Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་ཕུར་པ་མཁོན་ལུགས་ཀྱི་བསྙེན་ཡིག་དཔལ་ཆེན་ཐུགས་ཐིག
   
   


 
previousརྡོ་རྗེ་ཕུར་པ་མཁོན་ལུགས་ཀྱི་བསྙེན་ཡིག་དཔལ་ཆེན་ཐུགས་ཐིགnext

རྡོ་རྗེ་ཕུར་པ་མཁོན་ལུགས་ཀྱི་བསྙེན་ཡིག་དཔལ་ཆེན་ཐུགས་ཐིག


LT30_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕུར་པ་མཁོན་ལུགས་ཀྱི་བསྙེན་ཡིག་དཔལ་ཆེན་ཐུགས་ཐིག་ཅེས་བྱ་བ་བཞུགས་སོ། །


LT30_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ཕུར་བུ་ཡེ་ཤེས་འཁོར་ལོ་རུ། །བྱིན་རློབ་གློག་ལྟར་མྱུར་བའི་ཕྲིན་ལས་སྐུར། །བདེ་གཤེགས་གསང་བ་ཡོངས་སུ་རྫོགས་པ་དེས། །ཚེ་རབས་ཀུན་ཏུ་མི་འབྲལ་རྗེས་འཛིན་མཛོད། །འཁོན་སྟོན་རྡོ་རྗེ་ཅན་རྣམས་ཀྱི། །བྱིན་འདུས་གསང་བདག་སྒྲོལ་བའི་མགོན། །དབྱེར་མེད་དཔལ་ལྡན་བླ་མའི་ཞབས། །རིགས་ཀྱི་ཅོད་པན་མཆོག་ཏུ་བཅིངས། །དེ་ཡི་མཐུ་ལ་ཀཱི་ལ་ཡའི། །ངེས་གསང་ཆ་ཙམ་རིག་པ་དེས། །གཞན་ལའང་སྨན་ཆེན་འབྲས་བུ་བཞིན། །ཕན་འདོད་ཡིག་ཆུང་ཅུང་ཟད་འབྲི། །དེའང་རྡོ་རྗེ་ཕུར་པ་རྩ་ཐུང་གདམས་ངག་ཅན་གྱི་ལུགས་བསྐྱེད་རྫོགས་ཕྲིན་ལས་དང་བཅས་པས་མཆོག་ཐུན་དངོས་གྲུབ་སྒྲུབ་པར་བྱེད་པ་ལ། དབང་གི་ཆུ་བོས་རྒྱུད་སྨིན་ཅིང་། གཞུང་བཤད་ཆུ་བོས་བསྒོམ་བྱ་གཏན་ལ་ཕེབ་


LT30_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གང་ཟག་གིས། གདམས་པ་ཉམས་ལེན་གྱི་ཆུ་བོ་ལ། མན་ངག་གནད་ཀྱི་ཆུ་བོས་གཟེར་བཏབ་ནས་གྲོལ་བྱེད་ཀྱི་ལམ་སྒོམ་པའི་ཚུལ་ལ། སྟོད་ལས་དང་འབྲེལ་བ་བསྐྱེད་རྫོགས་ཀྱི་ཐབས་ཟབ་མོས་བྱང་ཆུབ་སྒྲུབ་པ་ལམ་གྱི་གཞིར་བཟུང་། སྨད་ལས་དང་འབྲེལ་བ་དྲག་པོའི་མངོན་སྤྱོད་ཀྱིས་བར་ཆད་བསལ་བ་ལམ་གྱི་ཆ་རྐྱེན་རྒྱུ་བྱས་ཏེ་ཉམས་སུ་ལེན་པ་ལ་གཉིས་འབྱུང་། དེ་ལའང་སྤྲོས་བཅས་སྤྲོས་མེད་དང་། སྨིན་སློབ་མོས་སློབ་ཀྱི་དབྱེ་བ་མང་དུ་འགྱུར་བ་ལས། འདིར་འཆད་པར་བྱ་བ་གཉིས། རྒྱུད་ལུང་གི་དངོས་བསྟན་མོས་སློབ་དང་། ཤུགས་བསྟན་སྤྲོས་མེད་ཀྱི་བསྙེན་རྐྱང་ཙམ་བྱ་བའོ། །དང་པོ་ལ་གཉིས། ས་བཅད་ཀྱི་དམིགས་འཛིན་པ། ལག་ལེན་རྒྱས་པར་ཕྱེ་བའོ། །དང་པོ་ནི། སྤྱི་


LT30_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་བྱ་བ་ནས་རྫས་བཀྲམ་པ་ཡན་ཆད་ཡེ་ཤེས་ཀྱི་ལྷ་བསྙེན་པས་བསྙེན་པ་སྟེ། རྒྱུད་ལས། ཆོས་ཉིད་ཀྱི་བདེན་པའོ་ཞེས་པས་བསྟན་ཏོ། །མཚམས་བཅད་པ་ནས་ལྷག་ཆོག་གི་བར་ཀཱི་ལ་ཡ་བསྡུས་རྒྱས་གསུམ་སོགས་ཀྱིས་ཡེ་ཤེས་པ་དང་དམ་ཅན་ཉེ་བར་བསྙེན་པ་སྟེ། གསང་སྔགས་ཀྱི་བྱིན་གྱིས་བརླབས་པའོ་ཞེས་པས་བསྟན་ཏོ། །དེ་ནས་ངན་སྔགས་ཀྱི་རྒྱལ་པོ་དྲུག་གིས་ལས་སྒྲུབ་པའི་བར་ནི་སྒྲུབ་པ་སྟེ། སངས་རྒྱས་ཀྱི་མཐུའོ་ཞེས་པས་སོ། །ཚེ་ཁྲུས་ཀྱི་དགོངས་པས་གདབ་པ་མནན་སྲེག་འཕང་གསུམ་གྱིས་མཇུག་སྡུད་པའི་བར་ནི་འཁོར་བ་དབྱིངས་སུ་བསྒྲལ་བས་སྒྲུབ་ཆེན་ཏེ། ཨ་བྷི་ཙརྻའི་དུས་ལ་བབས་པའི་བརྣག་པ་འདི་ཁོ་ནའོ་ཞེས་པས་སྟོན་པར་བཞེད་དོ། །གཉིས་པ་བསྙེན་སྒྲུབ་ཡན་ལག་བཞིའི་ལག་ལེན་རྒྱས་པར་དབྱེ་བ་ལ་གསུམ། །དམིགས་བྱའི་ཡུལ་ལོ་ཏོག་ལྟ་བུ། སྒྲུབ་བྱེད་ཀྱི་ཐབས་སོ་ནམ་ལྟ་བུ། བསྒྲུབས་པའི་འབྲས་བུ་ནས་འབྲས་ལྟ་བུའོ། །དང་པོ་ལ་གཉིས། རང་བཞིན་དམིགས་པར་བྱ་བའི་ཡུལ་ཀུན་རྫོབ་ཙམ་དུ་ཕུང་ཁམས་སྐྱེ་མཆེད་སྣོད་བཅུད་ལྷར་ཤེས་ཤིང་། དོན་དམ་རང་བཞིན་མེད་པར་རྟོགས་པ་བདག་དོན་ཕུན་ཚོགས་ཤེས་རབ་ཀྱིས་བྱང་ཆུབ་སྒྲུབ་པའི་ཡུལ་དང་། སྙིང་རྗེས་དམིགས་པར་བྱ་བའི་ཡུལ་ཉམས་པ་བདུན་ལྡན་གྱི་དགྲ་དང་ཐར་པ་ལ་བར་དུ་གཅོད་པའི་བགེགས་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྒྲོལ་བ་གཞན་དོན་ཕུན་


LT30_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་སྙིང་རྗེས་མྱང་འདས་སུ་བསྒྲལ་བའི་ཡུལ་ལོ། །གཉིས་པ་སྒྲུབ་བྱེད་ལ་ལྔ། ཕུན་སུམ་ཚོགས་པ་ལྔས་བསྒྲུབ་པའི་གཞི་བཟུང་བ། དཀྱིལ་འཁོར་རྣམ་པ་གསུམ་གྱིས་དོན་གྱི་ཁོག་དབུབ་པ། ཁམས་གསུམ་གྱི་སྲོག་ལ་དབང་བསྐུར་ཞིང་སྲོག་ཡེ་ཤེས་སུ་དབང་བསྐུར་བ། སྤྱན་དྲངས་ཤིང་མཆོད་ཅིང་བསྙེན་ནས་དངོས་གྲུབ་བླང་བ། མནན་སྲེག་འཕང་གསུམ་གྱིས་ལས་ཀྱི་མཇུག་བསྡུ་བའོ། །དང་པོ་ལ་ལྔ། །གནས་རྫས་དུས་འཁོར་སྒྲུབ་པ་པོ་རྣམས་སོ། །གནས་ལ་གཉིས། བསྙེན་སྒྲུབ་ཀྱི་གནས་ནི། རྒྱལ་བ་དང་གྲུབ་ཐོབ་ཀྱིས་བྱིན་གྱིས་བརླབས་པ། །སའི་དཔྱད་སྤྱིར་ལེགས་ཤིང་སྒོས་དབུས་སུ་དཔལ་ཆེན་པོའི་དབྱིབས་ཅན་གྱི་རིའམ་བྲག་རི། །མཚམས་རྣམས་སུ་ཕུར་སྲུང་དམ་ཅན་གྱི་བླ་རྟགས་ཡོད་པ་རབ། མ་རྙེད་ན་རང་གི་ཡིད་དང་མཐུན་ཅིང་བར་དུ་གཅོད་པའི་མི་དང་ལྷ་འདྲེས་བདག་ཏུ་མ་བཟུང་བའོ། །དྲག་པོའི་ལས་སྦྱོར་གྱི་གནས་ནི། ལྷ་ཁང་གོག་པོ་ཕུང་ཤུལ་གྲོག་སྟོང་སོགས་ཤིན་ཏུ་གཉན་པ་ལ་བྱའོ། །རྫས་ནི་འཚོ་བ་ཟས། རྐྱེན་ཟློག་མཚོན། ནད་ཟློག་སྨན། ལྷ་མཆོད་པའི་ཡོ་བྱད་སྒྲུབ་རྟེན་མཆོད་པའི་རྫས་རྣམས་དང་། དགྲ་བསད་པའི་ཡོ་བྱད་དགྲ་དང་བགེགས་ཀྱི་ལིངྒ་ཐུན་རྫས། མནན་སྲེག་རྫས་ལ་སོགས་པ་གཞུང་བཞིན་ཚོགས་པའོ། །དུས་ནི། བསྙེན་པའི་དུས་རབ་བཞིའི་ཚེས་བརྒྱད་ཀྱི་སྔ་དྲོའམ། ཡར་ཚེས་


LT30_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་སྐར་བཟང་པོའི་ཆ་དང་། སྒྲུབ་པའི་དུས་ཐ་ཆུང་བཞིའི་མར་གྱི་ཚེས་བརྒྱད་མགོ་ཕུར་བདུད་ཀྱི་ཉི་མ་སོགས་གཟའ་སྐར་ངན་པའི་དགོངས་མོ་ལ་འཇུག་གོ། །འཁོར་ནི་བསྙེན་པའི་སྐབས་ཞིང་སྔགས་ལྷན་སྐྱེས་སོགས་མཛེས་ལྡན་གྱི་ཡུམ། སྒྲུབ་པའི་སྐབས་ཁ་རལ་མེ་རག་མ་སོགས་སྒྲོལ་བའི་ཡུམ་དངོས་སུ་མེད་ན་མོས་པས་ཁྱབ་དགོས་ཤིང་། བསྙེན་སྒྲུབ་གཉིས་ཀར་ལུས་པོ་ཕུར་བུའི་དབྱིབས་སུ་འདུག་ཅིང་དད་པ་དམ་ཚིག་སྙིང་སྟོབས་དང་ལྡན་པའི་གྲོགས་ཇི་ཙམ་འཛོམ་པའོ། །སྒྲུབ་པ་པོ་ནི། སྔགས་སྤྱི་དང་ཁྱད་པར་ཕུར་པའི་ཆོས་ལ་མཁས་ཤིང་དབང་དང་དམ་ཚིག་ལྡན་པ་བློ་མི་འགྱུར་ཞིང་སྙིང་རྗེ་ཆེ་བ། སྦྱོར་སྒྲོལ་ཟབ་མོའི་གནད་རིག་པས་ཉམས་སུ་ལེན་པ་ལ་ཚོམ་པ་མེད་པའོ། །གཉིས་པ་ལ་གཉིས། སྔོན་ཏུ་འགྲོ་བའི་ལས་རིམ། དཀྱིལ་འཁོར་གསུམ་དངོས་བསྟན་པའོ། །དང་པོ་ལའང་བཞི་ལས། དང་པོ་སྤྱི་བཤགས་བྱ་ཞིང་ཕྱི་མཚམས་བཅད་པ་ནི། །བསྙེན་སྒྲུབ་ལ་འཇུག་པར་བརྩམས་པའི་ཚེ་སྒྲིབ་པ་སྦྱོང་ཞིང་བར་ཆད་མེད་པའི་ཆེད་དུ་སཱཙྪ་གདབ་པ། སྲོག་བསླུ་དགེ་འདུན་ཆོས་སྟོན། དཀོན་མཆོག་གི་རྟེན་ལ་མཆོད་པ་སོགས་དགེ་བའི་དཔུང་སྐྱེད་སྤྱི་དང་། བྱིན་དང་ལྡན་པའི་ཕྱིར་འབུམ་རྒྱས་བསྡུས་གང་རུང་། བདུད་འདུལ་བའི་ཕྱིར་ཏོག་གཟུངས། སྒྲིབ་པ་སྦྱོང་བའི་ཕྱིར་སྤང་སྐོང་། བཀྲ་ཤིས་པའི་ཕྱིར་བཀྲ་ཤིས་བརྩེགས་པ་འདོན།


LT30_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བསགས་པའི་ཕྱིར་ཆབ་གཏོར་དང་གསང་སྔགས་ནང་གཏོར་སོགས་རྒྱ་ཆེན་པོ་བཏང་། ཕྱི་མཚམས་ལ་གཉིས་ཀྱི། སྣང་བ་མིའི་མཚམས་གཅོད་པ་ཐོ་བཞག་ནས་བསྙེན་སྒྲུབ་གྲོལ་གྱི་བར་དུ་རང་ཐོའི་ཕྱིར་མི་འགྲོ། །དམིགས་འོག་ཏུ་མ་ཆུད་པ་མི་ནང་དུ་མི་བཏང་། ཀ་ཅ་བཏང་ལེན་མི་བྱ། མི་སྣང་བ་བགེགས་ཀྱི་མཚམས་གཅོད་པ་ལ་རྒྱལ་ཐོ་འཛུག་པ་དང་། ཁྲོ་བཅུའི་ཕུར་གདབ་གཉིས་བྱ་སྟེ། དེ་དག་ཀྱང་དཀྱིལ་ཆོག་བདུད་འཇོམས་རོལ་པ་ལྟར་ལག་ཏུ་ལེན་པའི་ཚེ། ཕྱི་བཤགས་རྣམས་གྲུབ་ཅིང་སྒྲུབ་པའི་ཡོ་བྱད་ལེགས་པར་ཚོགས་པ་ན། ཚིག་བདུན་གསོལ་འདེབས་སོགས་སྔོན་ཏུ་འགྲོ་བས། བདག་ཉིད་གཉུག་མའི་ཧེ་རུ་ཀར་གསལ་ཏེ། སྔོན་འགྲོ་གཏོར་མ་བྱིན་རླབས། སྔགས་ལན་གྲངས་བརྒྱ་རྩ་སོགས་ཀྱིས་བསྔོས། ཐེབ་ཀྱུས་ཁ་གསོས། མཐར་ཕྲིན་ལས་བཅོལ་ལ་གཏོར་མ་གཤེགས། རང་གི་མདུན་ཏུ་ཆུ་གཉིས་ཉེར་སྤྱོད་ཙམ་བཤམ། གནས་ཡོ་བྱིན་རླབས། སྐྱབས་སེམས། རྡོར་སེམས་ནས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྡུས་པ་བསྒོམ་བཟླས་བསྡུ་བའི་བར་བྱ། དེ་མཚམས་ས་ཆོག་གི་སྐོར་ནི་སྒྲུབ་མཆོད་སོགས་ཀྱི་སྐབས་ལས་འདིར་མི་དགོས་པས། རང་ཉིད་རྡོ་རྗེ་གཞོན་ནུར་གསལ་བའི་ང་རྒྱལ་དེ་དང་མ་བྲལ་བར་སྒྲུབ་ཁང་གི་ཕྱི་རོལ་གོམ་པ་བདུན་བཅལ་པ་འི་སར་ཕྱོགས་བཞི་ཀར་རམ། མ་འཛོམ་ན་དེར་མོས་པས་སྒོ་མདུན་


LT30_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུར་རྒྱལ་ཆེན་གྱི་སྔགས་བྲིས་པའི་ཐོ་གཟུག་ལ་མཆོད་གཏོར་འདོན་བྱ་བཅས་གཞུང་གསལ་བྱ། དེ་ནས་ཕུར་གདབ་བྱ་སྟེ། ཕུར་པ་བཅུ་སྐྱེར་བ་སོགས་ལས་སོར་བརྒྱད་དམ་བཞིའི་ཚད་ཅན་གྱིས་ཀྱང་རུང་བས་གསར་དུ་བཟོས་ཤིང་དངོས་སུ་གདབ་པ་སོགས་གྲུབ་ན་ལེགས་ལ། མ་གྲུབ་ན་དྲག་པོའི་ཕུར་པ་གཅིག་ལ་བཅུར་མོས་པས་བསྐྱེད་གདབ་སོ་སོར་བྱས་མཐར་སྒོ་དྲུང་དུ་ཨེ་གྲུ་གསུམ་ལ་གཟུག་ཀྱང་རུང་ཙམ་མོ། །གཉིས་པ་དམ་སྲི་མནན་པ་དང་སྒོ་བྱང་གདགས་པ་ནི་གཞུང་གསལ་ལྟར་གསེར་སྐྱེམས། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབས་ནས། རིག་འཛིན་རྩ་བརྒྱུད་སོགས་ཀྱིས་མཆོད། མནན་རྗེས་ལས་བཞིའི་བྲོ་བརྡུངས་ངེས་པར་བྱ་དགོས་པས། གཞུང་འདི་ཉིད་ཀྱི་མཇུག་བརྟན་མ་སྐྱོང་བའི་རྗེས་འབྱུང་བ་དེ་ཉིད་འདིར་ལེན། སྒོ་བྱང་གཅིག་ལས་མི་བྱེད་ན་གཤིན་རྗེ་གཤེད་ཡ་ཐེམ་ལ་གདགས། །ར་སོག་ལ་དམ་སྲིའི་གཟུགས་བྲིས་པའི་སྙིང་གར། ཡ་མ་དམ་སྲི་མཱ་ར་ཡ་ནན་བྲིས་པ་མ་ཐེམ་གྱི་འོག་ཏུ་གཞུག་ལ། གཤིན་རྗེ་གཤེད་ཀྱིས་གདན་དུ་མནན་པར་བསམ། གསུམ་པ་ནང་མཚམས་བཅད་ཅིང་ནོང་བཤགས་བྱ་བ་ནི། འོག་ཏུ་འབྱུང་བ་འདིར་བླང་སྟེ། སྭ་བྷཱ་བ་སོགས། ཀཱི་ལ་ཡ་བརྗོད་ཅིང་། སྟོང་པའི་ངང་ལས་བདག་ཉིད་དཔལ་ཆེན་པོ་ནས། བྷཉྫ་ར་་ཧཱུྃ་ཕཊ་བར་གྱིས་བགེགས་གློ་བུར་དུ་འོངས་པ་བསྐྲད་ཅིང་


