད་སོགས། དེ་ལྟར་ན་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། མི་བསྐྱོད་པ་ཧེ་རུ་ཀས་གཙོར་མཛད་པའི་ཁྲོ་བོ་རིགས་ལྔས་དབུར་བརྒྱན་པ་ལ་སློབ་དཔོན་གྱིས་མཆོད་པས་མཆོད་པའི་མོས་པ་མཛོད། ཨརྒྷཾ་སོགས། སློབ་དཔོན་དབང་གི་ལྷ་དང་བཅས་པས་མེ་ཏོག་འཐོར་ཞིང་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་ཞིང་རབ་ཏུ་གནས་པར་མཛད་དོ། །མེ་ཏོག་འཐོར་ལ་སུ་ཏྲ་ཏིཥྛ་བརྗོད་ཅིང་རོལ་ཆེན་བྱ། དེ་ནས་རིགས་ལྔའི་སྤྲུལ་བཤད་ཀྱི་རྗེས་གནང་སྦྱིན་པ་ལ། ཁྱེད་རང་རྣམས་རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་གནས་པ་ལ་འཁོར་ལོ་ཕྱག་ཏུ་གཏད་ནས་རྗེས་སུ་གནང་བ་བྱིན་པའི་མོས་པ་མཛོད། འཇིག་རྟེན་ཁམས་ནི་སོགས་བརྗོད། དེས་རིགས་གཞན་བཞི་ཀར་འགྲེ། དུང་དང་བཀའི་གནང་བ་བྱིན། དེ་དག་གིས་ཁྱོད་ཀྱི་རྒྱུད་ལ་རྡོ་རྗེ་སློབ་དཔོན་གྱི་དབང་ཡན་ལག་བཅས་ཐོབ་པ་ཡིན་པས། དཀྱིལ་འཁོར་འབྲི་བ་དང་རབ་ཏུ་གནས་པ་དང་སློབ་མ་


LT30_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་བ་སོགས་ལས་རབ་འབྱམས་སྒྲུབ་པར་གྱིས་ཤིག །དེ་ལྟར་ན་བུམ་པའི་དབང་སོགས་བརྗོད། གསང་བའི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། གཟུགས་དང་ལང་ཚོས་བརྒྱན་པའི་རིག་མ་མཚན་ཉིད་དང་ལྡན་པ་ཕྱག་རྒྱའི་དོན་ཏུ་ཕུལ་བར་མོས་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སློབ་དཔོན་དམ་པ་སོགས་གསུམ། ཁྱེད་རང་རྣམས་རྡོ་རྗེ་གཞོན་ནུ་དཔའ་བོ་གཅིག་པའི་སྐུར་གྱུར་པར་མོས་མཛོད། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་སོགས་ནས། ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་ཕྱིན་པར་མོས། བྱང་ཆུབ་སེམས་ཀྱི་སོགས་བརྗོད་ལ་ཐོད་པའི་བདུད་རྩི་བྱིན། དེ་ལྟར་བྱང་ཆུབ་ཀྱི་སེམས་འབྱོངས་པས་ལུས་ཀྱི་རྩ་ཁམས་ཐམས་ཅད་བདེ་བར་སྨིན། རང་བཞིན་བརྒྱད་ཅུའི་རྟོག་པ་འགག །གསལ་སྟོང་བདེ་བས་བརྒྱན་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་མོས་ཏེ་ང་རྒྱལ་བཟུང་བ་འདིའི་རྗེས་ཟློས་མཛོད། དེ་རིང་སངས་རྒྱས་སོགས། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་སྤྲུལ་པའི་སྐུ་ཤཱཀྱའི་དབང་པོའི་རྣམ་པར་བཞེངས་པས་ཁྱེད་རང་རྣམས་བྱང་ཆུབ་མཆོག་ཏུ་ལུང་བསྟན་པར་མོས་མཛོད། །ཞྭ་ཕུད་སྣམ་སྦྱར་བཞེས་ཆོས་གོས་ཀྱི་གྲྭ་གཉིས་སེང་གེའི་རྣ་བ་ལྟར་བྱས་ལ། ཇི་ལྟར་ང་ཡིས་སོགས། རྡོར་དྲིལ་གཉིས་ཀ་ལག་པ་གཡས་པས་


