Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

101 occurrences of དགོངས་པ་
[Clear Hits]


  
 
 
  
  
 
དཔལ་ཆེན་རྡོ་རྗེ་གཞོན་ནུ་གཙོ་འཁོར་སྲུང་མར་བཅས་པའི་བསྟོད་བསྐུལ་གསོལ་ཁ་སྦྲེལ་བ་ལྷའི་རྔ་སྒྲ།
 
 
 
  
 
 
 
 
 
 
 
33   
24   


101 occurrences of དགོངས་པ་
[Clear Hits]

 
previousདཔལ་ཆེན་རྡོ་རྗེ་གཞོན་ནུ་གཙོ་འཁོར་སྲུང་མར་བཅས་པའི་བསྟོད་བསྐུལ་གསོལ་ཁ་སྦྲེལ་བ་ལྷའི་རྔ་སྒྲ།next

དཔལ་ཆེན་རྡོ་རྗེ་གཞོན་ནུ་གཙོ་འཁོར་སྲུང་མར་བཅས་པའི་བསྟོད་བསྐུལ་གསོལ་ཁ་སྦྲེལ་བ་ལྷའི་རྔ་སྒྲ།


LT31_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་རྡོ་རྗེ་གཞོན་ནུ་གཙོ་འཁོར་སྲུང་མར་བཅས་པའི་བསྟོད་བསྐུལ་གསོལ་ཁ་སྦྲེལ་བ་ལྷའི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ།། །།


LT31_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དཀྱིལ་འཁོར་དབང་ཕྱུག་དང་། །འཇིགས་བྱེད་རྡོ་རྗེ་སྲིན་པོ་ལ། །གུས་བཏུད་དེ་མཉེས་ཕྲིན་ལས་བྱང་། །གོང་མའི་གསུང་ལས་བསྡེབ་པར་བྱ། དེའང་སྤྲུལ་པ་ཆེན་པོ་དང་མངོན་སྤྱོད་ཀྱི་ལས་གཙོ་བོར་གྱུར་པ་རྣམས་ལ་གཙོ་འཁོར་ཐམས་ཅད་བསྐང་ཞིང་ཐུགས་དམ་བསྐུལ་བ་དང་། ཁྱད་པར་འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཕུར་སྲུང་དམ་ཅན་རྣམས་བསྐང་བསྐུལ་གལ་ཆེ་བ་ཡིན་ཀྱང་། །རྗེ་བཙུན་རིན་པོ་ཆེའི་ཡིག་ཆ་མཆོག་གྲུབ་མདོར་བསྡུས་གཙོར་མཛད་པས། ཕུར་སྲུང་བསྟོད་བསྐུལ་ལྷག་མའི་བར་མི་འབྱུང་ཞིང་། དེ་ལྟ་ན་གཏོར་ཟློག་ལྟ་བུ་ལ་བྱ་བ་གྲུབ་ཀྱི་བར་སྲུང་མའི་སྐོང་བསྐུལ་བྱར་མེད་པས། འདིར་བདག་ཉིད་ཆེན་པོ་དཔལ་ལྡན་བླ་མའི་གསུང་རབ་ལས་བཏུས་ཏེ་གྲུབ་བརྙེས་ཆགས་མེད་རིན་པོ་ཆེ་སོགས་རྙིང་སྔགས་སྤྱིའི་རྗེས་སུ་འབྲངས་ནས་བསྟོད་བསྐུལ་གསོལ་བ་ལོགས་སུ་བསྡེབས་པ་ལ། གོང་གཏོར་སོགས་ཡོད་ཕྱིན་དཀར་དམར་ཕུད་རྒོད་བཤམས་ནས་བྱིན་གྱིས་བརླབ་སྟེ་འབུལ་བ་ཙམ་གྱིས་ཀྱང་རུང་མོད། བཅའ་གཞི་སྤྲོས་བཅས་ལོགས་སུ་བྱེད་པར་སྤྲོ་ན། སྣོད་གཙང་མར་དབལ་གྱི་བཤོས་བུ་སྟོད་ཟུར་གསུམ་སྨད་ཟླུམ་པོ་རྒྱན་སྤྲོས་གཟས་པ་ལ་འཁོར་ཆུང་བ་བཅུ། དེ་རེ་རེའི་གཡས་གཡོན་ཏུ་གཏོར་ཆུང་གཉིས་རེ་སྟེ་ཉི་ཤུ། དེ་རྒྱབ་ཤར་ལྷོར་ཤྭ་ན་བཞིའི་གཏོར་མ་ཝ་ཁྱི་


LT31_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

འཕར་སྤྱང་གི་ཤས་བརྒྱན་པ། ལྷོ་ནུབ་ཏུ་བསེ་མོ་བཞིའི་གཏོར་མ་ཁྲག་ཞག་འོ་མ་མར་ཁུ་བཞིའི་ཨུ་སྐྱུས་བརྒྱན་པ། །བྱང་ཤར་དུ་རེ་མ་ཏི་བཞིའི་གཏོར་མ་ནལ་བུའི་ཤ་ཁྲག་དང་ཁྲག་སྣ་སྙིང་སྣས་བརྒྱན་ཅིང་ཚིལ་ཆེན་གྱིས་ཁ་བཀབ་ལ་རྩེ་མོར་རྨ་བྱའི་སྒྲོ་གདུགས་ཕུབ་པ། །ནུབ་བྱང་དུ་གིང་གསུམ་གྱི་གཏོར་མ་ཤ་གཟུགས་དང་སྟག་གཟིག་རས་མ་མདའ་དར་ལེབ་རྒན་རྣམས་ཀྱིས་བརྒྱན་པ། ཤ་ཁྲག་སོ་སོར་མ་རྙེད་ན་དམར་གྱི་རྒྱན་སྤྱི་འགྲེ་བྱ། གཏོར་མའི་དབྱིབས་དང་ཁ་དོག་ལས་དང་བསྟུན། མཐའ་སྐོར་དུ་ཐེབས་སྐྱུ་མང་པོ་དང་། འགྲུབ་ན་འདོད་ཡོན་གཟུགས་འགྲོས་སྣ་ཚོགས་པས་བསྐོར། །ཤ་ལྔ་བདུད་རྩི་ལྔས་བརྒྱན། །དར་ནག་གི་གདུགས་ཕུབ། སྒེར་དུ་བྱེད་ན་གཡས་གཡོན་ཏུ་སྨན་རཀ །མདུན་ཏུ་ཕྱི་མཆོད་གསེར་སྐྱེམས་བཤམ་མོ། །ཡི་དམ་བདག་བསྐྱེད་གྲུབ་ནས་བསང་སྦྱང་། སྟོང་པའི་ངང་ལས་མཆོད་པའི་རྫས། བསྒྲུབ་པའི་རྫས། བསྐང་བའི་རྫས། བཀྲ་ཤིས་རིན་པོ་ཆེ་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། འདོད་ཡོན་རྣམ་པ་ལྔ། གཞན་ཡང་སྤྱན་གཟིགས་འདོད་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་རྣམས་དང་། ཁྱད་པར་བདག་ཅག་


