Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

7 occurrences of ཁྲོལ་བུ་
[Clear Hits]


  
  
 
  
  
  
  
 
  
  
  
  
  
  
 
 
  
  
ཡེ་ཤེས་མཁའ་འགྲོ་བདུད་འདུལ་དྲག་མོའི་བསྙེན་སྒྲུབ་ཀྱི་ཡི་གེ་མདོར་བསྡུས་གནམ་ལྕགས་ལྡེའུ་མིག
  
  
  
  
  
  


7 occurrences of ཁྲོལ་བུ་
[Clear Hits]

 
previousཡེ་ཤེས་མཁའ་འགྲོ་བདུད་འདུལ་དྲག་མོའི་བསྙེན་སྒྲུབ་ཀྱི་ཡི་གེ་མདོར་བསྡུས་གནམ་ལྕགས་ལྡེའུ་མིགnext

ཡེ་ཤེས་མཁའ་འགྲོ་བདུད་འདུལ་དྲག་མོའི་བསྙེན་སྒྲུབ་ཀྱི་ཡི་གེ་མདོར་བསྡུས་གནམ་ལྕགས་ལྡེའུ་མིག


LT32_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མཁའ་འགྲོ་བདུད་འདུལ་དྲག་མོའི་བསྙེན་སྒྲུབ་ཀྱི་ཡི་གེ་མདོར་བསྡུས་གནམ་ལྕགས་ལྡེའུ་མིག་ཅེས་བྱ་བ་བཞུགས་སོ། །


LT32_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡཻ། །ཀུན་རྟོག་རབ་སྤངས་སྙིང་རྗེ་ཁྲོས་པའི་སྐུ། །འཇིགས་རུང་གདོང་ལྔའི་ཞལ་ཅན་ལྷན་སྐྱེས་མ། །དྲན་པས་བདུད་སྡེའི་མགོ་བོ་བརྒྱར་འགས་ཀྱང་། །སྐལ་ལྡན་སྙིང་ལ་བདེ་ཆེན་སྩོལ་དེར་འདུད། །ཡང་ཟབ་གསང་བའི་བདག་པོ་སེང་གེའི་སྒྲ། །གྲུབ་པའི་ནུས་འབྱིན་བདུད་འདུལ་བདེ་ཆེན་རྒྱལ། །དབྱེར་མེད་སྤྲུལ་པའི་གཏེར་ཆེན་བསམ་གཏན་གླིང་། །བརྒྱུད་པར་བཅས་རྣམས་སྤྱི་བོའི་རྒྱན་ཏུ་མཆོད། །ཐུན་མོངས་ལས་བཞི་བྲལ་བདེའི་མཆོག་ལ་སོགས། །དངོས་གྲུབ་ལོ་ཟླ་ཙམ་གྱིས་ངེས་སྟེར་བ། །ཡེ་ཤེས་མཁའ་འགྲོ་བདུད་འདུལ་དྲག་མོ་ཡི། །


LT32_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་ཡིག་རང་འདྲའི་དོན་དུ་ཅུང་ཟད་བཀོད། །དེ་ལ་ཤིན་ཏུ་ཟབ་ཅིང་གསང་བ་ཆེན་པོའི་གཞུང་དང་འབྲེལ་ཞིང་གདམས་ངག་གི་རིམ་པ་ལས་བྱུང་བའི་གནད་ཐིག་ཙིཏྟ་རྗེན་པ་མཁའ་འགྲོ་རྒྱ་མཚོའི་ཞལ་རླངས་ཐོ་ལེ་བ་དངོས་གྲུབ་མཆོག་བརྙེས་པའི་རིག་འཛིན་དབང་ཕྱུག་རྣམས་ཀྱི་ཞལ་དང་ཐུགས་ལ་གབ་པ་དག །རང་ཉིད་ཀྱི་སྐལ་པའི་དཔྱིད་དུ་འོངས་པས་ཆོས་ཀྱི་བདག་པོར་དབུགས་དབྱུང་ཐོབ་སྟེ་རྒྱལ་ཚབ་ཀྱི་ས་ལ་གནས་པ་དག་གིས་སོ་སྐྱེའི་སྤྱོད་ཡུལ་དུ་ཇི་ཙམ་མཚམས་པར་ལེགས་པར་བཀྲལ་བའི་རྗེས་སུ་འབྲངས་ནས། འདིར་ཡེ་ཤེས་མཁའ་འགྲོའི་བསྙེན་སྒྲུབ་ཀྱི་ཚུལ་ལ་འཇུག་པ་


