Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་རྡོ་རྗེ་ཕུར་པའི་བསྐྱེད་རྫོགས་ཀྱི་ཁྲིད་ཡིག་ས་བོན་ཙམ་སྨོས་པ་རྡོ་རྗེའི་གསང་མཛོད།
   
   
   
   


 
previousབཅོམ་ལྡན་འདས་རྡོ་རྗེ་ཕུར་པའི་བསྐྱེད་རྫོགས་ཀྱི་ཁྲིད་ཡིག་ས་བོན་ཙམ་སྨོས་པ་རྡོ་རྗེའི་གསང་མཛོད།next

བཅོམ་ལྡན་འདས་རྡོ་རྗེ་ཕུར་པའི་བསྐྱེད་རྫོགས་ཀྱི་ཁྲིད་ཡིག་ས་བོན་ཙམ་སྨོས་པ་རྡོ་རྗེའི་གསང་མཛོད།


LT30_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རྡོ་རྗེ་ཕུར་པའི་བསྐྱེད་རྫོགས་ཀྱི་ཁྲིད་ཡིག་ས་བོན་ཙམ་སྨོས་པ་རྡོ་རྗེའི་གསང་མཛོད་ཅེས་བྱ་བ་བཞུགས་སོ།། །།


LT30_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་འདས་རྡོ་རྗེ་ཕུར་པའི་བསྐྱེད་རྫོགས་ཁྲིད་ཡིག་ས་བོན་ཙམ་སྨོས་པ་རྡོ་རྗེའི་གསང་མཛོད་ཅེས་བྱ་བ། ན་མོ་གུ་རུ་མ་ཧཱ་ཤྲི་ཡེ། རྒྱལ་བ་ཀུན་འདུས་རྡོ་རྗེ་ཐོད་ཕྲེང་རྩལ། །དབྱེར་མེད་འཁོར་ལོའི་དབང་ཕྱུག་།ཐུགས་རྗེའི་གར། །ཕྲིན་ལས་ཡོངས་རྫོགས་ཕྱག་རྒྱར་བསྒྱུར་དེ་ལ། །མི་ཕྱེད་དད་པས་འདུད་དོ་རྗེས་འཛིན་མཛོད། །རྒྱ་བོད་མཁས་གྲུབ་ཐུགས་ཀྱི་བརྣག་པ་སྟེ། །རྒྱུད་རྒྱལ་ལུང་གི་བླ་མ་མན་ངག་གི། །ངེས་དོན་རིག་མཆོག་འབུམ་སྡེ་རི་ཡང་སྙིང་འདི། །འཆད་ལ་རྩ་བ་གསུམ་གྱིས་གནང་བ་སྩོལ། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་བརྣག་པ། །རྒྱ་བོད་མཁས་གྲུབ་ཐམས་ཅད་ཀྱི་གཅེས་པའི་དབྱིག །བྱང་ཆུབ་སྒྲུབ་པ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ཕྲིན་ལས་ཀྱི་ལྷ་མཆོག་རྡོ་རྗེ་ཕུར་པའི་ཟབ་ཁྲིད་འཆད་པ་སྟེ་དེའང་སྤྱིར་རྡོ་རྗེ་ཕུར་པ་ལ་རྒྱུད་ཀྱི་བསྡུ་ཐབས་གཉིས།


LT30_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཐབས་གསུམ། ཁོག་དོན་དྲུག །ཐེམས་སྦྱོར་བཅུ། །གནད་ཐོབ་བཅུ་གཉིས། གསང་ཐེམས་ཉེར་གཅིག་ལ་སོགས་པར་གསུངས་པ་རྣམས་ཧྲིལ་གྱིས་དྲིལ་ན། སྟོད་ལས་བྱང་ཆུབ་སྒྲུབ་པ་དང་། སྨད་ལས་དགྲ་བགེགས་བསྒྲལ་བའི་ལམ་གྱི་རིམ་པ་གཉིས་སུ་འདུ་བའི་ཕྱིར། ཕུར་བུའི་རྒྱུ་བཞིའི་གང་ཟག་རྣམ་པ་བཞི་མཐར་དབྱུང་ཞེས་པའི་དོན། ཕུར་བུ་ངན་སྔགས་གཙུག་ལག་གི་རྒྱུད་ལས། ཕུར་བུ་རྣམ་བཞིའི་དགོངས་པ་ཡིས། །གང་ཟག་རྣམ་བཞི་མཐར་དབྱུང་ངོ་། །རིག་པ་ཡེ་ཤེས་ཕུར་བུ་ནི། །ཆོས་ཀྱི་དབྱིངས་ཀྱི་ཀློང་དུ་གདབ། །ཐུགས་རྗེ་སྤྲུལ་པའི་ཕུར་བུ་ནི། ཁམས་གསུམ་སེམས་ཅན་ལ་གདབ་པའོ། །གསང་བ་བྱང་སེམས་ཕུར་པ་ནི། །ཡུམ་གྱི་མཁའ་ཀློང་ཡངས་པར་གདབ། །མཚན་མ་རྫས་ཀྱི་ཕུར་པ་ནི། །དགྲ་


LT30_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

དང་བགེགས་ལ་གདབ་པའོ། །ཞེས་གསུངས་སོ། །དེ་ལྟར་ཕུར་བུ་ཐལ་འབྱིན་གྱི་དགོངས་པ་རྣམ་པ་བཞི་ལས་སྔ་མ་གསུམ་དཀར་པོ་བྱང་ཆུབ་ལམ་གྱི་སྒྲོན་མེ་ཞེས་བྱ་བ་སྟོད་ལས་དང་། ཕྱི་མས་སྨད་ལས་སྒྲོལ་བའི་ལམ་རིམ་སྟོན་པ་ལས་འདི་སྐབས་སུ་བབས་པ་ནི། སྟོད་ལས་བྱང་ཆུབ་སྒྲུབ་པའི་ལམ་རིམ་སྟོན་པ་ཡིན་ཅིང་། དེའང་ཆུ་བོ་བཞི་འདུས་ཀྱི་སྒོ་ནས་བཤད་ཅིང་ཉམས་སུ་ལེན་དགོས་པ་ལས། སྨིན་བྱེད་དབང་གི་ཆུ་བོ་སྐུར་བྱེད་ངོ་སྤྲོད་དང་བཅས་པས་རྒྱུད་སྨིན་ཅིང་དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊཱིཀ་གཏོང་ཐུན་དང་བཅས་པས་གདམས་པའི་ཕུ་ཐག་བཅད་གྲུབ་པའི་དབང་དུ་བྱས་ཏེ། སྐབས་འདིར་གདམས་པ་ཉམས་ལེན་གྱི་ཆུ་བོ་ལག་ལེན་མངོན་རྟོགས་དང་བཅས་པ། མན་ངག་གནད་ཀྱི་ཆུ་བོ་དྲིས་ལེན་གེགས་སེལ་དང་བཅས་པ་ལྟོ་སྦྱར་བའི་སེམས་འཛིན་གྱི་སྙིང་པོ་ཙམ་ཞིག་འཆད་པ་ལ་སྤྱི་དོན་གསུམ། སྔོན་དུ་འགྲོ་བས་རྒྱུད་སྦྱོང་བ། དངོས་གཞི་ཉམས་སུ་ལེན་པ། རྗེས་ཀྱི་བྱ་བས་བསྒྲུབ་བྱ་མཐར་དབྱུང་བའོ། །དང་པོ་ནི། །ཐུན་མོང་བ་དལ་འབྱོར་རྙེད་དཀའ་ལ་ངེས་པ་རྙེད། འཆི་བ་མི་རྟག་པས་རྒྱུད་འཁུལ། ལས་འབྲས་བསླུ་མེད་ལ་ཡིད་ཆེས་སྐྱེས། འཁོར་བའི་ཉེས་དམིགས་ཀྱིས་ཞེན་ལོག་དང་ངེས་འབྱུང་སྐྱེས་པའི་གང་ཟག་གིས། ཐུན་མོང་མ་ཡིན་པ་ཐེག་པ་ཐམས་ཅད་ཀྱི་གཞི་མ་སྐྱབས་འགྲོ་སེམས་བསྐྱེད། སྡིག་སྒྲིབ་སྦྱོང་བྱེད་རྡོ་རྗེ་སེམས་དཔའི་བསྒོམ་བཟླས། ཚོགས་བསགས་མཎྜལ་གྱི་ཆོ་ག །བྱིན་རླབས་


LT30_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་དུ་འཇུག་བྱེད་བླ་མའི་རྣལ་འབྱོར་ནི་དཔལ་ཡང་དག་ལ་སོགས་པ་རིགས་མཐུན་གཞན་ནས་འབྱུང་བ་ལ་ཁ་བསྒྱུར་ཕྲན་བུས་བརྒྱན་ཏེ་གནད་དུ་སྨིན་པར་ཉམས་སུ་བླང་ངོ་། །གཉིས་པ་ལ་གཉིས། ལྟ་བས་ཐག་བཅད་པ། སྒོམ་པས་དྲོད་དང་ལྡན་པར་བྱ་བའོ། །དང་པོ་ནི། ནམ་མཁའ་ལྟ་བུའི་གང་ཟག་གིས་རིག་པ་ཡེ་ཤེས་ཀྱི་ཕུར་པ་ཡུལ་ཆོས་ཀྱི་དབྱིངས་ལ་གདབ་པ་སྟེ། རྒྱུད་ལས། །ལྟ་བ་རྟོག་བྲལ་མ་འཁྲུལ་བ། །རྡོ་རྗེ་གཞོན་ནུའི་དགོངས་པ་ཡིན། །ཅེས་པས་འདི་ལ་གསུམ། དོན་མ་ནོར་བའི་ལྟ་བ། རིག་པ་མ་བཅོས་པའི་ལྟ་བ། དབྱིངས་དྲང་པོའི་ལྟ་བའོ། །དང་པོ་ནི། གནས་པ་གཞིའི་རྡོ་རྗེ་གཞོན་ནུ་ཞེས་བྱ་ཞིང་། དེའང་རང་གི་སེམས་ཉིད་ཡིན་ཏེ་སེམས་དེ་རྒྱུས་མ་བསྐྱེད། རྐྱེན་གྱིས་མི་འཇིག །སངས་རྒྱས་སྒམ་སྟེ་མ་མཛད། སེམས་ཅན་སྒྲིན་ཏེ་མ་བཅོས། རང་འབྱུང་གི་ཡེ་ཤེས་ཆེན་པོ་ཡིན་པ་ལ་ཡིན་པར་ངོ་ཤེས་པའོ། །གཉིས་པ་ནི། བགྲོད་པ་ལམ་གྱི་རྡོ་རྗེ་གཞོན་ནུ་ཞེས་བྱ་སྟེ། དེ་ལྟར་འཁོར་འདས་ཆོས་སྐུ་ཉག་གཅིག་གི་རང་བཞིན་དུ་གནས་པ་དེ་མ་རྟོགས་པས་དངོས་མཚན་ཏུ་བཟུང་བ་རྣམས་ལ་དམིགས་མེད་སྙིང་རྗེ་མཁའ་ཁྱབ་ཏུ་སད་པའི་ཐབས་ཤེས་གཉིས་མེད་ལམ་དུ་ཁྱེར་བའོ། །གསུམ་པ་ནི། གྲུབ་པ་འབྲས་བུའི་རྡོ་རྗེ་གཞོན་ནུ་ཞེས་བྱ་སྟེ། ནམ་མཁའ་ལས་ཆོ་འཕྲུལ་བྱུང་ཡང་རང་ལས་བྱུང་ཞིང་རང་ལ་ཐིམ། ངོ་བོས་ཀུན་ལ་ཁྱབ་པ་ལྟར་ཆོས་ཉིད་ལས་རོལ་པ་བྱུང་། རོལ་པ་ཆོས་ཉིད་དུ་ཐིམ། ཆོས་ཉིད་ཀྱིས་ཀུན་ལ་


LT30_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པས་རང་སེམས་གློ་བུར་གྱི་དྲི་མ་དང་བྲལ་བ་ནི་དག་པ་གཉིས་ལྡན་ཆོས་ཀྱི་སྐུ་མངོན་དུ་གྱུར་པ་ཡིན་ཅིང་། དེའང་སྐུ་ལྔ་སེམས་ཀྱི་གཤིས་ལ་ཚང་སྟེ། སེམས་སྤྲོས་བྲལ་ཆོས་སྐུ། དེའི་རྒྱན་དང་རོལ་པ་གཟུགས་སྐུ་གཉིས། དེ་ལ་སྡུག་བསྔལ་མེད་པ་བདེ་བ་ཆེན་པོའི་སྐུ། དེ་རྣམས་དབྱེར་མི་ཕྱེད་པ་ངོ་བོ་ཉིད་ཀྱི་སྐུ། དེ་ལ་ཡེ་ཤེས་དགུའང་ཚང་སྟེ། ངོ་བོ་སྤྲོས་པ་བྲལ་བ་ཆོས་དབྱིངས་ཡེ་ཤེས། གསལ་ལ་རྟོག་པ་མེད་པས་མེ་ལོང་ལྟ་བུ་ཤེས་པ་སོ་སོར་གསལ་བས་སོར་རྟོག །ངོ་བོ་གཅིག་ཏུ་མཉམ་པས་མཉམ་ཉིད། ཐམས་ཅད་ལྷུན་གྲུབ་ཏུ་སྣང་བས་བྱ་གྲུབ། སྣང་ཚད་ཡེ་ཤེས་སུ་འདུག་པས་རྟོགས་པའི་ཡེ་ཤེས། རང་གི་རང་རིག་པས་རང་བྱུང་ཡེ་ཤེས་སྣང་རིག་ཟུང་འཇུག་ཏུ་ཐེབས་པས་རྒྱས་འདེབས་ཡེ་ཤེས། དེ་ཐམས་ཅད་དོན་ལ་ཐ་སྙད་དང་བྲལ་བས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཏེ། མདོར་ན། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །ཞེས་པས་རིག་པའི་རྩལ་མ་འགགས་པར་སྣ་ཚོགས་སུ་ཤར་བའི་སྣང་བ་འདི་རྣམས་ཡེ་ཤེས་ཡིན་པས་རྟགས་ལྷའི་དཀྱིལ་འཁོར་དུ་རྫོགས། སྣང་བ་དེ་ཀའི་དུས་ནས་ངོ་བོས་སྟོང་པས་དོན་ཆོས་ཀྱི་དབྱིངས་སྤྲོས་པ་བྲལ་བར་གནས། དེ་གཉིས་དབྱེར་མེད་པའི་སྲས་བདེ་ཆེན་བྱང་ཆུབ་སེམས་ཀྱི་རང་བཞིན་ཏུ་གནས་པས་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་ལྟ་བ་ཞེས་བྱ་བ་དེ་ཉིད་རྟོགས་དོན་སྒོམ་པ་འོག་ནས་འཆད་པའི་རིམ་པས་ཉམས་སུ་