LT31_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བོ་མ་ལུས་པ་བསྒྲལ་བ་ལས་བྱུང་བའི་བཟའ་བ་ཤའི་རི་བོ། །བཏུང་བ་ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད། མི་ལྤགས་ཀྱི་གཡང་གཞི། ཀེང་རུས་ཀྱི་དྲ་ཕྱེད། རྒྱུ་རློན་གྱི་ལྡ་ལྡི། ཞུན་ཆེན་གྱི་སྣང་གསལ། ཚིལ་ཆེན་གྱི་དུད་པ། མདོར་ན་དྲག་པོས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པར་གྱུར། ཅེས་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་འཕྲོས་པས་རྡོ་རྗེ་གཞོན་ནུ་ལྷ་ལྔ་བཅུ་རྩ་གཅིག་གི་དཀྱིལ་འཁོར་དམ་ཅན་སྲུང་མས་བསྐོར་བ་མདུན་གྱི་ནམ་མཁར་བྱོན་པར་བསམ་ཞིང་། བཛྲ་ས་མཱ་ཛཿ ཧཱུྃ། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་། །སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་སྲུང་མའི་ཚོགས། །གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་གཤེགས་ནས། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩལ་ཏུ་གསོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨ་ཏི་པུ་ཧོཿ པྲ་ཏཱི་ཙྪ་ཧོཿ བཛྲ་ཨཱ་ས་ན་ཏིཥྛནྟུ། ཧཱུྃ། །ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་རྣམས་ཀྱིས། །མ་ལུས་གཤེགས་ནས་བསྣམས་


LT31_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསོལ། ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་རུ་དྷི་ར་ཁཱ་ཧི། མ་ཧཱ་མཾ་ས་ཁ་ཧི། མ་ཧཱ་ཏ་ཀ་ཁཱ་ཧི། མ་ཧཱ་ཨ་སྠི་ཁཱ་ཧི། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ། ཛཿཧཱུྃ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་ཨི་དཾ་པུཥྤེ་དྷུ་པཾ་དི་པཾ་གནྡྷཾ་བ་ལིནྟ་པྲ་ཏཱིཙྪ་ཧོཿ གྲྀཧྞ་ཁཱ་ཧི། བཛྲ་ཡཀྴ་ཀྲོ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་རྣམས་ཀྱིས་སྤྱན་དྲངས་ཤིང་མཆོད་ནས། བསྟོད་གསོལ་ཕྲིན་ལས་བཅོལ་བ་ནི། ཧཱུྃ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །མི་བཟད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ། །ཞེ་སྡང་། ཐུགས་མཆོག་ཡཀྴ་ཧེ་རུ་ཀ །ཡེ་ཤེས་སྐུ་མཆོག་རིགས་ཀྱི་དཀྱིལ་འཁོར་ནས། །མི་དམིགས་ཐུགས་ཀྱི་དོན་དམ་ཐུགས་ལ་གསལ། །གསུང་གི་ང་རོས་ཁམས་གསུམ་དབང་དུ་སྡུད། །སྤྲུལ་པའི་བྱིན་རླབས་ཁྲོ་བཅུ་དབྱིངས་ནས་འགྱིང་། །སྐུ་མདོག་མཐིང་ནག་འཇིགས་པའི་རྒྱན་གྱིས་བརྒྱན། །གཡས་ཀྱི་ཞལ་མདོག་དཀར་ལ་བཞད་པ་ནི། །སྐྱེ་མེད་ཆོས་ཀྱི་སྐུ་དང་ལྡན་པར་སྟོན། །གཡོན་གྱི་ཞལ་མདོག་དམར་ནག་སྟོན་པ་ནི། །དབང་དྲག་ཕྲིན་ལས་རྣམ་གཉིས་ཅིག་ཆར་རྫོགས། །དབུས་ཀྱི་ཞལ་མདོག་མཐིང་ནག་བསྟན་པ་ནི། །ཕྲིན་ལས་ཐམས་ཅད་ལྷུན་


LT31_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གྲུབ་པར་སྟོན། །སྐྱེ་འགྲོ་རྩད་ནས་གཅོད་པའི་མཆེ་གཙིགས་ཏེ། །ཉོན་མོངས་ལོག་པར་ལྟ་བ་འཇོམས་པར་མཛད། །རྡོ་རྗེ་རྩེ་དགུ་ཕྱག་ན་བསྣམས་པས་ནི། །ས་དགུ་འཇོམས་ཤིང་ཡེ་ཤེས་དགུ་དང་སྦྱོར། །རྡོ་རྗེ་རྩེ་ལྔ་འབར་བ་བསྣམས་པ་ནི། །རྒྱུད་ལྔ་སྦྱངས་ཤིང་སྐུ་ལྔ་འདྲེན་པར་མཛད། །ཡེ་ཤེས་མེ་དཔུང་འབར་བ་བསྣམས་པས་ནི། ཁམས་སུམ་འཁོར་བའི་བག་ཆགས་སྲེག་པར་མཛད། །རྡོ་རྗེ་ཁ་ཊཱྭྃ་བརྡུངས་ཤིང་འཁྲོལ་བས་ནི། །བདུད་བཞི་ཐལ་བར་རློག་ཅིང་དབང་དུ་སྡུད། །རི་རབ་ཕུར་བུ་འདྲིལ་ཞིང་འདེབས་པས་ནི། །འགལ་བྱེད་མ་ལུས་ཐམས་ཅད་སྒྲོལ་བར་མཛད། །གླང་ཆེན་སྟག་ལྤགས་ཞིང་ཆེན་རྒྱན་གྱིས་བརྒྱན། །ཆེ་བཙན་དཔེ་མེད་ཁམས་གསུམ་རྒྱལ་བར་སྟོན། །ཐོད་སྦྲུལ་སྣ་ཚོགས་འཇིགས་པས་སྐུ་ལ་བརྒྱན། །བསྐལ་པའི་མེ་ལྟར་འབར་བའི་ཀློང་ན་བཞུགས། །རྔམས་པའི་ཞལ་ནས་ཧཱུྃ་སྒྲ་འབྲུག་སྟོང་སྒྲོགས། །ཞབས་གཉིས་བརྐྱངས་བསྐུམ་ཚུལ་གྱིས་དབྱིངས་སུ་སྦྱོར། །ཞབས་གཉིས་གྱད་ཀྱི་འདོར་སྟབས་གདུག་པ་འདུལ། །སྤྲུལ་པའི་བྱིན་རླབས་ཕྱོགས་བཅུར་སྤྲིན་ལྟར་གཏིབ། །ཚུར་བྱོན་མཆོད་སྤྲིན་རྒྱ་མཚོ་འདི་བཞེས་ལ། །ཐུགས་རྗེ་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ། །དམ་རྫས་ཕྱི་ནང་གསང་བས་ཐུགས་དམ་བསྐང་། །