LT32_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྡུས་པ་ཞིག་བྲི་བ་ལ། ཐོག་མར་བསྒྲུབ་གཞིའི་ལྷ་ངོས་བཟུང་། དེ་ནས་སྒྲུབ་བྱེད་ཀྱི་ཐབས་བསྟན། མཐར་བསྒྲུབས་པའི་འབྲས་བུ་སྨོས་པ་སྟེ་རྣམ་པ་གསུམ་གྱིས་གསང་བ་ཆེན་པོར་ངེས་པའི་ཆིངས་མ་ཚང་བ་མེད་པར་བསྟན་ཏོ། །དང་པོ་ལ་རྣམ་པ་གསུམ་སྟེ། དོན་ཆོས་ཉིད་ཀྱི་ལྷ། །མཚན་མ་བརྡའི་ལྷ། སྒྱུ་མ་རྟགས་ཀྱི་ལྷའོ། །དང་པོ་ལའང་། ཕ་རོལ་དུ་ཕྱིན་པའི་ཐེག་པར་གཞི་བདེ་གཤེགས་སྙིང་པོ་རང་བཞིན་རྣམ་དག །ལམ་མངོན་རྟོགས་བརྒྱད་ཀྱི་བདག་ཉིད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ། འབྲས་བུ་བྲལ་སྨིན་མཁའ་ཁྱབ་གློ་བུར་རྣམ་དག་སྟེ་འཕགས་བཞི་སྐྱེད་པའི་ཡུམ་ཆེན་མོ་འགྱུར་བ་མི་མངའ་ཞིང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སོ་སོ་རང་གིས་རིག་པར་བྱ་བ་ཉིད་དང་། རྡོ་རྗེའི་ཐེག་པ་འདིར་ནི་སྦས་ལའི་གསང་བ་གསལ་བས། འགྱུར་མེད་ཀྱི་བདེ་བ་ཆེན་པོས་ཁྱད་པར་དུ་བྱས་པའི་གཞི་གནས་རང་བྱུང་གི་ཡེ་ཤེས་དེ་ཉིད། །ཐབས་ཤེས་ཁྱད་པར་ཅན་གྱིས་ལམ་དུ་བྱས་པས། རབ་ཏུ་མི་གནས་པའི་ཟུང་འཇུག་རྣམ་པར་དག་ཅིང་འོད་གསལ་བ་བཅོམ་ལྡན་འདས་མ་བདེ་བའི་དབང་མོ་ཆེ་དཔལ་འབར་རྩེ་བའི་སྒྲ་དབྱངས་མ་གང་ཡིན་པ་རྫོགས་པ་ཆེན་པོའི་ལམ་དང་བླ་མའི་དུས་ཐབས་ལ་གནས་པ་དེ་ཉིད་དོ། །