LT30_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྒྱལ་ནས་གཟིར་ཏེ་སྲུང་འཁོར་དྲུག་རིམ་བརྟན་པར་བསྒོམས་ལ་འདི་ནི་བསྙེན་སྒྲུབ་གྲོལ་གྱི་བར་མི་བསྡུ་བར་ཐུན་འགོ་རྣམས་སུ་གསལ་འདེབས་བསྐྱར་མ་རེ་བྱའོ། །དེ་ནས་དེའི་འོག་གི། བླ་མ་ཡི་དམ་སོགས་ཀྱིས་ཚོགས་ཞིང་གསལ་གདབ། རྡོ་རྗེ་སློབ་དཔོན་སོགས་ཀྱིས་ཚོགས་བསགས་ཤིང་དམ་འཆའ་བ་ལན་གསུམ་སོགས་དང་། སྤྱི་བཤགས་དྲི་མེད་བཤགས་རྒྱུད་ལས་འབྱུང་བ་ཡེ་ཤེས་སྐུ་མཆོག །དམ་ཚིག་ཉེར་བརྒྱད། ཡེ་ཤེས་མཁའ་འགྲོ། ལྟ་བའི་ཀློང་བཤགས་རྣམས་དང་། གཞུང་གསལ་སྒེར་བཤགས་རྣམས་ཚར་གྲངས་ཅི་འགྲུབ་བརྗོད། བཤགས་པའི་ཡུལ་ཞི་ཁྲོ་རབ་འབྱམས་ཀྱི་སྤྱན་སྔར་སྔར་བྱས་ཀྱི་དམ་ཚིག་ཉམས་ཆག་ལ་གནོང་འགྱོད་དྲག་པོ་དང་། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་པའི་དམ་བཅའ་དང་བཅས་ཏེ་སེམས་མ་ཡེངས་པར་བརྗོད་པའི་མཐར་བདེ་གཤེགས་ཡབ་ཡུམ་རྣམས་ཀྱི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བྱུང་། །བདག་གི་སྤྱི་བོ་ནས་ཞུགས། སྒྲིབ་གཉིས་བག་ཆགས་བཅས་དག་པར་མོས་ལ་བཤགས་ཡུལ་བཤགས་མཁན་བཤགས་བྱ་ཐམས་ཅད་དོན་དམ་དུ་མ་གྲུབ་པར་སྒྱུ་མ་ལྟ་བུར་ཤེས་པས་ཡུན་རིང་དུ་མཉམ་པར་བཞག །མཐར་ཛཿཧཱུྃ་བྃ་ཧོཿས་ཚོགས་ཞིང་བསྡུ། བཞི་བ་དཀྱིལ་འཁོར་བྲི་ཞིང་རྫས་བཀྲམ་པ་ནི། འདིར་དྲག་པོ་ཆིག་ཆོད་ཀྱི་ལུགས་ཡིན་པས་ས་བརྟག་སློང་སྦྱོང་བཟུང་སོགས་མི་དགོས་ཏེ་སྟེགས་བུའི་འོག་ཁྲུ་གང་བརྐོས་པའི་ནང་དུ་རོ་ལྔ་ལ་སོགས་པའི་ཉེས་


LT30_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

པས་མི་གོས་པ་དང་། མ་མོ་མཁའ་འགྲོས་དུར་ཁྲོད་ཀྱི་གཞལ་ཡས་ཁང་དུ་མཐོང་བའི་ཕྱིར། མི་རྟ་ཁྱི་བ་ལང་སྟེ་རུས་པ་ཆེན་པོ་ལྔ་བླུགས། དེའི་སྟེང་དུ་ཕྱི་རིན་པོ་ཆེ་དང་ནང་ཐོད་པའི་གཞལ་ཡས་ཁང་དུ་མཐོང་བའི་ཕྱིར་བྷནྡྷ་མཚན་ལྡན་གྱི་ནང་དུ་རིན་པོ་ཆེ་སྣ་ལྔ། འབྲུ་ལྔ་དྲི་ལྔ་ལ་སོགས་པ་བླུགས་པ་བཞག་པའི་ཁར་ས་གླུད་ཆག་གང་བ་བཞག་ལ་ལེགས་པར་གཅག་པའི་སྟེང་དུ་དཀྱིལ་འཁོར་སྟེགས་བུ་བརྩིགས་པའི་ཁར་མི་ལྤགས་ཀྱི་གཡང་གཞིའམ། མ་འབྱོར་ན་གཡང་གཞི་གང་རུང་དེར་མོས་པས་བཏིང་བ་ལ་བདག་ཉིད་འདུག །སྒྲུབ་གྲོགས་ཡོད་ན། མེ་ཏོག་ཐོགས་ལ། །སེམས་ཅན་ཀུན་གྱི་དོན་གྱིས་ཤིག །ཅེས་གསོལ་བ་གདབ་ཅིང་མེད་ན་ཡིད་ཀྱིས་མོས་ལ། །རང་བཞིན་དམིགས་བྱའི་ཡུལ་བསྒོམས་ལ། །རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སོགས་ཤློ་ཀ་གཅིག་བརྗོད། ལངས་ཏེ་ཁ་ཤར་དུ་ཕྱོགས། །སྙིང་རྗེས་དམིགས་བྱའི་ཡུལ་བསྒོམས་ལ། སྙིང་རྗེས་བསྒྲལ་བའི་སོགས་ཤློ་ཀ་གཅིག་བརྗོད་པ་ནི་མན་ངག་གིས་ས་བཟུང་བའོ། །དེ་ནས་བ་བྱུང་། གུར་གུམ། རཀྟ་གསུམ་གྱི་ཆག་ཆག་གཞུང་ལྟར་གདབ། འདིའང་རྟོག་ཅན་གྱི་བློ་ངོར་བརྡའ་རུ་མཛད་ཀྱི་དངོས་སུ་ན། དྲི་ཆེན། དྲི་ཆུ། རང་བྱུང་གི་རཀྟའོ། །དེ་ལྟར་མི་འགྲུབ་ན་ཕྱིའི་རྫས་དེ་དག་ལ་བདུད་རྩི་རིལ་བུ་བསྲེ་དགོས་སོ། །དེ་ནས་ཐིག་གི་བྱ་བའང་གཞུང་ལྟར་ལ་རྡུལ་ཚོན་མི་འགྲུབ་


LT30_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཐིག་ཆེན་བརྒྱད་པོ་ལས་ཐིག་དང་། ཡེ་ཐིག་ཙམ་གདབ། རྡུལ་ཚོན་འགྲུབ་ན་དུར་ཁྲོད་ཀྱི་རུས་པ་ཁ་བསྒྱུར་བ་ལ་བྱ་དགོས་ཤིང་དེ་ཙམ་མི་འགྲུབ་ན་རུས་པའི་ཕྱེ་མ་བསྲེ་དགོས། རས་བྲིས་ལའང་སྐྱ་ཞལ་གྱི་གསེབ་ཏུ་ཁྲག་དང་རུས་ཆེན་བཏང་བ་མན་ངག་ཡིན་ནོ། །དཀྱིལ་འཁོར་གྱི་མན་ངག་དྲུག་ཏུ་སློབ་དཔོན་ཆེན་པོས་གསུངས་པ་ལས། བསྙེན་པའི་སྐབས་འཁོར་ལོ་རྩིབས་བརྒྱད། སྒྲུབ་པའི་སྐབས་རྒྱ་མདུད་དགུ་པ། ལས་སྦྱོར་སྐབས་ཨེ་ཁྲམ་ཉེར་གཅིག་སོགས་སོ་སོའི་སྐབས་དང་བསྟུན་དགོས་ཤིང་། དེའང་བསྙེན་སྒྲུབ་ལས་གསུམ་སོ་སོར་ཕྱེ་བའི་ཕྱོགས་ལ། སྐབས་འདིར་ཁྲག་གི་དཀྱིལ་འཁོར་ཟུར་གསུམ་པའི་སྟེང་ཁྲིའུར་བནྡྷའི་དཀྱིལ་འཁོར་ལ་སྡོམ་ཕུར་འགོད། བསྙེན་པའི་སྔགས་ཀྱང་གཞུང་བཤད་ལྟར་ན་ཀཱི་ལ་ཡ་འབྲུ་དགུ་བཟླ་བ་སོགས་སྣང་ཡང་། འདིར་བསྙེན་སྒྲུབ་གཅིག་ཆོད་ཀྱི་ལུགས་ལ། སྐབས་འདིར་དྲག་པོའི་དཀྱིལ་འཁོར་སྤྱི་མཐུན་རྡོར་དུར་ཁྲོད་མེ་རི་དང་བཅས་པ། རྟ་བབ་སྣམ་བུ་བཞི་པ། དབུས་སུ་གྲུ་གསུམ་མཐིང་ནག །ཟླ་གམ་གསུམ་དམར། དེ་རྒྱབ་སྤྱི་ལྟར་ན་འཁོར་ལོ་སེར་པོ་རྩིབས་བརྒྱད། ལུགས་འདིར་གནམ་ལྕགས་འཁོར་ལོ་རྩིབས་བཅུ་རྡོ་རྗེའི་ཕྲེང་བས་བསྐོར་བ། དམ་ཅན་ཁོར་ཡུག་སོགས་གཞུང་མཐུན་རྡུལ་ཚོན་ནམ་རས་བྲིས་བྱས་ཏེ་བཏིང་ལ་ཕུར་ཆ་བཀྲམ་སྟེ་དེའི་ཚད་སོགས་ལོགས་སུ་


LT30_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་ལས་ཤེས་པར་བྱའོ། །ཕུར་ཆ་ཚང་བ་ཡོད་ན་སྨོས་མ་དགོས། མེད་ན་འདིར་ལྟ་ཕུར་ཁྲོ་ཞལ་ཅན་གཅིག་དང་། སྲས་མཆོག་གི་ཕུར་པ་གཅིག་སྟེ་གཉིས་ནི་མེད་དུ་མི་རུང་ལ་དེ་དག་གི་མགུལ་དུ་དར་མཐིང་ནག་གི་ཅོད་པན་གདགས། །བདུད་རྩི་ལྔས་ཁྲུས་གསོལ། སྒྲུབ་གྲོགས་ཡོད་ན་གསོལ་གདབ་སྔར་ལྟར་བྱས་ལ་རང་གིས་ཤློ་ཀ་གཉིས་བརྗོད་ཅིང་ཡུལ་གཉིས་དྲན་པར་བྱས། གཙོ་ཕུར་དང་ཁྲོ་བཅུ་ལ་རང་སྔགས་དང་ཡུམ་རྣམས་ལ་ཧཱུྃ་རེ་བྲི། ཕུར་པ་གཅིག་ཁོ་ན་ཡིན་ན་སྔགས་བྱང་བསྡེབས་སུ་བྲིས་པའི་ཤོག་དྲིལ་བཏགས། བསངས་སྦྱངས་ནས། ཨཱ་བེ་ཤ་ཡ་ཨཱཿའི་བར་གཞུང་ལྟར་བྱིན་རླབས་བྱས་ནས་དཀྱིལ་འཁོར་ལ་འགོད་པའི་ཚིག་སོ་སོ་དང་བསྟུན་ནས་གནས་སོ་སོར་འགོད། དམ་ཅན་དབང་ཕྱུག་སོགས་ལ་གཏེར་མའི་ཕྱོགས་ནས་རྩང་ཕུར་འགོད་པར་གསུངས་ཤིང་ཕྱག་ལེན་མཛད་ཀྱང་བཀའ་མའི་ཕྱོགས་འདིར་སྒོམ་ཡན་ཆད་དངོས་སུ་འགོད། གཞན་རྣམས་རྗེའི་རྗེས་སུ་འབངས་འབྲེང་བས་འགོད་མི་དགོས་པར་བཤད། གལ་ཏེ་ཕུར་བུ་གཅིག་ལས་མེད་ན་གཙོ་བོའི་གནས་སུ་གཙོ་ཕུར་ཨེའི་གདན་ལ་བཞུགས། གཞན་རྣམས་ལ་རང་མདོག་དང་མཚུངས་པའི་ཚོན་སྦུངས་རེ་བྱའོ། །དཀྱིལ་འཁོར་གྱི་རྒྱབ་ཕྱོགས་སུ་ཞལ་ཐང་ཡོད་ན་བཀྲམ་པའི་མདུན་དུ་བདུད་རྩི་ལྔ་དང་ཤ་ལྔ་ལས་བྱས་པའི་གཏའ་གཏོར། དཀྱིལ་འཁོར་གྱི་མདུན་ཏུ་མཆོད་གཏོར་བཅས་དབྱིབས་སོགས་གཏོར་ཟློག་ཏུ་བཤད་


LT30_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་གྱི་གཡས་གཡོན་ཏུ་སྨན་རཀྟ་ཕབ་གཏར་ལྡན་པ་དཀྱིལ་འཁོར་གྱི་བྱང་ཤར་དུ་རེ་མ་ཏིའི་གཏོར་མ་ནལ་བུའི་ཤ་ལས་བྱས་པ་མིའི་ཕོ་བའི་ཚིལ་བུའི་སྤྲིན་ཆེན་གྱིས་དག་མས། རྨ་བྱའི་གདུགས་ཏེ་རྨ་བྱའི་མདོངས་གཅིག་གཏོར་མ་ལ་གཟུག་གོ། །ཤར་ལྷོར་ཤྭ་ན་མའི་གཏོར་མ་ཁྱི་དང་ཝ་དང་སྤྱང་ཀུ་དང་འཕར་བ་དང་། གཅན་ཟན་ཀུན་གྱི་ཤ་ལས་བྱས་པ། ལྷོ་ནུབ་ཏུ་བསེ་མོའི་གཏོར་མ་ཁྲག་དང་ཞག་དང་སྦྲང་དང་འོ་མ་ལས་བྱས་པ། ནུབ་བྱང་དུ་གིང་གི་གཏོར་མ་ཀ་ར་བུ་རམ་དང་ཁུར་བ་ལ་སོགས་པ་སྤྱན་གཟིགས་སྣ་ཚོགས་ལས་བྱས་པ། དཀྱིལ་འཁོར་གྱི་གཡོན་ཕྱོགས་སུ་དཀར་བདུད་ཀྱི་གཏོར་མ། དྲག་མཆོད་ཆུ་གཉིས་ཉེར་སྤྱོད་ཁ་གསོ་རྒྱུ་ཕྲེང་ཚར། སྟེང་རྒྱན་ཞིང་གི་གཡང་གཞི། ཟུར་བཞིར་ཞིང་གི་རྒྱལ་མཚན་དང་རལ་གྲི་སོགས་རྒྱན་ཙིཏྟ་དང་ཐོད་པའི་དྲྭ་ཕྱེད་སོགས་ཆེད་དུ་བཟོས་པ་མེད་ན་དེར་མོས་པའི་བླ་རེ་སོགས་ཅི་འབྱོར་བཤམ། ཚོགས་ཀྱི་ཡོ་བྱད་སོགས་ཉེར་མཁོ་རྣམས་འདུ་བྱས་ལ། ཤེས་རབ་རལ་གྲི་སོགས་བརྗོད། སྤྲོ་ན་གཞུང་གསལ་མ་ཏྲཾ་བསྒྲལ་ཆོག་སྐབས་འདིར་བྱ། ཟུར་གསལ་བྱིན་འབེབས་རྒྱས་པ་བྱ་སྟེ། དེའང་ཐོག་མར་ཛཿཧཱུྃ་བཾ་ཧོཿཞེས་སེ་གོལ་བསྣོལ་མར་བརྡབས་པས་སྟེང་གི་ནམ་མཁར་རྩ་བརྒྱུད་བླ་མ། དེ་འོག་རིགས་ལྔ་དང་ཕྱོགས་བཅུའི་སངས་རྒྱས། དེ་འོག་རིག་འཛིན་མཁའ་འགྲོ་རྣམས་ཀྱིས་


LT30_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཐིབས་ཀྱིས་བྱོན་ནས་བྱིན་གྱིས་རློབ་པར་བསྒོམ། ས་མ་ཡ་ཧོཿབྱས་པས་ཡུམ་རྣམས་ཀྱིས་བསྐུལ། ས་མ་ཡ་སྟྭཾ། བརྗོད་པས་ཡབ་རྣམས་ཀྱིས་གནང་སྟེ་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་བྱང་སེམས་བབ། བདག་གི་སྤྱི་གཙུག་ནས་ཞུགས། སྒོ་གསུམ་གྱི་སྒྲིབ་པ་དག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་བར་མོས་ལ་རོལ་མོ་བསྒྲག་ཅིང་གསུར་ཆེན་གྱི་དུད་པ་བཏང་། དེ་ཡན་ཆད་ཀྱིས་ཉིན་དང་པོ་སྐྱོང་བའི་ཆོས་རྣམས་གྲུབ་བོ། །ཉིན་གཉིས་པ་ཐོར་ཐུན་ལ་གསོལ་འདེབས། སྔོན་གཏོར། གནས་ཡོ་བྱིན་རླབས། སྐྱབས་སེམས་ཡིག་བརྒྱ་ཚད་མེད་སྒོམ་པ་དང་མཚམས་གཅོད་ནས། བསྙེན་ཕུར་བསྐྱེད་པ་རྫོགས་ཀྱི་བར་བཏང་། བཤགས་པ་གང་རུང་རེས་ཆོག །བྱིན་འབེབས་ཀྱང་ཐུན་བཞི་གང་རུང་རེ་ལ་རྒྱས་པ་བྱ། རྒྱུན་ཏུ་གཞུང་དེས་འཐུས། ས་ལུགས་སོགས་ཕལ་ཆེར་ལ་བསྙེན་ཕུར་དང་སྲས་མཆོག་ཐ་དད་མི་མཛད་ཅིང་སློབ་དཔོན་ཆེན་པོས་མཛད་པའི་རྒྱ་གཞུང་འགའ་རེ་ནས་ཀྱང་དེ་ལྟར་བཤད། འོན་ཀྱང་མཐའ་གཅིག་ཏུ་མ་ངེས་པས་བཀའ་མ་འགའ་རེ་དང་གཏེར་མའི་ཕྱོགས་ཕལ་མོ་ཆེར་ཐ་དད་དུ་བཤད་པའང་འབྱུང་བས། སྐབས་འདིའི་བསྙེན་ཕུར་ཡང་དཀྱིལ་འཁོར་གྱི་གཙོ་ཕུར་ལ་དམིགས་དགོས། འོན་ཀྱང་འདི་ནི་ཐོར་ཐུན་ལ་ལན་རེ་ཙམ་ལས་མི་དགོས་སོ། །གཉིས་པ་དཀྱིལ་འཁོར་གསུམ་དངོས་བསྟན་པ་ལ་གསུམ། ཏིང་ངེ་འཛིན་གསུམ་


LT30_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ། རྟེན་གཞལ་ཡས་ཁང་བསྐྱེད་པ། བརྟེན་པ་ལྷ་བསྐྱེད་པའོ། །དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་ཉིད་བསྒོམ་པ་ཡིན། གཉིས་པ་ཀུན་ཏིང་ནི་དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ། གསུམ་པ་རྒྱུ་ཏིང་ནི་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་རང་བཞིན་རང་སེམས་ཧཱུྃ་ཡིག་སྔོན་པོ་དཀྱིལ་འཁོར་བསྐྱེད་པའི་རྒྱུར་བསྒོམ་པའོ། །རྟེན་གཞལ་ཡས་ཁང་གི་རྣམ་དག་ནི་ཕུར་པ་གསང་རྒྱུད་ལས་རྒྱས་པར་འབྱུང་ཞིང་གདན་གཞུང་གསལ་རྣམས་ཤིས་པའི་གདན་ཟེར། དེའི་སྟེང་དུ་སྟོད་ལས་སྐབས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་བསྡུས་ནས་གདན་ཏུ་བསམ་པ་དང་། སྨད་ལས་སྐབས་དགྲ་དང་བགེགས་གང་ཡིན་པ་གདན་ཏུ་བཏིང་བསམ་པ་ནི་མོས་པའི་གདན་ཞེས་བྱའོ། །བརྟེན་པ་ལྷ་བསྐྱེད་སྐབས། བདག་རྩ་བའི་དཀྱིལ་འཁོར་ཆོས་སྐུ། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ལོངས་སྐུ། ཕུར་པ་རྫས་ཀྱི་དཀྱིལ་འཁོར་སྤྲུལ་སྐུའི་ངོ་བོར་འབུམ་ནག་ལས་བཤད། དེའང་སྤྱི་ཙམ་དུ་རང་རྡོ་རྗེ་གཞོན་ནུར་བསྒོམ་པ་རྩ་དཀྱིལ། འཁོར་གྱི་ཁྲོ་བོ་ཁྲོ་དཀྱིལ། སྲས་མཆོག་གི་ཕུར་བསྐྱེད་རྫས་དཀྱིལ་ཡིན་ཅིང་། མདུན་གྱི་དཀྱིལ་འཁོར་བསྙེན་ཕུར་དང་བཅས་པ་ནི་བདག་ཉིད་དང་དབྱེར་མེད་དུ་མོས་དགོས་པས་དཀྱིལ་འཁོར་གསུམ་ག་ཚང་ལ། བྱེ་བྲག་ཏུ་དཀྱིལ་འཁོར་གསུམ་རེ་རེ་ལའང་དཀྱིལ་འཁོར་


LT30_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གསུམ་ཚང་སྟེ། རང་དཔལ་ཆེན་པོར་གསལ་བ་རྩ་བའི་དཀྱིལ་འཁོར། ཕུང་ཁམས་སྐྱེ་མཆེད་ཁྲོ་ཆུང་གིས་གཏམས་པ་རྩ་བའི་ཁྲོ་དཀྱིལ། ཕྱག་ཐ་མའི་ཕུར་བུ་རྩ་བའི་རྫས་དཀྱིལ་ཡིན་པ་བཞིན་དཀྱིལ་འཁོར་གཉིས་པོའང་འགྲེ་ཤེས་པར་བྱ། ས་བཅད་འདིའི་འཕྲོས་འོག་གི་ཁྲོ་དཀྱིལ་དང་། ཕུར་པ་རྫས་དཀྱིལ་བསྐྱེད་པ་རྣམས་ཡིན་ནོ། །གསུམ་པ་སྲོག་ཡེ་ཤེས་སུ་དབང་བསྐུར་བ་ལ། ཐོག་མར་སེམས་དཔའ་སུམ་བརྩེགས་ནི་རང་རྡོ་རྗེ་གཞོན་ནུར་གསལ་བ་དམ་ཚིག་སེམས་དཔའ། དེའི་ཐུགས་ཀར་ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་སྨུག་པོ་སོར་བཞིའི་ཚད་ཅན་གྱི་ཟླུམ་པོ་སྒོ་གཅིག་མདུན་ཏུ་བསྟན་པ་ལ་སྒོ་སྲུང་རྟ་མགྲིན་དམར་པོ། ཕྱག་མཚན་དམིགས་སུ་མ་གསལ་ལང་སྤྱི་འགྲེར་སྦྱོར་ན་པདྨ་བྷཉྫ་བསྣམས་ཤིང་ཞབས་བཞི་ལ་གསང་བའི་ཡུམ་བཞི་སྦྱོར་བ། དེའི་དབུས་སུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡེ་ཤེས་སེམས་དཔའ་རང་འདྲ་རྒྱན་དང་ཕྱག་མཚན་མེད་པ་ཚོན་གང་བའི་ཐུགས་ཀར་ཉི་དཀྱིལ་ལ་རྡོ་རྗེ་ནག་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་མཐིང་ཡུངས་འབྲུ་ཙམ་གྱི་མཐའ་སྐོར་དུ་ཀཱི་ལ་ཡའི་སྔགས་ཕྲེང་སྤུ་ཤད་ཀྱིས་བྲིས་པ་འདྲ་བས་བསྐོར་བར་བསམ་པ་ཏིང་ངེ་འཛིན་སེམས་དཔའ་འོ། །གཞུང་འདིར་རྡོ་རྗེ་མ་གསུངས་པས་ཉི་དཀྱིལ་ཧཱུྃ་ཁོ་ན་བྱས་ཀྱང་ཆོག །ཧཱུྃ་སྙིང་རྗེས་བསྒྲལ་བའི་སོགས་ཀྱིས་དེ་དག་གསལ་འདེབས་ལ་རང་སྲོག་འོད་ཀྱིས་


LT30_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་བཅུད་ཐམས་ཅད་ལྷ་དང་གཞལ་ཡས་སུ་བྱས་ནས་ཁམས་གསུམ་གྱི་སྲོག་ལ་དབང་བསྐུར་ཞིང་འོད་བསྡུ། སླར་ཡང་ཧཱུྃ་གི་འོད་ཀྱིས་ཡེ་ཤེས་པ་གཙོ་བོ་ཡབ་ཡུམ་སྤྱན་དྲངས་ཏེ་རང་ལ་གཞུག །གནས་གསུམ་འབྲུ་གསུམ་གྱིས་མཚན། དེའི་འོད་ཀྱིས་སྐུ་གསུང་ཐུགས་རྡོ་རྗེ་སྤྱན་དྲངས་རང་གི་གནས་གསུམ་ལ་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཏུ་གྱུར་པར་མོས་ལ་སྔགས་ཀྱིས་ང་རྒྱལ་བཟུང་། སླར་ཐུགས་སྲོག་འོད་ཀྱིས་དབང་ལྷ་ཁྲོ་བོའི་དཀྱིལ་འཁོར་སྤྱན་དྲངས། གསོལ་བ་གདབ་སྟེ་འདི་སྐབས་ཇོ་ནང་སྤར་མར། །ཐབས་ཀྱི་ཅོད་པན་ཞེས་པ་ཡིག་ནོར་ཏེ། ཐབས་ཀྱི་སྤྱོད་པས་ཟེར་དགོས། བདུད་རྩི་བྱང་ཆུབ་སེམས་ཀྱི་དབང་བསྐུར་སྐུ་གང་དྲི་མ་དག་ཆུ་ལྷག་ཡར་ལུད་པས་སྤྱི་གཙུག་ཏུ་བཛྲ་ཧེ་རུ་ཀ །དཔྲལ་བར་བུདྡྷ། རྣ་ལྟག་གཡས་སུ་རཏྣ། ལྟག་པར་པདྨ། རྣ་ལྟག་གཡོན་ཏུ་ཀརྨ་ཧེ་རུ་ཀ་སྟེ་ཁྲོ་བོ་ལྔ་དང་། ཡུམ་ལྔ་དབྱིངས་ཕྱུག་མ་གཙོ་བོར་གྱུར་པའི་ཁྲོ་མོ་རིགས་ལྔས་དབུ་རྒྱན་པར་མོས། །འདི་ནི་སྔགས་གསར་མའི་ལུགས་ཀྱི་ཡན་ལག་བཞི་དང་བསྟུན་པ་ས་ལུགས་ཕུར་པའི་ཁྱད་ཆོས་ཏེ། ཕུར་གཞུང་གཞན་དང་བག་མི་མཐུན་ཀྱང་དོན་གྱི་གནད་གཅིག་ཏུ་འབབ་བོ། །ཁྲོ་དཀྱིལ་སྐབས་ས་ལུགས་ལ་འཁོར་ལོ་སེར་པོ་རྩིབས་བཅུའི་རྩེ་མོ་གཉིས་སྟེང་འོག །བརྒྱད་ཕྱོགས་མཚམས་སུ་བསྟན་པའི་སྦུབས་ཙ་ཅན་གྱི་


LT30_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་གཙོ་བོ། སྦུབས་སྟོང་རྣམས་ལ་ཁྲོ་བཅུ་སྟེ་གཞུང་ལ་ལར་མཚམས་གཅོད་ཀྱི་སྲུང་འཁོར་སྒོམ་ཚུལ་དང་གཅིག་པ་སྔགས་འཆང་ཆེན་མོས་སྟོང་ར་ཆོས་རྗེར་གནང་བའི་དྲིས་ལན་སོགས་སུ་བཤད་ཀྱང་རྗེ་བཙུན་གྱི་གཞུང་འདིར་རྙིང་ལུགས་གཞན་དང་མཐུན་པར་གདན་ཐབས་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཅུ་པ་མཛད་པས་འདི་སྐབས་སྟེང་གི་ཁྲོ་བོ་ཤར་གཡས། འོག་གི་ཁྲོ་བོ་ནུབ་གཡོན་ཏུ་འགོད་དགོས། འགྲེལ་པ་འབུམ་ནག་ལས་ས་བོན་ཧཱུྃ་ཙམ་གྱིས་བསྐྱེད་པ་འདི་ཨ་ནུ་ཡོ་གའི་ལུགས་ཡིན་གསུངས་པ། མཁས་པ་འགའ་ཞིག་གིས་ཡོ་ག་གསུམ་ལ་ནང་གསེས་དགུར་དབྱེ་བའི་མ་ཧཱའི་ཨ་ནུ་དང་སྦྱོར་ན་འབྲེལ་ཆགས་པ་སྣང་ངོ་། །དམ་ཅན་སྣམ་བུ་ཁྲག་ཁྱམས་དཀྱིལ་འཁོར་ཕྱིའི་ཁོར་ཡུག་ལ་ཕུར་སྲུང་རྣམས་གཞུང་གསལ་ལྟར་དང་། སྒོམ་དོན་རྒྱས་པའི་ཕྱོགས་ལ་གནས་ཡུལ་མ་བརྒྱད་སྒོ་མ་བཅས་པ། དབང་ཕྱུག་ཉེར་བརྒྱད། བརྟན་མ་སོགས་ཆོས་སྐྱོང་དམ་ཅན་རྣམས་བསྒོམ་པ་རྗེ་ས་སྐྱ་པ་ཁུ་དབོན་བཞེད་པས་དངོས་སུ་གསལ་མ་ཐེབས་རུང་མོས་པས་ཁྱབ་པར་བྱའོ། །ཕུར་པ་རྫས་ཀྱི་དཀྱིལ་འཁོར་ནི་གདབ་པ་ཕྲིན་ལས་ཀྱི་ལུང་གི་རྩ་བ་ཡིན་པས་འཕྲོས་དོན་སྤྱིར་བཤད་པ་དང་། རྫས་དཀྱིལ་སྒོམ་དོན་བྱེ་བྲག་ཏུ་དབྱེ་བའོ། །དང་པོ་ལ་གསུམ། དང་པོ་བརྡལ་བ་ཆོས་ཉིད་ཀྱི་ཕུར་པ་སྟོང་ཞིང་བདག་མེད་པའི་སྤྲོས་བྲལ་གྱིས་ཡུལ་གཟུང་འཛིན་གྱི་རྣམ་རྟོག་ལ་གདབ་པས་མཚན་


LT30_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་ཆོས་ཉིད་དུ་ཤར་བ་ཐེབས་པའི་ཚད་ཡིན་ཏེ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་སྦྱར་རོ། །གཉིས་པ་ཐུགས་རྗེ་བྱང་ཆུབ་སེམས་ཀྱི་ཕུར་པ་ནི་སྙིང་རྗེ་སྒྱུ་མ་ལྟ་བུས་ཡུལ་ཁམས་གསུམ་གྱི་སེམས་ཅན་ལ་གདབ་པས་བུ་གཅིག་པའི་མ་ལྟར་རང་ལས་གཞན་གཅེས་འབྱོངས་པ་ནི་ཐེབས་པའི་ཚད་དེ་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་དང་སྦྱར་རོ། །མཚན་མ་རྫས་ཀྱི་ཕུར་པ་གཞུང་བཤད་ཀྱི་ཚད་དང་ལྡན་པས་ཡུལ་ཉམས་པ་བདུན་ལྡན་གྱི་དགྲ་བགེགས་ལ་འདེབས་པས་འོད་ཀྱི་གོང་བུར་ཧྲིལ་གྱིས་སོང་ན་ཐེབས་པའི་ཚད་དེ་ཉོན་མོངས་ཡེ་ཤེས་སུ་སྒྲོལ་བས་རྒྱུའི་ཏིང་ངེ་འཛིན་དང་སྦྱོར་རོ། །དེ་ལ་འདིར་ནི་རྫས་ཀྱི་ཕུར་བུ་གཙོར་སྨོས་ཏེ་དེའི་རྒྱུ་དང་ཚད་སོགས་གཞན་ཏུ་ཤེས། རྣམ་གྲངས་སྤྱིར་མང་བ་ལས་འདིར་ཕུར་པ་རྫས་ཀྱི་དཀྱིལ་འཁོར་ཏེ་དེའང་སྐབས་འདིར་སྲས་མཆོག་ལ་ངོས་བཟུང་ཞིང་། དཔེར་ན་རྒྱལ་པོའི་དཀོར་མཛོད་དུ་དཀོར་ནོར་གྱི་རྫས་སྣ་ཚོགས་པ་ཡོད་པ་བཞིན་ཏུ། འདི་ལའང་སངས་རྒྱས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་ཤིང་དངོས་གྲུབ་གཉིས་ཀ་འབྱུང་བ་རྫས་ཀྱི་མཛོད་དང་འདྲ་བས་སོ། །སྲས་མཆོག་གི་གྲངས་ནི་བརྒྱ་རྩ་བརྒྱད། ཉེར་གཅིག །ཟབ་མོ་ཕུར་གཅིག་མར་འདོད་པ་སོགས་མང་ཡང་འདིར་སྲས་མཆོག་རིགས་ལྔར་བཤད་པས་ཕུར་བུ་ལྔའམ། མ་འབྱོར་ན་གཅིག །བཞུགས་གདན་ཨེ་གྲུ་གསུམ་སོགས་འདུ་བྱ། ཨེ་སྥ་ར་་སོགས་བརྗོད་


LT30_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་བདག་གི་ཐུགས་ཀའི་ཧཱུྃ་ལས་ཨེ་མཐིང་ནག་སྤྲོས། ལྔ་ཡོད་ན་སྨུག་ནག་སོགས་སྤྲོས། གྲུ་གསུམ་རང་མདོག་ཏུ་བསྒྱུར་བའང་ཤེས་དགོས། གྲུ་གསུམ་འབར་བར་གྱུར་པའི་ནང་དུ། ཐུགས་ལས་སྤྲོས་པའི་སྒོ་མ་བཞི་དཔག་ཏུ་མེད་པས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་བཀུག་བཅིངས་བསྡམས་མྱོས་བྱས་པར་བསམ། པེ་ཏ་འདིའི་སྔགས་ཀྱིས་ཡུངས་ཀར་ཕུར་བུ་ལ་གཏོར་བ་ནི་གཟི་མདངས་སྐྱེད་པ་སྟེ། ཕུར་བུ་ལ་ཁྲོ་ཆུང་གིས་གོ་མཚམས་མེད་པར་གཏམས་པར་བསམ། གུ་གུལ་གྱིས་བདུག་པ་ནི་ནུས་པ་བསྐྱེད་པ་སྟེ། གདུག་པའི་དཔལ་དང་མི་བཟད་པའི་ངར་ལྡན་པར་བསམ། ར་ཁྱི་ཕག་གསུམ་ཁྲག་གིས་ཕུར་རྩེ་ལ་བྱུགས་པ་ཆགས་པ་སྐྱེད་པ་སྟེ། ཐུགས་རྗེའི་ཆགས་པས་དམར་ནག་དུད་ཀ་རེག་ན་འཇམ་པ་ཞིག་ཏུ་གྱུར་པར་བསམ། ཐལ་སྦྱར་གྱིས་ཕུར་བུ་བླངས་པའོ། །ཨཱ་བེ་ཤ་ཡ་ཨ་བརྗོད་པའི་ཚེ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་ཐུགས་དམ་རྗེས་སུ་དགོངས་ཏེ་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཕུར་པ་ལ་ཐིམ་པར་བསྒོམས་པ་ནི་བདག་ཉིད་ཆེན་པོ་བྱིན་གྱིས་བརླབས་པའོ། །དེ་ནས་ཐལ་མོ་ཀ་པུ་ཏ་ཞེས་སོར་མོ་རྣམས་སྒུག་པོར་བྱས། ལྔ་པའི་རྟིང་པས་ཕུར་བུ་བཟུང་ལ། ཨོཾ་ཧ་ན་སོགས་བརྗོད་པས་བདག་རྩ་བའི་དཀྱིལ་འཁོར་ལས་སྤྲུལ་པའི་ཁྲོ་བོ་ཧཱུྃ་ཕཊ་ཀྱི་སྒྲ་སྒྲོགས་པ་དཔག་ཏུ་མེད་པ་སྲས་མཆོག་ལ་ཐིམ་པས་ཁམས་གསུམ་དུས་གཅིག་


LT30_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྒྲོལ་ནུས་པའི་མཐུ་རྩལ་དང་ལྡན་པར་བསྒོམ་པ་རིགས་ཐམས་ཅད་པའི་ཁྲོ་བོར་བྱིན་གྱིས་བརླབ་པའོ། །དེ་ནས་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་ནི་ཆུ་སྲིན་རྣམ་གྲོལ་གྱི་རྒྱ་དང་དོན་གཅིག་པས་དེའི་གུང་མོས་བཟུང་ལ། བཛྲ་སཏྭ་སོགས་བརྗོད་པས་བདག་ཡབ་ཡུམ་གྱི་བྱང་སེམས་ལས་ཕྱག་མཚན་ཕྲ་མོ་གྲངས་མེད་པ་སྤྲོས་ཏེ་ཐིམ་པས་བདག་དང་སྲས་མཆོག་གཉིས་ཀ་སྐུ་གསུམ་གཅིག་གི་རང་བཞིན་ཏུ་མོས་པ་སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་རྫོགས་པར་བྱིན་གྱིས་བརླབས་པའོ། །ཏིཥྛནྟུའི་སྔགས་ཀྱིས་ཕུར་གདན་ལ་བཙུགས་པས་དགྲ་བགེགས་ཀྱི་སྙིང་དཀར་ནག་མཚམས་སུ་བཏབ་པར་མོས། སྐྱེ་མེད་རྣམ་དག་ཆོས་སྐུ་ལས་ལོངས་སྐུར་བཞེངས་པར་བསྐུལ། དབུས་ཀྱི་མཐིང་ནག་སོགས་ཀྱིས་ལོངས་སྐུ་ལས་སྤྲུལ་སྐུར་བཞེངས་པར་བསྐུལ། དེ་དག་གི་དམིགས་པ་གཞུང་ལྟར་ལ་ཧེ་རུ་ཀ་རིགས་ལྔ་ནི་མཐིང་ནག་སྨུག་ནག་སོགས་ཁ་དོག་དང་གཡས་བར་པའི་ཕྱག་མཚན་རྡོ་རྗེ་འཁོར་ལོ་སོགས་རང་རྟགས་སུ་བསྒྱུར་བ་ཙམ་ལས་ཆ་ལུགས་གཞན་གཙོ་བོ་ཇི་ལྟ་བའོ། །མཐིང་ནག་གྲུ་གསུམ་འབར་བའི་གནས་འདིར་གཤེགས། ཞེས་པའི་སྐབས་སྦྱོར་མཚམས་ནས་ཕྱིར་དོན་གྲུ་གསུམ་གདན་ལ་བཞུགས་པར་མོས། དཱིཔྟ་བཛྲ་སོགས་སྔགས་ཀྱིས་གསལ་འདེབས། ཨོཾ་ཧྲཱིཿཕཊ་གནས་གསུམ་བྱིན་རླབས་ནས་འདིར་མི་གསལ་ཡང་གཞན་རྣམས་སུ་མགྲིན་གཅིག་ཏུ་


LT30_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་དང་། ལུགས་འདིའི་བསྟན་འཛིན་གཞན་གྱིས་བཤད་ཅིང་གལ་ཆེ་བས། ཕུར་པའི་དབལ་གྱི་ངོས་གསུམ་ལ་ཧཱུྃ་གསུམ་ཟུར་གསུམ་ལ་ཕཊ་གསུམ། རྩེ་མོར་ཨ་དཀར་པོས་མཚན་པས་ཡེ་ཤེས་གཅིག་གི་ངོ་བོར་གྱུར་པ་བསམ་པ་སྐུ་གསུང་ཐུགས་ཡེ་ཤེས་རྩེ་གཅིག་ཏུ་བརླབས་པའོ། །དེ་ནས་ཡེ་ཤེས་པ་སྤྱན་འདྲེན་ཅིང་བསྟིམ་པ། སྐུ་གསུང་ཐུགས་བྱིན་རླབས། དབང་བསྐུར་རྒྱས་གདབ་རྣམས་གཞུང་གསལ་ལྟར་ལ། ལག་ལ་བྱིན་རླབས་ཀྱི་སོར་བསྣོལ་རྡོར་བསྡམས་སྐབས་སུ་རིགས་ལྔ་ཡབ་ཡུམ་བསྐུལ་ཞིང་སྦྱོར་བ་མཛད། ལག་པའི་རྟིང་བའི་མཁྲིག་མ་བརྙལ་མཐེ་བོང་སྲིན་ལག་མཐེའུ་ཆུང་རྣམས་གཤིབས་པས་ཕུར་བུ་བཟུང་། མཐེ་བོང་ཅུང་ཟད་བསྒུལ་བས་བསྒྲིལ་ཞིང་ཨཱ་བེ་ཤ་ཡ་ཨ་བརྗོད་པས། ཡབ་ཡུམ་སྦྱོར་བའི་གཟི་བྱིན་དང་། མཐར་ཡབ་ཡུམ་རྣམས་ཀྱང་ཞུ་སྟེ་ཕུར་པ་ལ་ཐིམ་པས་སྟོང་ཁམས་གང་བའི་མེ་སྟག་འཕྲོ་ཞིང་གཟི་བརྗིད་དཔག་ཏུ་མེད་པར་གྱུར་ནས་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པའི་མཐུ་དབང་དང་ལྡན་པར་བསྒོམ། དེ་དག་ནི་སྲས་མཆོག་ལྷར་ཤེས་པ་ཡིན་ལ། ཕྱི་དབྱིབས་ཕུར་བུ་ནང་གཞལ་ཡས་ཁང་དུ་གྱུར་པའི་རྒྱ་མདུད་གོང་འོག་བཅུམ་གཞོག་བརྒྱད་ལ་ཁྲོ་བཅུ། རྒྱ་མདུད་འོག་མའི་ལོགས་ལ་སྒོ་མ་བཞི། དབལ་ངོས་གསུམ་ལ་དམ་ཅན་སྡེ་བཞི་བཞུགས་པར་མོས་པ་ནི་སྲ་མཆོག་གཞལ་ཡས་ཁང་དུ་ཤེས་པའོ། །དྲག་པོར་གྱུར་པའི་ཕུར་པ་སོགས་ནི་སྲས་


LT30_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཕྱག་མཚན་ཏུ་ཤེས་པ་སྟེ་ལྷ་ཐམས་ཅད་ཀྱིས་ཐབས་ཤེས་ཕྱག་རྒྱས་རི་རབ་ཕུར་བུར་འདྲིལ་བ་རྣམས་ངོ་བོ་སྲས་མཆོག་ཁོ་ནར་འདུས་པའོ། །སྐུ་གསུང་ཐུགས་ཀྱི་དབང་བླང་བ་ནི། དཀྱིལ་འཁོར་གསུམ་གྱི་དཔྲལ་བའི་ཨོཾ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་མཆོད། སྐུའི་བྱིན་རླབས་བསྡུས་ནས་སྲས་མཆོག་ལ་ཐིམ་པས་སྐུ་ཆེ་ལ་ཡན་ལག་རགས་པ་སྟོང་གསུམ་གང་བར་གྱུར། དེའི་དཔྲལ་བ་ནས་འོད་ཟེར་བདག་གི་དཔྲལ་བར་ཐིམ་པས་བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་མཉམ་པ་དཔལ་ཆེན་པོར་དངོས་སུ་མོས་ལ་སྲས་མཆོག་དཔྲལ་བར་རེག་ཅིང་། ཛྭ་ལའི་སྔགས་བརྗོད། དེས་རིགས་འགྲེས་ཏེ། མགྲིན་པའི་ཨཱཿའི་འོད་ཀྱིས་མཆོད་པ་སྡུས་ཐིམ་པས་ལྗགས་པདྨ་འདབ་བརྒྱད་པའི་རྩེ་མོ་རྡོ་རྗེ་རྩེ་ལྔ་པས་མཚན་པ་ཀཱི་ལ་ཡའི་རང་སྒྲ་འབྲུག་ལྟར་སྒྲོགས་པ་ལས་འོད་ཟེར་རང་གི་མགྲིན་པར་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི་གསུང་དང་མཉམ་ལ་ཀཱི་ལ་ཡའི་རང་སྒྲ་ལྡིར་བར་མོས་ལ་མགྲིན་པར་རེག །ཧྲཱི་ཤོ་དྷ་ཡའི་སྔགས་བརྗོད། ཐུགས་ཀའི་ཧཱུྃ་གི་འོད་ཀྱིས་མཆོད་བསྡུས་ཐིམ་པས་ཟག་པ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཏུ་གྱུར་པ་ལས་འོད་ཟེར་བདག་གི་སྙིང་གར་ཕོག་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་མཉམ་པ་དྲན་རྟོག་ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་མོས་ལ་སྙིང་གར་རེག །སྔགས་བརྗོད། དེ་ལྟར་བྱས་པས་ལུས་ཀྱི་གཡོ་འགུལ་ཅི་བྱས་སངས་རྒྱས་ཀྱི་མཛད་སྤྱོད།


LT30_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གིས་ཅི་སྨྲས་ཀཱི་ལ་ཡའི་སྔགས། རྟོག་ཚོགས་ཐམས་ཅད་ཡེ་ཤེས་ཀྱི་རོལ་པ། བཟའ་བཏུང་ཅི་བྱས་ཐམས་ཅད་ཚོགས་ལ་མཆོད་པར་འགྲོ་གསུངས། གཞུང་འདིར་ཚིག་སྣ་ཤིན་ཏུ་བསྡུས་པས་དམིགས་གནད་སོགས་རྒྱས་པར་མི་གསལ་ཞིང་། ཕུར་པ་མཁན་པོ་ཕལ་ཆེར་ཡང་རྡོ་རྗེ་ཕུར་པའི་འཕྲང་དམ་སྲོག་འདིར་སླེབ་པའི་ཚེ་མིག་བཙུམ་ནས་ཧོལ་རྒྱུག་བྱེད་པ་ཁོ་ནར་སྣང་བས་དམིགས་གནད་ཅུང་ཟད་རྒྱས་པར་དབྱེ་བར་ཟད་ཀྱིས། གཞུང་གི་དམིགས་གནད་མཐའ་དག་པ་ནི་འདིར་འབྲིར་མ་ལྡོངས་སོ། །བཞི་པ་སྤྱན་འདྲེན་མཆོད་བསྙེན་དངོས་གྲུབ་བླང་བ་ལ་དོན་བཞི་སྟེ། དང་པོ་སྤྱན་འདྲེན་པ་ནི་སྤྱིར་གང་གི་ཆེད་དུ་སྤྱན་དྲངས་པའི་གནས་སྐབས་མང་བ་ལས་འདིར་ཚོགས་གསོག་པའི་ཆེད་དུའོ། །ཕྱག་གི་མཆོད་པའི་སྐབས་ལ་ཨཱ་ཏི་པུ་ཧོཿ །ཞེས་དམ་ཚིག་པ་སྤྲུལ་པ་དཔག་མེད་བཅས་པས་ཕྱག་བྱས་ལ། ཡེ་ཤེས་པས་པྲ་ཏི་ཛ་ཧོཿབརྡའི་ལན་གྱིས་མི་འཇིགས་པའི་དབུགས་དབྱུང་བསྩལ་བར་མོས་ལ་དམ་ཡེ་བསྲེ། གཉིས་པ་མཆོད་པའི་བྱེ་བྲག་རྣམས་ལས་སྨན་མཆོད་སྐབས། རང་གི་མཐེ་བོང་ངོས་སུ་ཧྲཱིཿལས་རྟ་མགྲིན། སྲིན་ལག་ངོས་སུ་ཨ་ལས་བདུད་རྩི་མ། དེ་གཉིས་སྦྱོར་མཚམས་ནས་ལྷ་མོ་བདུད་རྩིའི་ཐོད་པ་ཐོགས་པ་མང་པོ་འཕྲོས་སྔར་བྱིན་གྱིས་བརླབས་པའི་བདུད་རྩི་དང་ལྷན་ཅིག་བླ་མ་དང་དཀྱིལ་འཁོར་པ་རྣམས་ལ་ཕུལ་བས་དེ་རྣམས་ཀྱི་གཡས་ཞལ་དཀར་པོའི་ལྗགས་རྡོ་རྗེའི་སྤུ་གུས་དྲངས་ཏེ་གསོལ་བས་


LT30_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་པར་མོས། འདི་དག་གི་སྐབས་སུའང་དམིགས་པ་རྣམ་པ་གཉིས་ལས། ལྷ་རྣམས་ཆོས་ཉིད་དུ་མེར་གྱིས་སོང་ནས་སྐྱེ་མེད་ཀྱི་དོན་སྐུ་ཉམས་སུ་བསྟར་བ་མོས། མངོན་སྤྱོད་ལ་དམིགས་ན། ཞེ་སྡང་ཆེན་པོའི་ཐུགས་དམ་བསྐུལ། ལྷ་རེ་རེ་ལས་ཁྲོ་ཆུང་མང་པོ་དང་དེ་རེ་རེ་ལས་ཀྱང་ཡང་སྤྲུལ་དཔག་ཏུ་མེད་པ་འཕྲོས་པས་འཇིག་རྟེན་གྱི་ཁམས་གང་། མཚོན་ཆ་མང་པོས་འགུགས་འཆིངས་བསྒྲལ་བསྟབ་ཀྱི་ཕྲིན་ལས་མཛད་པར་བསམ། དངོས་གྲུབ་བླང་སྐབས་ཀཱ་ཡ་སིདྡྷི་ཨོཾ་ཨོཾ་བརྗོད་ཅིང་བདུད་རྩིས་དཔྲལ་བར་ཐིག་ལེ་བྱས་པས་དེ་ཉིད་ཨོཾ་དཀར་པོར་གྱུར། དེ་ལ་མཆོད་ཡུལ་རྣམས་ཀྱི་སྐུའི་དངོས་གྲུབ་ཐིམ། དེ་ཉིད་རང་ལ་ཐིམ་པས་སྐུའི་དངོས་གྲུབ་ཐོབ་པར་མོས་པ་སྟེ་གསུང་དང་ཐུགས་ལའང་འགྲེ། རཀྟ་ནི་གཡོན་ཞལ་དམར་པོ་ལ་འབུལ། རཀྟ་ཚར་གསུམ་ལ་འཆད་ལུགས་འདྲ་མིན་མང་བ་ལས། འདི་མཆོག་སྒྲུབ་པ་ལྟར་ན་ ཁམས་གསུམ་གྱི་ཉོན་མོངས་པའི་ཚོགས་གསུམ་གསུམ་གྱེར་ཚིག་གསུམ་གྱིས་ལན་གསུམ་འབུལ། མངོན་སྤྱོད་ལྟར་ན་གཟས་པ་པོའི་ཉོན་མོངས་པ་གསུམ་གྱི་རང་བཞིན་ཤ་ཁྲག་རུས་པའི་ཆ་རེ་རེ་འབུལ། གཏོར་མ་བདུད་རྩི་མུ་ཏིག་གི་མདོག་ཅན་རྒྱ་མཚོར་འཁྱིལ་པར་བུས་ཞལ་མཐིང་གའི་ལྗགས་རྡོ་རྗེའི་སྦུ་གུས་གསོལ། དམིགས་པ་རྣམ་པ་གཉིས་བདུད་རྩི་དང་འདྲ། འདོད་ཡོན་ལྷ་མོ་རྣམས་རང་གི་ཐུགས་ཀ་ནས་སྤྲོས་ཏེ་མཆོད། སྦྱོར་མཆོད་ལ་མཆོད་པའི་ལྷ་མོ་རྣམས་སོ་སོའི་


LT30_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་རྣམས་ལ་ཐིམ། སྦྱོར་བ་མཛད་པས་བྱང་སེམས་འཕེལ་ཏེ་སྐུའི་ཆ་ཐམས་ཅད་དུ་ཐིམ་པས་ཟག་མེད་བདེ་བས་མཉེས་པར་བསམ་ལ། སོར་མོ་བསྣོལ་བའི་རྟིང་པ་དྲག་ཏུ་བརྡབ་བོ། །མཉམ་པའི་སྒྲུབ་རྫས་སོགས་སྦྱོར་བའི་ཞར་ལས་བྱུང་བའི་དེ་ཁོ་ན་ཉིད་ཀྱི་མཆོད་པ་སྟེ་མཆོད་བྱ་མཆོད་བྱེད་མཆོད་རྫས་འཁོར་གསུམ་མཉམ་ཉིད་ཆེན་པོར་བློ་བཞག །སྒྲོལ་མཆོད་སྐབས་ཡང་འགྲེལ་སོ་དྲུག་དང་གདབ་ཁའི་སྐབས་བཞིན་དམིགས་པས་བསྒྲལ་ཞིང་། ཧེ་རུ་ཀ་ཡི་གནས་བཅུ་མན་ཆད་ཀྱིས་བསྒྲལ་བའི་ཤ་ཁྲག་བསྟབ་ཅིང་གཞལ་ཡས་ཁང་གི་ནམ་མཁའ་ལས་སྒྲ་གྲགས་པར་བསམས་ལ་བསྟོད་པའི་གླུའང་བྱའོ།། །།གསུམ་པ་བསྙེན་པ་ལ་གསུམ། ལྷ་ཉེ་བར་བསྙེན་པས་བླ་ན་མེད་པའི་བྱང་ཆུབ་ལ་དམིགས་ཤིང་རང་གི་ལུས་ཆགས་སུ་གཞུག་པ། དམ་ཅན་ཉེ་བར་བསྙེན་པས་དམ་ཅན་དམ་ལ་གདགས་ཤིང་བྱིན་དང་ལྡན་པར་བྱ་བ་དང་ངན་སྔགས་ཉེ་བར་བསྙེན་པས་དགྲ་བགེགས་གསད་པའི་ལས་བྱ་བའོ། །དང་པོ་ལའང་གསུམ། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལ། །དང་པོ་ནི། རིག་འཛིན་བསྐུལ་ཏེ། དེའང་ས་ལོ་ཆེན་པོས། རིག་འཛིན་བསྐུལ་དུས་རྒྱ་བོད་ཀྱི་སྔགས་འཆང་ནུས་པ་ཆེ་བ་རྣམས་སྨོས་པ་མ་གཏོགས། དབང་གི་བརྒྱུད་པ་འདྲེན་པ་མ་ཡིན། ཅེས་གསུངས་པ་ལྟར་ཡིན་ལ། འཛབ་ཁང་དབྱེ་བའི་སྐབས་སུ། བདག་བསྐྱེད་ཀྱི་དཀྱིལ་འཁོར་ལས་མར་མེ་གཅིག་ལས་གཉིས་


LT30_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་ཀྱི་ཚུལ་དུ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དབྱེ། མདུན་གྱི་དཀྱིལ་འཁོར་དང་དབྱེར་མེད་དུ་བཞུགས་པར་མོས། གཉིས་པ་བཟླས་པ་དངོས་ལ་དང་པོ་བཟླས་བྱའི་སྔགས་ནི། ལས་དང་པོ་པས་བསྡུས་པ་འབྲུ་དགུ། དེ་ལ་གོམས་ནས་རྒྱས་པ་འབྲུ་དགུ་ལ་ཛཿཧཱུྃ་བྃ་ཧོཿབསྣན་པའི་བཅུ་གསུམ། དེ་གོམས་ནས་ལས་སྔགས་འབྲུ་ལྔ་བཏགས་པའི་ཡིག་འབྲུ་བཅུ་བཞི་པ་ཉིད་བཟླ་བར་བཤད། འདི་ལ་སློབ་དཔོན་ཆེན་པོའི་མན་ངག་ཀུན་ཏུ་བཛྲ་དང་། སརྦ་ཡིག་འབྲུ་རེ་རེར་བགྲངས་པའི་འབྲུ་བཅུ་བཞི་པར་གསུངས་ཤིང་བསྙེན་ཚད་སོགས་ལའང་དེ་མཐུན་མཛད་ཀྱང་། རྗེ་ས་སྐྱ་པ་རྣམས་ཀྱིས་ཡོངས་གྲགས་ལེགས་སྦྱར་དང་མཐུན་པར་དེ་དག་འབྲུ་སོ་སོར་བརྩིས་ཏེ་ཡིག་འབྲུ་བཅུ་དྲུག་པར་ངོས་བཟུང་བས་བསྙེན་ཚད་ལའང་དེར་བསྟུན་དགོས་སོ། །གཉིས་པ་བསྒོམ་བྱའི་འཕྲོ་འདུ་ལ་སྤྱིར་བརྒྱད་དུ་བཤད་དེ། རྣལ་འབྱོར་པ་རྣམ་པར་རྟོག་པའི་ཚོགས་སྦྱངས་པ་ལ། རང་གི་ལུས་ཀྱི་གནས་སུ་འཕྲོ་འདུ་བྱེད་པ་དང་། བསྙེན་པའི་ནུས་པ་གསོག་པ་ལ་སྲས་མཆོག་དང་འདུ་བྱ་བ་དང་། དམ་ཅན་བསྙེན་པ་ལ་དམ་ཅན་དང་འཕྲོ་འདུ་བྱ་བ་དང་། སྒྲོལ་བ་ལ་དམིགས་པའི་དུས་སུ་དགྲ་བགེགས་དང་འཕྲོ་འདུ་བྱ་བ་དང་། དབང་བསྐུར་བའི་དུས་སུ་ལྷ་དང་འཕྲོ་འདུ་བྱ་བ་དང་། ཚེ་སྒྲུབ་པའི་དུས་སུ་ཚེ་བུམ་དང་འཕྲོ་འདུ་བྱ་བ་དང་། དངོས་གྲུབ་ལེན་པའི་དུས་སུ་ཞལ་ཟས་དང་འཕྲོ་འདུ་བྱ་བ་དང་།


LT30_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་དོན་གྱི་སྐབས་སུ་གཤིན་པོའི་སྡིག་སྒྲིབ་སྦྱོང་བ་བཅས་ཡོད་པ་ལས་འདིར་སྐབས་སུ་བབས་པའི་བཟླ་ཚུལ་གསུམ་སྟེ། མགལ་མེ་ཀླད་ཀོར། དུང་བ་ཚང་ཞིག །མགར་གྱི་ཚྭ་ཚྭ་ལྟ་བུའོ། །དང་པོ་ནི། བཅོམ་ལྡན་ཡབ་ཡུམ་སོགས་ཀྱིས་གསོལ་བ་བཏབ། སྔགས་ནི་འབྲུ་བཅུ་དྲུག་པ་ཁོ་ན་བཟླ་བ་གསར་རྙིང་ཕལ་ཆེར་ཕྱག་ལེན་ཏུ་མཛད་པས་དེ་ལྟར་བཟླས་པའི་ཚེ། རང་གི་སྙིང་གའི་ཏིང་ངེ་འཛིན་སེམས་དཔའ་ལས་སྔགས་ཕྲེང་ཁ་དོག་སྔོན་པོ་འོད་ཟེར་དམར་པོ་ལྕགས་སྒྲོག་སྤྲེལ་བ་ལྟ་བུ་རྡོ་རྗེའི་དབུས་ནས་བྱུང་། ཡེ་ཤེས་སེམས་དཔའི་ཤངས་བུག་གཡོན་དང་རང་གི་སྣ་བུག་གཡས་ནས་ཕྱིར་འཐོན། མདུན་གྱི་ཡེ་ཤེས་སེམས་དཔའི་ཤངས་བུག་གཡོན་ནས་ཞུགས་དེའི་ཐུགས་ཀའི་ཧཱུྃ་ལ་ཐིམ། རང་ཡང་དེ་ལས་སྔགས་ཕྲེང་བྱུང་། མདུན་གྱི་ཡེ་ཤེས་སེམས་དཔའི་ཤངས་བུག་ནས་ཐོན། རང་གི་སྣ་བུག་གཡོན་དང་། ཡེ་ཤེས་སེམས་དཔའི་ཤངས་བུག་གཡོན་ནས་ཞུགས། རྡོ་རྗེའི་དབུས་ནས་སོང་། རང་གི་སྙིང་གའི་ཧཱུྃ་ལ་ཐིམ་པར་བསམས་ཤིང་སྔགས་ཕྲེང་ཕྱིར་འགྲོ་དུས་དེ་ལས་རྡོ་རྗེ་གཞོན་ནུའི་སྐུ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བགེགས་དང་བར་ཆོད་ཐམས་ཅད་ཞི་བར་བྱས། སེམས་ཅན་ཐམས་ཅད་ཡི་དམ་གྱི་ལྷར་གྱུར། སྔགས་ཕྲེང་ནང་དུ་འོང་དུས་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་ཐམས་ཅད་ཀྱི་བྱིན་རླབས་རྡོ་རྗེ་གཞོན་ནུའི་སྐུར་བྱས་ནས་རང་ལ་


LT30_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པས་རྒྱུད་བྱིན་གྱིས་བརླབས་པ་དང་། སྔགས་ཕྲེང་རྒྱུན་མི་ཆད་པར་འཁོར་བར་བསམ་ཞིང་བཟླག་གཉིས་པ་ནི། བདག་གི་ཞལ་གསུམ་ག་ནས་ཀཱི་ལ་ཡ་བཟླས་པས་དབུ་རྒྱན་གྱི་ཁྲག་འཐུང་རིགས་ལྔ་དང་། བ་སྤུའི་བུ་གའི་ཁྲོ་ཆུང་རྣམས་ཀྱིས་དུས་གཅིག་ཏུ་བཟླས་པར་བསམ་ཞིང་། དེ་བཞིན་ཏུ་ཁྲོ་བོ་དང་ཁྲོ་མོ་དང་སྤྲུལ་པ་དང་། སྒོ་མ་དང་། སྲས་མཆོག་དང་། དམ་ཅན་སྡེ་བཞིས་ཀྱང་བཟླས་དེར་ཡང་མ་ཟད། མེ་སྒྲ་དང་ཆུ་སྒྲ་དང་རླུང་སྒྲ་ལ་སོགས་པ་ཐམས་ཅད་ཀྱང་ཀཱི་ལ་ཡའི་སྒྲར་གྲགས་པར་བསམ་པ་དང་། མདུན་གྱི་ནམ་མཁར་བླ་མ་ཡི་དམ་ནམ་མཁའ་གང་བར་བཞུགས་པ་རྣམས་དང་། སེམས་ཅན་ཡི་དམ་གྱི་སྐུར་གྱུར་པ་ཐམས་ཅད་ཀྱིས་རང་གི་སྔགས་བཟླ་གྲོགས་བྱེད་པར་བསམས་ལ་བཟླའོ། །གསུམ་པ་ལ་འཛབ་དགོངས་གསུམ། ཀཱི་ལ་ཡ་ལྷར་ཤེས་པ། ཀཱི་ལ་ཡ་ཆོས་ཉིད་དུ་ཤེས་པ། ཀཱི་ལ་འགུགས་གཞུག་ཏུ་ཤེས་པའོ། །དང་པོ་ནི། སྔགས་ཀྱི་འཕྲོ་འདུ་ལས་འོད་འཕྲོས་པས་སྣོད་བཅུད་ལ་ཕོག་པས་ལྷ་དང་གཞལ་ཡས་ཁང་བར་གསལ་གདབ་ཅིང་མདུན་ཏུ་རྡོ་རྗེ་གཞོན་ནུ་ཅིག་ཀྲོང་གིས་བྱུང་བར་བསམ། ཀཱི་ལ་ཡ་ཞེས་བརྗོད་པས། དེ་ལས་ཀྱང་དེ་ཀ་འདྲ་བ་ཅིག་བྱུང་། དེ་ལས་ཀྱང་དེ་ཀ་འདྲ་བ་ཉི་ཚེ་ཅིག་བྱུང་ནས་ལོ་ཀའི་ཁམས་ལྷས་ལྷག་གང་བར་བསམས་ཏེ། དེ་ཐམས་ཅད་ཀྱང་ཀཱི་ལ་ཡ་ཟློས་ཤིང་། བདག་ཚེ་བསྲིངས་ན་ཚེ་དང་དབང་ཐང་ལ་སོགས་


LT30_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཀུག་ནས་བདག་ལ་བསྟིམས་པར་བསམ། སྲིའུ་གསོ་ན་ཡང་བླ་སྲོག་ཡར་བ་ཐམས་ཅད་བཀུག་ནས་བསྟིམ་པར་བསམ། སྐྱོན་པ་འདུལ་ན་ཚེ་དང་རྣམ་ཤེས་བཀུག་པར་བསམ། དེ་ལས་དང་པོ་པའི་བཟླས་པ་ལ་ཤིས་གསུངས། ཀཱི་ལ་ཡ་ཆོས་ཉིད་དུ་ཤེས་པ་ནི། དཔེར་ན་སྟོན་ཀའི་བ་མོ་ལ། སྤྲིན་དང་བྲལ་བའི་ཉི་མའི་འོད་ཟེར་ཕོག་པས་ཞུ་བ་བཞིན་དུ། སྔགས་ལ་འོད་ཟེར་རྣམ་པ་ལྔ་འཕྲོས་པ་དང་། ཀཱི་ལ་ཡའི་སྒྲ་གྲགས་པ་ཙམ་གྱིས་ལོ་ཀའི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཆོས་ཉིད་དབྱེར་མེད་དུ་མེར་མེར་སོང་བར་བསམ། དེ་ནི་བྱང་ཆུབ་དམིགས་པའི་བཟླས་པ་ལ་ཤིས་གསུང་། ཀཱི་ལ་ཡ་འགུགས་གཞུག་ཏུ་ཤེས་པ་ནི། ཀཱི་ལ་ཡ་ཞེས་བརྗོད་པས་སྔགས་ཀྱི་འོད་ཟེར་ལས་ཁྲོ་བོ་ལྕགས་ཀྱུ་དང་ཞགས་པ་དང་ལྕགས་སྒྲོག་དང་མཚོན་ཆ་སྣ་ཚོགས་ཐོགས་པ་འཕྲོས་པས། གང་ལ་དམིགས་པའི་གཟས་པ་པོ་ཐུམ་རི་ལི་ལི་བཀུག་ནས་ལིངྒ་ལ་བཅུག་སྟེ། སྙིང་གནས་ཁྲག་གི་སྦལ་པ་འདྲ་བའི་ནང་ན་ཤེས་པ་ནྀྲ་ཡོད་པ་དེ་སྟོན་པར་བསམ་སྟེ་ཕཊ་ལྟག་སྤྲོད་ཀྱིས་སྒོ་བཀག་ནས་ཡོད་པ་དེ་བྲལ་ནས་སོ། །འདྲེ་ལ་དམིགས་ན་ཤེས་པའི་ངོ་བོ་ཡི་གེ་ཏྲྀ་ཡོད་པ་དེ་གཟུགས་དང་། མིང་བྱང་ལ་བསྟིམས། དེ་ནི་དགྲ་བགེགས་གསད་པའི་ལས་ལ་ཤིས་གསུངས། འཁོར་སྔགས་བཟླས་པའི་ཚེ། སྔགས་ཀྱི་ཕྲེང་བ་རྣམས་ལྷ་ཐམས་ཅད་ཀྱི་ཐུགས་ཙིཏྟའི་དཀྱིལ་འཁོར་ནས་བརྒྱུད། སྲོག་པ་རྩའི་ལམ་ནས་བྱུང་། མིད་པ་བྱང་ཆུབ་


LT30_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལམ་ནས་ལྗགས་དམར་ནག་གི་སྟེང་དུ་འཁྱིལ་བའི་སྔགས་ཀྱི་འོད་ཟེར་ལས། རང་འདྲའི་སྐུ་དཔག་ཏུ་མེད་པ་སྤྲོས་མདུན་བསྐྱེད་ཀྱི་ཡེ་ཤེས་དཀྱིལ་འཁོར་བ་ལ་སོགས་པ་འཇིག་རྟེན་ལས་འདས་པ་རྣམས་མཆོད་ཅིང་། དངོས་གྲུབ་རང་འདྲའི་སྐུར་འདུས། རང་ལ་ཐིམ་པ་དང་། ཡང་སྔགས་ཀྱི་འོད་ལས་རང་འདྲ་བའི་སྐུ་སྤྲོས་པ་འཇིག་རྟེན་པ་རྣམས་ལ་ཕོག་པས། རིགས་དྲུག་གིས་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་རྣམས་སྦྱངས་ཏེ་རྡོ་རྗེ་གཞོན་ནུའི་གོ་འཕང་ལ་འགོད་པར་བསམ་པ་དང་། སྐབས་འགར་གཏོར་ཟློག་སྐབས་སུ་སྨོས་པའི་དགྲ་བགེགས་སྒྲོལ་བའི་ཏིང་ངེ་འཛིན་ཀྱང་སྦྱོར་གསུངས། དམིགས་པ་འདི་རྣམས་མགལ་མེ་ཀླད་ཀོར་ཉིད་རྩ་བར་བཟུང་། གཞན་ཡན་ལག་ཏུ་སྦྱར། ཀཱི་ལ་ཡ་འགུགས་གཞུག་ཏུ་ཤེས་པ་ནི་བསྙེན་ཚད་རྫོགས་ཀྱི་བར་མི་བྱ་ཞིང་འཁོར་སྔགས་ཀྱང་དེ་བཞིན་ནོ། །གསུམ་པ་རྗེས་ཐུན་མཐར་འཁོར་སྔགས་རྣམས་ཉུང་ཙམ་རེ་དང་། མ་རཀྨོ་སོགས་ཚེར་རེ་བཟླ། ཡིད་ཀྱིས་མཆོད། བསྐལ་མེ་མས་བསྟོད། བདེ་བར་གཤེགས་པ་སོགས་བརྗོད་ཅིང་ཕྲེང་བའི་ལག་ལེན་སྤྱི་ལྟར། སྲས་མཆོག་གིས་བར་མ་ཆད་དུ་བཟླ་བའི་གྲོགས་མཛད་པར་ཡིད་ཀྱིས་གསོལ་བ་བཏབ་ཅིང་དེ་བཞིན་ཏུ་མོས། ལྷ་ཚོགས་འཁོར་བཅས་སོགས་ཀྱིས་དངོས་གྲུབ་བླང་། ཡེ་ཤེས་འཁོར་ལོ་རང་ལ་བསྟིམ། བདག་བསྐྱེད་བསྡུ་ལྡང་གོ་བགོ་དང་། བརྒྱུད་


LT30_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གསོལ་འདེབས་གྲུབ་ན་བྱ། དཀར་བདུད་ཕུར་སྲུང་གི་གཏོར་འབུལ་ཉུང་བསྡུས། རྡོ་རྗེའི་གླུ། བཟོད་གསོལ། བརྟན་བཞུགས། བཀྲ་ཤིས་བསྔོ་སྨོན་བསྡུས་ཙམ་བྱའོ། །ཐུན་གཉིས་པར་སྔོན་འགྲོའི་འདོན་བྱ་བསྒྱུར་ནས། ཏིང་ངེ་འཛིན་རྣམ་གསུམ་ནས་བཟུང་བཟླས་པ་ལ་ཐུག་གི་བར་བྱ། རྗེས་ཀྱི་བྱ་བ་སྔར་ལྟར་རོ། །ཐུན་གསུམ་པ་དང་བཞི་པའང་དེ་དང་འདྲ་བ་ལས། སྲོད་ཐུན་གྱི་གཏོར་ཆོག་གྲུབ་འཕྲལ་ཚོགས་ཀྱི་མཆོད་པ། ལྷག་མའི་མཆོད་པ་རྒྱས་པ་ལྕོགས་དཀའ་བས་བསྡུས་པ་ཙམ། བརྟན་སྐྱོང་སོགས་ནས། དངོས་གྲུབ་ལེན་ཆོག་མ་གཏོགས་པའི་རྗེས་ཆོག་རྣམས་བྱ་ཞིང་། བདག་བསྐྱེད་བསྡུ་ལྡང་གེ་བགེ་བྱ། དཀྱིལ་འཁོར་གཤེགས་བསྡུ་མི་བྱ་བར་བརྟན་བཞུགས་ཁོ་ན་བྱའོ། །བསྙེན་ཚད་འགྲུབ་ཀྱི་བར་ཉིན་གཉིས་པ་ཕན་ཆད་ཀྱང་དེ་ཁོ་ན་ལྟར་ལ་ཚོགས་མཆོད་རྒྱུན་ཏུ་མི་ལྕོགས་ན་དང་པོ་དང་། དུས་བཟང་རྣམས་ལ་ལན་རེ་ཙམ་བྱའོ། །བསྙེན་ཚད་དུས་གྲངས་རྟགས་གསུམ་ལས། དུས་ནི་སྒྱུ་འཕྲུལ་གསང་སྙིང་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། ཞེས་སྤྱིར་བཏང་ཟླ་བ་དྲུག་ཏུ་གསུངས་ཤིང་། བྱེ་བྲག་ཡུན་རིང་ཐུང་བློའི་ནུས་པ་དང་སྦྱར། གྲངས་ནི་དགོངས་རྒྱུད་ལས། བསྙེན་པ་བདུན་འབུམ་ཉི་ཁྲི་འདོན། །བྱེ་བ་ས་ཡས་གདོན་མི་ཟ། །ཞེས་པས་བདུན་འབུམ་ཡར་བཅད་བཟླ་དགོས་ཤིང་། ད་ལྟའི་ཕྱག་རྒྱུན་ཏུ་འབྲུ་འབུམ་སྟེ་ཀཱི་ལ་ཡ་


LT30_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ཕྲག་བཅུ་དྲུག་ཁ་སྐོང་དང་བཅས་པས་གྲངས་རྫོགས་པར་མཛད། འཁོར་སྔགས་རྣམས་ནི་ཁྲི་ལ་སོགས་པ་ཇི་ཙམ་འོས་པ་བཟླས་པས་ཆོག་གི་གྲངས་ངེས་བཟུང་མེད་དོ། །རྟགས་ནི། དངོས་ཉམས་རྨི་ལམ་གྱི་དྲོད་རྟགས་སྤྱི་གཞན་དང་མཚུངས་ལ། ཁྱད་པར་རྟགས་སུ་ལྷ་ཞལ་མཇལ་བ། སྔགས་སྒྲ་དི་རི་རི་སྒྲོགས་པ། ཕུར་པ་རྙེད་པ། མེ་ཏོག་སྔོན་པོ་ཐུ་བ་ལ་སོགས་པ་རྨི་བ་དང་། ཕུར་པ་འཁྲབ་བཞད་འོད་དང་དུ་བ་སྒྲ་ལ་སོགས་སྐུ་གསུང་ཐུགས་ཀྱི་རྟགས་བདུན་གསུམ་ཉེར་གཅིག་ཏུ་བཤད་པ་ལྟར་རོ། །ཐུན་མཚམས་སུ་བསྙེན་པ་རྒྱུན་མ་ཆད་ན་ཤིན་ཏུ་ལེགས་ཤིང་ཆག་མེད་ཀྱི་བསྒོམ་བཟླས་གཞན་དགོས་པ་ཡོད་ན་ཁྱུག་ཙམ་རེ་བྱ། རིག་པ་མཆོག་གི་རྒྱུད་ལས། བཟའ་བཏུང་གོས་རྒྱན་རིམ་པ་དང་། །འགྲོ་ཉལ་འདུག་ལྡངས་རྒྱུན་རིང་བྱ། །ཞེས་གསུངས་པའི་དོན་ཡི་གེ་རྙིང་མ་རྣམས་ལས་འདི་ལྟར་འབྱུང་སྟེ། དགོངས་མོ་ཉལ་བའི་ཚེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤུ་ནྱ་ཏ་ཧཱུྃ་ཞེས་བརྗོད་ལ་རང་རྡོ་རྗེ་གཞོན་ནུར་གསལ་བའི་ངང་ནས་སེངྒེའི་ཉལ་སྟབས་ཀྱིས་ཆོས་དབྱིངས་ཀྱི་ངང་དུ་ཉལ། སྔ་དྲོ་ལྡང་བའི་དུས་སུ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱཀྐ་ཙིཏྟ་ས་མ་ཡ་ཧཱུྃ་ཞེས་བརྗོད་པས་ཆོས་ཉིད་སྐྱེ་བ་མེད་པ་ལས་ལངས་ཏེ། འགག་པ་མེད་པ་དཔལ་རྡོ་རྗེ་གཞོན་ནུའི་སྐུར་བཞེངས་པར་བསམ་ཞིང་། འགྲོ་བའི་དུས་སུ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་


LT30_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་ཝཾ་མ་ཡ་དྷརྨ་ཀཱ་ཡ་ཧཱུྃ། ཞེས་བརྗོད་ཅིང་འགྲོ་བ་འདྲེན་པའི་དོན་དུ་འགྲོ་བར་བསམས་ལ། འདུག་པའི་དུས་སུ་རང་ཉིད་ལྷའི་ང་རྒྱལ་དུ་གསལ་བའི་ངང་ནས། གང་དུ་གནས་པ་དེ་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་སྒོམ་ཞིང་། འཁོར་དང་ཉེ་གནས་ཐམས་ཅད་སྦྲལ་བའི་འཁོར་དུ་བསམས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཎྜལ་ཧཱུྃ་ཧཱུྃ་ཞེས་བརྗོད། བཟའ་བཏུང་བྱ་བའི་ཚེ། ཟས་ལ་རྒྱས་པར་ན་གོང་གི་ཚོགས་ཀྱི་སྐབས་སུ་བཤད་པ་ལྟར་བྱིན་རླབས་བྱས་པའི་ཟས་དེ་ཐོག་མར་མཆོད་ཡུལ་རྣམས་ལ་ཕུལ་ནས། དེ་ནས་རང་ཉིད་ཡི་དམ་གྱི་ལྷར་གསལ་བའི་མཆོད་པའི་བསམ་པས་ལོངས་སྤྱད་ཅིང་ལྷག་མ་བསྡུས་པ་བཏང་བར་བྱས་ལ། ཟས་ཀྱི་རྣལ་འབྱོར་བསྡུས་པ་ནི། ཁ་ཟས་ཟ་བའི་དུས་སུ་ཨོཾ་ཨཱཿཧཱུྃ་གིས་ཁ་ཟས་བདུད་རྩིར་བྱིན་གྱིས་བརླབས་ནས་ལྷ་མཆོད་པའི་ཚུལ་དུ་རོལ་ཞིང་མཁའ་འགྲོ་མ་རྣམས་ལ་ལྷག་མའི་གཏོར་མ་སྔགས་ཙམ་གྱིས་སྦྱིན་ནོ། །བཏུང་བ་སྤྱི་དང་བྱེ་བྲག་ཇ་གད་བཏུང་བ་ལ། ཛ་གང་དེ་ཉིད་ཏྲཾ་ལས་ཡེ་ཤེས་ཀྱི་བདུད་རྩིར་བསམ། ཨོཾ་ན་མོ་གུ་རུ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷ་ཏི་མ་མ་ཀརྨ་ཛ་གད་པྲ་བ་ཡ་ཁ་ར་ཁཱ་ཧི། ཞེས་ལྷ་དང་བླ་མ་མཁའ་འགྲོའི་ཚོགས་ལ་གཡོན་པའི་མཐེབ་སྲིན་གྱིས་དབུལ་ལ། ཨོཾ་ཨཱཿཧཱུྃ་གིས་དངོས་གྲུབ་བསྡུས་ནས། ལྷ་ལ་ལྷའི་མཆོད་པའི་ཚུལ་དུ་རོལ་པར་བཤད་དོ། །གཙོ་བོར་རང་ཉིད་ལྷག་པའི་ལྷ་རྡོ་རྗེ་གཞོན་ནུའི་ང་རྒྱལ་


LT30_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

མི་འབྲལ་བ་དང་། ངག་ཀཱི་ལ་ཡའི་སྒྲ་དང་མི་འབྲལ་བ་དང་ཡིད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཕུར་བུ་རྩེ་གཅིག་པ་གསལ་སྟོང་དབྱེར་མེད་པ་དང་མི་འབྲལ་བ་སྟེ། མི་འབྲལ་བ་རྣམ་པ་གསུམ་ལ་དྲན་པ་རྒྱུན་ཆད་མེད་པར་བྱ་ཞིང་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པར་ལམ་དུ་ཁྱེར། བསྲུང་བའི་དམ་ཚིག་སྤྱིར་འབུམ་ནག་ལས་བཤད་པའི། ཐུན་མོང་སྤྱི་དང་། སྒྲུབ་པ་ཁྱད་པར། སྤྱོད་པ་རྒྱུན། གལ་མདོ་ངེས་པའི་དམ་ཚིག་རྣམས་ནན་ཏན་དུ་བྱ་དགོས་ཤིང་། ཁྱད་པར་བི་ཏོ་ལས། མི་བཀོལ་མི་སྤྱད་གཞན་མི་བསམ། །ཞེས་པས་བསྙེན་པའི་མཚན་རྟགས་མ་ཐོབ་བར་དུ་ལྷ་ཉིད་མི་བཀོལ་ཏེ། གཞན་གྱི་ནད་པའམ་གདོན་ཅན་ཀུན་ལ་ལྷ་དེའི་སྒོ་ནས་བྱིན་རླབས་མི་བྱ། བྱས་ན་ཟག་མཚན་མ་འགྲིབས་པས་ཟས་གོས་ཀྱང་རང་དབང་རྫས་ལ་བརྟེན་པས་འགྲུབ་ཉེའོ། །སྙིང་པོའང་བསྒྲུབ་པའི་དུས་མ་ཡིན་པ་གཞན་ལ་མི་སྤྱོད་དོ། །མི་བསམ་ཞེས་པས་རྩེ་གཅིག་ཏུ་ཡི་དམ་གྱི་ལྷ་ལ་དམིགས་པ་མ་གཏོགས་པ་བཟང་ངན་རྟོག་ཚོགས་གང་ཡང་ཡིད་ལ་མི་བྱ། ཐ་མ་དཔེ་ལ་ལྟ་རྟོག་ཡི་གེ་འབྲི་བ་ལ་སོགས་པ་གཡེང་བ་སྤངས་ཏེ་ས་སྡེ་གཟུག་པར་བྱའོ། །ཞེས་སློབ་དཔོན་ཆེན་པོས་གསུངས་པ་ལྟར་བསླབ་ཅིང་ཕྲ་ཞིབ་གཞན་མཐོང་བརྒྱུད་སོག་ལས་ཤེས་པར་བྱའོ། །དེ་དག་གི་སྐབས་སུ་དམ་སྲིས་ཉམས་ལོན་གྱི་རྟགས། དཀྱིལ་


LT30_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་མར་མེའི་མདངས་ཉམས་པ། ཆགས་སྡང་རང་གར་སྐྱེ་ཞིང་། སྐྱོ་འཇིགས་སྙིང་མི་དགའ་བ་ནད་དང་སྡུག་བསྔལ་ལྷོངས་པ། གྱེར་བཟླས་ཀྱིས་སུན་པ་སོགས་ཕྱི་ནང་གི་འགལ་རྐྱེན་མང་ན། སྤྱིར་རེ་དོགས་ཀྱི་བསྙེངས་བཅད་དེ་ལྟ་བས་ཟིལ་གྱིས་གནོན། བྱེ་བྲག་ཏུ་དམ་སྲིའི་ལིངྒ་བཅས་ལ། ཨེ་བྷྲཱུྃ། འབྲུ་བ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་བསྐྱེད་ལ། ཕོ་ཉ་བསྐུལ་ཞིང་འགུགས་བསྟིམ་བྱ། སྲས་མཆོག་གི་ཕུར་བུ་བླངས་ལ་ཕུར་སྐོར་གྱིས་གཟིར་ཞིང་། ཨོཾ་ལཾ་ཧཱུྃ་ལཾ་སོགས་ཀྱིས་གདབ་སྔགས་ལ་དམ་ཅན་གྱི་བཞི་སྙིང་གཅིག་དྲིལ་གྱིས་སྔགས་བཏགས་པས་ཕུར་བུ་གདབ། ཁྲོ་བཅུའི་སྔགས་ཀྱི་ཐུན་གྱིས་གཟིར། ཀིངྐ་ར་ཊཀྐི་དཀར་ནག་གི་ཆས་སུ་ཞུགས་པ་བྲན་དང་བཀའ་ཉན་སོགས་ཀྱིས་བསྐུལ་ཏེ། དཀར་པོས་གྲི་ཤས་དང་ནག་པོས་མིའི་ལག་པ་ལྕགས་འབྲས་བཏགས་པས་བྲབ་ཅིང་། དྲག་སྔགས་བཟླ་བ་དང་ཐུན་བྲབ་སྤོས་རོལ་ཚམས་རྔམས་དང་བཅས་པས་གཟིར་ལ། མཐར་བྱིན་དབབ་ཅིང་དགོངས་པ་གསལ་ཏེ་ཛབ་དྲག་ཏུ་བཟླ་བ་རྣམས་བྱའོ། །གཉིས་པ་དམ་ཅན་ཉེ་བར་བསྙེན་པ་ནི། གོང་བསྙེན་གྲུབ་པ་དང་མཆོད་གཏོར་བཟང་དུ་བཤམ། རྙིང་པ་ཁ་གསོ། །དུས་བཞིར་ཐུན་གཅོད་ཚུལ་གོང་ལྟར་ལ་བསྟོད་པའི་མཇུག་ཏུ་ཕུར་སྲུང་


LT30_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་བསྐུལ་མ་ཆད་པར་བྱ། ཀཱི་ལ་ཡའི་ཛབ་ཅུང་ཟད་བཟླས་པའི་ཚེ་དོ་ལིའི་བཟླས་པ་བྱ། དེ་ནས་བཟླས་པའི་དངོས་གཞི་ཀ་ཏཾ་ཀ་ཡེ་སོགས་བཞི་སྙིང་གཅིག་དྲིལ་ལ་བྱ་སྟེ། འཛབ་དགོངས་བུང་བ་ཚང་ཞིག་འགལ་མེ་ཀླད་ཀོར། དེའི་ཡང་ཀཱི་ལ་ཡ་འགུགས་གཞུག་ཏུ་ཤེས་པ་ཉིད་གཙོ་བོར་སྦྱར་ཏེ། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་འཕྲོས་པ་དམ་ཅན་རྣམས་ཀྱི་སྙིང་གར་ཕོག་པས་བསྐུལ་ཏེ་ཤ་རུལ་ལ་སྦྲང་མ་འདུ་བ་ལྟར་འཐིམས་ཀྱིས་བྱོན་ནས་རང་དབང་མེད་པར་ལས་བྱེད་པར་བསམ་པ་དང་། སྔགས་ཀྱི་འོད་ཟེར་ལས་དམ་ཅན་དཔག་ཏུ་མེད་པ་འཕྲོས། བསྒྲུབ་བྱ་ལ་ནད་མཚོན་དུག་གི་ཆར་ཕབ་ནས་བརླག་པར་བསམ། རྗེས་སྔར་དང་འདྲ་བ་ལས་དགོངས་མོར་ཚོགས་མཆོད་མ་ཆད་པ་བྱ། ཐུན་མཚམས་སུ་བཟླ་མི་རུང་ངོ་། །གསུམ་པ་ངན་སྔགས་ཉེ་བར་བསྙེན་པ་ནི། དཀྱིལ་འཁོར་ཨེ་ཁྲོམ་དུ་ཞལ་བསྒྱུར། འབྲུབ་ཁུང་ལིངྒ་སོགས་ཀྱང་བཅའ། ཐུན་གཅོད་ཚུལ་སྔར་ལྟར་ལ། ལྷ་བསྙེན་དང་། དམ་ཅན་བསྙེན་པ་ཁྱུག་ཙམ་རེ་བཏང་ནས། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ལས་སྔགས་ཀྱི་འོད་ཟེར་མགར་གྱི་ཚྭ་ཚྭ་ལྟ་བུ་དཔག་ཏུ་མེད་པ་འཕྲོས། ཞིང་བཅུ་ཚང་བའི་དགྲ་དང་། བྱང་ཆུབ་སྒྲུབ་པའི་བགེགས་ཐམས་ཅད་བྱ་སྒྲོ་ཞུན་ཁང་གི་མེ་ལ་བཏབ་པ་ལྟར་ཆོམ་ཆོམ་བསྲེགས་པར་བསྒོམས་ལ་གབ་པའི་སྔགས་དྲུག་སྦྲེལ་ནས་བཟླ། འོད་ཟེར་ཚུར་མི་བསྡུ་བ་


LT30_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

གནད་ཡིན་གསུངས། རྗེས་ཀྱི་བྱ་བ་སྔར་ལྟར་ལས། ཚོགས་ཐ་མའི་སྐབས་སུ་འགྲུབ་ཁུང་གི་ལིངྒ་ལ་དམིགས་ཏེ་འགུགས་གཞུག་དང་འཕྱོང་དྲུག་སོགས་རྒྱས་པར་བྱ། དེའང་ཚོགས་ཀྱི་སྐབས་འདིར་གོ་བ་རྒྱས་པ་སྨོས་མ་ལོངས་ཤིང་། སྒོམ་དོན་ཀྱང་རགས་པར་སྤྱི་དང་འདྲ་བ་ལས། ཚོགས་ཞིང་སྤྱན་དྲངས་པའི་ཚེ་བླ་མ་ནམ་མཁར་བཞུགས། ལྷ་རྣམས་དཀྱིལ་འཁོར་ལ་བསྟིམ་པ། མགྲོན་ཐབས་གཞན་དཀྱིལ་འཁོར་ཕྱི་རོལ་དུ་བཞུགས་པར་མོས། ཚོགས་དང་པོ་གཟུགས་མཛེས་སྒྲ་སྙན་སོགས་འདོད་པའི་ཡོན་ཏན་ལྔ་སྤྲོས་ཏེ་འབུལ། བར་བ་ཤ་ལྔ་བདུད་རྩི་ལྔར་བསམ་སྟེ་འབུལ། འདིར་སྐོང་བཤགས་གཞན་ཡང་རྒྱས་པར་གྲུབ་ན་ལེགས། ཚོགས་ཐ་མ་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་འབུལ། མཆོག་སྒྲུབ་ལ་ཚོགས་བདུད་རྩིའི་འདུ་ཤེས་ཀྱིས་རོལ་པ་སྟེ་སེམས་ཅན་ཐམས་ཅད་ཀྱི་དུག་ལྔ་བདུད་རྩིར་བསྒྱུར་ནས་རོལ་པས་ཆོས་ཉིད་དུ་ལྷན་གྱིས་སོང་བར་བསམ། མངོན་སྤྱོད་སྐབས་ཞེ་སྡང་རང་ག་མས་རོལ་པ་སྟེ་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་མོས། བཀའ་མ་རྣམས་སུ་ཚོགས་ཀྱི་མཆོད་པ་དང་། ལྷག་མའི་མཆོད་པ་ཞེས་ཆོ་ག་འདྲ་མཚུངས་སུ་མཛད། འབུལ་ཡུལ་ལྷ་ལྷག་པོ་དང་། འབུལ་བྱ་ཞལ་ཟས་ལྷག་པས་ལྷག་མའི་དོན་ཏུ་བཤད་ཅིང་། དཔལ་ཆེན་པོས་འཁོར་ཕུད་ལ་མི་དབང་བ་རྣམས་ལ་ཕམ་ཕབ་གནང་བའི་ཚུལ་ཡིན། དེའང་དཀྱིལ་འཁོར་གྱི་བྱང་ཤར་ཞིང་ལྤགས་ཀྱི་སྟེང་རཀྟས་ཨེ་གྲུ་གསུམ་བྲི་བའམ་


LT30_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་ཟླ་གམ་བདུན་བྲིས་པའི་ཁར། བསྒྲལ་མཆོད་ཀྱི་མཇུག་ཐོག་ཟུར་དུ་བཅད་པའི་བུད་ཆ་བཞི་བ་སྟེང་དང་། དམེ་གཏོར་མཆོད་པའི་རས་མ་དང་བཅས་པར་མེ་སྒྲོན་བཙུགས་པ་སྟེང་འོག་གཉིས་རིམ་དུ་བཀོད་ལ་བདུད་རྩི་བྲན། རྒྱས་པར་སྤྲོ་ན་འཁོན་སྟོན་ཆེན་པོ་རྣམས་ཀྱི་ཕྱག་བཞེས་ལྟར། རང་ཉིད་དཔལ་ཆེན་པོར་གསལ་བས་ཕཊ་སྥ་ར་་བརྗོད་པས་མདུན་གྱི་ཡེ་ཤེས་སེམས་དཔའི་ཐུགས་ལས་ཕཊ་ནག་པོ་འོད་ཟེར་འཕྲོ་བ་བྱུང་། རང་གི་སྙིང་གར་ཐིམ་པས་བདག་དང་འགྲོ་བ་ཀུན་གྱི་ཉོན་མོངས་སྐད་ཅིག་ལ་བྱང་བར་བསམ། གཙོ་འཁོར་གྱི་སྔགས་བརྗོད་པས་དམ་ཚིག་པའི་དཀྱིལ་འཁོར་གསལ་གདབ། །ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུག་ལ་བདག་མདུན་གཉིས་ཀར་བསྟིམས་པས་བདག་གི་གཉིས་འཛིན་དག །ལྷ་རྟོག་གཉིས་མེད་ཀྱི་དངོས་གྲུབ་ཐོབ་པར་མོས། བསྡུ་ན་ཡར་གནས་སྐད་ཅིག་གིས་སྤྱན་དྲངས། སྟོང་པའི་ངང་ལས་ཧཱུྃ་ལས་གཏོར་མ་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་པར་བསམས་ལ་ཡར་གནས་རིགས་ལྔ་མཆོད་ཅིང་ཕྲིན་ལས་བཅོལ། ལྷག་མའི་མགྲོན་དབང་ཕྱུག་མ་ལ་སོགས་པ་རྣམས་བྱ་ནག་ཐང་ལ་བབས་པ་བཞིན་ཐིབས་ཀྱིས་བྱོན་ནས་དཀྱིལ་འཁོར་གྱི་མུ་རན་ལ་འཁོད་པར་བསམ། དམེ་གཏོར་ལ་མཁའ་དབྱིངས་ཕྱག་རྒྱས་བཀབ་སྟེ་གུང་མཐེབ་རྩེ་སྤྲད། མཛུབ་མོ་སྦྲེལ། གཞན་རྣམས་བརྐྱང་བའོ། །དེའི་ནང་ནས་བདུད་རྩིའི་ཁ་ཕྲུ་གདབ་


LT30_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུངས་ཀྱང་རྣལ་འབྱོར་པ་རྟོགས་པ་དམན་ན་དངོས་སུ་གདབ་མི་རུང་བས་ནང་མཆོད་བླུགས་ལ་ཏིང་འཛིན་གསུམ་བྱ་སྟེ། དེའང་ཕྱི་ལྟར་ན། བདག་ཉིད་དཔལ་ཆེན་པོའི་ལྗགས་རྡོ་རྗེ་རྩེ་གསུམ་པའི་རྭ་ཕྲག་ནས་བདུད་རྩི་བབས་པས་ལྷག་མའི་ཉེས་སྐྱོན་སྦྱང་བར་བསམ། ནང་ལྟར་ན། ཡ་རྐན་ཟླ་བ། མ་རྐན་ཉི་མ། ལྗགས་པདྨ་འདབ་བརྒྱད་ཀྱི་སྟེང་དུ་རྟ་མགྲིན་ཚོན་གང་བ་ཡུམ་བཞི་དང་སྦྱོར་བ་མཛད་པས་བདུད་རྩི་དཀར་པོ་བབས་པས། ལྷག་གཏོར་ངོ་བོ་བདུད་རྩི་རྣམ་པ་ཤ་ཁྲག་གི་ཕུང་པོ་རི་རབ་ཙམ་དུ་མོས། གསང་བ་ལྟར་ན། མཁའ་དབྱིངས་ཀྱི་ཕྱག་རྒྱ་མཁའ་འགྲོ་མ་རྣམས་ཀྱི་མཁའ་གསང་དང་གཉིས་སུ་མེད་པ་ལ། བདག་དཔལ་ཆེན་པོ་དང་སྦྱོར་བ་བྱས་པས་བྱང་ཆུབ་ཀྱི་སེམས་དེ་དག་གི་མཁའ་རུ་འཕྲོས་ཏེ་ལྷག་པ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་མོས། བཀའ་མ་གཞན་ལྟར་སྤྲོ་ན་གཏོར་མའི་པྲ་བརྟག །ཕུད་གཏོར་ཐེབས་ཀྱུ་གཅིག་དམེ་གཏོར་ལ་བསྲེ། སླར་དམེ་གཏོར་ཡོངས་རྫོགས་ཕུད་གཏོར་དུ་བླུགས་ལ་སྨན་རཀ་སྦྲེང་སྟེ་མར་གནས་གྱེར་མཐར་ལྷག་མགྲོན་གཤེགས་པར་མོས་ལ། སྒྲུབ་ཁང་ལྷོ་ནུབ་གོམ་པ་བདུན་ཅུའི་སར་བླུགས། འདི་ནི་འཕན་པ་དང་གཏོར་པ་སོགས་མི་རུང་ངོ་། །དེ་ནས་བརྟན་མ་སྐྱོང་བའི་སྐབས། བརྟན་མའི་གཏོར་མ་དཔལ་བཤོས་ཀྱི་དབྱིབས་ཅན་གཅིག་དང་། དེ་སྟེང་བདག་ཆེན་རྒྱ་གར་པའི་ཕྱག་བཞེས་ལྟར་ཁང་བཟང་སྟེ་ཟླུམ་པོ་ཟུར་གསུམ་དཀྱུས་གཏོར་སུམ་བསྒྲིག །རྣམས་


LT30_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཁང་གི་ཕྱི་རོལ་དུ་ཕུང་ཀྱིས་བྲན། ཏྲཱྃ་ལས་གཏོར་མའི་རྡུལ་ཕྲ་རབ་རེ་རེ་བཞིན་རིན་པོ་ཆེའི་གུར་ཁང་ལོངས་སྤྱོད་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམས་ལ་ཚིག་ལྷུག་གིས་བརྟན་མ་རྣམས་སྤྱན་དྲངས། ལག་པ་རྒྱབ་སྦྱར་བའི་མཐེའུ་ཆུང་སྦྲེལ། མཐེ་བོང་བཀུག །ལྷག་མ་གཟིངས་པ་ཁྱུང་གཤོག་ཕྱག་རྒྱས་ཟིལ་གྱིས་མནན་ལ་གཏོར་མ་འབུལ་ལ། ཡ་ཧི་གཙྪས་གཤེགས་སུ་གསོལ། གཏོར་གཞོང་རི་རབ་ཏུ་གྱུར་པའི་འོག་ཏུ་དམ་སྲི་བཀུག་ནས་མནན་པར་བསམས་ལ་བྲོ་བརྡུང་བ་སོགས་ཏེ་དེ་དག་དཀའ་བའི་གནང་ཞོར་བྱུང་དུ་སྨོས་པའོ། །དེ་ལ་དུས་བསྙེན་ཟླ་བ་དྲུག །བྱེད་ན་དམ་ཅན་ཉེ་བསྙེན་བདུན་ཕྲག་གསུམ། ངན་སྔགས་ཉེར་བསྙེན་བདུན་གཅིག་ཙམ་བྱས་པ་ལས་མཇུག་བསྡུས། ཟླ་བ་གསུམ་བྱེད་ན་དམ་ཅན་བདུན་གཉིས། ངན་སྔགས་ཞག་གསུམ། ཟླ་བ་གཅིག་ལས་མི་བྱེད་ན་དམ་ཅན་ཞག་གསུམ། ངན་སྔགས་ཞག་གཅིག་ཙམ་བྱ། ངན་སྔགས་ཉེར་བསྙེན་ཞག་བདུན་ལྟ་བུར་སྒྲུབ་ལོངས་ཡོད་པའི་སྐབས་སུ་བཅས་རྣམས་གཞུང་མཐུན་ཚད་ལྡན་བྱས་ཏེ་ཐུན་གྱི་ཁོག་སྤྱི་ལྟར་ལ། ཞག་དང་པོར་ལྷ་དང་ཕྲལ་པ། གཉིས་པར་གཟུགས་ལ་དབབ་པ་གསུམ་པར་བྱད་དུ་བཅུག་པ། བཞི་པར་སྨྱོར་གཞུག་པ། ལྔ་པར་གཏུན་བརྡུང་། དྲུག་པར་ཞལ་བསྟབ་སྟེ་འཕྱོང་དྲུག་རེ་རེར་བསྒྲུབ་ཅིང་། མཇུག་ཉི་མ་བདུན་པ་ལ་གདབ་ལས་རྒྱས་པར་བྱ་སྟེ་དེ་དག་ཀུན་གྱི་ཐོག་མར་འགུགས་གཞུག་དང་། ཉིན་ཞག་ཕྱི་མ་ཕྱི་མར་སྔ་མ་སྔ་མའི་


LT30_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སྔགས་སྔོན་ཏུ་བཏང་བ་སོགས་ཞིབ་པར་གཞན་དུ་ཤེས་ཤིང་། འདོན་ཆ་སོགས་སྤྱི་ཙམ་ནི་གཏོར་ཟློག་ལྟར་རོ། །དཀྱུས་སུ་སྨོས་པའི་དམིགས་པ་ནི་བསྙེན་སྒྲུབ་མཇུག་ས་བཅད་མ་སྟོངས་ཙམ་བྱེད་པའི་དབང་དུ་བྱས་ཤིང་འདི་ལྟར་བྱ་བའི་ཚེ་ནའང་མཐར་སྔགས་དྲུག་གདབ་ལས་བཅས་ཚར་གཅིག་གཏོར་ཟློག་ལྟར་རྒྱས་པར་བྱ་དགོས་སོ། །བཞི་པ་དངོས་གྲུབ་བླང་བ་ལ་གཉིས། ལྷ་ལས་བླང་བ་དང་། དགྲ་ལས་བླང་བའོ། །དེ་གཉིས་རིམ་པ་དེ་ལྟར་བཤད་ཀྱང་ལག་ལེན་གྱི་དབང་གིས་ཕྱི་མ་སྔོན་ཏུ་སྟོན་ཏེ། དེའང་བསྙེན་པ་གསུམ་མཐར་ཕྱིན་པའི་ཚེ། ཚོགས་བར་པ་ཡན་དཀྱུས་ལྟར་ལ། ཚོགས་ཐ་མའི་སྐབས་སློབ་དཔོན་འབྲུབ་ཁུང་གི་རྩར་ཕྱིན་ལ། རིག་འཛིན་བསྐུལ་པ། གསེར་སྐྱེམས། ཕུར་ཁ་བསྒྱུར་བ། གཟུ་དཔང་སོགས་གཏོར་ཟློག་ལྟར་མཐར་ཆགས་སུ་བཏང་བ་ལས། ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་གདབ་ལས་རྒྱས་པ་ཞལ་བསྟབ་བཅས་བྱ། དེའང་དགྲ་ལ་མཚན་ཕྱེད། བགེགས་ལ་ཉིན་ཕྱེད་ན་གདབ་པའི་དུས་སུ་བསྔགས། བསད་པའི་གནས་གཉིས་ལས། རྡོ་རྗེ་གཞོན་ནུའི་ལྟོ་བར་བསད་ན། དབུས་ཀྱི་ཕུར་པ་ཕྱིར་བསྣུབ། སྐུད་པ་དཀར་ནག་གིས་ལིངྒ་དྲངས་ཏེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བི།།།ན་བཾ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཛཿཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་ལ་དབུས་ཀྱི་གྲུ་གསུམ་དུ་མགོ་ལྷོ་ནུབ་རྐང་པ་བྱང་ཤར་དུ་བསྟན་ལ་བསད་དེ་ཕོ་བྲང་ཨེ་


LT30_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོཾ་དུ་བསྒྱུར་བའི་དོན་ཀྱང་དེ་ཡིན་པར་བཤད། ཡང་ན་གཤིན་རྗེ་དང་སྲིན་པོའི་བར་དུ་འབྲུབ་ཁུང་ཚེར་མ་ཅན་ལ་བསད་པ་ནི་ད་ལྟའི་དཀྱུས་ཀྱི་ཕྱག་ལེན་ལྟར་རོ། །སྐབས་འདིར་ལིང་རོའི་མགོ་མནན་པ་དང་། སྨད་ཀྱི་ཆ་སྦྱིན་སྲེག་རྫས་སུ་གུད་དུ་བཞག་ལ་སྟོད་ཀྱི་ཆ་གཏུབས་ཏེ་བསྟབ་བོ། །དེ་ནས་ལྷ་ལས་དངོས་གྲུབ་བླང་སྟེ། དེའང་ཞལ་ཟས་ལ་བརྟེན་པ་དང་། ཚེ་རྫས་ལ་བརྟེན་པ་གཉིས་ཡོད་པས། ཐོག་མར་ཞལ་ཟས་དང་། དེ་ནས་ཚེའི་དངོས་གྲུབ་བླང་བ་ཟུར་འདེབས་སུ་བཤད་པ་ལྟར་བྱ་ཞིང་། དེ་ལས་ཀྱང་ཚེའི་ཆོ་ག་ནི་སྒྲུབ་པའི་མཇུག་འདིར་རྒྱས་པ་གཞན་ཏུ་འབྱུང་བ་ལྟར་བྱ་བ་ལེགས་སོ། །ལྔ་པ་མཇུག་བསྡུ་བ་ལ་གཉིས། ལས་ཀྱི་མཇུག་བསྡུ་བ་དང་། སྒྲུབ་པའི་མཇུག་བསྡུ་བའོ། །དང་པོ་ལའང་མནན་སྲེག་འཕང་གསུམ་གྱི་དང་པོ་སྦྱིན་སྲེག་ནི། བསྙེན་སྒྲུབ་ཀྱི་ཁ་སྐོང་དུ་ཞི་བ་དང་དྲག་པོའི་སྦྱིན་སྲེག་རྒྱས་པར་གྲུབ་ན་ལེགས་པས་དེ་ལྟར་ན་དངོས་གྲུབ་བླང་བའི་མཇུག་ཏུ་ལྷག་ཆོག་སོགས་རྗེས་ཀྱི་ལས་རིམ་མདོར་བསྡུས་ཉིན་ལྟར་བྱས་ལ། ཕྱིར་ཉིན་ལས་གཞུང་སྔོན་འགྲོས་སྦྱིན་སྲེག་གྲངས་དུ་ཐོན་བྱ་ཞིང་། དེ་ལྟར་མི་ལྕོགས་པས་སྐབས་འདིར་ལས་ཀྱི་ཁ་སྐོང་ནི། དཀྱིལ་འཁོར་གྱི་ཤར་ལྷོར་དུག་ཤིང་ངམ་ཚེར་མ་ཅན་གྱི་ཧོམ་གྲུ་གསུམ་པ་གཅིག་བརྩིགས་པའི་ནང་དུ། གོང་གི་ལིང་རོའི་སྨད་དང་། ལིང་ག་གསར་པ་གཅིག་ལའང་དགུག་


LT30_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བསྟིམ་བྱས་ཏེ་ཧོམ་དཀྱིལ་དུ་མགོ་མཐུར་བསྟན་གྱིས་བཞག་ལ་ཚིལ་ཆེན་གྱི་མར་ཁུས་བྲན། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨགྣ་ཡེ་ཛྭ་ལ་རཾ་ཞེས་པས་མེ་སྦར། མེ་ཉིད་ཡེ་ཤེས་ཀྱི་མེ་ལྷ་དཔལ་ཆེན་པོའི་ལྷ་ཚོགས་སུ་བཞེངས་པར་བསམ་ལ། བབ་བརྒྱད་ཀྱིས་བསྐུལ། འཕྱོང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་ཏུ་རློགས། །ཅེས་བཏགས་ཏེ། ཞིང་ལྤགས་རས་མར་དགྲ་བགེགས་ཀྱི་མིང་གཟུགས་བྲིས་པ་དང་། སྒྲུབ་གཏོར་གྱི་ཆ་ཤས་ཕུད་དང་ཡུངས་ཀར་བཅས་པ་རྣམས་མར་ནག་དང་ལྷན་ཅིག་ཧོམ་གཟར་དུ་བླུགས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨགྣ་ཡེ་ཧཱུྃ་ཕཊ། གནོད་བྱེད་དགྲ་བགེགས་ཙིཏྟ་ཛྲ་ལ་རཾ། བི་ད་ཡ་བི་ད་ཡ་ཧཱུྃ་ཕཊ། ད་ཧ་ད་ཧ། ཛྭ་ལ་ཛྭ་ལ་བཛྲ་ཧཱུྃ་ཕཊ། ཅེས་ལན་གསུམ་བུལ་བས་དགྲ་བགེགས་རྣམས་བསྲེག་པའི་དྭངས་མ་མེ་ལྷ་དབལ་ཆེན་པོའི་ལྷ་ཚོགས་ཀྱི་ཞལ་དུ་བསྟབས་པས་བཞེངས་པར་བསམ་ཞིང་། ལྷ་ཚོགས་བཛྲ་མུཿས་གཤེགས་སོ། །དེ་ནས་འཕང་བ་ཟོར་ནི། སྒྲུབ་གཏོར་ལྷག་མ་ལ་ཐུན་རོ་དང་ཐུན་སྣ་ཚོགས་བླུགས། ཟོར་གཏོར་ཐོག་གཟུགས་ཐག་གིས་བྱུགས་པའི་རྩེར་ཡུངས་གར་བཙུགས་པ་གོང་དུ་བཅས་བཤམ་གྱི་དུས་ནས་དཀྱིལ་འཁོར་གྱི་ཤར་ལྷོར་འདུ་བྱས་ལ། ཕུད་འཐོར་བཞིན། འཇམ་དཔལ་སྐུ་ཡི་སོགས་ཟོར་དུ་བསྒྱུར། དོ་ནུབ་ཀྱི་ཟོར་ཁ་སོགས་


LT30_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པས་ཟོར་ལམ་བསལ་ལ། བབ་བརྒྱད་ཀྱིས་བསྐུལ་བའི་མཇུག་ཏུ་འཕྱོང་། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ཅེས་བཏགས་ཏེ། སྔགས་ནི། ཨོཾ་བཛྲ་ཀཱི་ལ་ཀཱི་ལ་ཡ་ཧཱུྃ། པ་ར་བིདྱ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། བིནྡྷ་བིནྡྷ་ཧཱུྃ་ཕཊ། གྲྀཧྞ་གྲྀཧྞ་ཧཱུྃ་ཕཊ། ཧ་ན་ཧ་ན་ཧཱུྃ་ཕཊ། བྷནྡྷ་བྷནྡྷ་ཧཱུྃ་ཕཊ། དགྲ་བགེགས་གནོད་བྱེད་ཀྱི་ལྔ་ཕུང་ལ་ཐུན་བྷྱོ་བྷྱོཿ ཞེས་གཟའི་རྒྱུ་ཐབས་དང་བསྟུན་ཏེ་འཕངས་པས་ཕོ་ཉའི་དམག་ཚོགས་ཀྱིས་ནད་མཚོན་དུག་ཆར་ཕབ་པས་དགྲ་བོ་ཡུལ་འཁོར་དང་བཅས་པ་ཐལ་བར་བརླག་པར་བསམ་མོ། །དེ་ནས་མནན་པ་ནི། ལིང་རོའི་མགོ་དང་སྦྱིན་སྲེག་གི་ཐལ་བ། ལིངྒ་གསར་པ་གཅིག་ལ་དགུག་བསྟིམ་དྲག་པོ་བྱས་པའི་སྙིང་གར་དུག་ཕུར་གཅིག་བཏབ་པ་ཐོད་ངན་དུ་བླུབས་རེ་བས་སྒྲིལ། ཡུག་སྐྲས་ཕྱིར་ཟློག་ཏུ་བཅིངས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཏི་རཾ་མུཀྟ་ཨོཾ་ལཾ་ཧཱུྃ་ལཾ་སྟམྦྷ་ཡ་ནན། ཞེས་མང་དུ་བཟླས་ལ། ཐེམ་འོག་གམ་ལམ་རྒྱ་གྲམ་དུ་དོང་གྲུ་གསུམ་བྲུས་ཏེ། ཕུད་འབོར་བཞིན། འཇམ་དཔལ་སྐུ་ཡི་སོགས་མནན་པའི་ལས་སུ་ཁ་བསྒྱུར་བ་དང་། བབ་བརྒྱད་ཀྱིས་བསྐུལ། འཕྱོང་ནི། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །མནན་ནོ་ནོན་ཅིག་སྟམྦྷ་ཡ། །ཞེས་དོང་དུ་


LT30_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར། སས་གཡོགས་ཤིང་རྒྱས་གདབ། རོ་གཡམ་ལ་རྒྱ་གྲམ་བྲིས་པས་ཁ་བཅད་དེ། རི་རབ་ཀྱིས་མནན་པར་བསམ། དེའི་སྟེང་སཙྪ་ནག་པོ་གཅིག །ཀརྨ་ཧེ་རུ་ཀ་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་བསྣམས་པ་རང་འདྲའི་འཁོར་འབུམ་གྱིས་བསྐོར་བས་མནན་ཏེ། ནམ་ཡང་ཐར་པ་མེད་པར་བསམ་ཞིང་ལས་བཞིའི་བྲོ་བརྡུང་ངོ་། །ལས་བཞིའི་ཕུར་པ་སོ་སོར་ཡོད་ན་བྲོ་བརྡུང་བའི་སྐབས་འདིར་གསོར་བ་འབྲེལ་ལོ། །གཉིས་པ་སྒྲུབ་པས་འཇུག་བསྡུ་བ་ནི། གསོ་བ་རྣམ་པ་གསུམ་སྟེ་འདི་ལ་གསོ་བའི་དུས་དང་། ཡུལ་དང་། དགོས་པ་རྣམས་ནི་འབུམ་ནག་སོགས་ལས་ཤེས་པར་བྱ་ཞིང་། གསོ་བའི་ཐབས་གསུམ་ལས། བདག་གསོ་བ་ནི། ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱིས་བརླབས་པའོ། །སངས་རྒྱས་ཀྱི་མཐུའོ། །ཨ་བྷི་ཙཱརྻའི་དུས་ལ་བབ་པའོ། །བརྣག་པ་དེ་ཁོ་ན་ལའོ། །ཞེས་བསྐུལ་ནས། ཀཱི་ལ་ཡ་བརྒྱ་རྩ་བརྒྱད་བཟླས་པས། གོང་དུ་བཏབ་པའི་ཕུར་བུའི་ཁྲོ་བོ་དེ་དག་ཡེ་ཤེས་ཀྱི་འོད་ཟེར་གོང་བུའི་རྣམ་པར་གྱུར་པ་ཚུར་འདུས་བདག་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་སྟེ་རང་ཉིད་གདོད་ནས་ལྷར་གསལ་བ་དེའང་སྐུ་ཆེ་ལ་ཡན་ལག་རགས་པ་ཆེ་བཙན་འགྲན་ཟླ་དང་བྲལ་བར་བསམ་པའོ། །ཕུར་བུ་གསོ་བ་ནི། གོང་དུ་བཏབ་པའི་ཕུར་བུ་དེ་ཕྱུང་ཏེ་དབལ་ནས་བཟུང་ལ་ཀཱི་ལ་ཡ་ཉེར་གཅིག་བཟླ་ཞིང་ཀླད་ལ་ལན་གསུམ་བསྐོར་བས་ཁམས་གསུམ་ཕུར་བུས་གང་། དེ་


LT30_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སླར་འདུས་པས་སྟོད་ཁྲོ་བོ་ཞལ་གསུམ་ཕྱག་དྲུག་པ་སྨད་ཕུར་བུའི་རྣམ་པ་ཅན་སྐུ་རི་རབ་ལྟར་བརྗིད་ཅིང་ཆེ་བ་ལས། ཡེ་ཤེས་ཀྱི་མེ་འོད་འབར་ཞིང་འུར་སྒྲ་དྲག་པོ་སྒྲོགས་པར་བསྒོམས་པས། ལྷ་རྣམས་ལ་ཉེས་པས་མི་གོས་ཤིང་གཟི་བྱིན་དང་ལྡན་པར་བསམ་མོ། །གཟས་པོ་གསོ་བ་ནི། དཀར་ནག་གི་མཚམས་སུའོ། །ཞེས་བརྗོད་ཅིང་ཕུར་བུ་སྒྲིལ་ཞིང་བཏབ་སྟེ། ཀཱི་ལ་ཡ་ལན་བཅོ་བརྒྱད་བཟླས་པས་ཕུར་བུའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་གཟས་བོའི་ཁམས་བཅོ་བརྒྱད་ཀྱིས་མཚོན་པའི་ལས་དང་ཉོན་མོངས་པའི་དྲི་མ་ཐམས་ཅད་དག་ནས། སེམས་ཉིད་རྡུལ་བྲལ་དྭངས་མའི་ཐིག་ལེ་ཡི་གེ་ཧཱུྃ་གི་རྣམ་པར་གྱུར་པ། ཨ་ལཾ་ཞེས་ཨ་ལས་བྱུང་བའི་ཟླ་དཀྱིལ་གྱི་སྟེང་དུ་བཞག་སྟེ། ཡཾ་ལས་བྱུང་བའི་རླུང་གིས་བཏེགས་ནས། ཕཊ་ཅེས་འོག་མིན་གྱི་ཞིང་དུ་སྦར་ཏེ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ་ནས་རྡོར་སེམས་ཀྱི་སྲས་སུ་སྐྱེས་པར་བསམ་པ་ནི། གནས་སྦར་བ་སྟེ་གནས་ལུང་དཔྱད་ཐག་གི་ཆོ་ག་ཐུགས་རྗེ་རྗེས་འཛིན་གྱི་ཕུར་གདབ་ཅེས་ཀྱང་བྱའོ། །རྒྱུན་གྱི་ཡི་དམ་ནར་མར་བྱེད་པའི་ཕུར་གདབ་ཀྱི་དུས་སུ་འདི་ཉིད་གོང་གི་ཚེ་ལུང་གི་མཇུག་ཏུ་སྦྲེལ་བས་ཆོས་ཀྱི་དབྱིངས་སུ་སྒྲོལ་བའི་ཐབས་ལ་མཁས་པའི་སྦྱོར་བ་སྟེ་བསྒྲལ་ལས་ཀྱི་གཙོ་བོ་ཉིད་ཚང་བར་འགྱུར་རོ། །སླར་གཏོང་རག་གི་མཆོད་བསྟོད་རྒྱ་ཆེར་བྱ་ཞིང་། ནོངས་བཤགས་བཟོད་གསོལ་དང་། ཁྱད་པར་ཡིག་བརྒྱ་ཅི་ནུས་བཟླ།


LT30_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་བསྐྱེད་ཡེ་ཤེས་པ་བརྟན་བཞུགས། དམ་ཚིག་པ་བདག་ལ་བསྡུ། བདག་བསྐྱེད་བསྡུ་ཚུལ་གཞུང་གཞན་ལས། ཕཊ་གསུམ་གྱིས་ཁམས་གསུམ་ལྷར་གསལ། ཧཱུྃ་གསུམ་གྱིས་ཁམས་གསུམ་དཀྱིལ་འཁོར་གསུམ་དང་བཅས་པ་མཐའ་ནས་དབུས་སུ་བསྡུས་ཏེ། ཆོས་སྐུ་རྒྱུན་གྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག །སླར་ཕཊ་གསུམ་གྱིས་རྡོ་རྗེ་གཞོན་ནུའི་སྐུར་ལྡངས་ཤིང་། ཧཱུྃ་གསུམ་གྱིས་སྣང་གྲགས་རིག་གསུམ་དཀྱིལ་འཁོར་གསུམ་དུ་ལམ་དུ་ཁྱེར་ཏེ་གཟུགས་སྐུ་རྒྱུན་གྱི་ཏིང་ངེ་འཛིན་བྱ་བར་གསུངས་པ་བཞིན་རྗེ་བཙུན་གྱི་དགོངས་པའང་དེ་ཡིན་པར་མངོན་ལ། ས་ལུགས་རྩ་བའི་གཞུང་དུ། སྣོད་བཅུད་ལྷ་དང་བཅས་པ་བདག་ལ་བསྡུ། བདག་གཙོ་བོའི་བ་སྤུའི་བུ་ག་ཁྲོ་ཆུང་གིས་གཏམས་ཤིང་རྡོ་རྗེའི་གོ་ཆ་གྱོན་པས་བར་ཆད་གང་གིས་ཀྱང་མི་ཚུགས་པར་མོས་གསུངས། དེ་ནས་ཨཀཱ་རོ་བརྗོད་ཅིང་དཀྱིལ་འཁོར་དང་ཡོ་བྱད་བསྡུས་ཏེ་བསྔོ་སྨོན་བཀྲ་ཤིས་རྒྱས་པར་བརྗོད། ཞག་ཁ་ཤས་དགའ་སྟོན་གྱི་ཚོགས་འཁོར་བྱ་ཞིང་གནས་བསྲུང་ངོ། །དེ་ལྟར་གཉེན་པོ་རྒྱུ། ཁྱད་པར་ལས། སྒོམ་སྒྲུབ་སྤྱོད་པའི་སྒོ་ནས་ཐུགས་རྗེའི་ཕུར་པ་ཁམས་གསུམ་སེམས་ཅན་ལ་གདབ་པ་སྟོད་ཀྱི་ལས། ལས་ཀྱི་གཟེར་ཀ་ལྔའི་སྒོ་ནས་མཚན་མ་རྫས་ཀྱི་ཕུར་པ་དགྲ་བགེགས་ལ་གདབ་པ་སྨད་ཀྱི་ལས་གཉིས་ཀྱི་སྒོ་ནས་རིམ་པ་དང་པོ་བསྐྱེད་པའི་ལམ་གཙོ་བོ་སྨོས་པ་ཡིན་ལ། རྫོགས་རིམ་ལ་འཇུག་པར་འདོད་ན། ལྟ་བས་ཐག་བཅད། སྒོམ་


LT30_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཉམས་སུ་བླང་སྤྱོད་པས་གྲོགས་བྱ་བ་གསུམ་གྱིས་རིག་པ་ཡེ་ཤེས་ཀྱི་ཕུར་པ་ཆོས་ཀྱི་དབྱིངས་སུ་གདབ་པ་ཐུན་མོང་མ་ཡིན་པ་དང་། སྟེང་སྒོ་འཁོར་ལོ་ལྔ་པ་འབར་འཛག་བཟུང་བཟློག་ལ་བརྟེན་པ་དང་། འོག་སྒོ་ཁམས་གསུམ་རོལ་པ་བསྙེན་སྒྲུབ་ཡན་ལག་བཞི་ལ་བརྟེན་ནས་བྱང་ཆུབ་སེམས་ཀྱི་ཕུར་པ་ཡུམ་གྱི་མཁའ་ལ་གདབ་པ་ཐུན་མོང་བའི་གདམས་ངག་ཉམས་སུ་བླང་ཞིང་། ཁྱད་པར་ཆོས་འདི་དང་འབྲེལ་བ་ས་སྐྱ་པའི་ཡབ་ཆོས་ཐུན་མོང་མ་ཡིན་པ་ཡང་ཕུར་གྱི་རྫོགས་རིམ་ཨ་ཏིའི་མན་ངག་ཞུས་ཏེ་རྣལ་འབྱོར་དུ་བྱའོ། །གསུམ་པ་འབྲས་བུ་ནི། དགོངས་རྒྱུད་ལས། ཚེ་འདིར་དངོས་གྲུབ་རྣམ་གཉིས་ཐོབ། །ཅེས་དང་། སློབ་དཔོན་ཆེན་པོས་དེ་ལྟར་ཉམས་སུ་བླངས་ན་མཆོག་ཐུན་མོང་གི་དངོས་གྲུབ་ཡོངས་རྫོགས་སུ་ཐོབ་ནས་ཕྲིན་ལས་རྣམ་པ་བཞི་རྩོལ་མེད་འགྲུབ་ཏེ་འགྲོ་དོན་རྒྱ་ཆེན་པོ་འབྱུང་ངོ་། །དགྲ་བགེགས་རང་བཞིན་གྱིས་ཐུལ་ལོ། །ཕྱི་མ་ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་ལྷུན་གྱིས་གྲུབ་པར་ངེས་སོ། །ཞེས་དང་། བཤད་རྒྱུད་ལས། རྡོ་རྗེ་ཁྲག་འཐུང་ང་ཉིད་ཀྱི། །ཡི་གེ་ཧཱུྃ་ཙམ་བཟླས་པ་ལའང་། །བར་ཆོད་ཀུན་གྱིས་མི་ཚུགས་ཤིང་། །མཚན་མ་འགྲུབ་པར་ཐེ་ཚོམ་མེད། །རྡོ་རྗེ་ཅན་གྱི་ཞིང་དུ་སྐྱེ། །ལྷ་ཀླུ་ཀུན་ལ་དབང་བྱེད་འགྱུར། །འདི་སྒྲུབ་པ་ཡི་གང་ཟག་རྣམས། །སྔར་ནས་སྦྱངས་པར་ཐེ་ཚོམ་མེད། །རྩེ་གཅིག་འདི་ལ་བརྩོན་ལྡན་པས། །འཁོར་བར་མི་ལྡོག་མངོན་འཚང་རྒྱ། །ཞེས་གསུངས་པ་ལྟར་


LT30_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བཞིན་བསྒྲུབས་པའི་ཐོག་མར་རྟགས་དང་མཚན་མ་འབྱུང་སྟེ། དེའང་རྟགས་རབ་ཞལ་མཐོང་། འབྲིང་ཕུར་པ་ལྡིང་། ཐ་མ་རྨི་ལམ་ལྟས་སུ་སྟོན། མཚན་མ་ལུས་ཡང་དག་བཙུན་སེམས་གསལ་ཞིང་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ། དེ་ནས་བདག་ལ་དབང་དང་དངོས་གྲུབ་ཐོབ་སྟེ། རྟོགས་པ་ཆོས་ཉིད་ཀྱི་དབང་། སྲིད་པ་རྩལ་གྱི་དབང་། ཁམས་གསུམ་སྒྲོལ་བའི་དབང་། དྲག་པོ་ལས་ཀྱི་དབང་ཐོབ། དངོས་གྲུབ་ཐ་མལ་བ་གྲི་མིག་སྦན་སོགས་དང་། འབྲིང་རིག་འཛིན་རྣམ་པ་བཞི་མཐར་ཕྱིན་ཏེ་མཐར་ཐུག་མཆོག་རབ་དཔལ་ཆེན་པོའི་གོ་འཕང་མངོན་ཏུ་བྱེད་པར་འགྱུར་རོ། །དེ་དག་གིས་རྒྱུད་དང་མན་ངག་ལས་དངོས་སུ་བསྟན་ཅིང་གྲུབ་པ་བྱེ་བ་འབུམ་སྡེས་སྐུ་ཉམས་སུ་བསྟར་བའི་བསྙེན་སྒྲུབ་ཡན་ལག་རྣམ་བཞི་རྡོ་རྗེ་ཕུར་པའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ལག་ཏུ་ལེན་པའི་ཚུལ་མདོ་ཙམ་འཆད་ཟིན་ལ། ཁོགས་དང་ཡོ་བྱད་སོགས་འཚོགས་པས་ཚོམྦུ་འབུམ་སྒྲུབ་བྱ་བར་སྤྲོ་ནའང་འདི་ཁོ་ན་ལྟར་སྤྲོས་བཅས་ཀྱི་དབྱེ་བསྡུ་རིགས་པས་འཕྲུལ་ན་ཆོག་པར་ཡོད་ཅིང་། དེའང་ཕྱི་བཤགས་མཚམས་གཅོད་སོགས་ལ་ཉིན་གཅིག །རྒྱན་བཀོད་ཡན་ལག་བཅས་ཉིན་གཅིག་སྟོད་ལས་བསྙེན་སྒྲུབ་ཞག་བདུན་བྱ་བའི་ཐུན་མཚམས་སོ་སོར་ཉུ་ལེ་བསྐྲད་ཅིང་བྱིན་འབེབས་དང་། བསྙེན་རྒྱུན་ཁོར་ཡུག་བྱ། ཞག་དང་པོ་ལ་ལ་ཡེ་ཤེས་ལྷའི་བསྙེན་པ། དེ་འཕྲོས་ཞག་གཉིས་ལ་དམ་ཅན་ཉེ་བསྙེན། དེ་ནས་མར་རོའི་ཉི་ཤུ་གསུམ་ལ་ཁེལ་བར་བྱས་ཏེ་ལྷ་དང་དཔྲལ་བ་སོགས་ངན་སྔགས་


LT30_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཞག་དྲུག་ལ་རེ་རེ་བྱ། ཉེར་དགུ་ལ་གདབ་ལས་དང་མནན་སྲེག་འཕང་གསུམ། གནམ་སྟོང་ལ་དངོས་གྲུབ་བླང་བ་སོགས་ལས་མཇུག་བསྡུ་བ་སྟེ་ཁྱོན་ཉི་མ་བཅོ་བརྒྱད་ཙམ་གྱིས་རྒྱས་པར་འགྲུབ་ཅིང་། བར་རྣམས་དེ་ཡིས་འགྲེ་བར་བྱའོ། །རྩ་བའི་གཉིས་པ་སྤྲོས་མེད་བསྙེན་རྐྱང་ཙམ་བྱ་བར་འདོད་ན། དཔལ་གཏོར། སྨན་རཀ །ཕྱི་མཆོད། གཏོར་འབུལ་རིགས། བསྙེན་ཕུར་དང་སྲས་མཆོག་ཙམ་འདུ་བྱ་བ་ལས་སྤྲོས་པ་གཞན་མི་དགོས། ཉིན་དང་པོར་སྔོན་གཏོར་བཏང་། རྒྱུན་ཏུ་མི་དགོས། སྐྱབས་སེམས་ཚད་མེད་མཚམས་གཅོད་ནས་གཙོ་བོ་བསྒོམ་བསྟིམ་དབང་བསྐུར་ཡན་བཏང་། དེ་མཚམས་འཁོར་གྱི་ལྷ་རྣམས་བསྒྱུར། སྲས་མཆོག་བྱིན་རླབས་ནས་བསྟོད་པའི་བར་མཐར་ཆགས་སུ་བཏང་བ་ལ། མཆོད་ཚིག་ཕལ་ཆེར་རྒྱུན་ཏུ་སྔགས་ཙམ་གྱིས་ཆོག་ཅིང་། ཁྱད་པར་བསྒྲལ་མཆོད་ལེའུ་དང་པོའི་རྗེས་སུ། ཧེ་རུ་ཀའི་གནས་བཅུ་སོགས་སྦྱར། བསྟོད་པའི་སྐབས་ཀྱང་འཁོར་གྱི་བསྟོད་པ་དོར། རིག་འཛིན་བསྐུལ་བ་དང་། སྒེག་པ་དཔའ་བ་སོགས་ཉིན་དང་པོའི་སྔ་ཐུན་ཙམ་ལས་མི་དགོས་ཤིང་། སྔགས་ཙམ་གྱིས་འཛབ་ཁང་ཡེ་ཤེས་སེམས་དཔའ་དབྱེ་བ་དང་། འགལ་མེའི་འཕྲོ་འདུ་གཙོར་བྱ་ཞིང་། རྗེས་འདོད་གསོལ་དངོས་གྲུབ་བླངས་ནས་བསྟིམས་པ་སོགས་གཏོར་ཟློག་ནང་དུ་བཤད་པ་ཇི་ལྟ་བ་ལས་འདོད་གསོལ་རྗེས་མཆོད་བསྟོད་མདོར་བསྡུས་དང་། ཐུན་


LT30_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་དཀར་བདུད་ཕུར་སྲུང་རྣམས་ལ་གཏོར་འབུལ་བསྡུས་ཙམ་བྱ། དགོངས་མོར་འགྲུབ་ན་ཚོགས་མཆོད་དང་། མ་གྲུབ་ན་གཏོར་འབུལ་མཇུག་ཏུ་གོ་བགོ་བསྔོ་སྨོན་བྱ་བ་ནི་རང་དོན་བྱང་ཆུབ་ནར་མའི་སྒྲུབ་པ་ཞེས་བྱ་བ་རྒྱུན་གྱི་ཚུལ་ཡང་ཡིན་ལ། འཁོན་སྟོན་གྲུབ་པའི་དབང་པོ་བར་མ་ཆད་པའི་ཕྱག་སྲོལ་དང་། གྲུབ་བརྙེས་ཆགས་མེད་ཞབས་སོགས་རྙིང་སྒོམ་ཀུ་སཱ་ལི་འགའ་ཞིག་གི་ཕྱག་བཞེས་ཀྱང་ཡིན་པས། གོང་མ་ཇི་བཞིན་པ་འགྲུབ་ན་མཆོག །གཞན་ཏུ་འདི་ཙམ་ལའང་འབྲེལ་འཇོག་བྱ་བར་རིགས་སོ། །སངས་རྒྱས་གཉིས་པ་མཚོ་སྐྱེས་རྡོ་རྗེ་ཡི། །ཐུགས་དམ་ཉི་ཟླ་ལྟར་གྲགས་ཡང་ཕུར་གྱི། །སྲོལ་མང་ཀུན་ལས་བྱིན་རླབས་གཟི་བྱིན་ཅན། །འཁོན་གྱི་ཡབ་ཆོས་འདི་ཐོས་སྐལ་པ་བཟང་། །འདིར་བཤད་ཉེས་མཆིས་རྩ་གསུམ་སྤྱན་སྔར་བཤགས། །དགེ་བས་གྲུབ་པའི་རིག་འཛིན་དབྱར་མཚོ་ལྟར། །འཕེལ་ཞིང་དེ་ཡིས་སྙིང་པོའི་རིང་ལུགས་འཕེལ། །དེས་ཀྱང་ཐར་པའི་སྨན་ལྗོངས་ཆེར་འཕེལ་ཤོག །ཅེས་པ་འདིའང་དད་དམ་ལྷག་བསམ་གསེར་བཟང་ལྟར་མི་འགྱུར་བ་ཛཾ་ཐང་བླ་མ་ལྔ་སྡེས་བསྐུལ་ངོར། རྗེ་བཙུན་ཆེན་པོའི་གསུང་རབ་ཀྱི་ཞབས་ཏོག་ཏུ་གང་དེའི་བསྟན་པ་ལ་མི་ཕྱེད་སྙིང་ནས་དད་པའི་བག་ཆགས་སད་པ་པདྨ་གར་དབང་བདེ་བའི་རྡོ་རྗེས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་སྙིང་པོའི་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།


previousརྡོ་རྗེ་ཕུར་པ་མཁོན་ལུགས་ཀྱི་བསྙེན་ཡིག་དཔལ་ཆེན་ཐུགས་ཐིགnext