Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
འཁོན་ལུགས་རྡོ་རྗེ་ཕུར་པའི་གཏོར་དབང་གི་ཡི་གེ་བྱིན་རླབས་བཅུད་ཀྱི་ཐིགས་པ།
   
   
   
   
   
   
   


 
previousའཁོན་ལུགས་རྡོ་རྗེ་ཕུར་པའི་གཏོར་དབང་གི་ཡི་གེ་བྱིན་རླབས་བཅུད་ཀྱི་ཐིགས་པ།next

འཁོན་ལུགས་རྡོ་རྗེ་ཕུར་པའི་གཏོར་དབང་གི་ཡི་གེ་བྱིན་རླབས་བཅུད་ཀྱི་ཐིགས་པ།


LT30_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

འཁོན་ལུགས་རྡོ་རྗེ་ཕུར་པའི་གཏོར་དབང་གི་ཡི་གེ་བྱིན་རླབས་བཅུད་ཀྱི་ཐིགས་པ་ཞེས་བྱ་བ་བཞུགས་སོ། །


LT30_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་ཁྲོས་པས་ཞེ་སྡང་གི། །གདུག་ཅན་ཐལ་འབྱིན་ཧེ་རུ་ཀ །ཕྲིན་ལས་རིགས་མཆོག་ལ་བཏུད་ནས། །སྨིན་བྱེད་སྙིང་པོའི་དོན་གསལ་བྱ། །གསང་སྔགས་སྔ་འགྱུར་གྱི་རྒྱུད་གཞུང་རྣམས་སུ་གཏོར་མ་ལ་ཤེས་པ་བཞིའམ་དྲུག་ལྡན་དང་ཕྲིན་ལས་རབ་འབྱམས་གཏོར་མ་ལ་བརྟེན་ནས་སྒྲུབ་པའི་ཚུལ་རྒྱ་ཆེར་གསུངས་པའི་ནང་ཚན། དབང་དུས་གཏོར་མ་ལྷར་ཤེས་པས་སྨིན་བྱེད་ཐམས་ཅད་ཀྱི་སྣ་འདྲེན་ཅིང་མཇུག་སྡུད་པ་དང་། གཏོར་མའི་དབང་ནི་དབང་བསྐུར་ཐམས་ཅད་ཀྱི་སྙིང་པོར་གསུངས་པ་ལྟར། འདིར་ཡང་སྟོད་སྨད་ཀྱི་དབང་བསྐུར་རྫོགས་པ་མ་ཐོབ་པ་ལ་བྱིན་རླབས་སྒོ་འབྱེད་དང་བསྐྱེད་བཟླས་ཀྱི་སྣོད་དུ་རུང་བའི་ཕྱིར། དྲག་པོ་སྒྲོལ་དབང་གི་མཐའ་བརྟེན་དུ་འབྱུང་བ་ཉིད་ཁོལ་ཕྱུང་དུ་བྱ་བ་སྤྲོ་ན། སྟེགས་བུའི་སྟེང་དུ་ཁྲིའུ་ལ་གཏོར་མ་སྟོད་ཟུར་གསུམ་སྨད་ཟླུམ་པོ་ཐེབས་ཀྱུས་