LT32_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལའང་། ཨེ་ཡིག་སོགས་ཡི་གེས་མཚོན་པ་དང་། ཆུ་སྐྱེས་སོགས་དབྱིབས་ཀྱིས་མཚོན་པ་དང་། བདེ་སྐྱོང་སོགས་མཚན་མས་མཚོན་པ་དང་། འཁོར་ལོ་དྲུག་གི་དབུས་སུ་མི་ཤིགས་པའི་དངས་མ་ཏི་ལ་ཀ་དང་ཁ་སྦྱོར་དུ་གནས་པའི་དཔྱིད་དམ་ཙཎྜ་ལཱི་ཁམས་གསུམ་གྱི་རྩ་ཐིག་རླུང་གསུམ་སྲེག་པའི་ངོ་བོར་གནས་ཤིང་རླུང་སྔགས་དབྱེར་མི་ཕྱེད་པའི་བཟླས་རིམ་བསྐྱེད་རྫོགས་ཐུན་མོང་གིས་བསྒྲུབ་བྱའི་གཞིར་གྱུར་པ་རྣམས་སོ། །གསུམ་པ་ལའང་། གནམ་ཞལ་དབྱིངས་ཀྱི་དབང་ཕྱུག་མ་དང་རྡོ་རྗེ་རྣལ་འབྱོར་མ་སོགས་ཁྱབ་བྱེད་དང་རྒྱས་འདེབས་པ་པོའི་ཚུལ་གྱིས་དཀྱིལ་འཁོར་གྱི་གཙོ་མོར་བཞུགས་པ་ནི་ཆོས་སྐུ་ཡོངས་གྲུབ་རྟགས་ཀྱི་ཕྱག་རྒྱ། རྡོ་རྗེ་རིན་ཆེན་པདྨ་ལས་དང་སྣ་ཚོགས་སུ་རང་བཞིན་གྱིས་གྲུབ་པའི་རིགས་ཀྱི་དབང་མོ་སྒྱུ་འཕྲུལ་རྒྱན་གྱི་རོལ་མོས་གསང་བ་དགྱེས་པའི་ཁང་པ་མཛེས་པར་བྱེད་པ་ལོངས་སྐུ་ལྷན་སྐྱེས་རྟགས་ཀྱི་ཕྱག་རྒྱ། དག་སྒྱུར་སྦྱོར་མྱོས་དབང་དུ་བྱེད་པ་སོགས་མཁའ་ལ་འགྲོ་བ་དང་ཤུགས་ཀྱིས་འགྲོ་བའི་རིགས་སོ་བདུན་ནས་བརྒྱ་ཕྲག་གི་བར་དུ་འཇིག་རྟེན་ཡོངས་ལ་རྫུ་འཕྲུལ་གྱི་རྩལ་ཤུགས་ཁྱབ་པར་འགྱེད་པ་སྤྲུལ་སྐུ་རྣམ་འགྱུར་རྟགས་ཀྱི་ཕྱག་རྒྱ་སྟེ། ཐམས་ཅད་ཀྱང་ལྷ་མོའི་བཞིན་ལག་


LT32_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྣམ་པར་ཤར་པའི་དབྱིབས་དང་སྒྲ་རྟོག་གི་སྤྱོད་ཡུལ་བསྐྱེད་རིམ་ཡན་ལག་བཞི་ལྡན་གྱིས་བསྒྲུབ་པར་བྱ་བ་དག་གོ། །གཉིས་པ་སྒྲུབ་བྱེད་ཀྱི་ལམ་ནི་བསྐྱེད་རྫོགས་རྫོགས་པ་ཆེན་པོ་གསུམ་དུ་ངེས་པ་ལས། འདིར་ནི་བསྐྱེད་པ་མ་ཧཱ་ཡོ་གའི་ལམ་གྱིས་སྒྱུ་མ་རྟགས་ཀྱི་ཕྱག་རྒྱ་གཙོ་བོར་བསྒྲུབ་ཅིང་ཞར་ལ་རྣལ་འབྱོར་གོང་མ་གཉིས་ཀྱི་རིམ་པ་ལ་འཇུག་པ་སྟེ། དེ་ལའང་ཕྱི་ལྟར་ཞི་བ་རྩ་བའི་སྒྲུབ་པ་དང་། ནང་ལྟར་དྲག་མོ་སྙིང་གི་སྒྲུབ་པ་དང་། གསང་བ་བཅུད་དྲིལ་རྒྱུན་ཁྱེར་གྱི་རིམ་པ་དང་། མཆོག་སྒྲུབ་ཁྱད་པར་ལམ་ཟབ་ཀྱི་གདམས་པ་དང་། དེ་དག་གི་ཡན་ལག་ཏུ་དམ་ཚིག་དང་སྤྱོད་པའི་ཚུལ་བསྟན་པའོ། །དང་པོ་ནི། ཆོས་འབྱུང་གནམ་ལྕགས་ཕྲེང་བ་ལས། ཕྱི་སྒྲུབ་གནམ་ལྕགས་ཕྲེང་བ་གྲི་གུག་རྒྱ། །བསྙེན་སྒྲུབ་དམར་འདྲིལ་བསྐྱེད་རྫོགས་བཅུད་དུ་འདུས། །འདི་ནི་དཔག་བསམ་ཤིང་གི་སྡོང་པོ་འདྲ། །ཉམས་སུ་བླངས་ན་ཚེ་གཅིག་སངས་རྒྱས་འགྲུབ། །ཅེས་གསུངས་པ་ལྟར་སྒྲུབ་པ་ཐམས་ཅད་ཀྱི་རྩ་བ་ཕྱི་ལྟར་དུ་བསྙེན་པ་འདི་ལ་གཞུང་སོར་བཞག་དང་། །མན་ངག་ཁ་སྐོང་གི་རིམ་པས་ཉམས་སུ་ལེན་ཚུལ་གཉིས་ཏེ། གཉིས་ཀ་ལའང་གནས་དུས་བཅས་བཤམ་ཀྱི་རིམ་པ་སོགས་ནི་མཚུངས་ཤིང་། ནང་སྒྲུབ་སོགས་ལའང་ཁྱད་པར་སྣོན་རྒྱུ་ཅུང་ཟད་