LT30_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་པས་འཁོར་བའི་རྩད་ཆོད་ནས་འབྲས་བུ་ཆོས་སྐུ་འཐོབ་པར་འགྱུར་ཏེ། །རྩ་རྒྱུད་རྡོ་རྗེ་ཁྲོས་པ་ལས། །རིག་པ་ཡེ་ཤེས་ཕུར་པ་དེ། །ལྷང་གིས་རྟོགས་ན་ཐེབས་པ་ཡིན། །འབྲས་བུ་ཆོས་སྐུ་སྐྱེ་མེད་འཐོབ། །མ་ཐེབས་མ་བཏབ་འཁོར་བར་འཁྱམས། །ཞེས་གསུངས་སོ། །གཉིས་པ་སྒོམ་པ་ལ། སྤྲོས་བཅས་བསྐྱེད་པའི་རིམ་པ་དང་། །སྤྲོས་མེད་རྫོགས་པའི་རིམ་པའོ། །དང་པོ་ནི། རི་བོ་ལྟ་བུའི་གང་ཟག་གིས་ཐུགས་རྗེ་སྤྲུལ་པའི་ཕུར་པ་ཡུལ་ཁམས་གསུམ་ལ་གདབ་པ་སྟེ། དེ་ལ་གསུམ། ཕྱི་བསྐྱེད་པའི་རིམ་པ། ནང་བསྐྱེད་པའི་རིམ་པ། །གསང་བ་བསྐྱེད་པའི་རིམ་པའོ། །དང་པོ་ཕྱི་བསྐྱེད་པའི་རིམ་པ་ལའང་གསུམ། ཐབས་བསྐྱེད་རིམ་བསྒོམ་པ། །ཤེས་རབ་རྫོགས་རིམ་གྱི་རྒྱས་གདབ་པ། །གཉིས་མེད་ཟུང་འཇུག་ལམ་དུ་ཁྱེར་བའོ། །དང་པོ་ནི། །སྒྲུབ་ཐབས་དང་སྦྲེལ་ན་སྔོན་འགྲོ་ལས་བདུན་དང་། ངེས་རྫོགས་ཀྱི་བསྐྱེད་རིམ་ལ་སྔོན་འགྲོ་རྣམ་བཞི་ཙམ་གསལ་བཏབ་ནས་བསྒོམ་དོན་དངོས་ལ་ལྔ། དཀྱིལ་འཁོར་རྣམ་པ་གསུམ་སྔོན་ཏུ་འགྲོ་བས་བསྐྱེད་རིམ་གྱི་གཞི་བཟུང་། སྲོག་ཡེ་ཤེས་སུ་དབང་བསྐུར། མཆོད་ཅིང་བསྙེན་པས་དངོས་གྲུབ་ཀྱི་བཅུད་བླང་། མཉམ་བཞག་གི་ཏིང་ངེ་འཛིན་དངོས་བཤད། རྗེས་སྤྱོད་ཛཔྲ་བཟླས་ཞར་བྱུང་དུ་སྨོས་པའོ། །དང་པོ་ལ་གསུམ། གཞིའི་ཏིང་ངེ་འཛིན་རྟེན་གཞལ་ཡས་ཁང་། བརྟེན་པ་ལྷ་བསྐྱེད་པའོ། །དང་པོ་ལ་གསུམ། དེ་བཞིན་ཉིད། ཀུན་ཏུ་སྣང་།


LT30_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུའི་ཏིང་ངེ་འཛིན་ནོ། །དང་པོ་ནི། བདེ་བའི་གདན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་དེ། གང་དུ་ལྟ་བས་ཐག་བཅད་པའི་དབྱིངས་དང་ཡེ་ཤེས་དབྱེར་མེད་བདེ་བ་ཆེན་པོའི་ངང་དུ། ཅི་ལའང་མི་རྟོག །གང་དུའང་མི་འཛིན། ཅིར་ཡང་མི་དམིགས་པར་མཉམ་པར་བཞག །རྣམ་རྟོག་སྐྱེས་ན་རང་གྲོལ་འཛིན་མེད་དུ་ཁྱེར་ཏེ་མདོར་ན་ལས་དང་པོ་པས་སྟོང་ཉིད་ལ་སྒྲ་སྤྱི། ལས་གོམས་པ་པས་དོན་སྤྱི། ལས་སྨིན་པ་པས་དོན་རང་གི་མཚན་ཉིད་དུ་ཉམས་སུ་བླང་ངོ་། །གཉིས་པ་ནི། མཉམ་བཞག་དེ་ལ་གོམས་པ་ན། དམིགས་པའི་ཡུལ་དེ་ལྟར་མ་རྟོགས་པའི་མཁའ་ཁྱབ་ཀྱི་སེམས་ཅན་ལ། རྣམ་པ་ཚད་མེད་པའི་སྙིང་རྗེ་ཆེན་པོ་བསྐྱེད་པས་རྐྱེན་བྱས་ནས། རང་བྱུང་གཞོམ་མེད་ཀྱི་ཧཱུྃ་སྒྲ་བྲག་ཆ་ལྟ་བུར་སད་པ་དང་ལྷན་ཅིག །རང་གི་རིག་པ་ཁ་དོག་ལྔ་ལྡན་གྱི་འོད་གསལ་ལ་མ་འགགས་པར་སྣང་བར་བསྒོམ། གསུམ་པ་ནི། དེ་ལྟར་སྟོང་ཉིད་སྙིང་རྗེ་ཟུང་འཇུག་རྒྱུ་ཡི་ཡི་གེ་ཧཱུྃ་མཐིང་ཁ་འོད་ཟེར་རབ་ཏུ་འཕྲོ་བ་ཞིག་ནམ་མཁའ་ལ་ཐོལ་གྱིས་བྱུང་བར་མོས་ལ། ལས་དང་པོ་པ་དམིགས་པ་མི་བརྟན་པ་ཡིན་ན། ཚོན་གྱིས་བྲིས་པའི་ཧཱུྃ་ཡིག་སྔོན་པོ་མདུན་ཏུ་བཞག་ལ་སེམས་རྩེ་གཅིག་ཏུ་གཏད་དེ་ཡུལ་གསུམ་གྱད་དུ་གྱུར་གྱི་བར་བསྒོམ་མོ། །གཉིས་པ་རྟེན་གཞལ་ཡས་ཁང་བསྒོམ་པ་ལ་གསུམ། འོག་གཞི་འབྱུང་བ་རིམ་བརྩེགས། གཞལ་ཡས་ཁང་བསྒོམ་པ། གདན་བསྐྱེད་


LT30_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དང་པོ་ནི། རྒྱུའི་ཧཱུྃ་ལས་ཨེ་ལ་སོགས་པའི་ས་བོན་རིམ་བཞིན་ཆད། འོད་ཟེར་སྤྲོ་བསྡུས་དོན་བྱས། ཚུར་འདུས་ཕྱི་ལྟར་ནམ་མཁའ་རླུང་ཆུ་རི་རབ་མེ་དཔུང་བཅས་པ། ནང་ལྟར་སེམས་དབུགས་ཁྲག་ཤ་དྲོད་ཀྱི་རང་བཞིན། གསང་བ་དུག་ལྔ། དེ་ཁོ་ན་ཉིད་སྐུ་ལྔ་དང་ཡེ་ཤེས་ལྔར་དག་པའི་ངོ་བོར་བསྒོམ། གཉིས་པ་ནི། རྒྱུའི་ཡི་གེ་ལས་བྷྲཱུྃ་ཆད། རི་རབ་ཀྱི་སྟེང་དུ་ཕྱི་རིན་ཆེན་སྣ་ལྔ། ནང་ཐོད་པ་སྐམ་རློན་ལས་བྱས་པའི་གཞལ་ཡས་ཁང་རྒྱ་ཁྱོན་ཚད་མེད་པ། དུར་ཁྲོད་འབར་བའི་རྒྱན་དང་བཀོད་པ་ཡོངས་སུ་རྫོགས་ཤིང་ཕྱི་རོལ་དུར་ཁྲོད་ཆེན་པོ་བརྒྱད། དེའི་ཕྱོགས་བཞིར་ཤར་ན་བྱ་ཀཾ་ཀ་སྒྲོག་པ། ལྷོར་ཁྱི་ཀྱི་ལིང་དུ་ཟུག་པ། ནུབ་ན་འདྲེ་མེ་འབར་བ། བྱང་ན་དུ་བ་ཐུལ་བ་སྟེ་དུར་ཁྲོད་ཀྱི་ཆས་བཞི་དང་སྲུང་བའི་འཁོར་ལོ་ལ་སོགས་པས་བསྐོར་བ་གསལ་གདབ། དེའང་། སྲིད་པ་རྡོ་རྗེ་ཕུར་པའི་ལྷ། ཞེས་པས་སྟོང་གསུམ་ཕུར་པའི་རང་བཞིན་ཏུ་གདོད་ནས་གྲུབ་པ་ཉིད་མོས་སྒོམ་གྱིས་ཁྱབ་པར་བྱ་སྟེ། རྒྱུད་ཁྲོ་བོ་རོལ་པ་ལས། དབལ་ནི་ངན་སོང་འཁོར་བའི་གནས་བཅུ་རྫོགས། །རྒྱ་མདུད་འོག་མ་འདོད་ཁམས་གནས་ཉི་ཤུ། །བཅུ་མ་གཞོག་སྨད་ལ་གཟུགས་ཁམས་གནས་བཅུ་བདུན། །སྟོད་ལ་གཟུགས་མེད་སྐྱེ་མཆེད་མུ་བཞིའི་ལྷ། །ཞེས་དང་། །རྒྱ་མདུད་བདེ་གཤེགས་གཞལ་ཡས་ཁང་། །དཀྱིལ་འཁོར་ཆེན་པོར་རང་བཞིན་གནས། །ཞེས་གསུངས་པས་སྟོང་གསུམ་ཕུར་


LT30_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་རང་བཞིན་ཏུ་གསལ་བའི་རྒྱ་མདུད་གོང་མར་དཔལ་ཆེན་པོའི་གཞལ་ཡས་ཁང་གི་དབུས་སུ་གྲུ་གསུམ་མཐིང་ནག །དེ་རྒྱབ་འཁོར་ལོའམ་རྒྱ་མདུད་ལྡེགས་པས་མཚན་པ་དང་བཅས་པར་བསྒོམ། གསུམ་པ་ནི། དབུས་སུ་སོ་སོའི་ས་བོན་ལས་སྐྱེས་པའི་ཟླ་བ་ཉི་མའི་སྟེང་དུ་ཛཿཧཱུྃ་བྃ་ཧོཿཞེས་པས་སྤྲུལ་པའི་ལྷ་མོ་བཞིས་བཀུག་པའི་རུ་ཏྲ་ཕོ་ཁ་སྦུབ། མོ་གན་རྐྱལ། རྩིབས་རྣམས་སུ་ཕྱོགས་སྐྱོང་ཕོ་མོ། །སྒོ་བཞིར་དྲི་ཟ་གཤིན་རྗེ་ཀླུ་དབང་གནོད་སྦྱིན་རྣམས་དང་། མོས་པའི་གདན་རང་ལ་གནོད་པའི་དགྲ་བགེགས་ཀྱང་བཀུག་ལ་བཏིང་བར་མོས། །གསུམ་པ་བརྟེན་པ་ལྷ་བསྐྱེད་པ་ལ་གསུམ། །ཆོས་སྐུའི་ངོ་བོར་བདག་རྩ་བའི་དཀྱིལ་འཁོར། །ལོངས་སྐུའི་ངོ་བོ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར། །སྤྲུལ་སྐུའི་ངོ་བོ་ཕུར་པ་རྫས་ཀྱི་དཀྱིལ་འཁོར་བསྐྱེད་པའོ། །དང་པོ་ལ་བཞི་ཚན་དྲུག་སྟེ། །དེའང་བསྐྱེད་རྒྱུའི་སེམས་དཔའ་བཞི་པོ་ནི། ཐོག་མར་མཚམས་ཀྱི་ལྷ་དཔའ་བོ་གཅིག་པ་དམ་ཚིག་སེམས་དཔའ། ཏིང་འཛིན་གསུམ་བསྒོམས་ནས་དཔལ་ཆེན་པོར་བསྐྱེད་པ་ཏིང་འཛིན་སེམས་དཔའ། ཡེ་ཤེས་པ་སྤྱན་འདྲེན་པ་ཡེ་ཤེས་སེམས་དཔའ་རང་དང་གཉིས་མེད་དུ་བསྲེ་བ་གཉིས་སུ་མེད་པའི་སེམས་དཔའ་སྟེ་ལུགས་འདིའི་བསྐྱེད་རིམ་བསྒོམ་ཕན་ཆད་དེ་བཞི་ཚང་དགོས་སོ། །བསྐྱེད་པའི་ཆ་ལུགས་བཞི་ནི། ཕུར་པ་གསང་རྒྱུད་ལས་གསུངས་པའི་རྡོ་རྗེ་གཞོན་ནུ་དབུ་སྟོང་ཕྱག་སྟོང་སྤྱན་བྱེ་བ་སྟོང་མངའ་བ་


LT30_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཕུར་པ་མྱང་འདས་ལས་གསུངས་པའི་ཕུར་པ་ཆེ་མཆོག་དབུ་དགུ་ཕྱག་བཅོ་བརྒྱད་པ་དང་། རྩ་རྒྱུད་རྡོ་རྗེ་ཁྲོས་པ་སོགས་རྒྱུད་ཕལ་ཆེར་ལས་གསུངས་པའི་དབུ་གསུམ་ཕྱག་དྲུག་པ་དང་། ཀཱི་ལ་ཡ་བཅུ་གཉིས་ཀྱི་ཏནྟྲ་ནས་འབྱུང་བའི་ཞལ་གཅིག་ཕྱག་གཉིས་པ་སྟེ། བློ་དང་སྦྱར་ནས་བསྒོམ་པ་ཡིན་ནོ། །བསྐྱེད་པའི་མཚན་ཉིད་བཞི་ནི། བདུད་དང་སྲིན་པོ་ཁྲོས་པ་ལྟ་བུ་མ་ཡིན་པར་ཐུགས་རྗེ་ཆེན་པོས་གདུལ་བྱ་འདུལ་བའི་ཐབས་སུ་བསྟན་པ་ཡིན་པས། བློ་ཡང་རབ་ཀྱིས་བྱམས་པ་དང་སྙིང་རྗེའི་ལྷར་བསྒོམ། བློ་རབ་དག་པ་དྲན་པས་ལྷར་བསྒོམ། བློ་འབྲིང་རྣམ་པ་ཙམ་དུ་ལྷར་བསྒོམ། བློ་ཐ་མས་ལྷའི་ང་རྒྱལ་ཙམ་དུ་བསྒོམ་པར་བྱ་སྟེ། སྔགས་པ་ལྷ་ལམ་པ་བྱ་བ་ང་རྒྱལ་ཙམ་གྱིས་ཀྱང་དོན་འགྲུབ་པ་ཡིན་གསུངས། བསྐྱེད་པའི་གནས་སྐབས་བཞི་ནི། ལས་དང་པོ་པས་ཤེས་པ། ལས་གོམས་པ་པས་བདག་ཉིད། ལས་སྨིན་པ་པས་ཕུང་པོ། ལས་མཐར་ཕྱིན་པས་ཡུལ་ཐམས་ཅད་ལྷར་བསྒོམ། བསྐྱེད་ཐབས་ཀྱི་ཆོ་ག་བཞི་ལས་བློ་ཡང་རབ་སྐད་ཅིག་དྲན་རྫོགས་སུ་བསྐྱེད་པ་ནི་རྣམ་པར་རྟོག་པས་བར་དུ་མ་ཆོད་པས་ཡེ་ཤེས་ཀྱི་ཚོགས་ཁོ་ན་སྟེ་བཟང་། བློ་རབ་ཀྱིས་སྟོང་ཉིད་སྙིང་རྗེའི་ངང་ནས་རྩ་སྔགས་བརྗོད་པས་ལྷ་སྐུར་ལྡངས་ཏེ་རྟོག་པ་ཉུང་བས་བསོད་ནམས་ཡེ་ཤེས་གཉིས་ཀ་ཡོད། བློ་འབྲིང་རྣམས་ཆོ་ག་གསུམ་གྱིས་ལྷར་ལྡངས་ཏེ། གསུང་ཡིག་འབྲུ་ཧཱུྃ།