LT31_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་འཁོར་སྲུངས་རྐྱེན་ཟློག་བར་ཆད་སེལ། །དགྲ་བགེགས་བྱད་མ་ཐལ་བ་རྡུལ་དུ་རློག །ཐུགས་དམ་དུས་ལ་བབ་བོ་མ་གཡེལ་ཅིག །བྷྱོ། །དེ་དང་གཉིས་མེད་སྦྱོར་བའི་ཡུམ་མཆོག་ནི། །ཨེ་ཀ་ཛ་ཏི་གུ་ཧྱ་གསང་བའི་ཡུམ། །པདྨ་གར་གྱི་དབང་ཕྱུག་མཁའ་ཀློང་ནས། །བཻ་ཌཱུ་སྔོན་མོའི་སྐུ་མདོར་གསལ་འཚེར་ཞིང་། །ཨིནྡྲ་ནཱི་ལའི་རལ་པ་གཅིག་ཏུ་འཁྱིལ། །ཁྲོ་གཉེར་རབ་གཙིགས་རལ་པ་མེ་ལྟར་འབར། །པཱུཥྤ་རཱ་གའི་འོད་ཟེར་ཕྱོགས་བཅུར་འཕྲོ། །ཁྲོ་གཉེར་སྤྱན་ཟླུམ་འཇིགས་པའི་སྡང་མིག་ཅན། །ཟ་བྱེད་འབར་བའི་རྣོ་དབལ་མཆེ་བ་གཙིགས། །ཐམས་ཅད་ཆམས་ཆེམས་གསོལ་བའི་རྐན་སྒྲ་ཅན། །ཐོད་ཁྲག་རློན་ཆེན་ཕྲེང་བ་སྦྲུལ་ཞགས་ཀྱིས། །མཐིང་ཀའི་སྐུ་ལ་རབ་ཏུ་མཛེས་པར་བརྒྱན། །ཞིང་ཆེན་གཡང་གཞི་གསར་པས་སྐུ་སྨད་གཡོགས། །ཁྲག་མཚོ་ཐང་དམར་སྐེམས་ཤིང་ལྗགས་འདྲིལ་མ། །ཐོད་རློན་ཀླད་ཁྲག་འདྲེས་པ་གཡས་ན་ཐོགས། །བནྡྷ་རྩེ་གསུམ་འབར་བ་གཡོན་ན་ཐོགས། །འཁོར་ལོ་རྒྱས་འདེབས་ཟ་བྱེད་དཔལ་གྱི་ཡུམ། །རྡོ་རྗེ་མེ་དཔུང་འབར་བའི་ཀློང་དཀྱིལ་དུ། །དབང་ཕྱུག་ཨུ་མ་བསྣོལ་བའི་གདན་སྟེང་ནས། །གཟིར་ཞིང་གནོན་པས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཐམས་ཅད་དབང་དུ་སྡུད་པའི་སྲིང་གཅིག་མ། །བར་སྣང་འཕྱོ་བའི་མེ་ཟ་གྲག་གྱོན་མ། །གླིང་


LT31_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཀུན་ལ་དབང་བའི་དྲག་མོ་རྒྱལ། །སྲོག་གི་སྙིང་པོའི་དམ་ལས་མ་འདའ་ཞིག །དམ་རྫས་དམར་གྱི་ཨརྒྷཾ་འདི་སྦྲེང་བས། །ཐུགས་དམ་རྩེ་གཅིག་མ་གཡེལ་རྒྱུན་དུ་previous hit དགོངས། །རང་རྒྱུད་དག་པའི་རྣལ་འབྱོར་སྒྲུབ་ next hit་པོ། །བརྡ་དང་བཤུག་པ་རྔམས་པའི་ཐལ་མོའི་སྒྲས། །རཀྟ་ཆགས་པའི་བརྡ་ཡིས་གཡབ་འདོར་ན། །གློག་ལྟར་མྱུར་བའི་ཐུགས་རྗེས་འདི་གཤེགས་ཤིག །ཐལ་མོ་བརྡབས་ཤིང་འཇིགས་པའི་བཤུག་གླུ་ལེན། །སྡིག་པའི་གད་མོ་རྒོད་ཅིང་ཁྲག་ཆེན་འཐུང་། །དུས་གསུམ་ཀུན་ལ་མ་སྒྲིབ་མཁྱེན་མངའ་ཞིང་། །དམར་གྱི་དྲི་བསྣམས་ཁྲག་གི་རོ་མྱོང་བ། །དཔག་ཚད་བརྒྱད་ཁྲིའི་གནས་ནས་འདིར་གཤེགས་ལ། །ཤ་ཟ་ཁྲག་འཐུང་རྩུབ་པའི་ལས་ཅན་རྣམས། །ཡེ་ཤེས་རྨད་བྱུང་དོན་དམ་previous hit དགོངས next hit་ཅན། །གཞན་གྱིས་མ་བཅོལ་ཉིད་ཀྱིས་ཞལ་འཆེས་མ། །དམ་ཚིག་དགོངས་ཕྱིར་རྟག་ཏུ་རོལ་མཛོད་ཅིག །ཕྲིན་ལས་གཞུང་བཞིན་ཕོ་ཉ་མང་པོ་འགྱེད། །དམ་ཚིག་གཞུང་བཞིན་ཐམས་ཅད་དབང་དུ་སྡུད། །ཕྲིན་ལས་དུས་ལ་བབ་པོ་སྲིང་གཅིག་མ། །མངོན་སུམ་གྲུབ་པའི་ལས་མཛོད་ད་ཚུར་སྦྱོན། །དམ་རྫས་ཕྱི་ནང་༴ །རྣལ་འབྱོར་འཁོར༴ །དགྲ་བགེགས༴ །ཐུགས་དམ༴ །ཛཿ །སྤྲུལ་པ་


LT31_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་དུས་ལ་བབ། ཚིག་རྐང་གཅིག་པོ་འདི་འོག་གི་ཁྲོ་བཅུ་ཀུན་གྱི་འགོར་སྦྱར། སྟེང་ཕྱོགས་དགྲ་དང་བགེགས་འགུགས་པ། །ཁྲོ་བོ་ཆེན་པོ་ཧཱུྃ་ཀཱ་ར། །དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། །རྡོ་རྗེ་ཕུར་བུ་འདྲིལ་ཞིང་འདེབས། །ཞབས་བཞི་ཚངས་པ་ཕོ་མོ་གནོན། །རྡོ་རྗེ་སྒྲ་འབྱིན་ཁྲོ་མོ་ཡང་། །འཇིགས་བྱེད་ཆེན་མོར་སྣང་བ་སྟེ། །དགྱེས་པའི་ལོངས་སྤྱོད་དོན་དམ་གྱི། །དབྱིངས་ལས་མ་གཡོས་སྤྲུལ་པ་ཡི། །ཕོ་ཉ་མང་པོ་ཕྱོགས་བཅུར་འགྱེད། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོ་བཞེས། །དམ་རྫས་ཕྱི་ནང་གསང་བས་བསྐང་། །འཁོར་སྲུངས་རྐྱེན་ཟློག་བར་ཆད་སོལ། །དགྲ་བགེགས་བྱད་མ་རྡུལ་དུ་རློག །ཐུགས་དམ་གཉེན་པོ་མ་གཡེལ་ཅིག །ཛཿ །སྤྲུལ་པ་ཆེན་པོའི༴ །ཤར་ཕྱོགས་དགྲ་དང་བགེགས༴ །ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ། །དབུ་གསུམ་ཕྱག་དྲུག་གཤོག་པ༴ །རྡོ་རྗེ་ཕུར་བུ་འདྲིལ། །ཞབས་བཞིས་དྲི་ཟ་ཕོ་མོ་གནོན། །རྡོ་རྗེ་སྙེམ་མ་ཁྲོ་མོ་ཡང་། །འཇིགས་བྱེད་སོགས་ཚིག་རྐང་དགུ་པོ་ཁྲོ་བོ་ཀུན་ལ་རིགས་འགྲེའོ། ཛཿ །སྤྲུལ་པ༴ །མེ་མཚམས་དགྲ་དང་བགེགས༴ །ཁྲོ་བོ་ཆེན་པོ་དབྱུག་སྔོན་ཅན། །དབུ་གསུམ་ཕྱག་དྲུག༴ །རྡོ་རྗེ་ཕུར་ཕུ༴ ཞབས་བཞིས་མེ་ལྷ་ཕོ་མོ་གནོན། །རྡོ་རྗེ་སྡེར་མོ་ཁྲོ་མོ་ཡང་། །འཇིགས་བྱེད་སོགས། ཛཿ །སྤྲུལ་པ༴ །ལྷོ་ཕྱོགས་དགྲ༴ །ཁྲོ་བོ་


LT31_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་གཤིན་རྗེ་གཤེད། །དབུ་གསུམ་ཕྱག༴ །རྡོ་རྗེ་ཕུར༴ །ཞབས་བཞིས་གཤིན་རྗེ་ཕོ་མོ༴ །རྡོ་རྗེ་དུར་ཁྲོད་བདག་མོ་ཡང་། །འཇིགས་བྱེད་སོགས། ཛཿ །སྤྲུལ་པ༴ །ལྷོ་ནུབ༴ །ཁྲོ་བོ་ཆེན་པོ་མི་གཡོ་མགོན། །དབུ་གསུམ་ཕྱག །རྡོ་རྗེ་ཕུར་པ༴ །ཞབས་བཞིས་སྲིན་པོ༴ །རྡོ་རྗེ་གཏུན་ཁུང་ཁྲོ་མོ་ཡང་། །འཇིགས་བྱེད༴ །སོགས༴ །ཛ༔ །སྤྲུལ་༴ །ནུབ་ནས་དགྲ༴ །ཁྲོ་བོ་ཆེན་པོ་རྟ་མགྲིན་རྒྱལ། །དབུ་གསུམ་ཕྱག །རྡོ་རྗེ་ཕུར༴ །ཞབས་བཞིས་ཆུ་ལྷ༴ །རྡོ་རྗེ་གཏུམ་མོ་ཁྲོ་མོ་ཡང་། །འཇིགས་བྱེད་སོགས༴ ཛཿ །སྤྲུལ་པ༴ །ནུབ་བྱང་༴ །ཁྲོ་ཆེན་གཞན་གྱིས་མི་ཐུབ་པ། །དབུ་གསུམ་ཕྱག །རྡོ་རྗེ་ཕུར༴ །ཞབས་བཞིས་རླུང་ལྷ༴ །རྡོ་རྗེ་མདའ་སྙེམ་ཁྲོ་མོ་ཡང་། །འཇིགས་བྱེད་སོགས༴ ཛཿ །སྤྲུལ་པ༴ །བྱང་ཕྱོགས་དགྲ༴ །ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ། །དབུ་གསུམ་ཕྱག །རྡོ་རྗེ་ཕུར༴ །ཞབས་བཞིས་གནོད་སྦྱིན༴ །རྡོ་རྗེ་སྒྲ་མཛད་ཁྲོ་མོ་ཡང་། འཇིགས་བྱེད་སོགས༴ །སྤྲུལ་པ༴ །བྱང་ཤར་དགྲ༴ །ཁྲོ་ཆེན་ཁམས་གསུམ་རྣམ་པར་རྒྱལ། །དབུ་གསུམ༴ །རྡོ་རྗེ་ཕུར༴ ཞབས་བཞིས་བགེགས་བདག༴ །རྡོ་རྗེ་གསོད་མ་ཁྲོ་མོ་ཡང་། །འཇིགས་བྱེད་སོགས༴ ཛཿ །སྤྲུལ་པ༴ །འོག་ཕྱོགས་དགྲ༴ །ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ། །དབུ་གསུམ༴ །རྡོ་རྗེ་ཕུར་བུ༴ །ཞབས་


LT31_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བཞིས་ས་བདག༴ །རྡོ་རྗེ་རིགས་བྱེད་ཁྲོ་མོ་ཡང་། །འཇིགས་བྱེད་སོགས༴ ཛཿ དཔལ་གྱི་ཕོ་ཉ་འགུགས་བྱེད་མ། །སྟེང་གི་ཕྱོགས་ནས་བྱུང་བ་ནི། །རྣམ་རྟོག་མི་མངའ་འཕག་པ་ལ། །ཕྱག་བརྙན་ཕག་པའི་མགོ་ཅན་ཞོན། །ཕྱག་གཡས་རྡོ་རྗེ་འབར་བ་ཐོགས། །གཡོན་པས་ཕུར་བུ་འདྲིལ་ཞིང་འདེབས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོ་བཞེས། སོགས་ཚིག་རྐང་ལྔ་པོ་གང་གིས་འགྲེས་ཏེ་ཁྲ་ཐབས་ཐམས་ཅད་ལ་སྦྱར་རོ། །བྷྱོཿདཔལ་གྱི་ཕོ་ཉ། །ཤར་གྱི་ཕྱོགས་ནས། །དཔའ་གཏུམ་ཟ་བྱེད་སྟག་མོ་ལ། །ཕྱག་བརྙན་སྟག་གི་མགོ་ཅན༴ །ཕྱག་གཡས་ལྕགས་ཀྱུ་འབར། །གཡོན་པ་ཕུར་བུ་སོགས་བྷྱོཿ །དཔལ་གྱི་ཕོ་ཉ༴ །མེ་མཚམས་ཕྱོགས་ནས༴ །མི་འགྱུར་གཡག་དཀར་ཆེན་མོ་ལ། །ཕྱག་བརྙན་གཡག་གི་མགོ་བོ་ཅན། །ཕྱག་གཡས་དབྱུག་ཐོ་འབར་བ་ཐོགས། །གཡོན་པ་ཕུར་བུ་སོགས་བྷྱོཿ །དཔལ་གྱི་ཕོ་ཉ༴ །ལྷོ་ཡི་ཕྱོགས་ནས༴ །འཇུག་བྱེད་ཆེན་མོ་ཤ་བ་ལ། །ཕྱག་བརྙན་ཤ་བའི༴ །ཕྱག་གཡས་དབྱུག་པ་འབར༴ །གཡོན་པ་སོགས༴ བྷྱོཿ །དཔལ་གྱི་ཕོ་ཉ༴ །ལྷོ་ནུབ་མཚམས་ནས༴ །ཡེ་ཤེས་སྤྱོད་རྫོགས་གཟིག་གི་ཁྲིར། །ཕྱག་བརྙན་གཟིག་གི༴ །ཕྱག་གཡས་རལ་གྲི༴ །གཡོན་པ་སོགས༴ བྷྱོཿ །དཔལ་གྱི༴ །ནུབ་ཀྱི་ཕྱོགས་ནས༴ །མཁས་བརྩོན་བྱི་ལ་ཆེན་མོ་ལ།