LT32_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཏོགས་གཅིག་པ་ཉིད་དེ། །དེ་ལ་གནས་ནི་གནམ་ལྕགས་ཐོག་གི་རྒྱུད་ལས། གཡའ་རི་དུར་ཁྲོད་དབེན་པའི་གནས། །གངས་རི་གཡའ་རི་སྦས་པའི་གནས། །དེར་ནི་མཁའ་འགྲོ་རང་བཞིན་གནས། །ཞེས་རབ་དེ་ལྟ་བུ་དང་། ནགས་ཁྲོད་ལུང་སྟོང་དུར་ཁྲོད་དེར། །མཁའ་འགྲོ་རྒྱུ་ཞིང་མཐུན་སྤྱོད་གནས། །ཞེས་གནས་འབྲིང་གི་མཚན་ཉིད་དང་། །ས་གཙང་རབ་དབེན་ཇག་ཆོམས་མེད། །དེ་ནས་སྒྲུབ་ན་འགྲུབས་བར་བཤད། །ཅེས་ཐ་མའི་གནས་ཏེ་དེ་གསུམ་སྐབས་སུ་གང་བབ་པ་དང་། །གཞན་ཡང་ལས་སྦྱོར་སྦོག་ཆོག །ཞི་རྒྱས་དབང་དྲག་གི་ལས་སོ་སོ་ལ་ཤིས་པའི་གནས་གསལ་བར་བསྟན་པ་དེ་དག་ཀྱང་གནས་སྐབས་ཀྱི་དགག་བྱ་མེད་ན་སྙོམ་ལས་ཀྱི་དབང་དུ་མ་ཐལ་བར་ཅི་ནུས་བཙལ་བར་བྱ་བ་ཁོ་ན་སྟེ་ཕྱི་ནང་རྟེན་འབྲེལ་འགྲོ་ས་གཅིག་པ་དང་གསང་སྔགས་ཐབས་ཀྱིས་ཆེ་བ་ཡིན་པའི་ཕྱིར་ཏེ་འདི་རིགས་གཞན་ལའང་ཤེས་པར་བྱའོ། །དུས་ནི་རྒྱུད་ལས། ལོ་དུས་བྱ་སྤྲེལ་ཟླ་བ་མགོ། །ཚེས་གཅིག་གསུམ་བཅུ་བཅུ་གསུམ་དགུ། །ཉེར་གཉིས་ཉེར་དགུ་སྐར་མ་རྒྱལ། །ཟླ་བ་ཕུར་བུ་ཉི་མ་བྱ། །གཟའ་དང་སྐར་མ་བཟང་དུས་འཇུག །ཅེས་པ་དེ་དག་གང་འཛོམ་ལ་དབུ་འཛུག་གོ། །དེའང་བསྙེན་སྒྲུབ་ལ་མ་