LT30_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཕྱག་མཚན་རྡོ་རྗེ། དེ་ལས་སྐུ་ཡོངས་སུ་རྫོགས་པ་རྡོ་རྗེ་གཞོན་ནུར་གསལ་བར་བསྐྱེད་དོ། །བློ་ཐ་མ་རྣམས་ཀྱིས་བསྐྱེད་རྒྱུའི་ཆོས། གསུང་ཡིག་འབྲུ། ཐུགས་ཕྱག་མཚན། རྒྱུ་རྡོ་རྗེ་འཆང་གསུམ་ལ། བསྐྱེད་ཐབས་ཀྱི་ཆོས་བཅུ་དྲུག་གིས་བསྐྱེད་དེ། དེའང་གོང་དུ་གསལ་བཏབ་པའི་རྒྱུའི་ཡི་གེ་ཧཱུྃ་མཐིང་ནག་དེ། གཙོ་བོའི་གདན་ཐོག་ཏུ་བབས། དེ་ལས་འོད་ཟེར་སྤྲོས། དོན་གཉིས་མཛད། སླར་བསྡུས། བརྟེན་པར་འཁོད་པ་བཞི་བྱས་པས་རྡོ་རྗེ་རྩེ་དགུ་པར་སོང་། དེ་ལས་ཀྱང་སྤྲོ། མཛད། བསྡུ་བརྟན་བཞི་པོས་རྒྱུའི་རྡོ་རྗེ་སེམས་དཔའ་དཀར་པོའམ་རྡོ་རྗེ་ཧཱུྃ་གིས་མཚན་པའམ་དེ་ཞུ་བའི་ཐིག་ལེར་སོང་། དེ་ལས་སྤྲོ། མཛད། བསྡུ། བརྟན་བཞི་དང་རྩ་སྔགས་བརྗོད་པས་རྡོ་རྗེ་གཞོན་ནུ་ཡུམ་དང་བཅས་ཤིང་རྒྱན་ཕྱག་མཚན་ཡོངས་སུ་རྫོགས་པའི་སྐུར་གསལ་གདབ། དེ་ལས་ཀྱང་སྤྲོ་སོགས་བཞི་བྱས་པས་བསྐྱེད་པའི་ཡན་ལག་བཅུ་དྲུག་དང་ལྡན་པའི་བསྐྱེད་རིམ་མཚན་ཉིད་དང་ལྡན་པ་གྲུབ། །དེ་ལྟར་གཙོ་བོ་ཡབ་ཡུམ་རྫོགས་པ་དང་། བསྐྱེད་པའི་ལྷ་བཞི་གསལ་གདབ་དགོས་ཏེ། །དེའང་དང་པོ་སྲོག་གི་ལྷ་ནི། རང་གི་ཐུགས་ཙིཏྟ་རིན་པོ་ཆེ་ཟུར་བརྒྱད་པའི་ནང་དུ་ཡེ་ཤེས་སེམས་དཔའ་ཚོན་གང་བ་བརྫུས་སྐྱེས་སུ་བསམ། དེའི་ཐུགས་ཀར་ཉི་ཟླའི་དལ་སྲན་མའི་གའུ་ཙམ་གྱི་ལྟེ་བར་ཧཱུྃ་མཐིང་ཀ །མཐའ་སྐོར་དུ་ཀཱི་ལ་འབྲུ་དགུ་སྤུས་བྲིས་པ་ལྟ་བུས་བསྐོར་བ། དེའི་སྒོ་སྲུང་རྟ་མགྲིན་གསང་བའི་


LT30_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་བཞི་དང་བཅས་པ་བསྒོམ། གཉིས་པ་སྐུ་གསུང་ཐུགས་ཀྱི་ལྷ་ནི། ཐིག་ལེའམ་ས་བོན་ལས། སྤྱི་བོར་བུདྡྷ། མགྲིན་པར་པདྨ། ཐུགས་ཀར་བཛྲ་གསུམ་མམ། བཀའ་མ་ལྟར་ན་ལྟེ་བར་རཏྞ། གསང་གནས་སུ་ཀརྨ་སྟེ་ཧེ་རུ་ཀ་ལྔ་ཡུམ་དང་བཅས་པ་དཀར་དམར་མཐིང་སེར་ལྗང་གུའི་ཁ་དོག་ཅན། རང་རྟགས་ཕྱག་མཚན་བཅས་བསྒོམ། གསུམ་པ་རྒྱན་གྱི་ལྷ་ནི། དབང་རྟགས་སུ་རིགས་ལྔ་ཆ་གཅིག་གིས་དབུ་བརྒྱན་པ་ཏེ་ས་ལུགས་སོགས་ལ་དཀྱིལ་འཁོར་གསུམ་ཆ་རེ་རེ་བཞིན་དབང་བསྐུར་སོགས་དགོས་པས་འདིར་འདོན་བསྒོམ་དུ་བྱ་ཞིང་། སྤྱི་ཙམ་དུ་དཀྱིལ་འཁོར་རྣམ་གསུམ་ཆབ་གཅིག་ཏུ་དབང་བསྐུར་བའི་དབང་དུ་བྱས་ནས་འོག་ཏུ་འཆད་དོ། །བཞི་པ་གོ་ཆའི་ལྷ་ནི། བ་སྤུ་བྱེ་བས་ཡར་ཁྲོ་ཆུང་རེ་རེ་བསྒོམ་སྟེ་ཁྲབ་གྱོན་པ་ལྟར་རོ། །གཉིས་པ་ནི། ས་ལུགས་ལྟར་ན་རྩིབས་སྦུབས་ཅན་ཁང་ཐབས་ཀྱི་ནང་དང་། གཞན་ལ་འཁོར་ལོ་རྩིབས་བརྒྱད་དམ་བཅུ་པ་གདན་ཐབས་ཀྱི་སྟེང་སོ་སོའི་གདན་ལ་བསྐྱེད་པ་སྟེ། དེའང་གཙོ་བོ་ཡབ་ཡུམ་གྱི་མཁའ་གསང་བྱིན་གྱིས་བརླབ། སྙོམས་འཇུག་མཛད་པའི་སྦྱོར་མཚམས་ནས་ཧཱུྃ་སྦྲེལ་མ་བཅུ། ཐིག་ལེ་དཀར་དམར་ཉི་ཤུ། ཛཿཧཱུྃ་བྃ་ཧོཿ བཞི་བཅས་སྤྲོས། འོད་ཟེར་སྤྲོ་བསྡུས་ཁྲོ་བོ་ཡབ་ཡུམ་བཅུ། ཁྲ་ཐབས་ཉི་ཤུ། ནང་སྒོར་སྒོ་མ་བཞི་བཅས་བསྐྱེད། དེའང་སྐྱེ་གནས་བཞི་སྦྱོང་བར་བྱེད་པའི་ཕྱིར་གཙོ་བོ་ཡབ་ཡུམ་བརྫུས་སྐྱེས་སམ། སྐྱེ་གནས་བཞི་ཀ་ཚང་བ།


LT30_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བཅུ་ཡབ་ཡུམ་མངལ་སྐྱེས། ཁྲ་ཐབས་ཉི་ཤུ་སྒོང་སྐྱེས། ལུས་གྲུབ་ན་གྲིབ་མ་རང་བཞིན་གྱིས་འབྱུང་བའི་ཚུལ་དུ། ཕུར་སྲུང་བཅུ་གཉིས་ཕོ་བྲང་ཕྱི་མའི་ཁྲག་ཁྱམས་དང་། ཕྱི་ཡི་སྒོ་བཞིར་གིང་བཞི། ཕྱི་རོལ་གྱི་ཁྱམས་ལ་དབང་ཕྱུག་ཉེར་བརྒྱད་ལ་སོགས་པ་རྣམས་ནི་དྲོད་གཤེར་སྐྱེས་སུ་གྲུབ་པ་སྟེ། རེ་རེ་བཞིན་གསལ་བར་བསྒོམ་མོ། །གསུམ་པ་ལ་གཉིས། བསྙེན་ཕུར་དང་། སྲས་མཆོག་གོ། །དང་པོ་ནི། བྱུག་འདུག་བྲབ་གསུམ་སྔོན་དུ་འགྲོ་བས། སྟོང་པའི་ངང་ལས་གྲུ་གསུམ་མཐིང་ནག་འབར་བའི་དབུས་སུ་པད་ཉི་དགྲ་བགེགས་ཀྱི་གདན་ལ་རང་གི་ཐུགས་ཀ་ནས་ཧཱུྃ་སྤྲོས་པས་རྡོ་རྗེ་གཞོན་ནུ་ཡུམ་དང་བཅས་པ་བསྐྱེད། སྙིང་པོ་བཟླ། དེ་ཞུ་བ་ལས་བྱུང་བའི་ཕུར་བུར་གྱུར་པའི་རྩེ་མོར་དཔལ་ཆེན་པོ། །རྒྱ་མདུད་གོང་མར་ཁྲོ་བཅུ། ཆང་བཟུང་ལ་ཟ་གསོད། རྒྱ་མདུད་འོག་མར་སྒོམ། དཔལ་གསུམ་ལ་དམ་ཅན་རྣམས་ཀྱི་ཕོ་བྲང་དུ་གྱུར་པར་མོས་ལ་ཀཱི་ལ་ཡ་བཟླ་ཞིང་། དཀྱིལ་འཁོར་གསུམ་དང་ངོ་བོ་དབྱེར་མེད་དུ་མོས་ལ་ཐུགས་རྗེ་རྗེས་འཛིན་གྱི་སྐབས་མ་གཏོགས་བསྒྲལ་ལས་ལ་མི་འཇུག་གོ། །གཉིས་པ་ནི། སྲས་མཆོག་གི་གྲངས་ནི་བཀའ་གཏེར་སོ་སོ་ལས་མང་དུ་བཤད་པས་མཐའ་གཅིག་ཏུ་མ་ངེས་ཤིང་། གང་ལྟར་ཡང་ཆོས་གསུམ་གྱིས་སྐུ་གསུམ་གྱི་ཀློང་ནས་བསྐྱེད། འབྲུ་གསུམ་གྱིས་སྐུ་གསུང་ཐུགས་ཡེ་ཤེས་རྩེ་གཅིག་ཏུ་བྱིན་གྱིས་བརླབ། དགོས་པ་གསུམ་གྱི་ཕྱིར་ཆུ་སྲིན་རྣམ་གྲོལ་གྱི་ཕྱག་རྒྱས་བླང་། རྫས་གསུམ་


LT30_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རིགས་ལྔས་དབང་བསྐུར། །སྔགས་གསུམ་གྱིས་སྐུ་གསུང་ཐུགས་བྱིན་གྱིས་བརླབ། སྔགས་རྫས་ཏིང་ངེ་འཛིན་གསུམ་དང་ལྡན་པས་བྱུག་བདུག་བྲབ་གསུམ་བྱས་ལ། གཞལ་ཡས་ཁང་། ལྷ། ཕྱག་མཚན་ཏེ་ཤེས་པ་གསུམ་ལྡན་གྱི་སྒོ་ནས་དགྲ་བགེགས་ཀྱི་སྙིང་དཀར་ནག་མཚམས་སུ་བཏབ་པར་མོས་ཏེ་ཨེའི་གདན་ལ་བཞུགས་སུ་གསོལ་ལོ། །གཉིས་པ་སྲོག་ལ་དབང་བསྐུར་བ་ནི། ཐོག་མར་རྒྱུད་ཀྱི་ཚིག་གིས་གསོལ་བ་བཏབ་པས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཁྲག་འཐུང་རིགས་ལྔའི་དཀྱིལ་འཁོར་གྱི་རྣམ་པར་སྤྱན་དྲངས། རྡོ་རྗེ་རིགས་ཀྱི་ཆུ་དབང་སོང་རིག་པའི་དབང་ལྔ་བསྐུར་བས་བུམ་དབང་། ཡབ་ཡུམ་སྦྱོར་བའི་བྱང་སེམས་རྒྱུན་གྱིས་ལུས་གང་བ་གསང་དབང་། ཐམས་ཅད་ཞུ་ནས་རང་ལ་ཐིམ་པས་ཤེས་དབང་། བདེ་སྟོང་གི་ཡེ་ཤེས་སྐྱེས་པ་བཞིར་བཅས་རྫོགས་ནས་བྱང་སེམས་རྒྱུན་ཡར་ལོག །དོན་གྲུབ་སོགས་རང་རིགས་གཙོ་བོར་གྱུར་པའི་རིགས་ལས་དབུ་བརྒྱན་པའི་དུས་གསུམ་སངས་རྒྱས་ཀྱིས་བདག་ལ་དབང་བསྐུར་བའོ། །ཐུགས་སྲོག་འོད་ཀྱིས་ཁམས་གསུམ་ལ་ཕོག་པས་འོད་དུ་ཞུ། རིགས་དྲུག་པོ་ཨ་ནྲྀ་སུ་ཏྲི་པྲེ་དུར་གྱུར། དེ་རྣམས་རཾ་ཡཾ་ཁཾ་གིས་བསྲེགས་སྦྱངས། བཀྲུས་པས་དཀྱིལ་འཁོར་གྱི་ལྷར་གྱུར་པ་ནི། ཁམས་གསུམ་ལ་དབང་བསྐུར་བའོ། །དེ་རྣམས་འོད་ཟེར་དང་བཅས་པ་ཚུར་འདུས་ཐུགས་ཀའི་རྟ་མགྲིན་ལ་ཐིམ་པས་བཀྲག་དང་ལྡན་པར་གྱུར་པ་ནི་བདག་གི་སྲོག་ལ་དབང་བསྐུར་བའོ། །


LT30_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྐྱེན་གྱིས་རྟ་མགྲིན་སྦྱོར་བ་མཛད་པའི་བྱང་སེམས་ཡེ་ཤེས་སེམས་དཔའ་ལ་ཐིམ། འོད་དུ་འབར། དེའི་བཀྲག་མདངས་ཐམས་ཅད་ཐུགས་སྲོག་ཧཱུྃ་ལ་ཐིམ་པས་འོད་དུ་འབར་བར་བསམ་པ་ནི་ཡེ་ཤེས་སེམས་དཔས་སྲོག་ལ་དབང་བསྐུར་བའོ། །དེ་ལས་ཅིས་ཀྱང་མི་ཤིགས་པའི་ལྕགས་ཀྱི་སྲོག་པ་རྩ་གྲུབ། དབང་རྟགས་སུ་གནས་གསུམ་དུ་འགྲུ་གསུམ་ལས་རྣམ་སྣང་། འོད་དང་ག་མེད། མི་བསྐྱོད་པས་རྒྱས་གདབ་པར་བསྒོམ་མོ། །གསུམ་པ་མཆོད་ཅིང་བསྙེན་པ་ལ་སོགས་པ་ནི། དམ་ཚིག་པའི་ཐུགས་སྲོག་གི་འོད་ཟེར་གྱིས་གདོད་ནས་གྲུབ་པའི་རྡོ་རྗེ་ཕུར་བུའི་དཀྱིལ་འཁོར་མཁའ་ཁྱབ་ཏུ་བཞུགས་པ་རྣམས་གཟུགས་ཀྱི་སྐུར་བཞེངས་པར་མོས་ལ་སྙན་གསན་དབབ། ཡེ་ཤེས་པ་སྤྱན་དྲངས་ནས་དམ་ཚིག་པ་དང་གཉིས་སུ་མེད་པར་བཞུགས་སུ་གསོལ། ཕྱག་དང་སྨན་མཆོད་རཀྟ་ཚར་གསུམ། གཏོར་མ། སྦྱོར་སྒྲོལ་རྗེས་འབྲེལ་བཞི་བསྣོལ་ལ་སོགས་པ་དང་བསྟོད་པའི་གླུ་ཡི་མཆོད་པ་སོགས་གཤར་སྒོམ་དུ་བྱ། དེ་དག་ཐམས་ཅད་ཀྱང་། ཇི་སྐད་དུ། ཐུགས་དམ་གནད་སྐུལ་གསང་བ་སྔགས་ཀྱི་སྒོ། །དོན་དམ་གསལ་བྱེད་བརྗོད་པ་ཚིག་གི་སྒོ། །ཏིང་འཛིན་རྩེ་གཅིག་དམིགས་པ་གནད་ཀྱི་སྒོ། །མཚོན་པ་བརྡར་བཏགས་ཕྱག་རྒྱ་གར་གྱི་སྒོ། །ཞེས་གསང་སྔགས་ལུང་གི་སྒོ་བཞིའི་སྐྱ་བར་ནས་བཏོན་ཏེ་ཉམས་ལེན་དོན་ཐོག་ཏུ་འབེབས་པ་ཡིན་ནོ། །བཞི་པ་ཏིང་ངེ་འཛིན་དངོས་ལ་གསུམ། རྣམ་པ་གསལ་