LT31_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བརྙན་བྱི་ལིའི་མགོ་བོ༴ །ཕྱག་གཡས་པདྨ་དམར་པོ། །གཡོན་པ་སོགས༴ བྷྱོཿ །དཔལ་གྱི༴ །ནུབ་བྱང་མཚམས་ནས༴ །ཟ་བྱེད་འཛིན་བྱེད་ལྕེ་སྤྱང་ལ། །ཕྱག་བརྙན་ལྕེ་སྤྱང་མགོ་བོ༴ །ཕྱག་གཡས་རྡོ་རྗེ་འབར༴ །གཡོན་སོགས༴ བྷྱོ། །དཔལ་གྱི༴ །བྱང་གི་ཕྱོགས་ནས༴ །འཇོམས་བྱེད་རྩལ་འཕག་སེངྒེ་ལ། །ཕྱག་བརྙན་སེངྒེའི༴ །ཕྱག་གཡས་རྒྱ་གྲམ་འབར་བ༴ །གཡོན་པ་སོགས༴ བྷྱོ། །དཔལ་གྱི༴ །བྱང་ཤར་མཚམས་ནས༴ །སྟོབས་ཆེན་ལྡན་པ་དྲེད་ཀྱི་ཁྲིར། །ཕྱག་བརྙན་དྲེད་ཀྱི༴ །ཕྱག་གཡས་རྡོ་རྗེ་འབར༴ །གཡོན་པ་སོགས༴ བྷྱོ། དཔལ་གྱི༴ །འོག་གི་ཕྱོགས་ན༴ །རྣོ་བྱེད་ལྡན་པ་དོམ་གྱི་ཁྲིར། །ཕྱག་བརྙན་དོམ་གྱི༴ །ཕྱག་གཡས་ཐོ་བ་འབར༴ །གཡོན་པ་ཕུར་བུ་སོགས༴ བྷྱོ། །དཔལ་གྱི༴ །སྟེང་གི་ཕྱོགས་ནས༴ །མྱོས་བྱེད་རྨིག་བུ་ཆེན་མོ་ལ། །ཕྲ་མེན་རྨིག་བུའི༴ །ཕྱག་གཡས་དྲིལ་བུ་འབར༴ །གཡོན་པ་སོགས༴ བྷྱོ། དཔལ་གྱི༴ །ཤར་གྱི་ཕྱོགས་ནས༴ །ཐོགས་མེད་བྱ་རྒོད་ཆེན་པོ་ལ། །ཕྲ་མེན་བྱ་རྒོད་མགོ༴ །ཕྱག་གཡས་རྔ་ཡབ་མཛེས་པ་ཐོགས། །གཡོན་པ་སོགས༴ བྷྱོ། །དཔལ་གྱི༴ །མེ་ཡི་མཚམས་ནས༴ །རིགས་བྱེད་བྱ་རོག་ཆེན་མོ་ལ། །ཕྲ་མེན་བྱ་རོག་མགོ༴ །ཕྱག་གཡས་མེ་དབལ་འབར༴ །གཡོན་པ་སོགས༴ བྷྱོ། དཔལ་གྱི༴ །ལྷོ་ཡི་


LT31_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ནས༴ །མུན་མཐོང་འུག་པ་ཆེན་མོ་ལ། །ཕྲ་མེན་འུག་པའི་མགོ་བོ༴ །ཕྱག་གཡས་དགྲ་སྟ་འབར༴ །གཡོན་པ་སོགས༴ བྷྱོ། །དཔལ་གྱི༴ །ལྷོ་ནུབ་མཚམས་ནས༴ །སྦེད་བྱེད་ཁྭ་ཏ་ཆེན་མོ་ལ། །ཕྲ་མེན་ཁྭ་ཏའི་མགོ༴ །ཕྱག་གཡས་རྡོ་རྗེ་ཞགས་པ། །གཡོན་པ་སོགས༴ བྷྱོ། དཔལ་གྱི༴ །ནུབ་ཀྱི་ཕྱོགས་ནས༴ །འོད་ལྡན་གསལ་བཀྲ་པུ་ཤུད་ལ། །ཕྲ་མེན་པུ་ཤུད་མགོ༴ །ཕྱག་གཡས་སྦྲུལ་ཞགས༴ །གཡོན་པ་སོགས༴ བྷྱོ། །དཔལ་གྱི༴ །ནུབ་བྱང་མཚམས་ནས༴ གསོད་བྱེད་བྱ་ཁྲ་ཆེན་མོ་ལ། །ཕྲ་མེན་ཁྲ་ཡི་མགོ་བོ༴ །ཕྱག་གཡས་འཁོར་ལོ་འབར། །གཡོན་པ་སོགས༴ བྷྱོ། དཔལ་གྱི༴ །བྱང་གི་ཕྱོགས་ནས༴ །སྒྲིམ་པོ་གསལ་ལྡན་ཕ་ཝང་ལ། །ཕྲ་མེན་ཕ་ཝཾ་མགོ༴ །ཕྱག་གཡས་བེ་ཅོན་འབར༴ །གཡོན་པ་སོགས༴ བྷྱོ། །དཔལ་གྱི༴ །བྱང་ཤར་མཚམས་ནས། གསོད་བྱེད་སྲེ་མོང་ཆེན་མོ་ལ། །ཕྲ་མེན་སྲེ་མོང་མགོ༴ །ཕྱག་གཡས་རྩེ་གསུམ་འབར། །གཡོན་པ་སོགས༴ བྷྱོ། །དཔལ་གྱི་ཕོ་ཉ༴ །འོག་གི་ཕྱོགས༴ །དོན་དམ་དབྱིངས་སྦྱོར་བྱི་བ་ལ། །ཕྲ་མེན་བྱི་བའི་མགོ༴ །ཕྱག་གཡས་གཏུན་ཤིང་འབར༴ །གཡོན་པ་སོགས༴ བྷྱོ། དཀྱིལ་འཁོར་དེ་ཡི་ཕྱི་རིམ་ན། །མཐར་བྱེད་ཆེན་མོ་སྒོ་མ་བཞི། །སྙིང་ནས་དྲོངས་ཤིག་ལྕགས་ཀྱུ་མ། །ཡན་ལག་


LT31_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཆིངས་ཤིག་ཞགས་པ་མ། །དབང་པོ་སྡོམས་ཤིག་ལྕགས་སྒྲོག་མ། །རྡུལ་དུ་རློགས་ཤིག་དྲིལ་བུ་མ། །འདིར་གཤེགས་སོགས། །དཀྱིལ་འཁོར་དེ་ཡི་ཕྱི་རིམ་ན། །དབང་ཕྱུག་ལ་སོགས་ཉི་ཤུ་བརྒྱད། །ཤར་ནས་གཤེགས་པའི་རྣལ་འབྱོར་བདུན། །ཁྱེད་ཀྱིས་ཞི་བའི་ལས་མཛོད་ཅིག །དེ་བཞིན་ཏུ་འདོན་པ་བསྒྱུར་ལ། ལྷོ་ནས་གཤེགས་པའི༴ །ཁྱེད་ཀྱིས་རྒྱས་པའི༴ །ནུབ་ནས་གཤེགས་པའི༴ །ཁྱེད་ཀྱིས་དབང་གི༴ །བྱང་ནས་གཤེགས༴ །ཁྱེད་ཀྱིས་དྲག་པོའི་ལས་མཛོད་ཅིག །འདིར་གཤེགས་སོགས། བྷྱོ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ནམ་མཁའི་ཁམས་ཀྱི་དཔལ་མོ་བཙན། །བར་སྣང་ཁམས་ཀྱི་མཐུ་མོ་ཆེ། །བར་སྣང་རྒྱུ་ཚེ་མཁའ་འགྲོ་མ། །ཆོས་ཀྱི་དབྱིངས་ན་བཞུགས་ཙ་ན། །རྡོ་རྗེ་གར་གྱི་དབང་ཕྱུག་མ། །རྒྱ་མཚོའི་གཏིང་ན་བཞུགས་ཙ་ན། །རྡོ་རྗེ་མེ་ཟ་བྲག་གྱོན་མ། །བྷ་གའི་ཀློང་ན་བཞུགས་ཙ་ན། །ཡུམ་ཆེན་བྷ་ག་པྲི་ཏི་མ། །སྟོན་ཚེ་ཤ་བ་ཆིབས་པའི་ཚེ། །ལྷ་མོ་པརྞ་ཤ་བ་རི། །ནམ་གྱི་གུང་ཕྱེད་རྒྱུ་བའི་ཚེ། །རྡོ་རྗེ་ནམ་གྲུ་མཐུ་མོ་ཆེ། །རི་རྒྱལ་རི་རབ་རྩེར་བཞུགས་ནས། །གླིང་བཞི་སྐྱོང་བར་མཛད་པའི་ཚེ། །གླིང་བཞི་ཀུན་འཇོམས་དྲག་མོ་རྒྱལ། །མི་གཅིག་མ་ལ་མིང་དགུ་མ། །མིང་དགུ་མ་ལ་མཚན་སྟོང་མ། །གང་ལ་བྱ་བ་ནོར་ར་རེ། །སྐྱོད་ཅིག་རི་རབ་རྩེ་


