Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

101 occurrences of དགོངས་པ་
[Clear Hits]


  
 
 
དཔལ་ཆེན་རྡོ་རྗེ་གཞོན་ནུའི་གཏོར་ཟློག་གི་འདོན་འགྲིགས་མཐོང་བས་གོ་འབྱེད།
  
  
 
 
 
 
  
 
 
 
 
 
 
 
33   
24   


101 occurrences of དགོངས་པ་
[Clear Hits]

 
previousདཔལ་ཆེན་རྡོ་རྗེ་གཞོན་ནུའི་གཏོར་ཟློག་གི་འདོན་འགྲིགས་མཐོང་བས་གོ་འབྱེད།next

དཔལ་ཆེན་རྡོ་རྗེ་གཞོན་ནུའི་གཏོར་ཟློག་གི་འདོན་འགྲིགས་མཐོང་བས་གོ་འབྱེད།


LT31_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་རྡོ་རྗེ་གཞོན་ནུའི་གཏོར་ཟློག་གི་འདོན་འགྲིགས་མཐོང་བས་གོ་འབྱེད་ཅེས་བྱ་བ་བཞུགས་སོ།། །།


LT31_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཀུན་གྱི་ཕྲིན་ལས་སྐུ། །བདུད་བགེགས་དམ་སྲིའི་གཡུལ་འཇོམས་པ། །བྱིན་རླབས་གློག་ལྟར་མྱུར་དེ་ལ། །བཏུད་ནས་གཏོར་ཟློག་ཟིན་ཆུང་སྤེལ། །རྡོ་རྗེ་ཕུར་པའི་གཏོར་ཟློག་བྱེད་པའི་ཚེ་གནམ་ལྕགས་འཁྲུལ་འཁོར་ཉིད་ཁ་གསལ་བས་དེ་ལས་ཇི་སྐད་བཤད་པ་ལྟར་བྱས་པས་ཚང་ལ་མ་འཁྲུལ་པ་ཡིན་མོད་ཀྱི། སྤྲོས་པ་ལ་མོས་པ་དང་། གྲོང་ཆོག་རྔ་གྱེར་ཁོ་ན་ལ་དགའ་ཞིང་། སྐོང་ཟློག་བརྒྱ་སྟོང་ཁྲི་སོགས་ཀྱི་གྲངས་ཀ་སྙིང་པོར་བཟུང་སྟེ་བསྒོམ་བཟླས་ཀྱིས་མི་ཚིམས་པ་རྣམས་ཀྱིས་རྩ་བའི་གཞུང་དང་མི་འགལ་བའི་ཁ་བསྣོན་དགོས་པའི་སྐབས་སྲིད་པའི་ཕྱིར། རང་གཞུང་ཉིད་ལའང་ཁྲིགས་སུ་བྱ་བ་དགོས་པས། དེ་ལ་གཉིས་ས་ལུགས་གཙང་མ་ལག་ཏུ་ལེན་པ་དང་། ཡུལ་དུས་དང་བསྟུན་པའི་ཚུལ་ལོ། །དང་པོ་ནི། ས་སྐྱ་པ་རྣམས་ཀྱི་ཕྱག་བཞེས་སྤྱིར་དགོན་པའི་སྒྲུབ་མཆོད་དང་གྲོང་པའི་རིམ་གྲོ་སོགས་གང་ལའང་བཅས་བཤམ་དབྱངས་རོལ་འདོན་འགྲིགས་སོགས་གང་ཅིར་ཀ་དཔེ་མ་ལྟ་བུ་ལས་ཧ་ཅང་བསྡུས་པའི་ལུགས་མཛད་སྲོལ་མེད་འདུག་པས། ཕུར་


LT31_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག་གི་སྐབས་སུའང་ཞག་གྲངས་བདུན་ནམ་གསུམ་གྲངས་བཅད་དང་། འདོན་བྱའི་ཡིག་ཚོགས་ཉུང་ཡང་དབྱངས་རོལ་སོགས་ཀྱིས་ཤིན་ཏུ་ས་བཅད་པར་སྣང་། ཇོ་ནང་རྗེ་བཙུན་ཆེན་པོས་ཕུར་པ་ས་ལུགས་གསན་ཅིང་ཡིག་ཆའང་ས་ལུགས་ལ་བརྟེན་ཏེ་རྩ་བའི་ཁུངས་རྣམས་དང་བསྟུན་པའི་དག་ཐེར་འགའ་རེ་ཙམ་ལས་ས་ལུགས་སོར་བཞག་ཏུ་མཛད་པར་སྣང་བས། ཡིག་ཆ་འདི་ལ་བརྟེན་ཏེ་བསྙེན་སྒྲུབ་གཏོར་ཟློག་སོགས་གང་བྱེད་ཀྱང་རྩ་བའི་ཁུངས་ས་ལུགས་ལྟར་བྱེད་དགོས་ལ་དབྱངས་རོལ་སོགས་ཇི་བཞིན་མ་བྱུང་ཡང་ཡན་ལག་ཙམ་ཡིན་ཕྱིར་སྐྱོན་མེད་པས་རང་ལུགས་གང་ཡོད་ཀྱིས་འགེབས་ཆོག །རྡོ་རྗེ་སློབ་དཔོན་སྟོང་ལས་དབང་བཞི་སྨད་ལས་དྲག་པོ་སྒྲོལ་དབང་། དཀར་བདུད་ལྕམ་དྲལ་གྱི་རྗེས་གནང་ཐོབ་ཅིང་། །དུས་གྲངས་བསྙེན་པ་གང་རུང་དང་རྒྱུན་ཁྱེར་གཏོར་འབུལ་ཆག་མེད་དུ་བྱེད་པ་ཞིག་གཙོ་བོར་གལ་ཆེ། དེའང་གཏོར་ཟློག་ཉིན་བདུན་གྱི་དབང་དུ་བྱས་ན། བཅའ་གཞི་འགྲིགས་ནས་ཐོག་མར། ཚིག་བདུན་གསོལ་འདེབས། །