LT30_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་ཏུ་བཟུང་བ་སློབ་མར་ཐད་དུ་དཀྲོལ་ཞིང་། ཀྱེ་རྡོ་རྗེ་དྲག་པོ་རྩལ་ཞེས་བྱ་བའི་དེ་བཞིན་གཤེགས་པ། ཨོཾ་སརྦ་སོགས། འདི་ལྟར་ངས་ལུང་བསྟན་པ་ལྟར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ལུང་སྟོན་པར་མཛད་པ་འདི་ནི། སྔགས་འདི་དང་ཕྱག་རྒྱ་འདིའི་མཐུའོ་ཞེས་བརྗོད་ཅིང་སྣམ་སྦྱར་དང་རྡོར་དྲིལ་བཞག །དེ་ལྟར་ན་གསང་བའི་དབང་སོགས་བརྗོད། ཤེས་རབ་ཡེ་ཤེས་དབང་བསྐུར་བ་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །སྔོན་གྱི་སངས་རྒྱས་སོགས་གསུམ། ཁྱེད་རང་རྣམས་ལ་སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་རིག་མ་བཅུ་དྲུག་ལོན་ཅིང་ལང་ཚོ་ཕུལ་དུ་བྱུང་བ་མཚན་ཉིད་ཡོངས་སུ་རྫོགས་པ་རེ་བྱིན་པར་མོས་མཛོད། རིག་ཙཀ་གཏད་ལ། སྔོན་གྱི་རྒྱལ་བ་སོགས། དེས་ཀྱང་ཟབ་མོའི་བརྟུལ་ཞུགས་ལ་སྤྱོད་པའི་ནུས་པ་ཡོད་མེད་བརྟག་པའི་དོན་ཏུ་དྲི་བ་སྨྲས་པར་མོས། བུ་ཁྱོད་ཚུར་ཤོག་སོགས། དེ་ལྟར་དྲིས་པ་ལ་ནུས་ཤིང་སྤྲོ་བའི་ལན་བཏབ་པར་མོས་ལ་འདིའི་རྗེས་ཟློས་མཛོད། ཤེས་རབ་དད་པས་སོགས། རིག་མ་དེ་ཉིད་དགེས་ཏེ་རྒྱན་དང་བྲལ་བ་ལུས་ནམ་མཁའི་གོས་ཅན་དུ་བྱས་པ་ལ། གུར་གུམ་ལ་


LT30_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རས་དྲི་ཞིམ་པས་ཆུས་བྱུགས། ཆུ་སྐྱེས་རྩ་མཛེས་པའི་བྷ་ག་བསྟན་ཏེ་པདྨའི་ཆེ་བ་བརྗོད་པར་མོས་མཛོད། རྨད་བྱུང་ང་ཡི་པདྨ་སོགས། སློབ་དཔོན་གྱིས་རིག་མའི་ལག་གཡོན་པ་ཁྱེད་རང་རྣམས་ཀྱི་གཡས་སུ་གཏད་དེ་རིག་མའི་བརྟུལ་ཞུགས་བྱིན་པར་མོས་མཛོད། ཤེས་རབ་དམ་པ་སོགས་ནས། བསྟེན་པར་གྱིས། ཁྱེད་རང་རྣམས་དཔལ་རྡོ་རྗེ་གཞོན་ནུ་དང་། རིག་མ་དེ་ཡུམ་འཁོར་ལོ་རྒྱས་འདེབས་མར་གསལ་བའི་ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པའི་ནོར་བུར་ཨོཾ། རྩེ་མོར་ཕཊ་དང་བཅས་པ། ཡུམ་གྱི་མཁའ་ཨ་ལས་པདྨ་ཨས་མཚན་པ། ཡབ་ཀྱི་རྡོ་རྗེ་ནོར་བུའི་རྩ་བར་རྩ་གསུམ་འདུས་པའི་རྩ་གཡས་ལ་ཨོཾ་དཀར་པོ། གཡོན་ལ་ཨཱཿདམར་པོ། དབུས་སུ་ཧཱུྃ་མཐིང་ནག །རྩེ་མོར་ཕཊ་ཡིག་སེར་པོ། ཡབ་ཡུམ་འཁྱུད་པ་དང་ཙུམྦ་ན་དང་། གསང་གནས་སྦྱར་བའི་འདོད་ཆགས་ཆེན་པོའི་མེས་དྲོད་སྐྱེས་ཏེ། ཐིག་ལེ་དྭངས་མ་རྣམས་ཞུ། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་འཁོར་ལོ་བཞི་བརྒྱུད་དེ། རྡོ་རྗེ་ནོར་བུའི་རྩ་བར་བྱོན་པས་དགའ་བ། དབུས་སུ་བྱོན་པས་མཆོག་དགའ། རྩ་གསུམ་འདོམས་པའི་གནས་སུ་བྱོན་པས་དགའ་བྲལ་གྱི་དགའ་བ། རྡོ་རྗེ་ནོར་བུའི་རྩེ་མོར་མཐར་ཐུག་


LT30_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱོན་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་ཏུ་བྱས་སྙམ་དུ་ཅུང་ཟད་ཅིག་མཉམ་པར་བཞག །ཕྱིར་བ་ཐག་ཙམ་ཡང་མ་འཛག་པར་བྱས་ཏེ་རླུང་འཕོ་བ་མེད་པའི་གདངས་དང་བཅས་པ་ཧཱུྃ་ཞེས་ཡར་དྲངས། ཡབ་ཡུམ་སོ་སོའི་ལྟེ་བའི་རྩ་འཁོར་གང་བས་དགའ་བ། ཡར་དྲངས་སྙིང་གའི་རྩ་འཁོར་གང་བས་མཆོག་དགའ། ཡར་དྲངས་མགྲིན་པའི་རྩ་འཁོར་གང་བས་དགའ་བྲལ་གྱི་དགའ་བ། ཡར་དྲངས་སྤྱི་བོའི་རྩ་འཁོར་གང་བས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་ཏུ་བྱས་པར་མོས་ནས་ལུས་ཀྱི་འཁྲུལ་འཁོར་དང་། རླུང་དང་། སྤྱོད་ལམ་ལ་སོགས་པའི་སྒོ་ནས་ལུས་ཐམས་ཅད་ལ་ཁྱབ་པར་དགྲམ་པ་ལ་བརྟེན་ནས། ལུས་ཐམས་ཅད་ལ་རྩས་ཁྱབ། རྩ་ཐམས་ཅད་ལ་བྱང་ཆུབ་སེམས་ཀྱིས་ཁྱབ། དེ་ཐམས་ཅད་ལ་བདེ་བ་དང་སྟོང་པ་ཟུང་འཇུག་གིས་ཁྱབ་པ་སྟེ། བདེ་སྟོང་ཟུང་འཇུག་རྣམ་པར་མི་རྟོག་པའི་ངང་ལ་ཅུང་ཟད་ཅིག་མཉམ་པར་འཇོག་པ་ཞུ། དེ་ལྟར་ལྷ་དང་སྔགས་དང་སོགས། མངོན་ཏུ་བྱས་པ་དེའི་མཐུས། སྲིད་པའི་སྡུག་བསྔལ་ཐམས་ཅད་ལས་འདས་ནས་བདེ་ཆེན་རྡོ་རྗེ་སེམས་དཔའ་ཉིད་དུ་ངེས་པར་འཚང་རྒྱ་བར་འགྱུར་རོ། །དུས་གསུམ་སངས་རྒྱས་སོགས། དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། གསོལ་བ་


LT30_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་པ་འདིའི་རྗེས་ཟློས་མཛོད། ཁྱོད་ཞབས་པདྨོའི་སོགས་གསུམ། རྒྱུའི་མཐར་ཕྱིན་པ་བདུད་རྩི་མྱང་བའི་དོན་ཏུ་དམིགས་པ་འདི་བཞིན་ཏུ་མཛོད། ཁྱེད་རང་རྣམས་ཧེ་རུ་ཀ་སོགས་ནས་ཉམས་མྱོང་ལ་ཅུང་ཟད་རེ་མཉམ་པར་ཞོག་ཅིག །ཅེས་མཉམ་པར་འཇོག་ཏུ་བཅུག །འབྲས་བུ་མཐར་ཕྱིན་སོགས་ནས་ཞེས་བྱར་བརྗོད། འདི་ལྟར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྐྱེ་འགག་གནས་གསུམ་དང་བྲལ་བ། བསམ་བརྗོད་ཀྱི་ཡུལ་ལས་འདས་ཤིང་རྣམ་ཐར་སྒོ་གསུམ་གྱི་མཚན་ཉིད་ཅན་དེ་ཉིད་རང་གི་སེམས་བདེ་སྟོང་གི་ངོ་བོར་ཤར་བ། ལྷན་སྐྱེས་ཕྱག་རྒྱ་ཆེན་པོ་རང་བྱུང་ཡེ་ཤེས་དང་གཉིས་སུ་མེད་པའི་དོན་ཡིན་ནོ། །དེ་ལྟར་ན་བཞི་པའི་སོགས། དེ་ལྟར་དབང་བཞི་རྫོགས་པར་བསྐུར་བ་ལ་བརྟེན་ནས་རིག་པ་འཛིན་པའི་སྡོམ་པ་རྫོགས་པ་ཁྱེད་རྣམས་ཀྱི་རྒྱུད་ལ་ཐོབ་པས། སྔགས་ཀྱི་དམ་ཚིག་ས་མ་ཡ་འབུམ་སྡེ་རྣམས་ལ་ཅི་ནུས་ཀྱིས་སློབ་དགོས་པས་དེ་དག་གི་རྩ་བ་དམ་ཚིག་ཉི་ཤུ་རྩ་བརྒྱད་པོ་བསྲུང་བར་གདམས་པ་འདི་ལ་གསན་འཚལ། རྡོ་རྗེ་སློབ་དཔོན་སོགས། དེ་ལྟར་བསྒྲགས་པས་དེང་ཕྱིན་ཆད་སྲུང་སྡོམ་ཚུལ་བཞིན་ཏུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་གསུམ། དབང་བཞི་རྫོགས་པར་ཐོབ་པའི་གཏོང་རག་ཏུ་