LT30_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ་དཀར་ཐིག་དམར་གུར་ཅན་ལ་སྐུ་ཙག་དང་དར་གདུགས་མཐིང་ཁས་བརྒྱན་པ་བཤམ། དེའི་གཡས་གཡོན་ཏུ་ཐོད་པ་སྨན་རག་གི་བཅུད་ལྡན། མདུན་ཏུ་ཆུ་གཉིས་ཉེར་སྤྱོད་ཀྱི་མཆོད་པའི་ཕྲེང་བ་བཤམ། སློབ་དཔོན་གྱིས་བླ་མ་དམ་པས་མཛད་པའི་སྒྲུབ་ཐབས་བསྡུས་པའམ། ས་ལོ་ཆེན་པོས་མཛད་པའི་བསྙེན་སྒྲུབ་གསལ་བྱེད་བདུད་རྩིའི་འོད་ཅན་གང་རུང་ངམ། བསྡུ་ན་རྒྱུན་ཁྱེར་ཕྱག་རྒྱ་གཅིག་པས་ཀྱང་རུང་ལ་གང་ལྟར་སྐྱབས་སེམས་ནས་བརྩམ། བསྐྱེད་བསྟིམས་སོགས་དང་བཟླས་པའི་བར་བདག་མདུན་དབྱེར་མེད་དུ་བྱས་ལ་བཟླས་པ་བསྡུས་ཏེ། །རང་ཉིད་གཙོ་བོ་ལས་བྱེ་བའི་གཙོ་བོ་གཉིས་པར་གྱུར་བར་མོས། སྔོན་ཏུ་མཆོད་བསྟོད་མ་སོང་ན་སྐབས་འདིར་མདོར་བསྡུས་བྱ། དེ་ནས་


LT30_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་རྣམས་སྒོའི་ཕྱི་རོལ་དུ་ཁྲུས་བྱ། ནང་དུ་འོང་བ་དང་སློབ་དཔོན་གྱི་ཀི་ལ་ཡའི་དྲག་སྔགས་བརྗོད་ཅིང་རོལ་མོ་ཡུངས་ཐུན་གུ་གུལ་བདུག་ལ་བགེགས་བསྐྲད། མཎྜལ་བཀྱེ་བསྡུ་བྱས། སེམས་བསྐྱེད་གསལ་བཏབ་ལ། དེ་ལ་འདིར་སྔ་འགྱུར་བཀའ་མའི་ཆོས་སྡེ་ཡོ་ག་རྣམ་པ་གསུམ་གྱི་ནང་ཚན་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་བྱེ་བྲག །ཕུར་པ་རོལ་པའི་རྒྱུད་སྡེ་རྣམས་ལ་བརྟེན་ནས་སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་རྩལ་གྱིས་སྒྲུབ་ཐབས་རྒྱས་བསྡུས་མཐའ་ཡས་པ་མཛད་ནས། བོད་ཡུལ་གྱི་ལྗོངས་སུ་ཆོས་རྒྱལ་ཡབ་སྲས་གཙོ་བོར་གྱུར་པའི་རྗེ་འབངས་སོ་སོའི་ཐུགས་དམ་གྱི་སྐལ་པར་སྩལ་ཞིང་གྲུབ་པའི་འབྲས་བུ་མངོན་དུ་གྱུར། དེ་དག་གི་དབོན་སྲས་རིགས་འཛིན་རྩལ་འཆང་བར་མ་ཆད་པ་ལས་བྱོན་པའི་བཀའ་སྲོལ་དུ་མ་ཞིག་མཆིས་པ་རྣམས་ཀྱི་ནང་ནས་ཉི་ཟླ་ལྟར་གྲགས་པ། འཁོན་ཀླུའི་དབང་པོའི་ཐུགས་དམ། འཁོན་སྟོན་གྲུབ་པའི་དབང་པོ་ད་ལྟའི་བར་དུ་ཟམ་མ་ཆད་པའི་རྒྱུན་ལས་བྱོན་པས་བྱིན་རླབས་ཀྱི་གཟི་བྱིན་དང་ཕྲིན་ལས་བཀའ་བབས་ཀུན་ལས་ཁྱད་པར་དུ་འཕགས་ཤིང་འགྲན་ཟླ་དང་བྲལ་འདི་ཉིད་ལ་བརྟེན་པའི་སྨིན་བྱེད་ཀྱི་སྙིང་པོ་གཏོར་མའི་དབང་བསྐུར་སྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སློབ་དཔོན་དམ་པ་དགོངས་སུ་གསོལ། །རྡོ་རྗེ་གཞོན་ནུའི་དབང་བསྐུར་