LT32_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པའི་སྔ་རོལ་ནས། ཕྱག་བསྐོར། སཱཙྪ། ཆབ་གཏོར། རྒྱལ་བའི་བཀའ་བསྒྲག་པ་སོགས་ཚོགས་གསོག་གི་རིམ་པ་དང་། །སྨེ་བརྩེགས་དང་རྣམ་འཇོམས་བུམ་ཁྲུས་སོགས་ཕྱི་ནང་གསང་ཁྲུས་ཀྱིས་ཉམས་གྲིབ་མི་གཙང་བ་བསལ་བ་དང་། ཡིག་བརྒྱ་དང་ན་རག་དོང་སྤྲུགས་སྤང་སྐོང་གི་ཚོགས་ཉམས་ཆགས་སྡིག་།སྒྲིབ་སྦྱོང་བ་དང་། །འདི་ཉིད་ཀྱི་མན་ངག་ལོགས་སུ་འབྱུང་བ་ལྟར་སྒབ་འདྲེ་མནན་པ་རྟགས་ཐོན་ཚད་ལྡན་ཏུ་བྱ་བ་དང་། སྤྱིར་གསང་སྔགས་བླ་མེད་ཀྱི་སྒོར་ཞུགས་སོ་ཅོག་ལ་དམ་ཚིག་གཅེས་ཤིང་། ཁྱད་པར་མཁའ་འགྲོ་སྒྲུབ་པ་ལ་དམ་ཚིག་གཙང་བ་ཁོ་ན་གལ་ཆེ་བས་བསྒྲུབ་པ་ལ་ཞུགས་ཁར། སྡིག་སྦྱོང་གི་སྦྱིན་སྲེག་དང་། །བདག་འཇུག་ནན་ཏན་ཏུ་ལེན་ཅིང་སྔགས་སྤྱི་དང་ཁྱད་པར་བསྙེན་སྒྲུབ་ཀྱི་དམ་ཚིག་རྣམས་སྲོག་བཞིན་ཏུ་བཙའ་བ་ཤིན་ཏུ་གལ་ཆེའོ། །དེ་ནས་ཞག་གཉིས་གསུམ་གྱི་གོང་རོལ་ནས་ཕྱི་གཡེན་ལ་ཆ་གསུམ་གཏོར་མ་བཏང་། གཞི་བདག་ལ་དཀར་གཏོར་ཕུལ་ནས་མཐུན་རྐྱེན་མཛད་པའི་ཕྲིན་ལས་བཅོལ། བར་གཅོད་རྩོམ་པའི་འབྱུང་པོའི་གདོན་རྣམས་ལ་དབང་ཆེ་བ་རྒྱལ་ཆེན་བཞི་ལ་གཏོར་མ་ཕུལ་ནས་ཐོ་འཛུག་གྲུབ་ནའང་ལེགས་པས་འདོན་ཆ་ནི་ཡི་དམ་དགོངས་འདུས་ནས་ལེན་པར་བྱ་སྟེ་འདི་ཉིད་དང་།


LT32_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྡེ་མ་བུ་འབྲེལ་ཆགས་ཡིན་པའི་རྒྱུ་མཚན་གྱིས་སབ་ཁ་གཞན་ལེན་དགོས་ནའང་འདི་ཉིད་ནས་འཐད་དོ། །ཡང་ན་རྡོ་རྗེ་དྲག་རྩལ་ནས་སབ་ཀྱང་རུང་སྟེ་ཡབ་ཡུམ་ཟུང་འབྲེལ་གནད་ཀྱིས་སོ། །འདི་ཡན་བསྙེན་སྒྲུབ་སྤྱི་གཅེས་ཀྱི་སྔོན་འགྲོ་ཡིན་པས་རྒྱས་བསྡུས་གང་འགྲུབ་ཆོག་གི་ཀ་དཔེ་མ་མི་དངོས་སོ། །དཀྱིལ་འཁོར་བཅས་བཤམ་ཕྱི་སྒྲུབ་ཉིད་ཀྱི་དབུ་ནས་འབྱུང་བ་ལྟར་ལ། །ཐོད་པའི་ནང་སྔགས་འཁོར་བྲི། དེ་ལ་སྦྲ་རྩིས་དྲི་ལ་ཞེས་པ་དེ་རླན་གྱིས་མི་འཇིགས་པའི་ཕྱིར་སྦྲ་རྩིས་བྱུགས་དགོས་པའི་དོན་ཡིན། མེ་ལོང་སྔགས་འཁོང་སྐབས། ས་བོན་བྃ་མཐར་དབང་སྡུད་འདོད་གསོལ་འདི་ཉིད་ཀྱི་སྦྱིན་སྲེག་ནས་འབྱུང་བ་ནི། ལྷ་འདྲེ་མི་གསུམ། མི་ནོར་ཟས་གསུམ། ལྟོ་གོས་ཆོས་གསུམ། མོས་པ་རྣམ་བཞི་དང་། ཁྱད་པར་དབང་གི་ལྷ་ཐམས་ཅད་དང་། རྒྱལ་བ་ཞི་ཁྲོ། དཔལ་རྟ་ཕག་ཡབ་ཡུམ། མ་རྒྱུད་མཁའ་འགྲོ་ཐམས་ཅད་ཀྱི་མཐུ་ནུས་འཁོར་འདས་སྣང་སྲིད་ཐམས་ཅད་བདག་སྒྲུབ་པ་པོའི་དབང་དུ་འདུས་པར་གྱུར་ཅིག །ཁ་ཤཾ་ཀུ་རུ་ཧཱུྃ་ཛཿ ལྟ་བུ་གང་འཐད་བྱ། དབང་སྡུད་ཀྱི་རྫས་སྣ་བརྒྱད་པོ་གཞུང་འདི་དང་། །ཡིག་ཆུང་གསང་བའི་མན་ངག་གསེར་གྱི་ལྡེའུ་མིག་གཉིས་ཅུང་མཐུན་མིན་བྱུང་ཡང་། རྒྱུད་ལས་བྱང་སེམས་