LT30_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་འབུལ་བ་ཞུ། ཚོམ་བུ་བདུན་མ་འབུལ། སླར་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་ཐམས་ཅད་ཀུན་བཟང་མཆོད་པའི་སྤྲིན་ཆེན་པོར་སྤྲོས་ཏེ་འབུལ་ན་ཆ་ཤས་ནས་ལོངས་སྤྱོད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། །དེང་ནས་བརྩམས་ཏེ་སོགས། དེ་རྣམས་ཀྱིས་འཁོན་སྟོན་རྡོ་རྗེ་འཛིན་པ་རྣམས་ཀྱི་བཀའ་སྲོལ། གྲུབ་པ་ཐོབ་པའི་རྒྱུན་བར་མ་ཆད་པ་ལས་བྱོན་པའི་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་བསྐུར་ཡོངས་སུ་རྫོགས་པ་གྲུབ་པ་ཡིན་པས་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་དང་། འདི་ཉིད་ཀྱི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབ་པར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་གྱེས་སོ། །རྗེས་ཀྱི་བྱ་བ་ནི། ཚོགས་ཀྱི་ཆོ་ག་དང་། ལྷག་མའི་ཆོ་ག་རྒྱས་པར་བྱ། བརྟན་མ་བསྐྱང་། རྟ་བྲོ་བརྡུང་། དངོས་གྲུབ་བླང་། སྤྲོ་ན་ཚེ་འགུགས་ཀྱང་བྱ། བཟོད་གསོལ། ཡེ་ཤེས་པ་བརྟན་བཞུགས་དང་། འཇིག་རྟེན་པ་གཤེགས། དཀྱིལ་འཁོར་བསྡུ། བསྔོ་སྨོན་དང་བཀྲ་ཤིས་ཀྱིས་མཐའ་རྒྱས་སུ་བྱ་བ་སོགས་ལས་གཞུང་ཇི་ལྟ་བ་ཚང་ལ་མ་འཁྲུལ་བར་བྱའོ། །ཕན་ནུས་ཟབ་མོའི་དབང་གི་ཆུ་རྒྱུན་གྱིས། ཁམས་དྲུག་ལྡན་པའི་སྒྲིབ་པ་བཞི་སྦྱངས་ཏེ། །འཛིན་མའི་ཁོར་ཡུག་ལམ་བཞི་སྒོམ་པས་ཁྱབ། །ཀུན་ཀྱང་སྐུ་བཞིའི་


LT30_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་ཉིད་གྱུར་ཅིག །ཅེས་པ་འདིའང་། དད་དམ་ལྷག་པའི་བསམ་པ་གསེར་དང་མཚུངས་པ་སྒྲུབ་བླ་མ་ཀརྨ་མཆོག་གསལ་སོགས་འཛམ་ཐང་བླ་མ་ལྔ་སྡེའི་བཞེད་ངོར། རྗེ་བཙུན་ཐམས་ཅད་མཁྱེན་པའི་གསུང་རབ་ཀྱི་ཞབས་ཏོག་ཏུ་དམིགས་ཏེ། སྒྲོལ་མགོན་གཉིས་པ་ཀརྨ་ཏཱའི་སི་ཏུའི་བཀའ་སློབ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་བསྟན་དང་འགྲོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །དགེ་ལེགས་འཕེལ།། །།


previousབཅོམ་ལྡན་འདས་རྡོ་རྗེ་ཕུར་པའི་སྟོད་ལས་ཀྱི་དབང་བསྐུར་བའི་ལག་ལེན་གསལ་བར་བྱེད་པ་བདུད་རྩིའི་དོ་ཤལ།next