LT30_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བ། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །དེ་རིང་བདག་ལ་སྩལ་དུ་གསོལ། །ལན་གསུམ། །རྒྱུད་རྣམ་པར་དག་པར་བྱ་བའི་ཕྱིར། བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྩ་བ་གསུམ་གྱི་ལྷ་ཚོགས་སྤྲིན་གཏིབས་པ་ལྟ་བུས་བསྐོར་ཏེ་བཞུགས་པའི་སྤྱན་སྔར་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་ལ་སོགས་པའི་ཡན་ལག་བརྒྱད་ཚུལ་བཞིན་དུ་བགྱི་བར་མོས་པས་རྒྱུན་བཤགས་འདིའི་རྗེས་ཟློས་ལན་གསུམ་གསུང་བར་ཞུ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བརྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པ་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དགོས་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ལན་གསུམ། དེ་ནས་བྱིན་རླབས་ཀྱི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པ་ལ་ལུས་དྲང་པོར་བསྲང་ཞིང་ཡིད་


LT30_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱིས། ཨོཾ་མ་ཧཱ་ཤུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པའི་རྐྱེན་གྱིས་ཁྱེད་རང་རྣམས་འདུག་གནས་དང་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྷནྡྷ་ཧཱུྃ་ཕཊ། ཅེས་བརྗོད་པའི་རྐྱེན་གྱིས། པདྨ་ཉི་མ་ཟླ་བ་དབང་ཕྱུག་ཕོ་མོ་བསྣོལ་བའི་གདན་གྱི་སྟེང་དུ། ཁྱེད་རང་རྣམས་སྐད་ཅིག་ཙམ་གྱིས་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། ཞལ་གཡས་དཀར་གཡོན་དམར་དབུས་མཐིང་ནག །ཕྱག་དྲུག་གི་གཡས་དང་པོ་གཉིས་ཀྱིས་རྡོ་རྗེ་རྩེ་དགུ་པ་དང་རྩེ་ལྔ་པ། གཡོན་དང་པོ་གཉིས་ཀྱིས་མེ་དཔུང་འབར་བ་དང་རྩེ་གསུམ་བསྣམས་པ། ཐ་མ་གཉིས་ཀྱིས་རི་རབ་ཀྱི་ཕུར་བུ་འདྲིལ་ཞིང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པའི་པང་ན་ཡུམ་འཁོར་ལོ་རྒྱས་འདེབས་མ་སྔོན་མོ། །ཞལ་གཅིག་ཕྱག་གཉིས་གཡས་འཁོར་ལོ། །གཡོན་ཐོད་ཁྲག །རུས་པའི་རྒྱན་གྱིས་བརྒྱན་པ་དང་མཉམ་པར་སྦྱོར་བའི་སྐུ་ཅན་རེ་གསལ་ལམ་མེ་བྱུང་བའི་མོས་པ་མཛོད། རང་གི་སྙིང་གར་ཧཱུྃ་ཡིག་སྔགས་ཀྱི་ཕྲེང་བ་མེ་འོད་རབ་ཏུ་འབར་བ་དང་བཅས་པ་འཁོད་པར་གྱུར། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པའི་ཐུགས་ཀ་ནས། རྡོ་རྗེ་མཁའ་འགྲོ་མ་ལྕགས་ཀྱུ་ཐོགས་པ་དཔག་ཏུ་མེད་པ་སྤྲུལ་ཞིང་སྤྲོས། ཕྱོགས་བཅུ་ན་བཞུགས་


LT30_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཐམས་ཅད་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས། བ་སྤུའི་བུ་ག་ནས་ཞུགས། སྙིང་གའི་ས་བོན་སྔགས་བཅས་ལ་ཐིམ། སྡིག་སྒྲིབ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། ལུས་ནང་ཐམས་ཅད་འོད་ཀྱིས་གང་བར་གྱུར། འབྲུ་བཅུ་དྲུག་པའི་སྔགས་ཀྱི་མཐར། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨ་ཨ། ཞེས་ལན་གྲངས་ཅི་ནུས་བརྗོད་གུ་གུལ་སོགས་འདེབས་པའི་རྗེས་བདུག་ཅིང་རོལ་མོའི་སྒྲ་བྱའོ། །དེ་ལྟར་དབབ་པའི་ཡེ་ཤེས་པ་སྒོ་གསུམ་དང་དབྱེར་མི་ཕྱེད་པར་བརྟན་པར་བྱས་པའི་མོས་པ་མཛོད། རྡོ་རྗེ་མགོར་བཞག་ལ། ཏིཥྛ་བཛྲཿཞེས་བརྗོད། དེ་ནས་དཔལ་གྱི་གཏོར་ཆེན་ཐོགས་ལ། གཏོར་མ་འདི་ཉིད་དུར་ཁྲོད་ཆེན་པོའི་ཀློང་དཀྱིལ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་སུ་པདྨ་ཉི་མ་ཟླ་བ་དབང་ཕྱུག་ཕོ་མོ་བསྣོལ་བའི་སྟེང་དུ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ་ཡུམ་འཁོར་ལོ་རྒྱས་འདེབས་མ་དང་མཉམ་པར་སྦྱོར་བའི་སྐུར་གསལ་བའི་སྤྱི་བོའི་ཨོཾ་དཀར་པོ་ལས་སྐུ་དང་ཡིག་འབྲུ་ཕྱག་མཚན་འོད་ཟེར་དཀར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་ལས་ཀྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། སྐུའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་པའི་མོས་འདུན་མཛོད་ཅིག །ཧཱུྃ་


LT30_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱི་སྤྱོད་པས་འགྲོ་དོན་ཏུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་པར་མཛོད། །དབང་དང་དངོས་གྲུབ་འདིར་སྩོལ་ཅིག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྷནྡྷ་ཧཱུྃ་ཕཊ། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། །ཞེས་གཏོར་མ་སྤྱི་བོར་བཞག །ཡང་གཏོར་མ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དངོས་སུ་གསལ་བའི་མགྲིན་པའི་ཨཱཿདམར་པོ་ལས་སྐུ་དང་ཡིག་འབྲུ་ཕྱག་མཚན་འོད་ཟེར་དམར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་ངག་གི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། གསུང་གི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་པའི་མོས་འདུན་མཛོད་ཅིག་ཧཱུྃ། ཐབས་ཀྱི་སྤྱོད་པས་སོགས་ཤློ་ཀ་དང་སྔགས་གོང་ལྟར་གྱི་ཤམ་དུ། ཝཱཀ་ཨ་བྷི་ཥིཉྩ་ཨཱཿཞེས་མགྲིན་པར་བཞག །ཡང་གཏོར་མ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དངོས་སུ་གསལ་བའི་ཐུགས་ཀའི་ཧཱུྃ་སྔོན་པོ་ལས་སྐུ་དང་ཡིག་འབྲུ་ཕྱག་མཚན་འོད་ཟེར་སྔོན་པོའི་ཚོགས་དཔག་ཏུ་མེད་པར་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་པའི་མོས་འདུན་རྩེ་གཅིག་ཏུ་མཛོད། ཚིགས་བཅད་སྔགས་བཅས་གོང་ལྟར་ལ། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་སྙིང་གར་བཞག །ཡང་གཏོར་མ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དངོས་སུ་


LT30_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའི་གནས་གསུམ་ནས་སྐུ་དང་ཡིག་འབྲུ་ཕྱག་མཚན་འོད་ཟེར་ཁ་དོག་སྣ་ཚོགས་པ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་ཆ་མཉམ་གྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། རྡོ་རྗེ་གསུམ་འདུས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་པའི་མོས་འདུན་རྩེ་གཅིག་ཏུ་མཛོད། ཚིགས་བཅད་སྔགས་ཀྱི་མཐར། སརྦ་ཨ་བྷི་ཥིཉྩ་ཧྲཱིཿཞེས་གནས་གསུམ་དུ་བཞག །སླར་ཡང་གཏོར་མ་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གཙོ་འཁོར་སྤྲུལ་པ་ཕྱག་བརྙན་དང་བཅས་པའི་སྟེང་གི་ཆ་ལ་རིག་འཛིན་རྩ་བརྒྱུད་བླ་མ། བར་གྱི་ཆ་ལ་ཡི་དམ་རྒྱུད་སྡེའི་ལྷ་ཚོགས། འོག་གི་ཆ་ལ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་ཏེ་བཞུགས་པ། ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས། སྐུའི་ཆ་རྣམས་ནས་ཁྲོ་ཆུང་མཚོན་ཆ་མེ་དཔུང་གི་ཚོགས་འཕྲོས་པས་ནད་གདོན་བར་དུ་གཅོད་པ་ཐམས་ཅད་རྒྱང་རིང་དུ་བསྐྲད་ཅིང་བསལ། རྡོ་རྗེ་བདུད་རྩི་བྱིན་རླབས་ཡེ་ཤེས་ཀྱི་ཆུ་རྒྱུན་དཔག་ཏུ་མེད་པ་བྱུང་ཞིང་ཁྱེད་རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་གང་བས་དབང་བཞི་རྩལ་རྫོགས་སུ་ཐོབ། དངོས་གྲུབ་རྣམ་པ་གཉིས་སྟན་ཐོག་གཅིག་ཏུ་བརྙེས་པར་མོས་ཤིག །ཧཱུྃ། །འཁོར་བ་ཕུར་བུ་བསྒྲུབ་དོན་ཏུ། །དབང་དང་བྱིན་རླབས་ཞུ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་


LT30_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སུ་གསོལ། །ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཕུར་པའི་དངོས་གྲུབ་སྩལ་དུ་གསོལ། །ཅེས་དང་། །ཡེ་ཤེས་ལྔ་ལྡན་རིགས་ལྔ་བདེ་བར་གཤེགས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །འཁོར་ལོ་རབ་བསྐོར་ཞི་ཁྲོའི་སྐུར་སྟོན་པ། །ཐུགས་དམ་བཞིན་དུ་འདི་ལ་བརྩེར་དགོངས་ནས། །དྲག་པོའི་སྟོབས་ཀྱིས་དགྲ་བགེགས་བསྒྲལ་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་གཏོར་མ་སྤྱི་བོར་བཞག་ལ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྟོབས་གཅིག་ཏུ་འདུས་པ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པས་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ། ནད་གདོན་སྡིག་སྒྲིབ་བགེགས་དང་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བ་དང་། ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་རྒྱུད་ལ་སྐྱེས་ནས་མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་དང་སྙིང་པོ་བརྗོད། མཐར། གཏོར་མའི་ལྷ་ཚོགས་འཁོར་དང་བཅས་པ་འོད་དུ་ཞུ་ནས་


LT30_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་མཛོད། ཛཿཧཱུྃ་བཾ་ཧོཿམཐའ་རྟེན་བཟླས་པའི་ལུང་སྦྱིན་པའི་དོན་དུ་དམིགས་པ་འདི་བཞིན་ཏུ་མཛོད། སློབ་དཔོན་དང་ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རྡོ་རྗེ་སྔོན་པོ་ནས་འབྲས་ཙམ་གྱི་ལྟེ་བར་ཉི་མའི་སྟེང་དུ་ཧཱུྃ་ཡུངས་འབྲུ་ཙམ་གྱི་མཐར། ཀཱི་ལ་ཡ་སྐྲ་ཤད་ཀྱིས་བྲིས་པ་ལྟ་བུས་བསྐོར་ནས་ཡོད་པའི་མོས་པ་མཛོད་ལ། སློབ་དཔོན་ལ་གུས་འདུད་དྲག་པོ་དུད་པར་བྱས་པས། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས། སྔགས་ཕྲེང་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང་། སློབ་དཔོན་གྱི་ཞལ་ནས་ཐོན། །ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལ། དང་པོས་ཐིམ། གཉིས་པས་བྱིན་བརླབས། གསུམ་པས་བརྟན་པར་བྱས་པའི་མོས་པ་མཛོད་ལ། སྔགས་འདིའི་རྗེས་ཟློས་ལན་གསུམ་བར་དུ་མཛོད། ཀཱི་ལ་ཡ་ལན་གསུམ། དེ་ནས་ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་མེ་ཏོག་འཐོར་བཞིན་པས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །གསུམ། སློབ་དཔོན་གྱིས་མེ་ཏོག་བྱིན་གྱིས་བརླབས་ནས། བཅོམ་ལྡན་འདི་ལ་སོགས་སྤྱི་ལྟར་བྱ། དེ་ནས་མེ་ཏོག་འཐོར་ཞིང་ཤིས་བརྗོད་བྱས་ལ་རོལ་མོ་བསྒྲག །དེ་ལྟར་རྡོ་རྗེ་ཕུར་པའི་བཀའ་སྲོལ་ཐམས་ཅད་ཀྱི་ནང་


LT30_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བ་འཁོན་ལུགས་གྲུབ་བརྙེས་རིག་འཛིན་བར་མ་ཆད་པའི་བྱིན་བརླབས་ཀྱི་རྒྱུན་གཅིག་ནས་གཅིག་ཏུ་བྱོན་པ་གཏོར་མ་ལ་བརྟེན་པའི་སྨིན་བྱེད་ཟབ་མོ་བཟླས་ལུང་དང་བཅས་པ་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་ལེན། གཏོང་རག་དགེ་བསྔོ་སོགས་སྤྱི་ལྟར་བྱས་པས་འགྲུབ་ལ། ཆོ་གའི་རྗེས་ཀྱི་བྱ་བའང་ཕྲིན་ལས་གང་ལ་བརྟེན་པ་དེ་ལྟར་བྱ་བ་ཡིན་ནོ། །འབར་བ་ཆེན་པོའི་བྱིན་རླབས་ཉིན་བྱེད་ཀྱིས། །བར་ཆད་དམ་སྲིའི་མུན་པར་རྩད་ནས་བཅོམ། །བསྟན་འགྲོ་དགེ་ལེགས་པད་མཚོ་རྒྱས་པ་ཡིས། །ས་གསུམ་ཀུན་དགར་བྱེད་པའི་བཀྲ་ཤིས་ཤོག །ཅེས་པ་འདིའང་དཔལ་ཧེ་རུ་ཀ་དང་རྣམ་དབྱེར་མ་མཆིས་པ་ཁྱབ་བདག་བླ་མ་འཇམ་དབྱངས་མཁྱེན་རྩེའི་དབང་པོའི་བཀའ་ལུང་ནོར་བུའི་རྒྱལ་པོ་བྱི་དོར་བྱ་བའི་བློས། །ཀུ་སཱ་ལི་གུ་འི་མིང་ཅན་བློ་གྲོས་མཐའ་ཡས་པའི་སྡེས། རྩ་བའི་རྒྱུད་དང་འཁོན་ལུགས་དྲག་པོ་སྒྲོལ་དབང་སོགས་ལས་རྩ་བ་ཙམ་བྱུང་བའི་ལུས་བཟང་ལ་སྨིན་བྱེད་སྤྱི་འགྲོའི་ཆོ་གའི་ལང་ཚོས་རྣམ་པར་སྤྲས་ཏེ་དཔལ་ཆེན་རོལ་པའི་ཕོ་བྲང་གལ་བར་སྐལ་ལྡན་ཀུན་དགའི་དགའ་སྟོན་ཏུ་བགྱིས་པ་དགེ་ལེགས་འཕེལ། །


previousའཁོན་ལུགས་རྡོ་རྗེ་ཕུར་པའི་གཏོར་དབང་གི་ཡི་གེ་བྱིན་རླབས་བཅུད་ཀྱི་ཐིགས་པ།next