Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
ཡང་ཕུར་ཐུན་མོང་གི་མན་ངག་ཨ་ཏིའི་ཁྲིད་ཡིག་ཐར་པའི་སྒོ་གཅིག
   


 
previousཡང་ཕུར་ཐུན་མོང་གི་མན་ངག་ཨ་ཏིའི་ཁྲིད་ཡིག་ཐར་པའི་སྒོ་གཅིགnext

ཡང་ཕུར་ཐུན་མོང་གི་མན་ངག་ཨ་ཏིའི་ཁྲིད་ཡིག་ཐར་པའི་སྒོ་གཅིག


LT30_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཕུར་ཐུན་མོང་གི་མན་ངག་ཨ་ཏིའི་ཁྲིད་ཡིག་ཐར་པའི་སྒོ་གཅིག་ཅེས་བྱ་བ་བཞུགས་སོ། །


LT30_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོ་ཨ་ཏིའི་ལམ་རིམ་ཐར་པའི་སྒོ་གཅིག་ཅེས་བྱ་བ། ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི། ཡོད་ཅེས་བྱ་བ་རྟག་པར་ལྟ། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལས། །འདས་པར་སྟོན་མཛད་བླ་མར་འདུད། །ཅེས་མཆོད་པར་བརྗོད་ནས། འདིར་རྫོགས་པ་ཆེན་པོ་ཨ་ཏིའི་ཞལ་གྱི་གདམས་པ་རྣམས་བརྗེད་པས་འཇིགས་ནས་ཡི་གེར་བྲི་བ་ལ། ཆོས་བདག་མཁའ་འགྲོའི་ཚོགས་དགྱེས་ཤིང་གནད་དུ་གསོལ། དང་པོར་ཆོས་ཉིད་མངོན་སུམ་ཉམས་སུ་ལེན་པའི་དུས། ཐོག་མར་སྐྱབས་སེམས་སྔོན་དུ་སོང་བས། རང་ཡི་དམ་ཕུར་པར་གསལ་གདབ་པའམ། གཞན་ཡང་ཡི་དམ་གང་ཡང་རུང་བར་གསལ་བཏབ་ལ། ཐོ་རངས་གཉིད་སོགས་ངོམས་པར་བྱས་ནས། ལུས་གནད་དྲང་པོར་བསྲངས་བའི་སེམས་དཔའི་སྐྱིལ་ཀྲུང་ངམ། མེ་ཐབ་དྲུག་ཆིངས་ལ་གཡོན་པའི་མཐེ་བོང་གུང་མོ་སྲིན་ལག་གསུམ་གཡས་པས་ཧ་ཅང་དམ་དྲགས་པ་མིན་


LT30_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཆིང་བ་བྱས་པའི་ངོས། འཇམ་རླུང་གཡས་གཡོན་དབུས་གསུམ་ནས་བུས་པས། ནད་གདོན་སྡིག་སྒྲིབ་ཐམས་ཅད་ཕྱིར་སང་སང་གིས་དོན་པར་བསམ། ཚུར་རྔུབ་དུས་བླ་མ་ཡི་དམ་ཐམས་ཅད་ཀྱི་ཐུགས་རྗེའི་བྱིན་རླབས་རྣམས་འོད་ཟེར་གྱི་རྣམ་པར་རང་ལ་ཐིམ་པར་བསྒོམ། དེ་ནས་འོག་རླུང་ཅུང་ཟད་འཐེན་ཏེ་སྟེང་རླུང་མནན་མིག་གྱེན་དུ་ལོག་པར་བྱས་ནས་སྨིན་མཚམས་ཀྱི་ཐད་སོར་བཞི་ཙམ་གྱི་ཐད་དུ་མིག་བལྟས་པས། ཐོག་མར་ཕྱི་དབྱིངས་ནམ་མཁའ་སྐྱ་ཝལ་གྱིས་འཆར་ནང་དབྱིངས་ནག་པོ་ལྷུང་བཟེད་ཁ་སྦུབས་པ་ལྟ་བུ་ཞིག་འཆར། གསང་དབྱིངས་འོད་མཐིང་ག་ཞིག་འཆར་རོ། །ཡང་ན་མིག་ནན་མིག་གཡོན་པའི་ཟུར་དུ་ཕབས་ལ་བལྟ། མིག་ལ་རང་གི་ཁ་ཆུ་སྲིན་མཛུབ་ཀྱིས་བྱུགས། ཡང་ཁ་ཆེས་ཀྱང་བྱུག་གོ། །གཡོན་ཟུར་དུ་ཐིག་ལེ་འོད་ལྔའི་དཀྱིལ་འཁོར་འཆར། བསྡུ་བའི་ཚེ་ཐིག་ལེ་མཛོད་སྤུར་བསྡུས་པ་ལ། ཐིག་ལེ་མཐིང་ཁ་གཅིག་སྙིང་གི་


LT30_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་དུ་འབྲལ་མེད་དུ་བསྒོམ་པ་གནད་ཆེའོ། །མངོན་སུམ་གཏན་ལ་ཕེབས་པའི་རྟགས་སུ། དགོངས་མོ་གཉིད་ལ་འགྲོ་ཁ་དང་། ཞོགས་པ་གཉིད་སད་འཕྲལ་ལ་ཡང་ཐིག་ལེ་རྣམས་འབྲལ་མེད་དུ་འཆར་ཞིང་། དེ་ནས་ཐིག་ལེའི་དབུས་སུ་སྤྲུལ་སྐུའི་རྣམ་པའི་སྐུ་རྣམས་ཀྱང་། དབུ་ནས་རིམ་བཞིན་སྐུ་སྐེད་ཡན་ཆད་སྣང་ལ་གཟུང་ཡུལ་དུ་མ་གྲུབ་པར་སྣང་། རེས་ཐིག་ལེ་གཅིག་གི་ནང་དུ་སྤྲུལ་སྐུ་བྱེ་བ་ས་ཡ་མ་འདྲེས་པར་སོ་སོར་འཆར། རེས་དེ་རྣམས་གཅིག་ཏུ་བསྡུས་ནས་འཆར། དེ་རྣམས་ནི་སྤྲུལ་སྐུའི་ཞིང་ཁམས་མཐོང་བ་ཡིན་ནོ། །དེ་ནས་ལོངས་སྐུའི་རྣམ་པར་འཆར་བ་ལ། སྤྲུལ་སྐུ་དེའི་དཔྲལ་བར་འཕྲེད་ལ་རི་མོ་དོད་པ་དང་། དེ་ནས་ཤངས་དང་ཞལ་གྱི་བར་དུ་རི་མོ་དོད་པ་དང་། དེ་ནས་སྤྲུལ་སྐུ་དེ་རིམ་གྱིས་ཞི་ཁྲོའི་རྣམ་པར་གོང་བཞིན་འཆར་བའོ། །དེ་རྣམས་ནི་ལོངས་སྐུའི་ཞིང་ཁམས་མཐོང་བའོ། །དེ་ནས་ཞི་ཁྲོ་དེ་རིམ་བཞིན་ཁྲོ་བོའི་སྐུ་འཇིགས་ཤིང་སྐྱི་གཡའ་བ། ཆེ་བ་རི་རབ་ཙམ་ཆུང་བ་ཡུངས་འབྲུ་ཙམ་ལ་ཞལ་རས་འཇིགས་ཤིང་རྔམས་པ། སྟག་ཤམ་རྣམས་ལ་ཁྲག་དངོས་སུ་ཐིག་ལེ་ཡོད་པའི་རྣམ་པ་འཆར་བའོ། །དེ་རྣམས་ནི་ཆོས་སྐུའི་ཞིང་ཁམས་མཐོང་བ་ཡིན་ནོ། །སྤྲུལ་སྐུའི་ཞལ་རས་མཐོང་ནས་འཇའ་ལུས་འགྲུབ་པར་ཐེ་ཚོམ་མེད་པའོ། །ཁྱད་པར་ལུ་གུ་རྒྱུད་འཆར་བ་དེའི་དཀྱིལ་དུ་བལྟ་བ་གནད་ཡིན་ཅིང་། མུན་ཁྲིད་དང་མུན་ཁང་བྱས་ཚེ་སུན་ཉམས་ཡོང་བས། གླ་བའི་པགས་པ་གཉེན་དུལ་སོང་བའི་ཕྱི་


LT30_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

གོས་ཆེན་ནག་པོས་བསྟུམས་པའི་མཐའ་འདྲིལ་བྱས་ལ། མིག་ལ་གསེང་ཡོད་པའི་མིག་ར་བྱས་ནས་མིག་ལ་བཀབ་པས་སྔར་བཞིན་ཉམས་ལེན་བྱས་ན་མཚན་སྣང་རྣམས་འཆར་ཞིང་། གལ་ཏེ་ལྟག་རྩ་ན་བ་དང་། དབུགས་སྟོད་དུ་འཚང་བ་སོགས་བྱུང་ན། ལྟ་སྟངས་ཅུང་ཟད་ཀློད་ལ་དབུགས་སོ་བར་དུ་དལ་བུས་བཏང་ཞིང་སེམས་རང་བབས་སུ་བཞག་པ་དང་། ཛཱ་ཏི་དང་མར་བསྲེས་ལ་ལྟག་རྩར་བྱུགས་པས་ཁད་ཀྱིས་སེལ་བར་འགྱུར་རོ། །མི་མང་པོ་ཡོད་པའི་སར་ཡང་རང་གི་ཉམས་ལེན་གྱི་དྲན་པ་མ་ཡེངས་པར་སྙིང་གའི་ཐིག་ལེ་མཐིང་ནག་དེ་འབྲལ་མེད་དུ་བསྒོམ་ཞིང་། རྒྱུན་དུ་རིག་པ་མིག་གི་ནང་དུ་ཧྲིག་གེ་དྲངས་ལ་བསྒོམས་པས། རིག་པ་གསལ་རིག་སྟོང་གསུམ་ནམ་མཁའ་དྭངས་པ་ལྟ་བུ་ལ་མདུན་གྱི་ནམ་མཁའ་ལ་ཐིག་ལེ་དབུས་མཐིང་ཀ་མཐའ་འཇའ་ཚོན་སྣ་ལྔ་འཕྲོ་བ་དང་བཅས་པ་མཐོང་བ་ནི། ཆོས་སྐུ་ཐིག་ལེ་ཉག་གཅིག་མཐོང་བ་ཡིན་པས། འཇའ་ལུས་སུ་འགྲུབ་ཅིང་སེམས་སྐྱེ་མེད་ཀྱི་དོན་རྟོགས་པར་འགྱུར་རོ། །ཞེས་རྫོགས་པ་ཆེན་པོ་ཨ་ཏིའི་ཞལ་གྱི་གདམས་པ་འདི། གཞན་ལ་མི་སྨྲ་བའི་བཀའ་རྒྱ་དང་བཅས། དབུ་མཛད་བསམ་གཏན་ཆོས་འཕེལ་དང་། ཆོས་རྗེ་གྲྭ་པ་གཉིས་ལ་ཐོབ་རྒྱལ་ལྷ་རྩེར་པྲཛྙཱ་ར་སྨིས་གནང་བའོ། །སརྦ་དཱ་མངྒ་ལཾ། །


previousཡང་ཕུར་ཐུན་མོང་གི་མན་ངག་ཨ་ཏིའི་ཁྲིད་ཡིག་ཐར་པའི་སྒོ་གཅིགnext