LT31_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྤྱོད། །འདིར་གཤེགས་སོགས༴ བྷྱོ། །ཤྭ་ན་མུ་ཁའི་དུས་ལ་བབ། །ཟངས་ཀྱི་ཝ་མོ་རྐང་གསུམ་ལ། །ཟངས་ཀྱི་མི་མོ་ཆེན་མོ་ཞོན། །མིག་ནི་ཉི་མའི་ཟེར་ལས་འཚེར། །སྤུ་ནི་རལ་གྲིའི་སོ་བས་རྣོ། །སྡེར་མོ་ལྕགས་ཀྱུ་འབར་བ་འདྲ། །མཇུག་མ་ལྕགས་ཀྱུ་ལྡོག་པ་འདྲ། །བང་ནི་གློག་གི་སྐྱོད་དུ་མེད། །སྐད་ནི་སྟོང་ཁམས་ཁྱབ་པར་སྒྲོགས། །གཡས་པ་རྡོ་རྗེ་རི་རབ་བསྙིལ། །གཡོན་པ་ཟངས་ཀྱི་ཞགས་པ་ཐོགས། །གང་ལ་བྱ་བ་ནོར་ར་རེ། །སྤྱོད་ཅིག་རྒྱ་མཚོའི་གཏིང་ནས་སྐྱོད། །འདིར་གཤེགས་མཆོད་སྤྲིན་སོགས༴ བོྷྱ། །ས་བདག་ཆེན་མོའི་དུས་ལ་བབ། །རྒྱ་གར་ཡུལ་གྱི་ཚུ་རོལ་ན། །བལ་པོ་ཡུལ་གྱི་ཕ་རོལ་ན། །རྒྱ་བལ་གཉིས་ཀྱི་མཚམས་ཤེད་ན། །ཆུ་ནི་བྱང་ཆུབ་བདུད་རྩིའི་ཆུ། །མེ་ཏོག་པདྨ་དགུན་ཡང་སྐྱེ། །ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། །སློབ་དཔོན་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་ཁས་བླངས་དམ་བཅས་ནས། །ཕུར་པའི་སྲུང་མར་ཞལ་བཞེས་མ། །བསེ་ཡི་ལྷ་མོ་མཆེད་བཞི་སྟེ། །གཅིག་ནི་བལ་ཡུལ་མཐིལ་ན་བཞུགས། །མར་ཁུའི་མཚོ་ལ་གནས་བཅས་ཤིང་། །ཁྱོད་ཀྱི་བཀའ་ཉན་འབུམ་སྡེ་ནི། །ནང་ཡང་མར་ཁུའི་མཚོ་ལ་འདུ། །ནུབ་ཀྱང་མར་ཁུའི་མཚོ་ལ་འདུ། །མར་ཁུའི་མཚོ་ལ་འདུ་འདུ་ནས། །མཐིང་ནག་རལ་པ་ཤ་ར་ར། །དབང་གི་བསྲེ་ཁྲབ་སི་ལི་


LT31_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ལི། །རལ་པ་རེ་ལ་ཕུར་པ་རེ། །བསེ་ཡི་རལ་པ་སི་ལི་ལི། །ཁྱོད་ནི་བདུད་ཀྱི་བུ་མོ་སྟེ། །ཆིབས་སུ་བདུད་རྟ་ནག་པོ་ཆིབས། །ན་བཟའ་བེར་ཆེན་མཐིང་ནག་གསོལ། །བརྡའ་ནི་མི་འཕྲོད་ལྷོ་བལ་སྐད། །སྐད་ནི་མི་གོ་གསལ་མི་གསལ། །དྲི་ནི་མི་འཕྲོད་ཕྱོགས་ཀུན་ལྡང་། །གཟུགས་ནི་མི་སྟོན་ལག་བརྒྱ་མ། །གཡས་པ་ལྔ་བཅུས་ཕུར་པ་འདྲིལ། །གཡོན་པ་ལྔ་བཅུས་ལྕགས་ཀྱུ་འཛིན། །ལྕགས་ཀྱུས་ཟུང་ལ་ཕུར་པས་ཐོབ། །ཀུ་ལནྡྷ་རའི་དུས་ལ་བབ། །འདིར་གཤེགས་མཆོད་སྤྲིན་སོགས༴ །ས་བདག་ཆེན་མོའི་སོགས་འགྲེ༴ གཅིག་ནི་ཚ་བ་རོང་ན་བཞུགས། །ཞག་གི་མཚོ་ལ་གནས༴ །ཁྱོད་ཀྱི་བཀའ་ཉན༴ །ནང་ཡང་ཞག་གི༴ །ནུབ་ཀྱང་ཞག་གི༴ །ཞག་གི་མཚོ་ལ༴ །སེར་ནག་རལ་པ༴ །དབང་གི་བསེ་ཁྲབ༴ །རལ་པ་རེ་ལ༴ །བསེ་ཡི་རལ་པ༴ །ཁྱོད་ནི་གཟའ་ཡི་བུ་མོ་སྟེ། །ཆིབས་སུ་གཟའ་རྟ་ཞུར་མོ་ཆིབས། །ན་བཟའ་བེར་ཆེན་སེར་ཁྲ་གསོལ། །བརྡ་ནི་མི་འཕྲོད་ཅེས་སོགས་ནས༴ ལྕགས་ཀྱུས་ཟུང་ལ་ཕུར་པས་ཐོབ། །ཞེས་པའི་བར་གོང་བཞིན་ཏེ་འོག་མ་རྣམས་ལའང་སྦྱར། ཤུ་ལནྡྷ་རའི་དུས་ལ་བབ། །འདིར་གཤེགས་སོགས༴ ས་བདག་རྒྱལ་མོའི་སོགས༴ །གཅིག་ནི་མང་ཡུལ་བསེ་ན་བཞུགས། །རཀྟའི་མཚོ་ལ་གནས༴ །ཁྱོད་ཀྱི་བཀའ་ཉན༴ །ནང་ཡང་རཀྟའི༴ །ནུབ་ཀྱང་རཀྟའི༴


LT31_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟའི་མཚོ་ལ༴ །དམར་ནག་རལ་པ༴ །དབང་གི་བསེ་ཁྲབ༴ །རལ་པ་རེ་ལ་ཕྱར༴ །ཁྱོད་ནི་བཙན་གྱི་བུ་མོ་སྟེ། །ཆིབས་སུ་བཙན་རྟ་དམར་པོ་ཆིབས། །ན་བཟའ་བེར་ཆེན་དམར་ཁྲ་གསོལ། བརྡ་ནི་སོགས༴ །ཙ་མུན་དྷ་རིའི་དུས་ལ་བབ། །འདིར་གཤེགས་སོགས༴ །ས་བདག་ཆེན་མོའི། སོགས༴ །གཅིག་ནི་སྙེན་མ་བྲིན་ན་བཞུགས། །འོ་མའི་མཚོ་ལ། །ཁྱོད་ཀྱི་བཀའ༴ །ནང་ཡང་འོ་མའི༴ །ནུབ་ཀྱང་འོ་མའི༴ །འོ་མའི་མཚོ་ལ༴ །ལྗང་ནག་རལ་པ༴ །དབང་གི་བསེ་ཁྲབ༴ །རལ་པ་རེ་ལ༴ །བསེ་ཡི་རལ་པ༴ །ཁྱོད་ནི་ཀླུ་ཡི་བུ་མོ་སྟེ། །ཆིབས་སུ་ཀླུ་རྟ་སྔོན་པོ་ཆིབས། །ན་བཟའ་བེར་ཆེན་སྔོ་ཁྲ་གསོལ། །བརྡ་ནི་སོགས༴ །ཀཾ་ཀ་དྷ་རའི་དུས་ལ་བབ། །འདིར་གཤེགས་སོགས༴ །དེ་ཡི་ལས་མཁན་ཆེན་མོ་ནི། །གྲུ་འདེགས་རྒྱལ་མོ་ཆེན་མོ་བཞི། །སྤྱི་བྱིན་རྡོ་རྗེ་མཐུ་མོ་ཆེ། །ཁྱོད་ནི་བདུད་ཀྱི་བུ་མོ་སྟེ། །མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །མཐིང་ནག་རལ་པ་ཤ་ར་ར། །མཐིང་ནག་ཅོད་པན་པུ་རུ་རུ། །ཕྱག་ན་གསེར་གྱི་ཕུར་པ་བསྣམས། །གསེར་གྱི་རྔ་ཆུང་དི་རི་རི། །གསེར་གྱི་མདུང་ཐུང་ཆེམས་སེ་ཆེམ། །གསེར་གྱི་རྣ་ཆ་ཀྱི་ལི་ལི། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །འདིར་གཤེགས་སོགས༴ །ཡ་བྱིན་རྡོ་རྗེ་མཐུ་མོ་ཆེ། །ཁྱོད་ནི་གཟའ་ཡི་བུ་མོ་སྟེ། །སེར་ནག་འབར་བའི༴ །ཞག་གི་རལ་


LT31_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

པ༴ ལེ་བརྒན་ཅོད་པན༴ །ཕྱག་ན་ཟངས་ཀྱི་ཕུར་པ༴ །ཟངས་ཀྱི་རྔ་ཆུང་༴ །ཟངས་ཀྱི་མདུང་། ཐུང་༴ །ཟངས་ཀྱི་རྣ་ཆ༴ །ཁྱོད་ཀྱི་ཐུགས་དམ༴ །འདིར་གཤེགས་སོགས༴ །བསེ་བྱིན་རྡོ་རྗེ་མཐུ་མོ་ཆེ། །ཁྱོད་ནི་བཙན་གྱི་བུ་མོ༴ །དམར་ནག་འབར་བའི༴ །ཁྲག་གི་རལ་པ༴ །ལེ་བརྒན་ཅོད་པན༴ །ཕྱག་ན་བསེ་ཡི་ཕུར་པ༴ །བསེ་ཡི་རྔ་ཆུང་༴ །བསེ་ཡི་མདུད་ཐུང་༴ །བསེ་ཡི་རྣ་ཆ༴ཁྱོད་ཀྱི་ཐུགས༴ །འདིར་གཤེགས་སོགས༴ །ཕྱག་བྱིན་རྡོ་རྗེ་མཐུ་མོ་ཆེ། །ཁྱོད་ནི་ཀླུ་ཡི་བུ་མོ༴ །ལྗང་ནག་འབར་བའི༴ །ལྗང་ནག་རལ་པ༴ །ལྗང་ནག་ཅོད་པན༴ །ཕྱག་ན་ལྕགས་ཀྱི་ཕུར་པ༴ །ལྕགས་ཀྱི་རྔ་ཆུང་༴ །ལྕགས་ཀྱི་མདུང་ཐུང་༴ །ལྕགས་ཀྱི་རྣ་ཆ༴ །ཁྱོད་ཀྱི་ཐུགས༴ །འདིར་གཤེགས་མཆོད་སྤྲིན༴ །དམ་རྫས་ཕྱི་ནང་༴ །འཁོར་སྲུངས་རྐྱེན་ཟློག༴ །དགྲ་བགེགས་བྱད་མ། །ཐུགས་དམ་གཉན་པོ་མ་གཡེལ་ཅིག །ལྷ་ཚོགས་འཁོར་བཅས་མ་ལུས་ཀུན། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །གདུག་པའི་དགྲ་བགེགས་བསྒྲལ་བ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། དེ་ནས་འདོད་དོན་གསོལ་བའི། ཧོཿ །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །ཐུགས་ཀྱི་སྲས་མཆོག་རིགས་ལྔའི་ཀཱ་ལ་ཡ། འཇིགས་བྱེད་ཐབས་ཀྱི་ཁྲོ་བོ་ཕ་བཅུ། །ཤེས་རབ་དབྱིངས་