LT30_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པའོ། །དང་པོ་ནི། རྟེན་གཞལ་ཡས་ཁང་དུར་ཁྲོད་བརྒྱད་ལྷའི་གདན་འབྱུང་བ་རིམ་བརྩེགས་དང་བཅས་པ། བརྟེན་པ་ལྷ་ཚོགས་སྐུ་མདོག་ཕྱག་མཚན་དཔལ་གྱི་ཆས་བརྒྱད། དུར་ཁྲོད་ཀྱི་ཆས་དགུ། གར་གྱི་ཉམས་དགུ་དང་བཅས་པ་ཐམས་ཅད་ཀྱང་ཐོག་མར་ཞེན་ཡུལ། གཉིས་པ་ཡིད་ཡུལ། གསུམ་པ་སྣང་ཡུལ་ཏེ་ཡུལ་གསུམ་གྱད་དུ་མ་གྱུར་བར་དུ་རེས་ནང་ནས་ཕྱི། རེས་ཕྱི་ནས་ནང་། ཐོག་མར་ཕྲ་བ་རེ་རེ། དེ་ནས་རགས་པ་སྤྱི། མཐར་ཕྲ་རགས་གཅིག་ཅར་དུ་གསལ་མ་ཐེབས་ཀྱི་བར་དུ་བསྒོམ། དེའང་བློ་དམན་པས་ཐོག་མ་ནས་ཡིད་ཡུལ་གསལ་ཐེབས་དཀའ་ན་བྲིས་སྐུ་མཚན་ཉིད་དང་ལྡན་པ་བཀྲམ་ལ་ཡུན་རིང་བལྟ། དེ་ལ་གོམས་ནས་དེ་ཉིད་ཡིད་ཡུལ་དུ་འཆར་བ་ལ་བསླབ། བདེ་བླག་ཏུ་གྱུར་པ་དང་དེ་ཉིད་རང་ལ་བསྟིམས་ནས་གསལ་གདབ། གཉིས་པ་ནི། རང་གི་མིང་རུས་དངོས་མཚན་ཐ་མལ་དུ་འཛིན་པ་ཆེད་ཀྱིས་སྤངས་ནས། དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་དངོས་ཡིན། དེ་ཡི་ཡོན་ཏན་མཛད་པ་ཕྲིན་ལས་དང་བཅས་པ་ཚང་ངོ་སྙམ་པའི་ང་རྒྱལ་ཤིན་ཏུ་བརྟན་པར་བྱ། གསུམ་པ་ནི། གཞལ་ཡས་ཁང་བྱང་ཕྱོགས་སོ་བདུན་ཏུ་དག་པ་དང་། དཀྱིལ་འཁོར་གྱི་ལྷ་ཚོགས་དབུ་གསུམ་རྣམ་ཐར་སྒོ་གསུམ། ཕྱག་ཕ་རོལ་ཕྱིན་དྲུག །ཞབས་རྫུ་འཕྲུལ་རྐང་བཞི་སོགས་སོ་སོའི་དག་དྲན་


LT30_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་གསང་རྒྱུད་དང་འགྲེལ་ཆེན་འབུམ་ནག་སོགས་ལས་ཤེས་པར་བྱ་ཞིང་། མདོར་ན་མཚན་གཞི་རང་སེམས་དེ་བཞིན་ཉིད་གཞིའི་རྡོ་རྗེ་གཞོན་ནུ་ཉིད། མཚོན་བྱ་འབྲས་བུ་དག་པ་གཉིས་ལྡན་གྱི་རྡོ་རྗེ་གཞོན་ནུའི་ཡོན་ཏན་གྱི་ཁྱད་པར་ཐམས་ཅད། མཚོན་བྱེད་ལམ་གྱི་རྡོ་རྗེ་གཞོན་ནུའི་སྐུ་མདོག་ཕྱག་མཚན་རྟགས་ཀྱི་ཁྱད་པར་དུ་ཤར་བར་ཐག་བཅད་དེ་བསྒོམ་མོ། །གསུམ་པ་འཛབ་བཟླས་ཀྱི་ཏིང་ངེ་འཛིན་ནི། མཉམ་བཞག་དས་སྐྱོན། བཀའ་མ་ལྟར་ན་ཛབ་ཁང་ཕྱེས་ཏེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བཟླས་པ་རེ་རེ་ལ་ཕྱི་ནང་གསང་གསུམ་ལྟར་བཟླ་བ་དང་། འགལ་མེ་ཀླད་ཀོར། བུང་བ་ཚང་ཞིག །མགར་གྱི་ཚྭ་ཚྭ་ལྟར་བཟླ་བ་སོགས་སམ། སྐུ་ཕྱག་རྒྱ། གསུང་ཡི་གེ། ཐུགས་ཆོས་ཉིད་གསུམ། སྒྲུབ་པ་ལ་ཡོན་ཏན། ལས་སྦྱོར་ལ་ཕྲིན་ལས་ལ་དམིགས་པའི་བཟླ་ཚུལ་ལ་སོགས་པ་བཟླ་བྱའི་སྔགས་སྐབས་ཕྱེད་པ་བཀའ་གཏེར་སོ་སོའི་དགོངས་པ་བཞིན་སྦྱར་ནས། མཐར་གཞི་བསྟོད་དམ། །སྟོང་ཚིགས་ཀྱིས་མཆོད་པ་སོགས་ཀྱང་བྱའོ། །གཉིས་པ་རྫོགས་རིམ་གྱི་རྒྱས་གདབ་པ་ལ་བཞི། སྤྲོས་ཏེ་ཐིམ་པ། བསྡུས་ཏེ་ཞུ་བ། དེ་ཁོ་ན་ཉིད་དུ་གནས་པ། དུབ་པར་བལྟ་བའོ། །དང་པོ་ནི། །ཐུགས་སྲོག་ཧཱུྃ་ལས་འོད་ཟེར་འཕྲོས་རྡོ་རྗེ། ཡེ་ཤེས་སེམས་དཔའ། བདག་ཉིད་རྩ་བའི་དཀྱིལ་འཁོར། དཀྱིལ་འཁོར་གཉིས་སོགས་རིམ་


LT30_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསལ། དེ་ལས་ཕྱིར་འཕྲོས་ཁམས་གསུམ་སེམས་ཅན་གསལ། སྒྲིབ་པ་སྦྱངས། རྒྱལ་བ་རྣམས་མཆོད་གདུག་པ་ཅན་ཚར་བཅད་པར་མོས། གཉིས་པ་ནི། འོད་ཟེར་ཀཱི་ལ་ཡའི་སྒྲ་དང་བཅས་ཚུར་འདུས། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་ལ་འདུས། །དེ་འོད་དུ་ཞུ་དཀྱིལ་འཁོར་གཉིས། བདག་རྩ་བ། ཡེ་ཤེས་སེམས་དཔའ། །ཏིང་འཛིན་སེམས་དཔའ་ཧཱུྃ་གི་བར་དུ་འདུས། །དེའང་ཞབས་ཀྱུ་ནས་ཐིག་ལེའི་བར་དང་། ཐིག་ལེ་ཇེ་ཕྲ་ནཱ་ད་ཤིན་ཏུ་ཕྲ་བ་ལ་ཡུན་རིང་དུ་སེམས་བཟུང་བའོ། །གསུམ་པ་ནི། ནཱ་དའང་སྟོང་ཉིད་དུ་ཡལ་ནས་དེ་ཁོ་ན་ཉིད་ལ་ཅི་གནས་སུ་བཞག །བཞི་པ་ནི། དེ་ལས་ལྡང་བར་འདོད་ན་སྣོད་བཅུད་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་མོས་ལ་རང་ཉིད་རྡོ་རྗེ་གཞོན་ནུའི་ང་རྒྱལ་གྱི་སྤྱོད་ལམ་བཞི་སེམས་ཅན་གྱི་དོན་དུ་བྱའོ། །གསུམ་པ་དབྱེར་མེད་ཟུང་འཇུག་ཏུ་བསྒོམ་པ་ནི། སྣང་བ་ཐམས་ཅད་སྐུ་གསལ་སྟོང་དབྱེར་མེད་འོད་ཀྱི་རང་བཞིན། སྒྲ་གྲགས་ཐམས་ཅད་གསུང་གྲགས་སྟོང་དབྱེར་མེད་ཀཱི་ལ་ཡའི་རང་སྒྲ། དྲན་རྟོག་ཐམས་ཅད་ཐུགས་བདེ་སྟོང་དབྱེར་མེད་ཆོས་ཀྱི་སྐུའི་རང་བཞིན་ཏུ་ལམ་དུ་ཁྱེར་བ་ནི་མཉམ་བཞག་རྗེས་ཐོབ་ཀུན་ལ་གཅེས་ཏེ། རྒྱུད་ལས། ཆད་པ་མ་ཡིན་རིག་ཅིང་གསལ། །རྟག་པ་མ་ཡིན་ངོས་བཟུང་མེད། །སྣང་སྟོང་དབྱེར་མེད་གཏན་ལ་དབབ། །མ་བསྐྱེད་རྫོགས་པའི་ཚུལ་དུ་བསྒོམ། །


LT30_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་གསུངས་སོ། །གཉིས་པ་ནང་བསྐྱེད་པའི་རིམ་པ་ནི། ཕྲ་མོའི་རྣལ་འབྱོར་རྩལ་བསྒོམ་པ་སྟེ། སྔོན་འགྲོ་སྤྱི་མཚུངས་དང་། ཏིང་ངེ་འཛིན་རྣམ་གསུམ་བསྒོམ། རང་ལུས་དཔལ་ཆེན་པོའི་སྟོང་ར་དར་སྔོན་གྱི་གུར་ཕུབ་པ་ལྟར་གསལ་བའི་ནང་དུ་རྩ་གསུམ་འཁོར་ལོ་ལྔ་གསལ་བཏབ་པའི། སྤྱི་བོར་བདེ་ཆེན་འཁོར་ལོའི་དབུས་སུ་བུདྡྷ་འདུས་པའི་སྲས་མཆོག་དཀར་པོ། །རྩ་འདབ་སོ་གཉིས་ན་ཁྲོ་བཅུ་དང་འདྲ། མགྲིན་པ་ལ་ལོངས་སྤྱོད་འཁོར་ལོའི་དབུས་སུ་པདྨ་འདུས་པའི་སྲས་མཆོག་དམར་པོ། །རྩ་འདབ་བཅུ་དྲུག་ལ་ཁྲོ་བཅུ་རང་འདྲ། སྙིང་ཁ་ཆོས་ཀྱི་འཁོར་ལོར་བཛྲ་འདུས་པའི་སྲས་མཆོག་མཐིང་ཀ །རྩ་འདབ་བརྒྱད་ལ་ཁྲོ་བཅུ་རང་འདྲ། ལྟེ་བ་སྤྲུལ་པའི་འཁོར་ལོར་རཏྣ་འདུས་པའི་སྲས་མཆོག་སེར་པོ། རྩ་འདབ་རེ་བཞིར་ཁྲོ་བཅུ་རང་འདྲ། གསང་གནས་བདེ་སྤྱོད་འཁོར་ལོའི་དབུས་སུ་ཀརྨ་འདུས་པའི་སྲས་མཆོག་ལྗང་གུ། རྩ་འདབ་བརྒྱ་ཉི་ཤུར་ཁྲོ་བཅུ་རང་འདྲ་སྟེ། སྲས་མཆོག་རིགས་ལྔའི་ཕྱག་གཡས་འཁོར་ལོ་པདྨ་རྡོ་རྗེ་རིན་ཆེན་སྣ་ཚོགས་རྡོ་རྗེ། གཡོན་དུང་ཁྲག་བསྣམས་ཤིང་ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་པ། ཁྲོ་བཅུ་རྣམས་འཁོར་ལོའི་རྩ་བའི་འདབ་མ་ལ་བཞུགས་པར་གསལ་བཏབ་སྟེ། འབྱུང་འཇུག་གནས་གསུམ་འབྲུ་གསུམ་མམ་རྩ་སྔགས་དང་སྦྱར་བའི་རྡོར་བཟླས་བྱས་ལ་མཐར་འོད་གསལ་དུ་བསྡུ་ཞིང་ཟུང་འཇུག་གི་སྐུར་ལྡང་ངོ་། །གསུམ་པ་གསང་བ་བསྐྱེད་པའི་


LT30_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་ནི། ལུགས་འདིའི་ཐིག་ལེ་རྣལ་འབྱོར་དུ་བརྡ་ཆད་བྱེད་པ་ཡིན་ཏེ། དེའང་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་རང་གི་སེམས་ཉིད་ཐིག་ལེ་ཆེན་པོ་གཅིག་གི་རང་བཞིན་ཏུ་རྫོགས་པར་ཤེས་ནས་ལམ་དུ་ཁྱེར་བ་སྟེ། གསང་རྒྱུད་ལས། གསང་བའི་གཞལ་ཡས་བསྟན་པ་ནི། །ཡེ་ནས་རང་བྱུང་དམ་པ་སྟེ། །སངས་རྒྱས་རོལ་མོ་དུ་མས་འཁྲིགས། །རྒྱན་དང་བླ་བྲེ་རང་བཞིན་གྲུབ། །སངས་རྒྱས་གཞལ་ཡས་དམ་པ་ཡིན། །དེ་ཡི་དབུས་ན་བཞུགས་པའི་ལྷ། །ཕྲ་ལ་དོད་པར་བརྟག་པར་བྱ། །དེ་ལ་ཡང་དང་ཡང་དུ་ནི། །ཕྲ་བའི་སེམས་ཀྱིས་བཟུང་གྱུར་ན། །མཇུག་ཏུ་དམིགས་པ་མེད་པར་འགྱུར། །ཅེས་བཤད་པས་ན། ཀུན་གཞིའི་རྣམ་ཤེས་དབུས་ཀྱི་ཕོ་བྲང་། སྒོ་ལྔའི་རྣམ་ཤེས་སྒོ་བཞི། ངོ་བོ་ཡེ་ཤེས་དབུས་ཀྱི་གཙོ་བོ། །སེམས་བྱུང་ལྔ་བཅུ་རྩ་གཅིག་འཁོར། །ཡེ་ཤེས་ལྔ་རྩིག་པ། འདོད་ཡོན་ལྔ་འདོད་ཡོན། མོས་གུས་རིན་ཆེ་ཕ་གུ། སྣང་བ་སྣ་ཚོགས་དྲྭ་བ་དྲྭ་ཕྱེད། ཚད་མེད་བཞི་རྟ་བབས། ཏིང་ངེ་འཛིན་མུ་མེད་པ་མུ་ཁྱུད་མུ་མེད་པ། དེ་ལྟར་ཤེས་པའི་ངང་ལ་མ་བཅོས་པར་བཞག་པའོ། །དེ་ལྟ་བུའི་བསྒོམ་པ་དེའང་སྟོང་ཉིད་ཀྱིས་ཁོག་དབུབ། བྱམས་སྙིང་རྗེས་གཞི་བཟུང་། རྣམ་པ་ལྷའི་དཀྱིལ་འཁོར་དུ་བསྒོམས་པས་སྣོད་བཅུད་ཐ་མལ་རང་རྒྱུད་པར་ཞེན་པ་དེ་ཉིད་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་གྲོལ་བར་འགྱུར་ཏེ། རྩ་རྒྱུད་ལས། ཚད་མེད་སྙིང་རྗེའི་


LT30_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ་ནི། །བྱམས་དང་སྙིང་རྗེ་ཆེན་པོས་གདབ། །འབྲས་བུ་སྤྲུལ་པའི་སྐུ་ཡང་འཐོབ། །མ་ཐེབས་དུ་དྲ་སྲིན་པོར་གོལ། །ཞེས་གསུངས་སོ། །གཉིས་པ་སྤྲོས་མེད་རྫོགས་པའི་རིམ་པ་འཆད་པ་ལ་གཉིས། མཚན་བཅས་དང་། མཚན་མེད་དོ། །དང་པོ་ནི། བྱ་ཀ་ལནྟ་ཀ་ལྟ་བུའི་གང་ཟག་གིས་བྱང་ཆུབ་སེམས་ཀྱི་ཕུར་པ་ཡུམ་གྱི་མཁའ་ལ་གདབ་པ་སྟེ། དེ་ལ་གཉིས་སྟེང་སྒོ་འཁོར་ལོ་ལྔ་ལ་བརྟེན་ཏེ་བདེ་བ་རིམ་གྱིས་སྐྱེད་པ་དང་། འོག་སྒོ་ཁམས་གསུམ་རོལ་པ་ལ་བརྟེན་ནས་བདེ་བ་གཅིག་ཆར་དུ་སྐྱེད་པའོ། །དང་པོ་ལ་གསུམ། འཁོར་ལོའི་གནས་ཚུལ། གཏུམ་མོ་སྦར་བས་ཡེ་ཤེས་སྐྱེ་ཚུལ། དེ་ལ་གོམས་པར་བསླབ་པའོ། །དང་པོ་ལ་ལྔ་སྟེ། ཀླད་པ་སྐུ་ཡི་ཙཀྲ། མགྲིན་པ་གསུང་གི་ཙཀྲ། ཐུགས་ཀ་ཆོས་ཀྱི་ཙཀྲ། ལྟེ་བ་ཡོན་ཏན་གྱི་ཙཀྲ། མེ་རླུང་ཕྲིན་ལས་ཀྱི་ཙཀྲའོ། །དེའང་སྤྱི་བོར། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཞེས་པས། རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་ན། འཁོར་ལོ་རྩིབས་བརྒྱད་དེའི་ལྟེ་བ་ན་ཡི་གེ་ཧཱུྃ་ཁ་ཐུར་དུ་བསྟན་པ་གནས། རྩིབས་བརྒྱད་ལ་ཀཱི་ལི་འབྲུ་བརྒྱད། རྩ་འདབ་སུམ་ཅུ་རྩ་གཉིས་ལ་སྒྲ་ཡིག་སུམ་ཅུ་རྩ་གཉིས་གདུགས་ཕུབ་པའི་ཚུལ་དུ་གནས་སོ། །མགྲིན་པ་ལ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། ཞེས་པས་རྩ་འདབ་བཅུ་དྲུག །དཀྱིལ་ན་པདྨ་འདབ་བརྒྱད། ལྟེ་བ་ན་ཨོཾ་དཀར་པོ་ཁ་གྱེན་དུ་བསྟན་པ། འདབ་བརྒྱད་ཀཱི་ལི་འབྲུ་བརྒྱད། རྩ་འདབ་


LT30_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབྱངས་ཡིག་བཅུ་དྲུག་གོ། །སྙིང་ཁ་ན། །སྐུ་ཡི་དབྱིག་ཏུ་བདག་སྐྱེད་ཅིག །ཅེས་པས་རྩ་འདབ་བརྒྱད་ཀྱི་སྟེང་ན་རིན་པོ་ཆེ་ཟུར་བརྒྱད་པ། ལྟེ་བ་ལ་ཧཱུྃ་མཐིང་ག་མགོ་ཐུར་ལ་བསྟན་པ། རཏྞ་ཟུར་བརྒྱད་ལ་ཀཱི་ལ་ཡ་འབྲུ་བརྒྱད། རྩ་འདབ་ལ་སྡེ་ཚན་དང་པོ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་བརྒྱད་དོ། །ཙཀྲ་ཐམས་ཅད་ཀྱི་སྲོག་ཤིང་ཀུན་འདར་མ་ནས་བྱང་སེམས། གཡས་རོ་མ་ནས་དྲི་ཆུ། གཡོན་རྐྱང་མ་ནས་ཁྲག་འབབ་ཅིང་རྩ་དེ་གསུམ་ལྟེ་བ་ན་འདུས་པའོ། །ལྟེ་བའི་ཙཀྲ་དེ། འབར་བའི་ཁྲོ་བོ་མི་བཟད་པ། །ཞེས་པས་རྩ་འདབ་དྲུག་ཅུ་རྩ་བཞིའི་དཀྱིལ་ན་གྲུ་གསུམ་བརྒྱད། ལྟེ་བ་ལ་ཨོཾ་སེར་པོ་གྱེན་དུ་བསྟན་པ། གྲུ་གསུམ་ལ་ཀཱི་ལི་འབྲུ་བརྒྱད། རྩ་འདབ་ལ་སྒྲ་ཡིག་སུམ་ཅུ་རྩ་གཉིས་ཕྲག་གཉིས་སོ། །མེ་རླུང་ཕྲིན་ལས་ཙཀྲ་ནི། མཚོན་ཆེན་སྔོན་པོ་འབར་བ་ཡིས། །ཞེས་པས་གཤང་སྒོར་རླུང་གི་ཙཀྲ་ཁ་དོག་སྔོ་སྐྱ་དབྱིབས་ཟླ་གམ། དབུས་སུ་ཡཾ་སྔོ་སྐྱ། རྟགས་གཤང་སྒོ་གྲང་བའོ། །དེའི་སྟེང་ལྟེ་བའི་འོག་ན་མེའི་འཁོར་ལོ་ཁ་དོག་དམར་པོ་དབྱིབས་གྲུ་གསུམ་རཾ་དང་བཅས་པ་འབར་བའི་ཚུལ་དུ་གནས་ཤིང་། དེའི་རྟགས་དྲོད་ཆེའོ། །གཉིས་པ་གཏུམ་མོ་སྦར་བ་ནི། ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར། །ཞེས་པས་སྤྱི་བོའི་ཧཾ་ཞུ་བས་ཐིག་ལེ་འབབ་བོ། །དེའང་འོག་སྒོ་བསྒུལ་བས་ཡཾ་ལས་རླུང་ལངས། རཾ་ལས་ཡེ་ཤེས་ཀྱི་མེ་འབར། དེས་ལྟེ་བའི་


LT30_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཙཀྲ་ཞུ། ཁམས་བདེ་བ་སྐྱེས། དེས་སྙིང་གའི་ཙཀྲ་ལ་ཕོག །དྭངས་མ་ལྔ་ཞུ། དེའི་འོད་ཀྱིས་མགྲིན་པ་ཞུ། དེ་ཀླད་པ་ལ་ཕོག །དེ་ཞུ་བྱང་སེམས་ཨ་ཝ་དྷཱུ་ཏི་ནས་བབ། ལྟེ་བའི་ཙཀྲ་གསོས། བདེ་བ་སྐྱེས་པ་ལས་མས་བརྟན་གྱི་དགའ་བཞི་འཆར་ཞིང་། དབབ་བཟུང་ཟློག་དགྲམ་གྱི་སྦྱོར་བས་ཡས་བརྟན་གྱི་དགའ་བཞི་འཆར་བ་ཡིན་ནོ། །གསུམ་པ་དེ་ལ་གོམས་པར་བྱ་བའི་ཚུལ་ནི། སྔོན་འགྲོ་སྤྱི་དང་། ཁྱད་པར་ཐུན་མོངས་མ་ཡིན་པའི་བླ་མའི་རྣལ་འབྱོར་སྔོན་ཏུ་སོང་ནས། བདེ་བའི་གདན་ལ་བསམ་གཏན་གྱི་ཆོས་ལྔ་དང་ལྡན་པས་འཁོད་པ་ལ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་སྐུའི་སྟོང་ར་ཡུན་རིང་བསྒོམ་འབྱོངས་པ་དང་སྟོང་རའི་དབུས་སུ་རྩ་གསུམ་འཁོར་ལོ་ལྔ་དང་བཅས་པ་གསལ་གདབ་སྟེ་རྩ་ཡི་སྟོང་རལ་བསླབ། དེའང་དབྱངས་ནས་ཨོཾ་ཧཱུྃ་རྃ་ཡྃ་ཀཱི་ལི་དབྱང་གསལ་ལ་སོགས་པ་རྣམས་གསལ་བཏབ་ནས་ཐིག་ལེའི་སྟོང་ར་གསལ་བརྟན་གྱི་ཚད་མཐར་ཕྱིན་པར་བྱ་སྟེ་དེ་དག་གོང་དུ་གནས་ཚུལ་སྨོས་པའི་སྐབས་བཞིན་ནོ། །དེ་ནས་གཏུམ་མོ་མེ་སྦར་བའི་ཐོག་མར་རླུང་ཤིན་ཏུ་བྱང་བར་བྱ་སྟེ། དེའང་དང་པོ་རླུང་རོ་དགུ་ཕྲུགས་སུ་བསལ། རྔུབ་པ། དགང་བ། གཞིལ་བ། འཕངས་པ་སྟེ་སྦྱོར་བ་བཞི་ལྡན་གྱིས་བུམ་པ་ཅན་རབ་འབྲིང་ཐ་མ་གང་རུང་ཁེགས་པ་དང་། དེའང་གཡས་གཡོན་ཏུ་སྦོ་བའི་ལག་ལེན་སོགས་སྤྱི་ལྟར་བྱས་ལ་ལས་ཀྱི་རླུང་དྷཱུ་


LT30_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཏིར་གཞུག་གོ། །དེ་འབྱོངས་པ་ན་གཏུམ་མོ་རིམ་གྱིས་སྦར། ཐིག་ལེ་རིམ་གྱིས་བཞུ་བའི་འབར་འཛག་ལ་བསླབ། བཟུང་འདྲེན་བཀྲམ་པའི་འཁྲུལ་འཁོར། གེགས་སེལ་བོགས་འདོན་གྱི་སྦྱོར་བ་སོགས་ཐབས་ལམ་སྤྱིའི་ཉམས་ལེན་ལ་སྒོས་ཆོས་ཀྱིས་བརྒྱན་ཏེ་དགའ་བ་བཅུ་དྲུག་གི་ཡེ་ཤེས་མཐར་སོན་པར་བྱའོ། །གཉིས་པ་འོག་སྒོ་ལ་བཞི། བསྙེན་པ། ཉེ་བསྙེན། སྒྲུབ་པ། སྒྲུབ་པ་ཆེན་པོའོ། །དང་པོ་བསྙེན་པའི་ཡུལ་ནི། །ཞི་བ་ལ་དཀར་མོ་བོང་ཆུར་ཟླ་བའི་མདོག །རྒྱས་པ་ལ་བ་ལང་སེར་མོ་གྲུ་བཞི་མ། དབང་ལ་སྨུག་མོ་ཟླ་གམ་མཛེས་པའི་ཞལ། དྲག་པོ་ལ་ནག་མོ་གྲུ་གསུམ་ཧ་ར་མིག །དེའང་སྟོད་སྨད་བྱེད་པ། སྨད་རྒྱས་པ། བྷ་ག་རུབ་པ། ཆགས་པའི་མདངས་ཆེ་བ་བཙལ། རྒྱན་བཏགས་ལ་ཁྲུས་བྱས་ཆས་སུ་གཞུག །གཉིས་པ་ཉེ་བསྙེན་ལ། ཡབ་རྡོ་རྗེ་གཞོན་ནུར་བསྐྱེད། རིག་མ་འཁོར་ལོ་རྒྱས་འདེབས་སུ་བསྐྱེད། སྐྱེ་མཆེད་བྱིན་གྱིས་བརླབ། ཡབ་ཀྱི་མཁའ་མི་དམིགས་པ་ལས། ཨ་ལས་ཟླ་བའི་དཀྱིལ་འཁོར་བསྒོམ། ཧཱུྃ་ལས་རྡོ་རྗེ་རྩེ་དགུ་པར་བསྐྱེད། ཨོཾ་ལས་ནོར་བུ། ཕཊ་ཀྱིས་བུ་ག་བཀག་པའོ། །ཡང་ཡུམ་གྱི་མཁའ་མི་དམིགས་པ་ལས་ཉི་དཀྱིལ། ཨ་ལས་པདྨ་དམར་པོ་འདབ་མ་བཞི་པ། ཟེའུ་འབྲུ་ལ་ཨ་དམར་པོ་བསྒོམ། །གསུམ་པ་སྒྲུབ་པ་ནི། །དེ་ནས་ནུ་མ་ཉིད་པ་དང་།


LT30_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

མཆུ་འཇིབས་པ་བྱས་པས། རྡོ་རྗེ་པདྨ་སད་པ་དང་། རིག་མས་ས་མ་ཡ་ཧོ་ཞེས་བསྐུལ། ས་མ་ཡ་སྟྭཾ། ཞེས་གནང་བ། སླར་ཡང་ར་ཧོ་ཧཾ་གྱིས་བསྐུལ། རཱ་ག་ཡཱ་མིས་ལན་བཏབ་ནས། རྡོ་རྗེ་པདྨ་དལ་བུས་སྤྲད། ལྷའི་ང་རྒྱལ་དང་ལྡན་པས་སྔགས་ཟློས་ཀྱིན་བསྲུབ། བདེ་བ་རྒྱས་པ་དང་འཁོར་ལོ་བཞིར་རིམ་གྱིས་བཟློག་ཅིང་བཟུང་། འདོད་པ་ཆེས་ན་མི་ཐུབ་པས་ཕྲལ་ཀྱིན་བྱ། ཡང་བསྲུབ། བདེ་བ་རྒྱས་པ་དང་མིག་གྱེན་ལ་བཟློག །རྐང་ལག་གི་ཐེ་བོང་བསྐུམ། ངག་ཏུ་ཧིག་བརྗོད་ཅིང་རླུང་གསང་བ་ནས་ལྟེ་བའམ། སྙིང་ཁར་འཐེན། སེམས་སྤྱི་བོའི་ཧྃ་ལ་གཏད་དོ། །དེས་བདེ་བ་ཟག་པ་མེད་པ་རྒྱུད་ལ་སྐྱེ། དེ་ནས་དགྲམ་པ་ནི། ལུས་སྦྱང་འཐེམས་པར་བྱའོ། །བཞི་པ་སྒྲུབ་པ་ཆེན་པོ་ལ། དྲོད་ནི་འདར་བ་དང་དཀྲུགས་པ་ཀུ་ཅོའི་སྒྲ་འབྱིན་པའོ། །མཚན་མ་ནི་བདེ་བ་ཉམས་སུ་བསྟར་བའོ། །ཐིག་ལེ་མ་ཤོར་ན་ལུས་ལ་རྒས་རྒུད་མེད་པའོ། །ནད་ཀྱིས་མི་ཚུགས། ཁ་དོག་བཟང་། འོད་འབར། ཚེ་རིང་མཆོག་གི་འབྲས་བུ་སྐུ་གསུམ་འཐོབ་པར་འགྱུར་ཏེ། རྩ་རྒྱུད་ལས། ལྷག་པ་བྱང་སེམས་ཕུར་པ་དེ། །ཡུམ་གྱི་མཁའ་ཀློང་དག་པར་གདབ། །བདེ་བ་དངོས་མེད་ཐེབས་པའི་ཚད། །འབྲས་བུ་ལོངས་སྐུ་བདེ་ཆེན་ཐོབ། །མ་ཐེབས་འཁོར་བའི་འགྲམ་རྡོ་བྱེད། །ཅེས་གསུངས་སོ། །གཉིས་པ་མཚན་མེད་རྫོགས་རིམ་ལ་