LT31_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གཏེར་སྤྱི་ཁྱབ་ཀྱི་བརྒྱུད་པའི་གསོལ་འདེབས། སྔོན་འགྲོ་གཏོར་མ་བཏང་། དེ་ནས་གཏོར་ཟློག་གི་གནས་ཡོ་བྱིན་རླབས་སྔོན་ཏུ་འགྲོ་བས། དཀྱིལ་ཆོག་བདུད་འཇོམས་རོལ་པ་དང་། གཏོར་ཟློག་གནམ་ལྕགས་འཁྲུལ་འཁོར་སྤྲད། བཤགས་པ་ཡེ་ཤེས་སྐུ་མཆོག་དང་། བྱིན་འབེབས་ལ་བྱིན་འབེབས་རྒྱས་པ་སྦྱར། བསྙེན་ཕུར་བྱིན་རླབས་སྤྱིར་བསྙེན་སྒྲུབ་ལྟ་བུ་བསྙེན་ཕུར་ཡོད་པའི་རིགས་མ་གཏོགས་གཏོར་ཟློག་སོགས་ལ་སྦྱོར་མི་དགོས་མོད། བྱེ་བྲག་ཏུ་དེང་སང་སྐེད་ཕུར་དུ་གྲགས་པ་སྔར་བསྒྲུབས་པའི་ཕུར་བུ་དམ་ཚིག་གི་རྫས་འབྲལ་མེད་དུ་འཆང་བ་ཡོད་ན་དེ་དང་བདག་རྩ་བའི་དཀྱིལ་འཁོར་དབྱེར་མེད་དུ་བལྟ་དགོས་པ་ཡིན་པས་སྐབས་འདིར་བྱིན་རླབས་ཁ་གསོའི་ཚུལ་དུ་བྱས་ཀྱང་ལེགས་པའི་ཡན་ལག་ཡིན་ནོ། །ཏིང་འཛིན་གསུམ་ནས་བཟླས་པའི་བར་མཐར་ཆགས་སུ་བཏང་བ་ལས། བཟླས་པ་དངོས་གཞི་ཀཱི་ལ་ཡ། བཞི་སྙིང་གཅིག་དྲིལ་ཅུང་ཟད། དྷཱ་ཡ་ནཱ་ཤ་ལན་གསུམ་མཐར་ཐལ་རྡེབ་མཛད་ནས་དངོས་གྲུབ་བླང་བ་དང་ས་ལུགས་བརྒྱུད་འདེབས་སོགས་བྱ་བ་ཡིན་ལ། དེའང་བསྙེན་པའི་སྐབས་གབ་ཡིག་སྦྱོར་ནས་དམིགས་བཟླས་དངོས་གཞི་previous hit དགོངས next hit་གསུམ་གཙོར་བཏོན། དེའི་སུམ་ཆ་སྲུང་བའི་དམིགས་བཟླས་དེའི་སུམ་ཆ་ཟློག་པ། བསད་པ་ཁྱུག་ཙམ་རེ་བྱའོ། །དེ་ནས་གཏོར་ཆོག་སོགས་བྱ་སྟེ་འདིར་ད་ལྟའི་ས་ལུགས་པ་རྣམས་ཀྱིས། མགོན་པོའི་བསྐུལ་ཐུང་གི་མཇུག་ཏུ་དྲག་བསྐུལ་འཁོར་ལོ་རྩིབས་བཅུམ། ལྟས་


LT31_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ངན་བརྒྱད་ཅུའི་ཟློག་པ། བདུད་རྒྱལ་གྱི་བསྐུལ་ཆེ་ཆུང་། བདག་ཤྭ་ས་གསུམ་གྱི་བསྐུལ་བཏང་བ་ཡིན་འདུག་ཀྱང་གྲོང་ཆོག་སྤྱི་དང་བསྟུན་པའི་གྱེར་མོ་མང་བ་དང་། ཟློག་པའི་གྲངས་འཛིན་ལྟ་བུར་བླངས་པར་མངོན་ལ། ཆོས་སྐྱོང་གི་རྗེས་སུ་ཡི་དམ་གློ་བུར་དུ་བསྐུལ་དགོས་པ་སོགས་སྟབས་བདེ་འབྲེལ་ཆགས་ཞིག་ཀྱང་མི་འབྱུང་བར་མངོན་པས་སྐབས་འདིར་བཏང་སྙོམས་བྱས་ནས། བརྒྱུད་འདེབས་ཟིན་འཕྲལ་མཆོད་གཏོར་བྲན། ཉིན་རྗེས་མ་རྣམས་ལ་མཆོད་ཁའང་གསོས་ལ། །བསྟོད་གསོལ་ལྷའི་རྔ་སྒྲ་ཚང་བར་བཏང་། དེ་ནས་ཆོག་ཁྲིག་ཕྲིན་ལས་རྣམ་རོལ་སོགས་གཏོར་ཆོག་དང་སྐོང་གསོལ་རྒྱས་བསྡུས་སྐབས་དང་སྦྱར་ཆོག་ལ། འདོད་དགུའི་བང་མཛོད་ལས་བྱུང་བའི་དཀར་བདུད་དང་ཕུར་སྲུང་གཏོར་འབུལ་ངེས་པར་མེད་དུ་མི་རུང་། དེ་དག་གོ་རིམ་སོགས་གཏོར་ཟློག་གཞུང་དུ་སྨོས་པ་ལྟར་ལ་ཚོགས་པར་བ་ཡན་དང་ཧོམ་བསྐྱེད། འགུགས་གཞུག་ལན་གསུམ། མནན་པའི་དམིགས་པ། ཟོར་བསྐུལ་གྲུབ་མཚམས། གབ་ཡིག་གི་ཟློག་དམིགས་གཙོ་བོ་དང་། བསད་དམིགས་ཀྱང་ཇི་ལྟར་འོས་པ་སྦྱར་ཏེ་ལྷ་སྔགས་རྣམས་དང་། ཐུན་སྔགས་རྣམས་ཀྱང་ཅི་འགྲུབ་བཟླ་བ་ནི་དངོས་གཞི་ཡིན་ལ། རྗེས་ཆོག་སྤྱི་བསྟབ་མན་ཆད་ཀྱང་དེར་གསལ་བ་ལྟར་བྱའོ། །ཉིན་གཉིས་མན་ཆད་དེ་ཀ་སོར་བཞག་ལས་འཕྲི་བསྣན་མི་དགོས་ཤིང་། ཉིན་བདུན་པར་བསྒྲལ་མཆོད་དང་འདོན་བྱ་གཞུང་གསལ་


LT31_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ལ། བསྙེན་པའི་དབུའི་རིག་འཛིན་བསྐུལ་བའང་བཞག །བཟླས་པའི་རིགས་བསྡུས་ཙམ་བྱ། ཚོགས་བར་པའི་རྗེས་རིག་འཛིན་བསྐུལ། གསེར་སྐྱེམས་སོགས་གཞུང་གསལ་མཐར་ཆགས་ལྷག་ཆོག་ཡན་བྱ། དྲག་བསྐུལ་འཁོར་ལོ་རྩིབས་བཅུ་ལྟས་ངན་བརྒྱད་ཟློག་བཅས་ཚར་གྲངས་གསུམ་བདུན་སོགས་ལོངས་སྐབས་དང་བསྟུན་གྱེར་ལ། དཔོན་སློབ་རྣམས་ཞྭ་བཅས་བཞེངས། གཟའ་དང་མཁའ་འགྲོ་རྒྱུ་ཕྱོགས་དང་མ་ཐུག་པར་ཐེབས་ཡོད་པའི་ཕྱོགས་སུ་གཏོར་ཟོར་རྣམས་གོ་རིམ་མ་ནོར་བར་ཁྱེར་བའི་ཐོག་མར་གནས་དེ་ཉིད་དུ་ཟོར་བསྐུལ། ཕྱི་སྒོར་ཁྱེར་ལ་བདུད་རྒྱལ་གྱི་བསྐུལ་བྱ་བ་སོགས་གཞུང་ལྟར་ཟོར་ལམ་ལན་གསུམ་སྤོས་ལ་མཐར་གཏོར་ཟོར་འཕངས་ལ་ཡར་ལོག་རྟ་བྲོ་སོགས་དང་། རྗེས་ཀྱི་སྐབས་ཚེ་ཆོག་བསྡུས་པ་འདོད་དགུའི་བང་མཛོད་ལྟར་སྦྱར་ནས་མཐར་དབྱུང་བ་ཙམ་གྱིས་ལེགས་པར་གྲུབ་བོ། །ས་ལུགས་པ་རྣམས་ཀྱིས་རྒྱུན་གྱི་རིམ་གྲོ་ལ་ཕུར་ཟློག་ཉིན་གསུམ་མ་ཁོ་ན་དར་སྲོལ་ཆེ་བས་དེ་ལྟར་ན། ཉིན་བདུན་མའི་ལུགས་དེ་ཀ་སོར་བཞག་ཉིན་གྲངས་བསྟུངས་པ་ཙམ་ལས་མི་དགོས། ཉིན་གཅིག་མ་ནི་ས་ལུགས་ལ་མདར་ཞིང་གལ་ཏེ་ཕུར་ཟློག་འདོད་ལ་འབྱོར་ཚོགས་དམན་པ་ལྟ་བུས་མི་བྱ་ཀ་མེད་བྱུང་ན། ཉིན་ཐ་མའི་ལུགས་དེ་སོར་བཞག་ལ། ལྷག་ཆོག་གི་མཇུག་ཏུ། གོང་གི་ཟོར་བསྐུལ་དེ་སྦྱར་ཏེ་སྔགས་རྣམས་ཇི་ལྟར་འོས་པ་བཟླས་ལ།


LT31_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་བསྐུལ་འཁོར་ལོ་རྩིབས་བཅུ་ལ་འཇུག་པ་སོགས་སོ། །གཉིས་པ་ཡུལ་སྲོལ་དང་བསྟུན་པའི་རྔ་གྱེར་བརྡུང་ལེན་པའི་ཚེ། ཉིན་གྲངས་མང་ཉུང་གང་བྱེད་ཀྱང་ཆོ་གའི་ཁོག་གཞུང་སྔ་མ་སོར་བཞག་ལ། ཡེ་ཤེས་སྐུ་མཆོག་བྱིན་འབེབས་རྒྱས་པ། ཕུར་གསོལ་རྒྱས་པ་རྣམས་ངེས་པར་སྦྱར། ཚོགས་དང་པོ་གྲུབ་རྗེས། ཧཱུྃ་སྣང་སྲིད་ཕུར་བུས་སོགས་དང་། དེ་ལྟར་བསྐངས་བས་སོགས། སྐོང་ཟློག་སྤྲེལ་མ་བརྒྱ་སྟོང་གང་དགོས་བྱས་ལ། ཚེ་རབས་བསྐལ་པ་སོགས་ལ་འཇུག་སྟེ་འགྲོས་གོང་ལྟར་བྱས་པས་མང་ཉུང་འཚམས་པར་འགྱུར་ཞིང་། གལ་ཏེ་དྲག་བསྐུལ་འཁོར་ལོ་རྩིབས་བཅུ་མ་གྲངས་གསོག་པར་འདོད་ན། ཐུན་སྔགས་བཟླ་བ་ཡན་སོང་རྗེས་ལིང་ཆུང་ཟུར་པ་ཞིག་བཤམ། དེ་ལ་དམིགས་ཏེ། ཚོགས་ཐ་མའི་བསྒྲལ་བསྟབ་དཀྱིལ་ཆོག་ནས་འབྱུང་བའི་མདོར་བསྡུས་ཙམ་བྱས་ལ། དྲག་བསྐུལ་དང་ལྟས་ངན་བརྒྱད་ཟློག་ཚར་གྲངས་གང་འགྲུབ་གྱེར། དེ་ནས་སྤྱིར་བསྟབ་མན་སྔར་ལྟར་རོ། །གཏོར་རྒྱག་གི་སྐབས་སུའང་ཟོར་འཕེན་པའི་ཚིགས་བཅད་སོ་སོའི་མཇུག་ཏུ་སྔགས་རྣམས་ཀྱིས་ཟོར་རྡེག་པ་དང་། །གཏོར་བྲོ་སྤྲོ་ན་གཞུང་གསལ་ལས་བཞི་ཀ་བྱར་རུང་ཞིང་། རྗེས་རོལ་ཆེན་བཅས་རྒྱལ་དབྱངས་ཀྱང་གྱེར་རོ། །རྗེས་ཆོག་དངོས་གྲུབ་བླང་བ་ནི་ཡེ་ཤེས་ལྔ་ལྡན་ཙམ་སྦྱར་བས་འཐུས་ཤིང་། དཀྱིལ་ཆོག་གི་དེ་ནི་བསྙེན་སྒྲུབ་གྱི་དགོངས་པར་འདུག་ཀྱང་གྲོལ་ཉིན་ཙམ་ལ་སྦྱར་ཡང་འགལ་བ་མེད་དོ། །སྦྱིན་


LT31_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག་བྱ་བར་སྤྲོན་སྐབས་འདིར་དྲག་པོའི་སྦྱིན་སྲེག་འབྲེལ་ཆགས་པས་གཏོར་ཟོར་འཕངས་ནས་ཡར་འཁོར་བ་ན་སྦྱིན་སྲེག་ལ་འཇུག་ཅིང་། དེ་ནས་སྤྱི་བསྟབ་སོགས་བྱ་བའམ། ཕྱིར་ཉིན་བྱ་བར་སྤྲོ་ན་གཏོར་ཟློག་དང་མ་སྦྲེལ་བའི་ལས་གཞུང་ཁོ་ན་མཐར་ཆགས་སུ་བཏང་བའི། ཚོགས་ཐ་མའི་རྗེས་སུ་སྦྱིན་སྲེག་བླུགས་ནས་ཚོགས་ལ་རོལ་ཞིང་། ལྷག་ཆོག་བརྟན་མ་མན་ཆད་མཐར་དབྱུང་ངོ་། །སྤྱིར་བླ་མ་ལ་བཟང་ངན་དང་། ཡི་དམ་ལ་བྱིན་རླབས་ཆེ་ཆུང་དུ་རྟོག་པ་ནི་རང་གི་རྣམ་རྟོག་གི་ཉེར་ལེན་ཡིན་གྱི། རང་ཉིད་ལ་མོས་གུས་ཡོད་ན་བླ་མ་ཅི་ལྟ་བུ་ལ་གསོལ་བ་བཏབ་ཀྱང་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་འཇུག་ལ། བསྐྱེད་བཟླས་ཚད་དུ་ཕྱིན་ན་ཡི་དམ་གཅིག་གིས་ཀྱང་ལས་དང་དངོས་གྲུབ་ཐམས་ཅད་སྩོལ་བ་ཡིན་ཞིང་། གཅིག་ཆོག་གི་མོས་གུས་མེད་ན་སངས་རྒྱས་སྟོང་ལ་གསོལ་བ་བཏབ་ཀྱང་བྱིན་རླབས་འབྱུང་དཀའ་བ། དམིགས་པའི་གཟེར་མེད་ན་རྒྱུད་སྡེ་དྲུག་ལ་བསྙེན་སྒྲུབ་བྱས་ཀྱང་དངོས་གྲུབ་འགྲུབ་པར་དཀའ་མོད། འོན་ཀྱང་རང་རང་གི་སྔོན་གྱི་ལས་འབྲེལ་ཡོད་མེད་དང་། རྣམ་པའི་རྟེན་འབྲེལ་ཙམ་དུ་བླ་མའི་བྱིན་རླབས་འཇུག་ཕུལ་ཆེ་ཆུང་དང་། ཡི་དམ་སོ་སོ་ལས་དངོས་གྲུབ་སོ་སོ་འབྱུང་བ་ལྟར་སྣང་བ་ཡིན་པས། འདིར་བླ་མ་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཀྱི་གདམས་ངག་ལས་བྱུང་ཞིང་། །ཡི་དམ་སྒྲུབ་སྡེ་བརྒྱད་ལས་ཕྲིན་ལས་ཕུར་པའི་དཀྱིལ་འཁོར་ཡིན་ཏེ། དེའང་སློབ་དཔོན་ཆེན་པོ་ནི་སངས་རྒྱས་སྣང་བ་མཐའ་ཡས་ཉིད་མི་མཇེད་ཀྱི་འཇིག་རྟེན་སྤྱི་དང་། ལྷག་པར་བོད་ཁ་བ་ཅན་གྱི་རྨུ་རྒོད་རྣམས་


LT31_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བའི་ཕྱིར་དུ། །བདག་ཅག་གི་སྟོན་པ་ཤཱཀྱའི་དབང་པོའི་ཕྲིན་ལས་ཀྱི་གྲོགས་སུ་རྡོ་རྗེ་སློབ་དཔོན་གྱི་སྐུར་བཞེངས་ཏེ་འཇའ་ལུས་འཕོ་བ་ཆེན་པོའི་གཟུགས་ཀྱིས་ད་ལྟའང་ལྷོ་ནུབ་རྔ་ཡབ་ན་མངོན་སུམ་བཞུགས་ཏེ་བསྐལ་པ་མ་སྟོངས་བར་དུ་ཕྲིན་ལས་མཛད་པ་མ་ཟད། བོད་ཀྱི་ཡུལ་འདིར་ལྷ་སྲིན་གདུག་པ་ཅན་གྱིས་དབང་བྱས་ཏེ་དམ་པའི་ཆོས་ལྟ་ཅི་སྨོས། དགེ་བ་སྣ་རེའང་སྤྱོད་པར་དཀའ་བ་ལ་སློབ་དཔོན་ཆེན་པོ་འདི་ཁོ་ནའི་ཐུགས་རྗེས་བསྟན་པ་དར་ཞིང་རྒྱས་པར་མཛད། དེ་ལྟ་བུའི་བར་དུའང་སྤྲུལ་པ་བསམ་གྱིས་མི་ཁྱབ་ཅིང་རྒྱུན་མི་འཆད་པས་དངོས་དང་བརྒྱུད་ནས་བོད་དུ་གཏོགས་ཚད་སློབ་དཔོན་ཆེན་པོ་དེའི་གདུལ་བྱར་སོང་བས་ཆོས་འདིའི་བརྒྱུད་པའི་ཁུངས་ཆེ་བ་དང་། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ནི། ངོ་བོ་གསང་བའི་བདག་པོ་དང་སྒྲོལ་མ་ཡིན་ལ། གསང་བདག་ནི་བསྐལ་བཟང་གི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད། དེ་དག་གི་གདུལ་བྱ་དགེ་བར་སྤྱོད་པ་རེ་རེའི་རྒྱབ་ཏུའང་བར་ཆད་སྲུང་བའི་སྤྲུལ་པ་རེ་རེ་འབྲལ་མེད་དུ་འགྲོགས་པ་སྔོན་གྱི་སྨོན་ལམ་གྱི་སྟོབས་ཡིན་པར་གསུངས་པ་དང་། རྗེ་བཙུན་སྒྲོལ་མ་བསྐལ་པ་གྲངས་མེད་པའི་སྔ་རོལ་ནས་བྱང་ཆུབ་བརྙེས་ཀྱང་ཐུགས་བསྐྱེད་ཚད་མེད་པས་ལྷ་མོའི་རྣམ་པར་བཟུང་ནས། འཇིག་རྟེན་ཁམས་སྤྱི་དང་། ཁྱད་པར་མི་མཇེད། དེ་ལས་ཀྱང་གངས་ཅན་གྱི་ལྗོངས་འདིར་གང་ན་འཇིགས་པ་ཅུང་ཟད་ཅིག་མཆིས་ཀྱང་མཚན་དྲན་པ་ཙམ་གྱིས་སྐྱོབ་པར་ཐུགས་


LT31_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བཅས་པ་ཉིད། འདིར་རྒྱལ་བ་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པའི་རང་གཟུགས་དཔལ་ཆེན་པོ་ཡབ་ཡུམ་ཆེ་བཙན་འགྲན་ཟླ་དང་བྲལ་བའི་སྐུར་བཞེངས་ཏེ། མཆོག་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་སྩོལ་བ་དང་། བྱང་ཆུབ་སྒྲུབ་པ་ལ་ཉེ་བར་འཚེ་བའི་བདུད་བགེགས་དམ་སྲི་རྒྱ་འདྲེ་མཐའ་དམག་ལ་སོགས་པ་འཇོམས་པ་ལ་ཁྱད་པར་དུ་འཕགས་པའི་རྒྱུ་མཚན་གྱིས། རྒྱ་བོད་ཀྱི་མཁས་གྲུབ་ཕལ་མོ་ཆེས་ ཐུགས་དམ་ལྷག་པའི་ལྷ་ཐུན་མོང་མ་ཡིན་པར་བསྟེན་ཅིང་། སློབ་དཔོན་ཆེན་པོའི་ཞལ་གདམས་སུ། སྤྱིར་ཡི་དམ་གྱི་གཙོ་བོ་རྡོ་རྗེ་ཕུར་པ་ལ་བྱ། ཡི་དམ་གཞན་བསྒྲུབས་ཀྱང་རྡོ་རྗེ་གཞོན་ནུ་སྲུང་མའི་ཚུལ་དུ་བསྒྲུབས། ཞེས་གསུངས་པ་ལྟར་བསྟན་པ་སྔ་དར་གྱི་སྐབས་སུ། ཨོ་རྒྱན་ཆེན་པོའི་ཞལ་སློབ་རྣམས་རྣམས་ཀྱིས་ཕུར་པ་ལ་མངོན་རྟོགས་མ་བརྙེས་པ་གཅིག་ཀྱང་མེད་ཅིང་འགའ་རེ་རིག་འཛིན་སྤྱི་བསྐུལ་དུ་གསལ་བ་ལྟར་དང་། དེ་དག་གི་དཔོན་སྲས་སློབ་བརྒྱུད་སོ་ཟུར་གནུབས་གསུམ། དཔང་རྒྱུས་འོ་བྲན། རླངས་འགོས་རྔོག་གསུམ། མཁོན་རོག་དཔྱལ་གསུམ་ལ་སོགས་པས་ཐུགས་དམ་ཡང་ཕུར་གཉིས་ལ་མཛད་ཅིང་གྲུབ་པ་བརྙེས། དེ་དག་གིས་བྱིན་གྱིས་བརླབས་པའི་གདུང་རིགས་ལས་གསར་མའི་སྐྱེས་ཆེན་རྣམས་ཀྱང་བྱོན་ཏེ། དོན་གཉིས་གྲུབ་པ་ཡིན་ཅིང་། །དེ་དག་གི་ནང་གསེས་ཕུར་པ་ས་ལུགས་འདི། འཁོན་ཀླུའི་དབང་པོ་ལ་ཨོ་རྒྱན་


LT31_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས་བསྩལ་བ་ནས་ད་ལྟའི་བར་དུ་བཀའ་བརྒྱུད་མ་ཆད་ཅིང་། བྱིན་རླབས་ཀྱི་རྟགས་མཚན་སྣ་རེ་མ་བརྙེས་པ་གཅིག་ཀྱང་མེད་པ་དང་། བསྙེན་སྒྲུབ་བྱས་ཚད་བར་ཆད་མེད་པར་མཐར་ཕྱིན་ལ། གཏོར་ཟློག་ཚུན་ཆད་ཀྱང་དགེ་ཞིང་བཀྲ་ཤིས་པ་མངོན་སུམ་གྱིས་གྲུབ་པ་དང་། ལྷ་འདིའི་བྱིན་རླབས་ལ་བརྟེན་ཏེ་དཔལ་ལྡན་ས་སྐྱ་པའི་གདུང་བརྒྱུད་དང་ཆོས་བརྒྱུད་ད་ལྟའི་བར་དར་ཞིང་རྒྱས་ཏེ་གེགས་དང་བར་ཆད་མ་བྱུང་ཞིང་། བྱུང་བ་དག་ཀྱང་མྱུར་དུ་ཚར་གཅད་ལ། གཞན་ཡང་ཀརྨ་བཀའ་བརྒྱུད་ཀྱི་བསྟན་པ་ལ་གེགས་ཆེན་པོ་བྱུང་བའི་སྐབས་གནུབས་ནམ་མཁའི་སྙིང་པོའི་ཡང་སྲིད་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུའི་ལུང་བསྟན་ལྟར། ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིས་གདན་ས་ཆེན་པོར་དཔལ་སྤུངས་སུ་ཕུར་ཁང་བདུད་འདུལ་གླིང་གསར་བཞེངས་དང་རྒྱུན་སྒྲུབ་བཙུགས་པས་ཕྲིན་ལས་ཀྱི་བར་ཆད་མཐའ་དག་བཟློག་སྟེ། བསྟན་པའི་སྲོག་ཤིང་འགྱེལ་བ་རྨངས་ནས་བསླངས་པའང་ལྷ་འདིའི་ཐུགས་རྗེ་ཡིན་པ་དང་། ཇོ་ནང་རྗེ་བཙུན་ཆེན་པོ་ལ་སློབ་དཔོན་ཆེན་པོས་ཞལ་ཡང་ཡང་བསྟན་ཕྲེང་བ་སྐོར་གསུམ་གཏེར་ཁ་བབས་པ་བཞེས་ཐུབ་ན་ཇོ་ནང་བསྟན་པ་ལ་སྐུ་ཆག་མི་འབྱུང་ཞིང་རྒྱ་ཆེར་འཕེལ་རྒྱས་འབྱུང་བ་གསང་རྣམ་ལ་སོགས་པར་གསལ་བཞིན་རུང་། །དམ་སྲིའི་གཞན་དབང་གིས་གཏེར་ཁ་བཞེས་མ་ཐུབ་ཀྱང་ལྟ་བའི་གནད་ཨོ་རྒྱན་ཆེན་པོ་དང་ཀུན་


LT31_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་གྱི་previous hit དགོངས next hit་གཅིག་འདྲིལ་མཛད་པས་བསྟན་པ་ལ་སྐུ་ཆག་ཆེན་པོ་བྱུང་ཡང་ད་ལྟ་ཆོས་རྒྱུན་མ་ཆད་ཙམ་པ་འདི་ལྟར་བྱུང་། དེས་ན་བར་་ཆད་ཀྱི་འཚེ་བ་སེལ་ཞིང་བསྟན་པ་དར་རྒྱས་སུ་འབྱུང་བའི་ལྕགས་རིའམ། སྐུ་རིམ་ལྟ་བུར་ཇོ་ནང་གི་ཆོས་སྡེ་རྣམས་ནས། རྗེ་བཙུན་རིན་པོ་ཆེས་བསྒྲིགས་པའི་ཕུར་པ་ས་ལུགས་འདི་འདོན་རྒྱུ་བྱུང་ན་ཤིན་ཏུ་ལེགས་སྙམ་སྟེ་རང་ཉིད་དཔལ་ལྡན་ཛཾ་ཐང་གི་ཆོས་སྡེ་ཆེན་པོར་ཕྱིན་སྐབས་མཁྱེན་ལྡན་འགའ་ཞིག་གི་སྙན་དུ་གསོལ་ཡང་རྗེ་བཙུན་གྱི་དཀྱིལ་ཆོག་དང་དབང་བསྐུར་ཁོ་ན་ཙམ་ལས་རང་ལུགས་ཀྱི་ཡིག་ཆ་གཅིག་ཀྱང་མེད་འདུག་པས། གཏེར་མ་སོགས་གང་བྱུང་བསྲེས་ན་འབྲེལ་མེད་དང་། ས་ལུགས་དངོས་ཀྱང་དབང་ལུང་ཐོབ་དཀའ་ཞིང་དབྱངས་རོལ་སོགས་ཇི་བཞིན་མི་འགྲུབ་པ་མ་ཟད། རྗེ་བཙུན་གྱི་ཡིག་ཆ་ལ་མ་ལུས་མ་བྱུང་ཙམ་བྱུང་ན་ལེགས་པས། ཁྱོད་ནས་འདིའི་ཡན་ལག་ཚང་མ་ཞིག་འོས་ཚུལ་གསུངས་ཀྱང་། འདི་ལ་སྐྱེས་མཆོག་ཐུགས་རྗེའི་བདག་ཉིད་ཀརྨ་འོད་གསལ་འགྱུར་མེད་ཞལ་སྔ་ནས་ཇོ་ནང་མངོན་དཀྱིལ་ལས་དབང་ཞིག་བཀའ་དྲིན་བསྩལ་ཡང་འབེ་ལོ་ཙཱ་བ་ཀུན་ཁྱབ་ལ་ཕུར་པ་ས་ལུགས་ཀྱི་དབང་རྒྱུན་བཞུགས་པས་འདིའི་རྒྱུན་གསོས་པ་ལས། རྗེ་བཙུན་དངོས་ནས་བརྒྱུད་པའི་དབང་རྒྱུན་ད་ལྟ་བཞུགས་མ་འདྲ་ཞིང་། དེ་ཙམ་ལས་གཞན་ཞིབ་པར་ཐོབ་ཁུངས་བྲལ་བ་སོགས་ཀྱིས་བཏང་སྙོམས་སུ་བཞག་ནས་


LT31_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

དུས་རིང་པོ་འདས་པ་ན། དད་དམ་ལྷག་བསམ་གསེར་བཟང་ལྟར་དགེ་བ་ཛཾ་ཐང་སྒྲུབ་བླ་མ་ཀརྨ་མཆོག་གསལ། ཀུན་བཟང་། ལྷ་མཆོག །མཁས་བཙུན། ཆོས་འཕེལ་རྣམས་ཀྱིས་དངོས་པོའི་ཚན་གྲངས་ཀྱི་མཎྜལ་བཅས། སྔོན་དུས་ཀཿཐོག་བདུད་འདུལ་རྒྱལ་སྲས་པདྨ་རྣམ་རྒྱལ་ཞེས་དུས་གསུམ་སྒྲིབ་མེད་དུ་གཟིགས་པ་དེས་མ་འོངས་པ་ན་ཇོ་ནང་བརྒྱུད་འཛིན་འཇམ་དབྱངས་ཀྱི་སྤྲུལ་པ་ཞིག་གིས་རྗེ་བཙུན་གྱི་ཕུར་པ་ལ་སྨད་ལས་ཞིག་སྦྱར་བར་འགྱུར་བས། དེ་ཆོས་སྡེ་འདིར་ཚུགས་ན་བསྟན་པ་དར་རྒྱས་སུ་འགྱུར་ཞེས་ཛཾ་ཐང་དུ་ལུང་བསྟན་ཡོད་འདུག་པས་ཅིས་ཀྱང་གཏོར་ཟློག་སོགས་ཁ་ཚང་དོན་གསལ་ཞིག་དགོས་ཞེས་ནན་ཏན་ཆེན་པོས་ཡང་ཡང་བསྐུལ་བ། འཇམ་དབྱངས་སྤྲུལ་པའི་བརྒྱུད་འཛིན་དེས་ཀྱང་མ་འོངས་པ་ན་ལུང་དོན་སྒྲུབ་པར་འགྱུར་བ་གཞིར་བཅས་པས་བདག་ལྟ་བུའི་ཁུར་དུ་མི་ཆེ་ཡང་། སྐབས་དེར་བསྟན་པའང་ཇི་ལྟར་འགྱུར་མི་ཤེས་པ་དང་། ད་ལྟའི་སྐབས་ཇོ་ནང་ཕྱོགས་ལ་དེ་ལྟ་བུའི་ཁུར་བཞེས་མཁན་ཡང་མ་ཐོས་པས། དཔལ་ལྡན་ཇོ་ནང་པའི་བསྟན་པ་ལ་ཕན་པའི་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ། འཇམ་དཔལ་དབྱངས་མིའི་ཤ་ཚུགས་ཅན་ཀུན་གཟིགས་མཁྱེན་བརྩེའི་དབང་པོའི་ཞབས་དྲུང་དུ་ས་ཕུར་གྱི་སྟོད་ལས་དང་སྨད་ལས་ཀྱི་དབང་ལུང་ལག་ལེན་ཡོངས་རྫོགས་བཀའ་དྲིན་ཏུ་ཞུས་ཏེ། གནས་ཚུལ་སྙན་འབུལ་ཞུས་


LT31_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤིན་ཏུ་དགྱེས་པའི་བཀའི་གནང་བསྩལ་ཞིང་། གསར་དུ་བསྒྲིག་རྒྱུའི་ཡིག་ཆ་འདི་དང་འདི་ལྟར་འོས་པའི་ཚུལ་དང་། དཔེ་ཁུངས་བསླབ་སྟོན་བཅས་བཀའ་དྲིན་ཏུ་གནང་བ་དང་། སྔར་རང་ལོ་སུམ་ཅུ་སྐོར་འགྲོ་སྐབས་ཞིག་ཚུལ་འདིའི་བརྡ་དོན་ལྟ་བུའི་རྨི་ལམ་དགེ་བར་མངོན་པ་ཁ་ཤས་ཞིག་ཀྱང་བྱུང་བ་རྨི་ལམ་ལ་གཏད་སོ་ཅི་ཡོད་རུང་། མངོན་ཤེས་ལྔ་སོགས་རྩོམ་པའི་ཚད་རབ་འབྲིང་ཐ་མ་གང་རུང་གི་གདེངས་མེད་ཚེ། དེ་རིགས་ལ་ཕལ་ཆེར་གྱིས་ཡིད་བརྟན་འཆལ་བའི་སྲོལ་ལྟར་ལས་བྱ་ཐབས་བྲལ་གཤིས། གཙོ་བོར་བླ་མའི་བཀས་གནང་བ་ནི་ཡི་དམ་ཆོས་སྐྱོང་བཅས་ཀྱི་གནང་བའང་ཐོབ་པ་ཡིན་ཞིང་། །རྗེ་ས་སྐྱ་པ་ཁུ་དབོན་སོགས་ཁུངས་ལྡན་གྱི་ཡིག་ཆ་རྣམས་གང་བདེར་བསྒྲིགས་པ་ལས་རང་ཚིག་ཏུ་བཅོས་པ་ཕྲན་བུ་རེ་ལས་མ་མཆིས་པས་བྱིན་རླབས་དང་ལྡན་ཞིང་ཡིད་ཆེས་པའི་གནས་སུ་བཟུང་བར་རུང་ངོ་སྙམ་པས། ཕྱིན་ཆད་ངེས་དོན་སྙིང་པོའི་བསྟན་འཛིན་སྤྱི་དང་། ཁྱད་པར་དཔལ་ཇོ་ནང་གི་རིང་ལུགས་འཛིན་པ་རྣམས་ཀྱིས་གླེགས་བམ་གྱི་ཕུང་པོ་བཏང་སྙོམས་རྡུལ་ཁྲོད་དུ་མི་འཇོག་པར་དབང་ལུང་འཆད་ཉན། དམིགས་པ་ལག་ལེན་ཞིབ་ཁྲིད། བསྙེན་སྒྲུབ་ལས་གསུམ། རྒྱུན་གྱི་རྣལ་འབྱོར། དུས་གཏོར་རྒྱུན་གཏོར། ཐ་ན་མནན་སྲེག་འཕང་གསུམ་ཚུན་རང་གཞན་གྱི་དོན་ཏུ་ཕྱག་ལེན་ཅི་ཐེབས་ཀྱིས་དར་རྒྱས་མཛད་པ་བྱུང་ན། ཡིག་ཚོགས་འདི་ཙམ་


LT31_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་བའི་དོན་སྒོར་སོང་བའང་འདིར་འཕྲོས་དོན་ཏུ་སྨྲས་པའོ། །དགེ་བར་གྱུར་ཅིག་ཐོག་མཐའ་བར་དང་གསུམ། །རྒྱལ་བར་གྱུར་ཅིག་མི་མཐུན་ཕྱོགས་ཀུན་ལས། །སྣང་བར་གྱུར་ཅིག་ངེས་དོན་བསྟན་པའི་ཉི། །རྒྱས་པར་གྱུར་ཅིག་སྙིང་པོའི་རིང་ལུགས་སོ། །སེམས་ཅན་འཚང་རྒྱའི་གནད་ཀྱིས་བདེ་གཤེགས་སྙིང་པོས་ཁྱབ། །འདུས་མ་བྱས་པའི་གནད་ཀྱིས་གང་དེ་འགྱུར་བ་མེད། །ཀུན་ཁྱབ་རྟག་བརྟན་ཞལ་བཞེས་གྲུབ་མཐའ་དེ་བདེན་ན། །བདེན་མཐུས་རིང་ལུགས་དེ་ཉིད་རྟག་བརྟན་ཀུན་ཁྱབ་ཤོག །ཇོ་ནང་ཕུར་པའི་ཟུར་འདེབས་ཀྱི་ཡིག་ཆ་རྣམས། །རྗེ་བཙུན་ཆེན་པོའི་དུས་ཆེན་ལ་དབུ་བརྩམས། ཤཱཀྱའི་རྒྱལ་པོས་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་གསུངས་པའི་དུས་ཆེན་ལ་ཡོངས་རྫོགས་གྲུབ་པར་བགྱིས་པའི་ཚེ། ཟིན་བྲིས་ཁྱུག་ཙམ་སྤེལ་བ་པོའང་བློ་གྲོས་མཐའ་ཡས་ཏེ། ཡིག་ཆ་ཡོངས་སུ་རྫོགས་པའི་ཡི་གེ་པ་ནི། ལྔ་རིག་སྨྲ་བ་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱིས་མཛད་པ་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །དགེ་ལེགས་འཕེལ།། །།


previousདཔལ་ཆེན་རྡོ་རྗེ་གཞོན་ནུའི་གཏོར་ཟློག་གི་འདོན་འགྲིགས་མཐོང་བས་གོ་འབྱེད།next