LT32_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དམར་ཚིག་ཟིན་གསལ་བ་དང་མན་ངག་གབ་པའི་མཚན་ཉིད་ཡིན་པས་ཡིག་ཆུང་གསེར་ལྡེ་ལྟར་དགོས། དེའང་རྡོ་རྗེ་ཟིལ་པ་དང་པདྨ་མཚལ་ཆེན་ནི་ཁྱིའུ་ཕོ་མོ་གྲོང་བའི་ཆོས་ཀྱིས་མགོས་པའི་བྱང་སེམས་དཀར་དམར་རང་བྱུང་རྙེད་ན་མཆོག །མ་རྙེད་ན་བྱང་སེམས་དཀར་པོའི་ཚབ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་དཀར་འདུལ་ཚད་ལྡན་དང་། དམར་པོའི་ཚབ་ཙཱ་རི་སོགས་ནས་འབྱུང་བའི་རང་བྱུང་གི་ལི་ཁྲི་སིནྡྷུ་རར་གྲགས་པ་དང་། དེ་གཉིས་ཀྱང་མ་རྙེད་པའམ། །རྙེད་ཀྱང་སྐྱོབས་སུ་ཅུ་གང་དང་བྲག་ཞུན་ཤར་དང་ནུབ་ཏུ་བཞག །ཚྭ་ཚྭ་ནི་གཙོ་བོ་རྒྱ་རྒྱམ་ཁ་གསུམ་གྱིས་མཐུས། ཨ་མྲྀ་ཏ་ནི་དམ་སེལ་ཅན་དང་མ་འདྲེས་པའི་རྩ་བརྒྱད་སྟོང་སྦྱར་རོ། །མེ་ལོང་གི་ཞལ་ཁེབས་དར་དམར་འོག་དང་དར་དཀར་སྟེང་བྱ། ཐུན་མཚམས་འབུལ་གཏོར་ཟུར་གསུམ་དང་། ནུབ་རེ་བཞིན་ཕུལ་རྒྱུའི་བཀའ་སྲུང་གཏོར་འབུལ་བཅས་ཚོགས་པར་བྱས་ནས། རང་གི་གདན་གྱི་འོག་ཏུ་གཡུང་དྲུང་དགའ་བ་འཁྱིལ་བ་བྲི། གོས་དམར་དང་། སིནྡྷུ་རའི་ཐིག་ལེ་སོགས་དབང་གི་རྟགས་གདབ་ལ་ཁ་ནུབ་ཏུ་ཕྱོགས་བས་འཁོད། བཅས་བཤམ་ནུབ་ནས་ཤར་དུ་ཕྱོགས་པས་རང་དང་ཞལ་སྤྲོད་བདེ་ན་ལེགས། མི་བདེ་ནའང་བདག་མདུན་དཀྱིལ་འཁོར་གཅིག་ཏུ་བསྒོམ་པ་


LT32_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ལས། མེ་ལོང་དང་བྱད་བཞིན་ལྟར་ཆ་གཉིས་སུ་བྱ་རