ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བླ་མ་བརྒྱུད་པའི་ཕྱག་འཚལ་ཉེས་ལྟུང་རང་གྲོལ།
ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བླ་མ་བརྒྱུད་པའི་ཕྱག་འཚལ་ཉེས་ལྟུང་རང་གྲོལ་ཞེས་བྱ་བ་བཞུགས་སོ། །།
ཨེ་མ་ཧོཿཀུན་ཁྱབ་འགྱུར་མེད་དུས་བཞི་མཉམ་ཉིད་ཀློང་། །ཁྱད་ཆོས་དྲུག་ལྡན་གཞོན་ནུ་བུམ་པ་སྐུ། །རང་ཤེས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་། །ཀ་དག་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །རང་སྣང་འོག་མིན་བདལ་ཁྱབ་ཐིག་ལེའི་ཞིང་། །ཟང་ཐལ་རིག་པ་འགྱུ་འཕྲིག་ལུ་གུ་རྒྱུད། །ཡེ་ཤེས་མཚན་དཔེའི་སྐུར་སྨིན་རིགས་ལྔའི་རྒྱལ། །ལྷུན་གྲུབ་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་ལོ། །རྩལ་སྣང་མ་འགག་གདངས་གསལ་འོད་ཁྱིམ་དབུས། །ཐིག་ལེ་ཉག་གཅིག་བརྡ་ཡི་ཞལ་ཕྱག་ཚུལ། །དཀྱིལ་འཁོར་འཁོར་ལོའི་མགོན་པོ་རྡོ་རྗེ་སེམས། །རང་བྱུང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །འོད་གསལ་རྡོ་རྗེ་སྙིང་པོའི་གསང་བའི་རྒྱུད། །མཐར་ཐུག་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཡི། །སྟོན་པ་གཉིས་པ་རང་བྱུང་བཛྲ་ཧེ། །དགའ་རབ་རྡོ་རྗེའི་ཞབས་ལ་ཕྱག་འཚལ་ལོ། །རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་ཆེན་པོ་བརྙེས། །ཡེ་ཤེས་ཟང་ཐལ་དགོངས་པ་ཚད་ལ་ཕེབ། །འཕོ་བ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྐུ། །ཤྲཱི་སིང་ཧའི་ཞབས་ལ་ཕྱག་འཚལ་ལོ། །རྡོ་རྗེའི་སྐུ་ལ་རྒྱལ་ཀུན་དཀྱིལ་འཁོར་རྫོགས། །གཞོམ་མེད་གསུང་ལས་དམ་ཆོས་སྤྲིན་ཆེན་སྤྲོ། །དགོངས་པའི་ཏིང་འཛིན་འཁོར་བ་དོང་ནས་སྤྲུགས། །པདྨ་འབྱུང་གནས་ཞབས་ལ་ཕྱག་འཚལ་ལོ། །འཕགས་བཞིའི་བསྐྱེད་ཡུམ་ཤེས་རབ་ཕ་རོལ་ཕྱིན། །
གསང་སྔགས་སྡུད་པོ་ནུས་འབྱིན་གཟུངས་མའི་ཚུལ། །ཡེ་ཤེས་མཁའ་འགྲོའི་གཙོ་མོ་དབྱིངས་ཕྱུག་མ། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་ཕྱག་འཚལ་ལོ། །པདྨས་རྗེས་བཟུང་སྐྱེས་མཆོག་སྤྲུལ་པའི་སྐུ། །རྟོགས་གྲོལ་དུས་མཉམ་གྲུབ་པའི་རྩལ་ཆེན་རྫོགས། །གསང་གཏེར་བཀའ་བབ་ཕྲིན་ལས་མཁའ་མཐར་བརྡལ། །ཀརྨ་གླིང་པའི་ཞབས་ལ་ཕྱག་འཚལ་ལོ། །རིགས་ཀྱི་དཔྱིད་དང་ཆོས་ཀྱི་སྲས་གྱུར་ཞིང་། །གཅིག་བརྒྱུད་གྲོལ་བ་བཞི་ལྡན་ནོར་བུ་ཡིས། །ཟབ་གསང་ཐུགས་ཀྱི་བང་མཛོད་ཡོངས་སུ་གཏམས། །ཉི་ཟླ་ཆོས་རྗེའི་ཞབས་ལ་ཕྱག་འཚལ་ལོ། །སྨོན་ལམ་དབང་གིས་སྐྱས་ཐོབ་ལས་འཕྲོ་སད། །སྦྱངས་པའི་སྟོབས་ཀྱིས་ཤེས་རབ་ཀློང་དུ་བརྡོལ། །འཆད་རྩོམ་སྣང་བས་གཞུང་མང་ལམ་གསལ་མཛད། །ཉི་ཟླ་འོད་ཟེར་ཞབས་ལ་ཕྱག་འཚལ་ལོ། །བཀའ་བབ་ལུང་ཟིན་རྩོད་མེད་ནམ་མཁའི་ནོར། །ཟབ་དགུའི་གདམས་བའི་གཏེར་གྱི་བུམ་པ་བཟང་། །འགྲོ་ཕན་ཟད་མེད་འཇོ་བའི་ཡིད་བཞིན་དབང་། །ནམ་མཁའ་རྒྱ་མཚོའི་ཞབས་ལ་ཕྱག་འཚལ་ལོ། །རི་བོ་རྒྱ་མཚོ་རིག་སྣང་ཅོག་བཞག་གི། ལྟ་དགོངས་མན་ངག་ཉམས་ལེན་གདིང་དུ་གྱུར། །རང་གྲོལ་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ། །མགོན་པོ་རྡོ་རྗེའི་ཞབས་ལ་ཕྱག་འཚལ་ལོ། །རྡོ་རྗེའི་ལུས་ལ་
དགའ་བཞིའི་འགྲོས་ཐིམ་པས། །ནང་གི་ལམ་ལས་རྟག་བདེའི་གོ་འཕང་བརྙེས། །རྣམ་གསུམ་ཡོ་གའི་སྙིང་བཅུད་དགོངས་འདུས་པ། །ཆོས་ཀྱི་རྒྱལ་མཚན་ཞབས་ལ་ཕྱག་འཚལ་ལོ། །ཟབ་ཆོས་དུ་མའི་བདག་པོར་ལུང་གིས་ཟིན། །བསྙེན་སྒྲུབ་ཆུ་བོ་ལྟ་བུའི་རྒྱུན་སྲོལ་བཙུགས། །བཀའ་གཏེར་ཉི་མ་འདྲེན་པའི་ཤིང་རྟ་བ། །བློ་གྲོས་རྒྱ་མཚོའི་ཞབས་ལ་ཕྱག་འཚལ་ལོ། །ཕྱི་ཡི་སྣང་བ་རིག་པའི་རྩལ་དུ་གྲོལ། །ནང་གི་འགྱུ་སྟོང་སྐྱེ་མེད་དབྱིངས་སུ་ཆོད། །བར་དུ་འོད་གསལ་བདེ་བའི་ཉི་མ་ཤར། །དོན་གྲུབ་བཀྲ་ཤིས་ཞབས་ལ་ཕྱག་འཚལ་ལོ། །ཤེས་བྱའི་རྒྱ་མཚོ་རྣམ་དཔྱོད་བུམ་པར་དྲངས། །གནས་ལུགས་གཉུག་མའི་གཏེར་ཁ་ནང་ནས་བརྡོལ། །སྨོན་ལམ་མཐུ་ཅན་གདུལ་བྱ་རྒྱ་མཚོའི་མགོན། །ལེགས་བཤད་སྒྲ་དབྱངས་ཞབས་ལ་ཕྱག་འཚལ་ལོ། །ཚུལ་ཁྲིམས་ཏིང་འཛིན་སེམས་ཀྱི་བསླབ་པ་ཡིས། །ཐུགས་རྒྱུད་ལེགས་གཏམས་མཚུངས་མེད་རྒྱལ་བའི་སྲས། །པདྨའི་བརྒྱུད་འཛིན་མཆོག་གི་སྤྲུལ་པའི་སྐུ། །བློ་གྲོས་རྣམ་རྒྱལ་ཞབས་ལ་ཕྱག་འཚལ་ལོ། །ལུས་གནས་རྩ་ཡིག་དྭངས་མས་དབང་དུ་གྱུར། །ཐིག་རླུང་འགྱུར་མེད་བདུད་རྩིའི་རོ་ཡིས་མྱོས། །བདེ་སྟོང་མཁའ་ཁྱབ་ཆེན་པོའི་རིག་སྔགས་འཆང་། །སངས་རྒྱས་རིན་ཆེན་ཞབས་ལ་ཕྱག་འཚལ་ལོ། །ལྟོས་མེད་བཞི་དང་ལྡན་པའི་རྣལ་འབྱོར་གྱིས། །
ཚེ་གཅིག་ཟུང་འཇུག་ཆེན་པོའི་རྒྱལ་སར་གཤེགས། །གཡུང་མོ་ཁྲག་འཐུང་བཤེས་གཉེན་ཚུལ་འཛིན་པ། །ཀུན་དགའ་རྣམ་རྒྱལ་ཞབས་ལ་ཕྱག་འཚལ་ལོ། །སྡེ་སྣོད་རྒྱུད་སྡེར་མཁྱེན་པའི་དཀྱིལ་འཁོར་རྒྱས། །བརྩེ་ཆེན་ཟག་པ་མེད་པའི་འོད་སྟོང་འཕྲོ། །ནུས་པའི་དྲྭ་བས་སྲིད་ཞི་ཁྱབ་པར་སྡོམ། །བློ་གྲོས་ཉི་མའི་ཞབས་ལ་ཕྱག་འཚལ་ལོ། །བཏང་བཞག་བྲལ་བའི་བསམ་གཏན་མངོན་གྱུར་པས། །འབད་རྩོལ་གཉེན་པོའི་ལམ་ལ་མ་ལྟོས་པར། །བདེ་གསལ་མི་རྟོག་དགོངས་པ་མཐའ་དབུས་མེད། །བསོད་ནམས་འགྱུར་མེད་ཞབས་ལ་ཕྱག་འཚལ་ལོ། །ལྟ་སྒོམ་སྤྱོད་པའི་བློ་ཡི་གཟེབས་ལས་གྲོལ། །ཞེ་འདོད་ཉམས་མྱོང་འཛིན་པའི་བརྟོད་ཕུར་བུད། །གདོད་གནས་རྟོག་པའི་རྡོ་རྗེའི་གོ་འཕང་པ། །དཀོན་མཆོག་བསྟན་འཛིན་ཞབས་ལ་ཕྱག་འཚལ་ལོ། །རིམ་གཉིས་ལྷ་སྐུ་ཞུ་བདེ་མངོན་ཏུ་གྱུར། །སྲོག་དང་རྩོལ་བ་རྡོ་རྗེའི་བཟླས་པར་གྱུར། །དཀྱིལ་འཁོར་ཆེན་པོའི་རྡོ་རྗེའི་སློབ་དཔོན་མཆོག །བསྟན་པ་རྣམ་རྒྱལ་ཞབས་ལ་ཕྱག་འཚལ་ལོ། །གྲུབ་པའི་དབང་ཕྱུག་དཔལ་ལྡན་ཤ་བ་རི། །གདུལ་བྱའི་དོན་ཏུ་མཁས་གྲུབ་སྐྱེས་བུའི་ཚུལ། །གཞུང་ལུགས་གདམས་ངག་སྨིན་གྲོལ་བྱེ་བའི་གཏེར། །གསུང་རབ་རྒྱ་མཚོའི་ཞབས་ལ་ཕྱག་འཚལ་ལོ། །དུས་
གསུམ་ཀུན་མཁྱེན་པདྨའི་བྱིན་རླབས་ཀྱིས། །རང་བྱུང་ཡེ་ཤེས་སྙིང་གི་དབུས་སུ་སད། །ཐུགས་གཏེར་མཛོད་འཛིན་སྙིགས་མའི་འགྲོ་བ་འདུལ། །རོལ་པའི་རྡོ་རྗེའི་ཞབས་ལ་ཕྱག་འཚལ་ལོ། །ལྷན་སྐྱེས་སྟོང་ཉིད་ཕྱག་རྒྱ་ཆེན་མོ་དང་། །རྩོལ་མེད་རིག་པའི་སྐྱེས་བུ་འདུ་འབྲལ་མེད། །བདེ་སྟོང་ཁ་སྦྱོར་གྲུབ་པའི་རྡོ་རྗེ་འཛིན། །ཆོས་སྐྱོང་རྣམ་རྒྱལ་ཞབས་ལ་ཕྱག་འཚལ་ལོ། །གནས་ལྔ་ཀུན་མཁྱེན་མ་ཧཱ་པཎྜི་ཏ། །མདོ་རྒྱུད་མན་ངག་དུ་མའི་ཆོས་ཀྱི་མཛོད། །ཡོངས་རྫོགས་བསྟན་པའི་ཉིན་བྱེད་གཅིག་པུ་བ། །ཆོས་ཀྱི་འབྱུང་གནས་ཞབས་ལ་ཕྱག་འཚལ་ལོ། །རང་ལས་བྱུང་བའི་འཇའ་འོད་ཁང་བཟང་དུ། །རང་རིག་འགྱུར་མེད་རྡོ་རྗེ་ལུ་གུ་རྒྱུད། །གཡོ་ཐོབ་གོམས་བརྟན་སྣང་བ་ཚད་ལ་ཕེབ། །དགེ་ལེགས་རབ་རྒྱས་ཞབས་ལ་ཕྱག་འཚལ་ལོ། །སྤྲོས་པའི་བླང་དོར་གཟའ་གཏད་མེད་པར་ཐིམ། །གཉིས་སྣང་འཁྲུལ་པའི་རི་མོ་དབྱིངས་སུ་ཡལ། །གང་ཤར་ལམ་དུ་ལོངས་བའི་རྣལ་འབྱོར་པ། །ཆོས་སྐྱོང་འགྱུར་མེད་ཞབས་ལ་ཕྱག་འཚལ་ལོ། །བྱིན་རླབས། ཐུགས་རྗེའི་གཟི་བྱིན་མཚུངས་པ་མེད། །འབྲེལ་ཚད་སྐལ་ལྡན་ཐར་པའི་ལམ་དུ་སྦྱོར། །སྙིགས་མའི་དུས་སུ་རྒྱལ་བའི་མཛད་པ་ཅན། །བསྟན་འཛིན་ཉིན་བྱེད་ཞབས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་
འདུས་འགྱུར་མེད་རྡོ་རྗེའི་ཐུགས། །དམ་ཆོས་ཀུན་འདུས་འགག་མེད་རྡོ་རྗེའི་གསུང་། །དགེ་འདུན་ཀུན་འདུས་མི་ཤིགས་རྡོ་རྗེའི་སྐུ། །རྩ་བའི་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་ལྡན་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །གཟུང་འཛིན་འཆིང་བ་མ་སྤངས་རང་སར་གྲོལ། །རང་སྣང་རིས་མེད་ཀུན་བཟང་དགོངས་པའི་ཀློང་། །རྟོགས་གྲོལ་འཁོར་བ་དོང་སྤྲུགས་བྱིན་གྱིས་རློབས།། །།འདི་ལྟར་བཤེས་གཉེན་དམ་པའི་ཐུགས་བཞེད་ངོར། །གསུང་གི་རྡོ་རྗེ་པདྨའི་རིག་སྔགས་འཛིན། །བློ་གྲོས་མཐའ་ཡས་ཡོན་ཏན་རྒྱ་མཚོས་བྲིས། །འབྲེལ་ཐོགས་འགྲོ་ཀུན་ཀ་དག་ཀློང་གྲོལ་ཤོག །སརྦ་མངྒ་ལཾ།། །།