LT30_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། །ཐུན་མོང་མ་ཡིན་པའི་སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ནི། འདི་ཉིད་ཀྱི་ཉམས་ལེན་སྒེར་ཐུབ་སྨར་འཇུས་སུ་བྱེད་ན། འཁོར་འདས་རུ་ཤན་དབྱེ་བ། ལུས་ངག་སེམས་སྦྱོང་རྣམས་རྫོགས་པ་ཆེན་པོ་གཞན་ལས་འབྱུང་བ་ལྟར་བྱ། ཁྲིད་གཞུང་གཞན་རྐང་ཚུགས་པའི་ཞར་ཆོས་ཙམ་ལ་དེ་དག་དམིགས་སུ་མི་དགོས་ཤིང་། གང་ལྟར་རྟོགས་པས་བདག་གྲོལ་བ་ཡེ་ཤེས་གོང་འཕོའི་རྩལ་སྦྱང་བྱ་བ་ནི། ལུས་གནད་བསམ་གཏན་གྱི་ཆོས་དང་ལྡན་པས། རང་ཉིད་རྡོ་རྗེ་གཞོན་ནུ་གསལ་སྟོང་སྣང་ལ་རང་བཞིན་མེད་པའི་ལུས་ཀྱི་རྩ་གསུམ་འཁོར་ལོ་བཞི་དང་བཅས་པའི་གཡས་པའི་ཆ་ཀཱ་ལིའི་རང་བཞིན། གཡོན་པའི་ཆ་ཨཱ་ལིའི་རང་བཞིན། སྤྱི་བོའི་འཁོར་ལོའི་ལྟེ་བར་སྦྱོང་བྱེད་ཀྱི་ཡི་གེ་ཨོཾཱ་དཀར་པོ། །དེའི་འོག་ཏུ་སྦྱང་བྱ་ཨ་དཀར་པོ། དེ་བཞིན་དུ་མགྲིན་པར་ཧཱུྃ་སྔོན་པོའི་འོག་ཏུ་ནྀྲ་ལྗང་གུ། སྙིང་གར་ཏྲཱྃ་སེར་པོའི་འོག་ཏུ་སུ་སེར་སྐྱ་ལྟེ་བར་ཧྲཱིཿདམར་པོའི་འོག་ཏུ་ཏཱི་མཐིང་ག །གསང་བར་ཁཾ་དཀར་སྔོའི་འོག་ཏུ་བྲེ་དམར་སྐྱ། །དབུ་མའི་མར་སྣེའི་རྡོ་རྗེའི་བུ་གར་ཧྃ་དཀར་པོའི་འོག་ཏུ་དུ་དུད་ཀ །ལྟེ་འོག་ཏུ་གཏུམ་མོའི་རང་བཞིན་ཨ་ཡིག་དམར་པོ། གཤང་སྒོར་རླུང་གི་དཀྱིལ་འཁོར། སྦྱོང་བྱེད་ཀྱི་ཡི་གེ་རྣམས་གསལ་ཞིང་འོད་འབར་བ། སྦྱང་བྱ་རྣམས་སོལ་དང་ལ་དུ་བ་ཕྱུར་བ་ལྟ་བུར་བསམས་ལ། རྩ་བརྒྱུད་བླ་མ་ལ་གསོལ་བ་བཏབ་པས་ས་བོན་དྲུག་གི་འོད་ཀྱིས་


LT30_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གཞན་སེམས་ཅན་ཐམས་ཅད་རིགས་དྲུག་ཏུ་སྐྱེ་བའི་རྒྱུ་ཐམས་ཅད་བསྡུས་ནས་སྦྱང་བྱ་དྲུག་ལ་ཐིམ་པར་མོས། རླུང་བཟུང་བས་གཤང་སྒོའི་རླུང་གིས་ལྟེ་འོག་གི་ཨ་ཤད་བསྐུལ་མེ་ལྕེ་ཕྲ་ཞིང་རྣོ་བ་ཐུར་དུ་འཕྲོས། ཧྃ་ཡིག་བསྐུལ། དེ་ལས་བྱུང་བའི་འོད་ཀྱིས་དུ་ཡིག་དངོས་མེད་དུ་བསྲེགས། དྭངས་མ་ཧཾ་ལ་ཐིམ། སླར་ཡང་རླུང་བཟུང་བས་ཧཾ་ཡིག་སྐར་མདའ་ལྟ་བུར་ཐལ་གྱིས་འབར། གསང་གནས་འཁོར་ལོའི་ལྟེ་བར་ཁྃ་ཡིག་གི་སྟེང་ཐད་དུ་འདུག་པར་བསམ། ཡང་གཏུམ་མོའི་མེ་ཐུར་དུ་འབར་བས་ཁྃ་ཡིག་བསྐུལ། དེའི་འོད་ཀྱིས་པྲེ་བསྲེགས་པའི་དྭངས་མ་ཁཾ་ལ་ཐིམ། དེའང་ཧྃ་ལ་ཐིམ། ཧྃ་ལྟེ་བར་སྦར་བ་སོགས་སྔ་མས་རིགས་འགྲེ། ཡིད་གཏུམ་མོ་སྦར་བས་གྱེན་དུ་འབར། ལྟེ་བའི་ཧྲཱིཿབསྐུལ། ཏྲི་བསྲེགས། ཧྃ་ལ་ཐིམ། ཧྃ་སྙིང་ཁར་སྤར། དེ་བཞིན་དུ། གཏུམ་མོའི་མེས་ཏྲཱྃ་བསྐུལ། སུ་བསྲེགས། ཧྃ་ལ་ཐིམ། ཧྃ་མགྲིན་པར་སྤར། མེ་ལྕེས་མགྲིན་པའི་ཧཱུྃ་བསྐུལ། སུ་བསྲེགས། ཧྃ་ལ་ཐིམ། ཧྃ་སྤྱི་བོར་སྤར། མེ་འབར་བས་ཨོཾཱ་བསྐུལ། ཨ་ཡིག་བསྲེགས། ཨོཾཱ་དང་བཅས་ཧྃ་ལ་ཐིམ། དེ་ཉིད་བྱང་ཆུབ་ཀྱི་སེམས་མི་ཤིགས་པའི་ཐིག་ལེར་གྱུར་པར་མོས་ལ་མཉམ་པར་བཞག་གོ། །གཉིས་པ་ལ་གཉིས། ཀ་དག་ཁྲེགས་ཆོད། ལྷུན་གྲུབ་ཐོད་རྒལ་ལོ། །དང་པོ་ལ་གཉིས། སྒོམ་ཚུལ་སྤྱིར་བསྟན། མན་ངག་བྱེ་བྲག་ཏུ་བཤད་པའོ། །


LT30_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ་གསུམ། དབང་པོ་ཐ་མ་འབྲིང་པོ། །རབ་ཀྱི་བསྒོམ་ཚུལ་ལོ། །དང་པོ་ལ་གསུམ། ཞི་གནས་བཙལ། ལྷག་མཐོང་བསྐྱེད། ཟུང་འཇུག་བསྒོམ་པའོ། །དང་པོ་ཞི་གནས་བཙལ་བ་ལ་གསུམ། དང་པོ་རྣམ་རྟོག་གདུལ་བ་ནི། བླ་མའི་རྣལ་འབྱོར་སྔོན་ཏུ་སོང་ནས། ལུས་གནད་རྣམ་སྣང་ཆོས་བདུན་ལས། ལག་པ་གཉིས་པུས་མོར་བཀབ། མགྲིན་པ་ཅུང་ཟད་དགྱེས་ཏེ། རང་རྡོ་རྗེ་གཞོན་ནུར་ཝལ་གྱས་གསལ་བའི་ལུས་ནང་རྩ་གསུམ་གསལ་བཏབ་པའི་རོ་རྐྱང་གི་མར་སྣ་ནས་འོད་གསལ་གྱི་རླུང་དཀར་སྔོ་དམར་སེར་ལྗང་མཐིང་ཟབ་ཆེན་གྱི་སྐུད་པ་ལྔ་གཤིབས་ལྟ་བུ་ལངས། སྣ་སྒོ་ནས་སོར་བཅུ་དྲུག་ཙམ་གྱི་ནམ་མཁར་སོང་། རླུང་ཚུར་འཇུག་དུས་ནང་དུ་ཞུགས་པའི་ཁུག་པ་ལ་གཅིག་ནས་ལྔའི་བར་དུ་བགྲང་བ་ཚར་གཅིག་བྱས་ཏེ། བརྒྱ་སྟོང་ལ་སོགས་པ་བགྲངས་པས་རྣམ་རྟོག་རགས་པ་ཞི་བ་དང་། གཉིས་པ་སེམས་བཟུང་བ་ནི། རང་མདུན་ཏུ་རྡོར་སེམས་སམ་རྡོ་རྗེ་གཞོན་ནུའི་བྲིས་སྐུ་ཞིག་བཞག་པ་ལ་མིག་མི་འགུལ་ཞིང་སེམས་མ་ཡེངས་པར་བལྟ། རྟོག་པ་འཕྲོ་ན་དེ་མ་ཐག་རྦད་བཅད་དེ་དམིགས་རྟེན་ལ་ཆེ་རེ་བལྟ། སེམས་རྩེ་གཅིག་ཏུ་འདུག་ན་མིག་བཙུམས་ནས་དམིགས་རྟེན་གྱི་རྣམ་པ་ལམ་མེ་བ་ལ་སེམས་བཟུང་། མི་གནས་ཚེ་དམིགས་རྟེན་ལ་བལྟས་ཏེ་བསྒོམ། ཞར་བྱུང་སྒྲ་སོགས་ཚོགས་དྲུག་གི་ཡུལ་སྣང་གཞན་ལའང་ཐོག་མར་གང་ཚོར་དེ་


LT30_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དམིགས་རྟེན་བྱས། དེ་ནས་དེ་ཡི་རྣམ་པ་མ་བོར་ཙམ་གྱི་ངང་ནང་དུ་བལྟས་ལ་སེམས་བཟུང་བ་སོགས་རེས་མོས་སུ་བསླབས་པས་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་སྐྱེས་ནས། གསུམ་པ་ཆོས་ལ་སྦྱོང་བ་ནི། །བདག་ཉིད་ལྟར་གསལ་བའི་ངང་ལ་མ་ཡེངས་པར་བཞག །སེམས་ཟིན་ནས་འོད་ཟེར་སྤྲོ་བསྡུ་དང་། ཚད་མེད་བཞིའི་ཏིང་ངེ་འཛིན་སོགས་བྱ་ཞིང་དེ་ལྟ་བུའི་སེམས་ས་ལེ་བ་དེ་ངོས་བཟུང་ཞིང་མ་ཡེངས་པར་བྱ་བ་སོགས་སྤེལ་བས་འགྲོ་གནས་མཉམ་པའི་སེམས་སྐྱེའོ། །གཉིས་པ་ལྷག་མཐོང་བསྐྱེད་པ་ལ་གཉིས། དང་པོ་ཕྱི་གཟུང་བ་ཡུལ་མེད་དུ་བཞག་པ་ནི། ཡུལ་སྣང་སྣ་ཚོགས་རྨི་ལམ་ལྟར་སྣང་ཡང་དཔྱད་ན་བདེན་པར་མ་གྲུབ་པས། ཡུལ་སྣང་དང་གཟུང་བའི་ཤེས་པ་བཅས་པར་གསལ་སྟོང་པའི་ངང་ལ་བྱམ་གྱིས་མཉམ་པར་བཞག་པས་གཟུང་བ་བདག་མེད་པར་རྟོགས་སོ། །གཉིས་པ་འཛིན་པ་རྩ་བྲལ་སྟོང་པར་བསྟན་པ་ནི། ཡུལ་དང་ཡུལ་ཅན་ཏུ་རྟོག་བྱེད་སེམས་འདི་ལ། འདས་མ་འོངས། དངོས་པོ་དངོས་མེད། བྱུང་གནས་འགྲོ་གསུམ། དབྱིབས་ཁ་དོག་ལ་སོགས་པར་བརྟགས་ཤིང་བཙལ་བས་གང་དུའང་མ་རྙེད་པའི་ཚེ། རྟེན་མེད་པའི་ཤེས་པ་འཛིན་མེད་དུ་ལྷོད་ཀྱིས་ཀློད་ལ་བཞག་པས་འཛིན་པ་སྟོང་ཉིད་དུ་རྟོགས་པར་བྱེད་དོ། །གསུམ་པ་ཟུང་འཇུག་ཏུ་བསྒོམ་པ་ནི། གང་སྣང་ལ་དཔྱད་ར་མེད་པར་རང་བབས་སུ་ཕྱ་ལེ། ཡིན་ལུགས་སུ་ཤིགས་སེ། རྗེས་མེད་དུ་སང་ངེ། རྒྱ་ཡན་ཏུ་


LT30_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱ་ལེ། མཐའ་བྲལ་དུ་ཁྲོལ་ལེ་བཞག་པས་ཕྱི་ནང་བར་མེད་ནམ་མཁའ་ལྟ་བུའི་དགོངས་པ་འཆར་བ་དེའི་ཚེ་གནས་པས་ཞི་གནས། གསལ་བས་ལྷག་མཐོང་། དབྱེར་མེད་ཟུང་འཇུག་ཏུ་ལྷུན་གྱིས་གྲུབ་པའོ། །གཉིས་པ་དབང་པོ་འབྲིང་གི་སྒོམ་ཚུལ་ལ་གསུམ། སྟོང་པ་ནམ་མཁའ་ལྟ་བུ། གསལ་བ་མེ་ལོང་ལྟ་བུ། འཆང་བ་རྦ་རླབས་ལྟ་བུའི་བསྒོམ་ཚུལ་ལོ། །དང་པོ་ནི། བླ་མའི་རྣལ་འབྱོར་སྔོན་ཏུ་འགྲོ་བས། ལུས་གནད་ཆོས་བདུན་དང་དབང་པོ་རྣམས་མ་འགགས་རང་གསལ་དང་། གང་ལྟར་ཡང་སྣང་ཐོག་དེར་མི་བཞག་པར་སྟོང་པའི་སྟེང་ཕྱི་ནང་བར་མེད་ཧར་སངས་བུན་ནེར་ལྟ་སྟངས་གཅུན་ནས་བཞག་པས་ཐམས་ཅད་སྟོང་པ་བར་མེད་ནམ་མཁའ་ལྟ་བུར་རྟོགས་པར་འགྱུར་རོ། །གཉིས་པ་ནི། ལུས་གནད་དབང་གནད་དེ་ལྟར་ལ། སྟོང་ཐོག་ཏུ་མི་གཏད་པར་སྣང་བ་འཛིན་མེད་རང་གསལ་གྱི་ངང་ལ་ས་ལེར་བཞག་པས་སྣང་བ་འཛིན་མེད་དུ་རྟོགས་སོ། །གསུམ་པ་ནི། ལུས་གནད་སོགས་གོང་ལྟར་ལ། རིག་པའི་མདངས་ལས་འཕྲོ་འདུའི་རྟོག་པ་འཆར་བའི་ཚེ་གསལ་སྟོང་འཛིན་མེད་དུ་བཞག་པས་རྦ་རླབས་ཆུར་ཐིམ་པ་ལྟར་རྟེན་མེད་འཛིན་མེད་དུ་འགྲོལ་ལོ། །གསུམ་པ་དབང་རབ་ཀྱི་སྒོམ་པ་བར་མེད་ཆུ་བོའི་གཞུང་ལྟ་བུ་ནི། རིག་པ་ཆོས་སྐུ་རྗེན་པར་རྟོགས། འདུ་འཕྲོ་ཆོས་ཉིད་ཀྱི་རོལ་པར་ཤར་ཅིང་ནུབ་པས་སྤང་བླང་གོལ་སྒྲིབ་གང་ཡང་མེད་པ་རིན་པོ་ཆེ་གསེར་གླིང་ཕྱིན་པ་ལྟ་བུ་སྟེ། ཡང་ཤར་