LT31_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡུམ་གྱུར་ཁྲོ་མོ་མ་བཅུ། ཕྱག་བརྙན་སྤྲུལ་པའི་ཟ་གསོད་ཉི་ཤུ། ལས་བཞི་ལྷུན་གྲུབ་སྒོ་མ་རྣམ་བཞི། བསྟན་སྲུང་ཆེན་མོ་ཤྭ་ན་མུ་ཁ་མཆེད་བཞི། བདག་ཉིད་ཆེན་མོ་རེམ་ཏི་མཆེད་བཞི་ས་བདག་ཆེན་མོ་བསེ་ཡི་ལྷ་མོ། ཁྲག་སྐྱུགས་མདའ་ལྟར་འཕེན་པ་བསེ་ཡི་སྐྱེས་བུ་བཞི། གཟེར་བྱེད་ཕུར་ལྟར་འདེབས་པ་ལྕགས་ཀྱི་སྐྱེས་བུ་བཞི། སྨྱོ་འབོག་རྒྱལ་ནད་གཏོང་བ་དུང་གི་སྐྱེས་བུ་བཞི་ལ་སོགས་པ། ཕུར་པ་ཕྲིན་ལས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད། དམ་རྫས་ཕུད་ཀྱི་མཆོད་པ་འདི་བཞེས་ལ། །དགྲ་བགེགས་དམ་སྲི་ཐལ་བའི་རྡུལ་དུ་རླག་པའི་ཕྲིན་ལས་མཛོད་ཅིག །གཞན་ཡང་། ཕྱི་ཡི་ལྷ་མ་སྲིན་སྡེ་བརྒྱད། །ནང་གི༴ །གསང་བའི༴ ཡང་གསང་གི༴ །སྦས་པའི༴ ལས་བྱེད་མྱུར་མགྱོགས་ཀྱི༴ འཇིག་རྟེན་བརྟགས་ཆགས་ཀྱི༴ དྲག་པོ་སྔགས་ཀྱི་ལྷ་མ་སྲིན་སྡེ་བརྒྱད། གནོད་སྦྱིན་བྱེ་བའི་ཚོགས་སློབ་དཔོན་དགུ་བརྒྱུད་ཀྱི་སྲུང་མ། བརྟེན་བརྟེན་པ། བསྒྲུབས་བསྒྲུབས་པ། གསོལ་གསོལ་བ། མཆོད་མཆོད་པ། རང་བཞིན་གྱིས་ཆགས་པའི་སྲུང་མ་དམ་ཅན་རྒྱ་མཚོ་ཐམས་ཅད། དམ་རྫས་ཕུད་ཀྱི་མཆོད་པ་འདི་བཞེས་ལ། རྣལ་འབྱོར་བ་བདག་ཅག་འཁོར་དང་བཅས་པ་རྣམས་ལ། སྡང་བར་བྱེད་པའི་དགྲ་སོད། གནོད་པར་བྱེད་པའི་བགེགས་ཐུལ། ཇི་ལྟར་བཅོལ་བའི་ལས་ཀྱིས་ཤིག །སུ་ལ་


LT31_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

མི་རེ་ཁྱོད་ལ་རེ། སུ་ལ་མི་ལྟོས་ཁྱོད་ལ་ལྟོས། རྒྱ་མཚན་དུ་ཁྱེད་འཛུགས། དཔའ་ངར་དུ་ཁྱེད་ཕྱར། ཕྲག་པ་ལ་ཁྱེད་ཁུར་རོ། སྡང་བའི་དགྲ་ལ་མཐུ་མ་ཆུང་། གནོད་པའི་བགེགས་ལ་རྩལ་མ་ཞན། མཐུ་རྩལ་ཕྱུང་ལ་ལས་གྱིས་ཤིག །མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་བ་དང་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། སངས་རྒྱས་ཀྱི་བསྟན་པ་བཤིག་ཅིང་སེམས་ཅན་ལ་གནོད་ཅིང་འཚེ་བ་ལ་སོགས་པ་ཞིང་བཅུ་ཚང་པའི་བསྟན་དགྲ་སྤྱི་དང་། ཁྱད་པར་དུ་ངེས་དོན་སྙིང་པོ་ཕྱིར་མི་ལྡོག་པའི་བཤད་སྒྲུབ་ཀྱི་བསྟན་པ་དང་། དེར་འཛིན་འཁོར་དང་བཅས་པ་ལ་དངོས་དང་བརྒྱུད་ནས་འགལ་རྐྱེན་བར་གཅོད་བྱེད་པའི་གཟུགས་ཅན་གྱི་མི་དང་། གཟུགས་མེད་དམ་སྲི་རྒྱབ་བརྟེན་དང་བཅས་པ་ཐམས་ཅད་གཟིར་མནན་བསྐྲད་རྨོངས་རེངས་པ་དང་། བསད་བསྟབ་སྤོར་བའི་སྦྱོར་བ་ལ་སོགས་པ་མངོན་སྤྱོད་དྲག་པོའི་ལས་ཀྱིས་སྐད་ཅིག་ཡུད་ཙམ་ཐང་གཅིག་ལ་ཚར་གཅད་པར་མཛད་དུ་གསོལ། མདོར་ན་ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད། རིག་འཛིན་རྣམ་པ་བཞིའི་གོ་འཕང་ལ་སོགས་པ་མཆོག་ཐུན་མོངས་ཀྱི་དངོས་གྲུབ་ཡིད་ལ་ཇི་ལྟར་འདོད་པ་ཐམས་ཅད་མྱུར་དུ་སྩོལ་བར་མཛད་དུ་གསོལ། ཅེས་བརྗོད། འདི་ཉིད་སྒེར་དུ་བྱེད་ན། ཡེ་ཤེས་ལྔ་ལྡན་སོགས་ཀྱིས་དངོས་གྲུབ་ཀྱང་བླང་། གསོལ་མཆོད་གྲུབ་ནས། སངས་རྒྱས་བསྟན་སྲུངས་སོགས་ཀྱི་ཕྲིན་ལས་


LT31_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བཅོལ། ཡེ་ཤེས་པ་རྣམས་རྟེན་ལ་བསྟིམ། འཇིག་རྟེན་པ་རྣམས། གཙྪ་གཙྪ་སྭ་བྷཱ་བཱ་ནཱཾ། ཞེས་པས་གཤེས་སུ་གསོལ་ལ་གཏོར་མ་གཙང་སར་ཕུལ་ལོ། །ནོར་བུ་བྱི་དོར་བྱས་པས་འདོད་རྒུ་འཇོ། །དཀོན་མཆོག་གསོལ་བ་བཏབ་པས་བྱིན་རླབས་འབྱུང་། །དམ་ཅན་མཆོད་བསྟོད་བསྐུལ་བས་ཕྲིན་ལས་འགྲུབ། །རྒྱུ་ལ་ལྟོས་པས་འཐད་པའི་རིགས་པར་གྲུབ། །གང་ཕྱིར་ནོངས་པ་བཤགས་ཤིང་དགེ་གང་མཆིས། །སྙིང་པོའི་བསྟན་པ་ཕྱོགས་བརྒྱར་རྒྱས་པ་དང་། །དེ་འཛིན་བྱེད་རྣམས་བར་ཆད་ཞི་བ་དང་། །འབྲེལ་ཚད་བདུད་བཞིའི་གཡུལ་ལས་རྒྱལ་ཕྱིར་བསྔོ། །ཞེས་པའང་བསྟན་ལ་ལྷག་པའི་བསམ་པ་དགེ་བ་ཛཾ་ཐང་བླ་མ་ལྔ་པ་ཆེད་དུ་བསྐུལ་ངོར། སྙིང་པོའི་བསྟན་པ་དང་རྗེ་བཙུན་ཆེན་པོའི་གསུང་རབ་ཀྱི་ཞབས་ཏོག་ཏུ་དམིགས་ནས། ཆོས་རྗེ་དཔལ་ལྡན་བླ་མས་མཛད་པའི་སྒྲུབས་ཐབས་རྒྱས་པའི་བསྙོད་བསྐུལ་ཆེན་མོ་མཐའ་བསྒྱུར་གྱིས་བརྒྱན་ཏེ། པདྨའི་འབངས་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་གླིང་དུ་སྦྱར་བ་བསྟན་འགྲོ་ལ་ཕན་བརྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །དགེ་ལེགས་འཕེལ། །


previousདཔལ་ཆེན་རྡོ་རྗེ་གཞོན་ནུ་གཙོ་འཁོར་སྲུང་མར་བཅས་པའི་བསྟོད་བསྐུལ་གསོལ་ཁ་སྦྲེལ་བ་ལྷའི་རྔ་སྒྲ།next