LT30_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་ཡེ་ཤེས་ཀུན་བཟང་གི་དགོངས་པ། ཅིར་སྣང་སྟོང་པའི་རང་གཟུགས་ཀུན་ཏུ་བཟང་མོའི་ཀློང་། ཡུལ་སེམས་གཉིས་མེད་རྫོགས་པ་ཆེན་པོའི་ངང་དུ་ཕྱམ་གདལ་བས་རྟོག་པ་བར་མེད་རིག་པ་རྗེན་པ་རང་བབ་ཁ་ཡན་ཏུ་བསྐྱངས་པས་གདོད་མའི་གྲོལ་ས་ལ་ཕྱིན་པར་འགྱུར་རོ། །གཉིས་པ་མན་ངག་ངེས་པའི་གནད་ནི། དབང་པོ་ཐ་མ་དང་འབྲིང་གི་སྒོམ་ཚུལ་གྱི་གྲོགས་དང་རྩལ་སྦྱོང་བསྟན་པ་སྟེ། དེས་དབང་རབ་ཀྱི་བསྒོམ་པ་ན་འཕོས་ཏེ་རང་སྣང་རིས་མེད་ཀྱི་དགོངས་པར་འབྱམས་ཀླས་པར་འགྱུར་རོ། །དེ་ལ་བཞི། ཞི་གནས། ལྷག་མཐོང་། ཟུང་འཇུག །ལ་བཟླ་བའོ། །དང་པོ་ནི། སྣང་བཅས་དང་སྣང་མེད་ཀྱི་ཡལ་ལ་སེམས་བཟུང་བ་གཉིས་ཀྱི། ཕྱི་ཡི་སྣང་བཅས་དཀྱུས་སུ་སོང་། ནང་གི་སྣང་བཅས་ནི། ཤེས་པ་ཧ་ཅང་འཕྲོ་ན། པདྨ་དཀར་པོའམ་རྡོ་རྗེ་རྒྱ་གྲམ་རྩ་བ་སྙིང་ལ་ཟུག་པ་ཞིག་གསེར་གྱི་ས་གཞིའི་བར་སོང་སྟེ་ལྷན་ནེ་གནས་པར་བསམ། སེམས་ཟིན་པ་དང་དེ་སྙིང་ཁར་བསྡུས་ལ་རྩེ་གཅིག་ཏུ་སེམས་བཟུང་། སྣང་མེད་ཀྱི་ཡུལ་ལ་སེམས་བཟུང་བ་ནི། གང་ཡང་ཡིད་ལ་མི་བྱེད་པའི་ངང་ལ་འཇོག་པ་སྟེ། ལྷ་ཡི་ཞལ་ཕྱག་ལྟ་བུ་ལ་སེམས་ཟིན་པས་རྟོག་པ་གཞན་དེར་ནུབ། དེ་ཉིད་ཀྱང་རྣམ་པ་མ་ངེས་པའི་ངང་དུ་འཇོག་པ་ལྟ་བུ་ལ་བསླབ། དེ་གོམས་ནས་འགྲོ་འདུག་སྨྲ་བརྗོད་དྲན་རྟོག་སོགས་ཅུང་ཟད་དང་བསྲེས་ནས་གོམས་སུ་བཅུག་པས་བོགས་ཐོན་པར་འགྱུར་


LT30_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །གཉིས་པ་ལའང་སྣང་སྟོང་གཉིས་ཀྱི་སྣང་བ་ལ་བསླབ་པ་ནི། ཡུལ་གྱི་སྣང་བ་གང་སྣང་ཐམས་ཅད་སྒྱུ་མ་དང་རྨི་ལམ་དངོས་སུ་འདུག་སྙམ་དུ་གང་སྣང་བདེན་མེད་དུས་ལ་ལ་སྦྱང་། སྟོང་པ་ལ་སྦྱོང་བ་ནི། སྣང་དུས་ནས་སྟོང་སང་སང་རྗེས་མེད་དུ་བལྟ་ཞིང་ཡིད་ལ་མི་ཕྱེད་པ་ནམ་མཁའ་ལྟ་བུའི་ངང་ལ་རང་སངས་ཐུག་ཕྲད་དུ་བཞག །སྤྱོད་ལམ་ཐམས་ཅད་གསལ་སྟོང་འཛིན་མེད། སྣང་སྟོང་གཏད་ཡལ་དུ་བསྲེས་པས་བོགས་ཕྱིན་པར་འགྱུར་རོ། །གསུམ་པ་ནི། ལུས་གནད་བཅས་ལ། གང་ཤར་ལ་གདམ་ཁ་མི་ཕྱེད་པ་དེ་ཉིད་ཀྱི་འཆར་གཞིའི་རིག་པ་ལ་ཆེར་ཆེར་བལྟ་ཞིང་ཕར་མི་དཔྱད་པར་ཚུར་བཞག་ཅིང་། འཕྲོག་ནས་མཉམ་པའི་ངང་ལ་རྟག་ཏུ་གནས་པས། འགྱུ་བས་གནས་པ་ལ་མི་གནོད་པ། རིག་པ་སྟོང་གསལ་འཆར་བ་གསུམ་འདྲེས་ཀྱི་ངོ་བོ་སྐུ་གསུམ་རང་གསལ་གྱི་དགོངས་པ་ལ་སླེབས་པ་ཡིན་ནོ། །དེའི་བོགས་འདོན་ཏུ། ནམ་མཁའ་དྭངས་ཤིང་སྤྲིན་མེད་པའི་ཉི་མ་ལ་རྒྱབ་བསྟན་ཏེ། དཔེ་ཕྱིའི་ནམ་མཁའ་གཡའ་དག་པའི་མཐོངས་སུ་ལྟ་སྟངས་བཅུན་ནས་བལྟས་པས། ནང་ཤེས་པའི་ནམ་མཁའ་རྟོག་མེད་ཀྱིས་གོ་ཕྱེས་ནས། གསང་བ་འོད་གསལ་སྙིང་པོའི་ནམ་མཁའ་མཐའ་དབུས་ཐམས་ཅད་ལས་འདས་པའི་ཆོས་ཉིད་སྐད་ཅིག་ལ་འཆར་བར་འགྱུར་རོ། །ལྟེངས་ན་ཞི་ལྷག་སོ་སོར་རྩལ་སྦྱང་། བྱིང་ན་གསེང་། རྒོད་ན་དབབ། སྤྱོད་ལམ་ཀུན་དང་བསྲེ་བ་


LT30_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་སྦྱོང་གི་གནད་དོ། །བཞི་པ་ནི། དེ་ལྟར་སྒོམ་དུས་བཟང་རྟོག་ངན་རྟོག་ཉམས་ཀྱི་འཆར་སྒོ་ཐམས་ཅད་རྟེན་མེད་སྟོང་པ། ཆོས་ཟད་བློ་འདས་ཆེན་པོའི་ངང་ལ་བསྐྱལ། སྙེམས་དང་རེ་དོགས་ཀྱི་འཁྲི་བ་བཅད། གང་དུའང་མི་འཛིན། ཅི་ལའང་མི་རྟོག་པའི་ཚུལ་གྱིས་བྱར་མེད་གདོད་མའི་དབྱིངས་སུ་ལ་བཟླ་སྟེ། མདོར་ན་རང་ཐོག་ཏུ་ངོ་སྤྲད། གཅིག་ཐོག་ཏུ་ཐག་བཅད། གྲོལ་ཐོག་ཏུ་གདིང་བཅས་ཏེ་བློ་ཟད་ཆོས་ཟད་ཀྱི་དགོངས་པ་ལ་དབང་འབྱོར་བར་བྱའོ། །གཉིས་པ་ལྷུན་གྲུབ་ཐོད་རྒལ་ལ། ཁྲེགས་ཆོད་གཏན་ལ་ཕེབས་པའི་གང་ཟག་གིས། དང་པོ་ཆོས་ཉིད་མངོན་སུམ་ཉམས་སུ་ལེན་པའི་དུས། གཉིད་ངོམས་པར་བྱས་ལ་ཐོ་རངས་ལྡང་བ་དང་། སྐྱབས་སེམས་བླ་མའི་རྣལ་འབྱོར་སོགས་སྔོན་འགྲོ་སྔོན་དུ་བཏང་ནས། རང་རྡོ་རྗེ་གཞོན་ནུར་གསལ་གདབ། ལུས་གནད་དྲང་པོར་བསྲངས་པའི་སེམས་དཔའི་སྐྱིལ་ཀྲུང་ངམ། མེ་ཐབ་དྲུག་འཆིང་ལ་གཡོན་པའི་ཐེ་བོང་གུང་མོ་སྲིན་ལག་གསུམ་གཡས་པས་ཧ་ཅང་དམ་དྲགས་པ་མིན་པར་འཆིང་བར་བྱས་པའི་ངོས། འཇམ་རླུང་གཡས་གཡོན་དབུས་གསུམ་ནས་བུས་པས། ནད་གདོན་སྡིག་སྒྲིབ་ཐམས་ཅད་ཕྱིར་སངས་སངས་ཀྱིས་དོན་པར་བསམ། ཆུར་རྔུབས་པས་བླ་མ་ཡི་དམ་ཐམས་ཅད་ཀྱི་ཐུགས་རྗེའི་བྱིན་རླབས་འོད་ཟེར་གྱི་རྣམ་པར་རང་ལ་ཐིམ་པར་བསྒོམ། དེ་ནས་འོག་རླུང་ཅུང་ཟད་འཐེན་ཏེ་སྟེང་རླུང་མནན། མིག་གྱེན་དུ་ལོག་པར་བྱས་ནས་སྨིན་མཚམས་ཀྱི་ཐད་སོར་བཞི་


LT30_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱི་ཐད་དུ་མིག་བལྟས་པས། ཐོག་མར་ཕྱི་དབྱིངས་ནམ་མཁའ་སྐྱ་ཝལ་གྱིས་འཆར། ནང་དབྱིངས་ནག་པོ་ལྷུང་བཟེད་ཁ་སྦུབ་པ་ལྟ་བུ་ཞིག་འཆར། །གསང་དབྱིངས་འོད་མཐིང་ཁ་ཞིག་འཆར་རོ། །ཡང་མིག་ནན་མིག་གཡོན་པའི་ཟུར་དུ་ཕབ་ལ་བལྟ། མིག་ལ་རང་གི་ཁ་ཆུ་སྲིན་མཛུབ་ཀྱིས་བྱུགས། ཡང་ཁ་ཆེས་ཀྱང་བྱུགས་གཡོན་ཟུར་དུ་ཐིག་ལེ་འོད་ལྔའི་དཀྱིལ་འཁོར་འཆར། བསྡུ་བའི་ཚེ་ཐིག་ལེ་མཛོད་སྤུར་བསྡུས་ལ། ཐིག་ལེ་མཐིང་ཁ་ཞིག་སྙིང་གི་དཀྱིལ་དུ་འབྲལ་མེད་དུ་བསྒོམ་པ་གནད་ཆེའོ། །མངོན་སུམ་གཏན་ལ་ཕེབས་པའི་རྟགས་སུ། དགོངས་མོ་གཉིད་ལ་འགྲོ་ཁ་དང་། ཞོགས་པ་གཉིད་སད་འཕྲལ་ལ་ཡང་ཐིག་ལེ་རྣམས་འགྲལ་མེད་དུ་འཆར་ཞིང་། དེ་ནས་ཐིག་ལེའི་དབུས་སུ་སྤྲུལ་སྐུའི་རྣམ་པའི་སྐུ་རྣམས་ཀྱང་དབུས་ནས་རིམ་བཞིན་སྐུ་སྐེད་ཡན་ཆད་དུ་སྣང་ལ་གཟུང་ཡུལ་དུ་མ་གྲུབ་པར་སྣང་། རེས་ཐིག་ལེ་གཅིག་གི་ནང་དུ་སྤྲུལ་སྐུ་བྱེ་བ་ས་ཡ་མ་འདྲེས་པར་སོ་སོར་འཆར། རེས་དེ་རྣམས་གཅིག་ཏུ་བསྡུས་ནས་འཆར། དེ་རྣམས་ནི་སྤྲུལ་སྐུའི་ཞིང་ཁམས་མཐོང་བ་ཡིན་ནོ། །དེ་ནས་ལོངས་སྐུའི་རྣམ་པ་འཆར་བ་ལ། སྤྲུལ་སྐུ་དེའི་དཔྲལ་བར་འཕྲད་ལ་རི་མོ་དོད་པ་དང་། དེ་ནས་ཤངས་དང་ཞལ་གྱི་བར་དུ་རི་མོ་དོད་པ་དང་། དེ་ནས་སྤྲུལ་སྐུ་དེ་རིམ་གྱིས་ཞི་ཁྲོའི་རྣམ་པར་སྤྲོ་བསྡུའི་ཚུལ་གོང་བཞིན་འཆར་བའོ། །དེ་རྣམས་ནི་ལོངས་སྐུའི་ཞིང་ཁམས་མཐོང་བའོ། །དེ་ནས་ཞི་ཁྲོ་དེ་རིམ་བཞིན་ཁྲོ་བོའི་སྐུ་


LT30_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་ཤིང་སྐྱི་གཡའ་བ། ཆེ་བ་རི་རབ་ཙམ། ཆུང་བ་ཡུངས་འབྲུ་ཙམ་ལ་ཞལ་རས་འཇིགས་ཤིང་རྔམས་པ། སྟག་ཤམ་རྣམས་ལ་ཁྲག་གི་ཐིག་ལེ་དངོས་སུ་ཡོད་པའི་རྣམ་པར་འཆར་བའོ། །དེ་རྣམས་ནི་ཆོས་སྐུའི་ཞིང་ཁམས་མཐོང་བ་ཡིན་ནོ། །སྤྲུལ་སྐུའི་ཞལ་རས་མཐོང་ནས་འཇའ་ལུས་འགྲུབ་པར་ཐེ་ཚོམ་མེད་པའོ། །ཁྱད་པར་ལུ་གུ་རྒྱུད་འཆར་བ་དེའི་དཀྱིལ་དུ་བལྟ་བ་གནད་ཡིན་ཅིང་། མུན་ཁྲིད་དང་མུན་ཁང་བྱས་ཚེ་སུན་ཉམས་འོང་བས། གཱ་བའི་པགས་པ་མཉེན་དུལ་སོང་བའི་ཕྱི་གོས་ཆེན་ནག་པོས་བཏུམས་པའི་མཐའ་འདྲིལ་བྱས་ལ། མིག་ལ་གསེང་ཡོད་པའི་མིག་ར་བྱས་ཏེ་མིག་ལ་བཀབ་ནས་སྔར་བཞིན་ཉམས་ལེན་བྱས་ན་མཚན་སྣང་རྣམས་འཆར་ཞིང་། གལ་ཏེ་ལྟག་རྩ་ན་བ་དང་། དབུགས་སྟོད་དུ་འཚང་བ་སོགས་བྱུང་ན། ལྟ་སྟངས་ཅུང་ཟད་ཀློད་ལ་དབུགས་སོ་བར་དུ་དལ་བུས་བཏང་ཞིང་སེམས་རང་བབས་སུ་བཞག་པ་དང་། ཛཱ་ཏི་དང་མར་བསྲེས་ལ་ལྟག་རྩར་བྱུགས་པས་ཁད་ཀྱིས་སེལ་བར་འགྱུར་རོ། །མི་མང་པོ་ཡོད་པའི་སར་ཡང་རང་གི་ཉམས་ལེན་གྱི་དྲན་པ་མ་ཡེངས་པར་སྙིང་ཁའི་ཐིག་ལེ་མཐིང་ག་དེ་འབྲལ་མེད་དུ་བསྒོམ་ཞིང་། རྒྱུན་དུ་རིག་པ་མིག་གི་ནང་དུ་ཧྲི་གེ་དྲངས་ལ་བསྒོམས་པས། རིག་པ་གསལ་རིག་སྟོང་གསུམ་ནམ་མཁའ་དྭངས་པ་ལྟ་བུ་ལ་མདུན་གྱི་ནམ་མཁའ་ལ་ཐིག་ལེ་དབུས་མཐིང་ཀ་མཐའ་འཇའ་ཚོན་


LT30_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ལྔ་འཕྲོ་བ་དང་བཅས་པ་མཐོང་བ་ནི། ཆོས་སྐུ་ཐིག་ལེ་ཉག་གཅིག་མཐོང་བ་ཡིན་པས། འཇའ་ལུས་སུ་འགྲུབ་ཅིང་སེམས་སྐྱེ་མེད་ཀྱི་དོན་རྟོགས་པར་འགྱུར་རོ། །ཕུར་བུ་ཐལ་འབྱིན་གྱི་དགོངས་པ་བཞི་པ། ཙན་དན་ལྟ་བུའི་གང་ཟག་གིས་མཚན་མ་རྫས་ཀྱི་ཕུར་པ་དགྲ་བགེགས་ལ་འདེབས་པའི་སྒོམ་རིམ་ནི་གཞན་ཏུ་ཤེས་པར་བྱའོ། །སྤྱི་དོན་གསུམ་པ་རྗེས་ཀྱི་བྱ་བ་ལ་བཞི། སྤྱོད་པས་བོགས་དབྱུང་བ་དབང་གིས་གདིང་བཙལ་བ། དམ་ཚིག་གིས་དོན་ལས་མི་འདའ་བ། འབྲས་བུར་ལ་བཟླ་བའོ། །དང་པོ་ལ་གསུམ། རྒྱ་ཆུང་བ་དམན་པའི་སྤྱོད་པ། རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པའི་སྤྱོད་པ། ཁྱད་འཕགས་རྨད་དུ་བྱུང་བའི་སྤྱོད་པའོ། །དང་པོ་གཉིས་ནི་ཉན་ཐོས་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །འདིར་ལག་ཏུ་བླང་བྱ་ཕྱི་མ་སྟེ། དེ་ལའང་གསུམ། གཉིས་མེད་ལྟ་བ། རླབས་ཆེན་ཐབས། གདུག་པ་འདུལ་བའི་སྤྱོད་པའོ། །དང་པོ་ནི། ཕུར་པ་མྱང་འདས་ཀྱི་རྒྱུད་ལས་གསུངས་པའི། །གཉིས་མེད་ལྟ་བ་གདིང་དུ་གྱུར། ཞེས་པ་ལ་སོགས་པ་དང་། གཉིས་པ་ནི། དུག་ལྔ་ལམ་དུ་ཁྱེར་བའི་ལྟ་སྤྱོད་རྣམས་དང་། གསུམ་པ། ཞིང་བཅུ་ཚར་གཅོད་པའི་སྤྱོད་པ་རྣམས་འདོར་དུ་མི་རུང་བས་སྲོག་ཏུ་བསྟེན་ཅིང་། མདོར་བསྡུ་ན། ཐབས་ཀྱིས་སྤྱོད་པའི་འགྲོ་དོན་ཏུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །ཞེས་པས་ཕྱི་ནང་འབྱུང་བས་བསྡུས་


LT30_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྣང་བ་ཐམས་ཅད་ཆེ་མཆོག་སྐུའི་དལ་དུ་གསལ། །སྒྲ་སྐད་ཀཱི་ལ་ཡ་ཆོས་ཉིད་རང་སྒྲར་ཤར། །དྲན་རྟོག་ཐམས་ཅད་ཡེ་ཤེས་ཀྱི་ངར་འོད་དུ་རང་གསལ་ཏེ། དེ་ལྟར་ཤེས་པས་མི་དགེ་བཅུ་སྐྱེ་བའི་ཡུལ་མེད། སྤྱོད་པ་ཐམས་ཅད་དགེ་བ་བཅུའི་ངང་དུ་སྤྱོད། སྣང་བ་ལྷར་ཤེས་པས་ཆགས་སྡང་དང་གཟུང་འཛིན་གྱི་ཡུལ་མེད། གྲགས་པ་སྔགས་སུ་ཤེས་པས་སྒྲ་སྙན་མི་སྙན་ལས་གྲོལ། དྲན་རྟོག་ཐམས་ཅད་ཡེ་ཤེས་སུ་གསལ་བས་རྣམ་ཤེས་ཚོགས་བརྒྱད་ཀྱི་རྟོག་པ་མི་འཁྲུགས་པར། ཡེ་ཤེས་མི་ཟད་པ་རྒྱན་གྱི་འཁོར་ལོར་གསལ་ཏེ། ཅི་བྱེད་ཐམས་ཅད་དེའི་ངང་ནས་མ་ཡེངས་པར་སྤྱོད་དོ། །དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་བསྐྱེད་ཅིང་འཕྲོ་འདུས་གནས་པར་བྱ་བ་ནི་སྤྱོད་པས་ལྟ་སྒོམ་གྱི་བོགས་དབྱུང་བའོ། །གཉིས་པ་དབང་གིས་གདིང་བཙལ་བ་ནི། སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཅེས་པས་དེ་ལྟར་གོང་གི་ལྟ་སྒོམ་སྤྱོད་པ་གསུམ་པོ་དེ། རང་གི་རྒྱུད་ཐོག་ཏུ་ཁེལ་བས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་དུས་གཅིག་ཏུ་རྫོགས་ཏེ། སྒོ་གསུམ་ཐམས་ཅད་ལྷ་ཡི་རང་བཞིན་ཏུ་གསལ་ཞིང་ཆོས་ཉིད་དུ་རྫོགས་ནས་གཉིས་སུ་མེད་པ་བདེ་བ་ཆེན་པོར་རྫོགས་པ་ནི་དབང་ཐམས་ཅད་ཀྱི་མཆོག་ཡིན་ནོ། །ཆོས་ཉིད་བདེ་བ་ཆེན་པོའི་དབང་ངོ་། །ཕྱི་ནས་བསྐུར་བའི་དབང་ནི་བསྐུས་པ་དང་འདྲའོ། །ཞེས་གསུངས་སོ། །


LT30_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་ཕུར་པ་ཐལ་བ་བྱིན་གྱི་དགོངས་པ་རྣམ་བཞིས་བསྒྲུབ་པའི་འབྲས་བུ། རྟོགས་པ་ཆོས་ཉིད་ཀྱི་དབང་། རིག་པ་རྩལ་གྱི་དབང་། ཁམས་གསུམ་ཡོངས་སྒྲོལ་གྱི་དབང་། དྲག་པོ་ལས་ཀྱི་དབང་རྣམས་ཐོབ། དངོས་གྲུབ་ཆུང་ངུ་གྲུབ་པ་བརྒྱད། འབྲིང་པོ་རིག་འཛིན། མཆོག་སྐུ་གསུམ་རྣམས་འབད་མེད་ལྷུན་གྲུབ་ཏུ་རྫོགས་པར་འགྱུར་རོ། །གསུམ་པ་དམ་ཚིག་ལ་བཞི། ཐུན་མོངས་སྤྱི། སྒྲུབ་པ། ཁྱད་པར། སྤྱོད་པ་རྒྱུན། གལ་མདོ་ངེས་པའི་དམ་ཚིག་གོ། །དང་པོ་ལ་རྩ་བ་གསུམ་དང་ཡན་ལག །གཉིས་པ་ལ་ཁྱད་པར་གྱི་དམ་ཚིག་ཉི་ཤུ། །གསུམ་པ་ལ་རྒྱུན་གྱི་དམ་ཚིག་བཞི། བཞི་པ་ལ་རྩ་བ་གསུམ། ཡན་ལག་བཅུ་གཉིས་པོ་རྣམས་ཉམས་པའི་རྒྱུ་བཞིས་མ་གོས་པར་བསྲུང་ཞིང་། ཉམས་ན་ཕྱིར་འཆོས་པ་ལ་འབད་པས་རྒྱུད་རྣམ་པར་དག་ཅིང་བསྐྱེད་རྫོགས་ཀྱི་འབྲས་བུ་དུས་ལས་མི་ཡོལ་བར་སྨིན་པར་འགྱུར། མདོར་ན་འདི་ཉིད་ཀྱི་གྲུབ་པའི་མཐའ་སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། ཞེས་པས་གོང་ལྟར་རྟོགས་པ་དེ་སྙིང་རྗེའི་བློས་མཚམས་སྦྱར་ཏེ། འགྲོ་བ་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བསྒྲལ་སྙམ་པར་སེམས་བསྐྱེད་དོ། །དེའང་ཞེ་སྡང་གིས་བསད་ཅིང་གཏི་མུག་གིས་མནན་པ་མ་ཡིན་ཏེ། ཕུང་པོ་ཐམས་ཅད་རྡོ་རྗེའི་སྐུར་གྱུར་ཏེ། རྣམ་པར་ཤེས་པ་ཐམས་ཅད་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བ།


LT30_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལྟར་འཕོ་འགྱུར་མེད་པར་བསྒོམ་མོ། །སྒོ་གསུམ་དེའི་དོན་ལས་མི་འདའ་བ་ནི་དམ་ཚིག་ཐམས་ཅད་ཀྱི་མཆོག་གོ། །ཞེས་གསུངས་སོ། །བཞི་པ་འབྲས་བུར་ལ་བཟླ་བ་ནི། སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །ཅེས་པས་སྣང་བ་ཐམས་ཅད་ལྷའི་དལ་དུ་ཡེ་ནས་རྫོགས་ནས་ཞིང་ཁམས་ཐམས་ཅད་ཡེ་ཤེས་སུ་དག་པའི་སྣང་བ་འཆར་ཏེ། ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་རང་གསལ་བ་དེ་ཀ་སྤྲུལ་པའི་སྐུ། གསལ་བའི་དུས་རང་ན་སྤྲོས་པ་དང་བྲལ་བས་ཆོས་ཀྱི་སྐུ། དེ་གཉིས་དབྱེར་མེད་པ་བདེ་བ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ། དེ་གསུམ་ཡེ་ནས་མ་བཅོས་པའི་རང་བཞིན་ཏུ་བཞུགས་པས་ངོ་བོ་ཉིད་སྐུའོ། །དེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་འཕོ་འགྱུར་མེད་པར་གནས་པས་རྡོ་རྗེའི་སྐུའོ། །དེ་ཉིད་རྟོགས་པ་དང་གོམས་པ་ལས་མཐར་ཕྱིན་པས་འབྲས་བུ་ཞེས་བྱའོ། །སྔགས་ཕྱི་རྒྱུད་པའི་འབྲས་བུ་བཞིན་གཞན་ནས་རེ་བ་མ་ཡིན་ནོ། །ཞེས་རྡོ་རྗེའི་གསུང་ལས་འབྱུང་བ་དང་། གཞན་ཡང་། །དོན་འདིར་རྨོངས་ན་སྲིད་པའི་འཁོར་བར་འཁྱམས། །དགེ་དང་མི་དགེའི་དབང་འགྲོ་ཆུ་བོས་གཡེངས། །འདི་མེད་གཞན་གྱི་འབྲས་བུས་འཚང་མི་རྒྱ། །འདི་དོན་རྟོགས་ན་འཁོར་བའི་གསེབ་ལས་ཐར། །དགེ་དང་མི་དགེའི་ལས་ཀྱི་དབང་མི་འགྲོ། །མཐོང་བའི་ཆོས་ལ་མངོན་ཏུ་མ་གྱུར་ཀྱང་། །ཚེ་འདི་འདས་མ་ཐག་ཏུ་མངོན་ཏུ་འགྱུར། །ཞེས་


LT30_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་གྱི་མཁན་པོ་བློ་ལྡན་མཆོག་སྲེད་ཀྱིས་གསུངས་པ་དང་། །ཡིད་གཉིས་ཐེ་ཚོམ་མེད་པར་མོས་བྱེད་ཅིང་། །སྒྲུབ་པ་སྣ་གཅིག་ཙམ་ཞིག་བྱས་གྱུར་ཀྱང་། །ཡིད་ལ་ཅི་འདོད་འགྲུབ་པར་མ་གྱུར་ན། །ཨོ་རྒྱན་བདག་གིས་ཕྱི་རབས་འགྲོ་བ་བསླུས། །ཞེས་པ་དོན་གསུང་རྡོ་རྗེའི་སྒྲ་ཆེན་ཡང་ནས་ཡང་དུ་བསྒྲགས་པ་ནི་མི་བསླུ་བའི་ཐ་ཚིག་གི་ངེས་པ་སྟེ། དབུལ་པོའི་ནོར་བཞིན་འཐོར་བ་སྡུད་པའི་དགོས་པར་མཛོད་ཅིག །བཀའ་ཡི་གཞུང་ཡིན་གཏེར་གྱི་མཛོད་འཛིན་ཉིད། །སྙན་བརྒྱུད་ཉིང་ཁུ་སྐལ་བཟང་ཐར་པའི་ལམ། །སྙིགས་ལ་མེད་ཐབས་མེད་པ་ཀཱི་ལ་ཡའི། །ཁྲིད་ཡིག་མདོར་བསྡུས་སྙིང་པོར་དྲིལ་ནས་འཆད། །ལམ་སྲོལ་འབྱེད་པོར་གྲགས་པའི་གཟི་བརྗིད་དང་། །མི་ལྡན་ཐེ་ཚོམ་མུན་པས་བློ་འཐུམས་ན། །བཀའ་གཏེར་སྣང་བའི་མཛོད་རྣམས་ཞལ་ཕྱེས་དང་། །ཡིད་ཆེས་པདྨོ་ཁོང་ནས་དགོད་པར་འགྱུར། །བྱིས་བློས་ནོངས་པ་དཀོན་མཆོག་རྩ་གསུམ་ལ། །སྙིང་ནས་བཤགས་སོ་དགེ་བས་འཁོར་འདས་ཀུན། །ཐལ་འབྱིན་དགོངས་པས་སྐུ་གསུམ་རོ་མཉམ་པ། །དཔལ་ཆེན་ཡོངས་རྫོགས་ཕྱག་རྒྱར་ཐེབས་གྱུར་ཅིག །ཅེས་པ་འདིའང་མི་འཕྲོག་པའི་མཁྱེན་པ་དང་། ཚད་མེད་པའི་ཐུགས་རྗེའི་བདག་ཉིད་རྗེ་བཙུན་འཇམ་པའི་རྡོ་རྗེའི་གསུང་ཟེར་བདུད་རྩིས་སྙིང་གི་པདྨོར་བྲན་པས་སྤྲོ་བའི་འདབ་མ་སད་པའི་ཚེ། །རྡ་ན་སཾ་སྐྲྀ་ཏའི་དགོངས་


LT30_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

པ། བློ་ལྡན་མཆོག་སྲེད་ཀྱི་ཞལ་ལུང་ཕུར་བུ་སྒྲ་བཞིའི་རྒྱས་བཤད་དང་། འགྲེལ་ཆེན་འབུམ་ནག་གི་དགོངས་དོན་རྩ་བར་བཟུང་། ཆོས་དབང་སྤུ་གྲིའི་རྫོང་འཕྲང་གི་གདམས་པ་དང་། སངས་གླིང་ཐུགས་ཀྱི་ཉིང་ཁུའི་རྟོགས་པས་བདག་གྲོལ་སོགས་ཨོ་རྒྱན་དུས་གསུམ་མཁྱེན་པའི་རྡོ་རྗེའི་གསུང་རྣམས་ཀྱིས་མཛེས་རྒྱན་ཏུ་བསྟར། གདོད་མའི་མགོན་པོ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱི་གསུང་རབ་ལས་འབྱུང་བའི་ཁྲེགས་ཆོད་ཀྱི་གདམས་པ་དང་། བསམ་གཏན་གླིང་པའི་ཡང་ཕུར་ཐུན་མོང་བའི་རྫོགས་རིམ་འཕྲང་མགོ་གཏེར་ཆེན་ཤེས་རབ་འོད་ཟེར་གྱི་གསུང་རྣམས་ལྟོ་སྦྱར་བས་གདམས་ངག་གི་སྙིང་བཙུད་དེ། བཀའ་གཏེར་སྤྱི་ལ་ཁྱབ་པའི་དབང་དུ་བྱས་ནས་དཔལ་ཆེན་པོ་པདྨ་དབང་ཆེན་སོགས་མཚན་ཉིད་དང་ལྡན་པའི་ཡོངས་འཛིན་རྣམས་ཀྱི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་རྒྱལ་ཁམས་པ་པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱིས། དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །དགེ་ལེགས་འཕེལ།། །།


previousབཅོམ་ལྡན་འདས་རྡོ་རྗེ་ཕུར་པའི་བསྐྱེད་རྫོགས་ཀྱི་ཁྲིད་ཡིག་ས་བོན་ཙམ་སྨོས་པ་རྡོ་རྗེའི་གསང་མཛོད།next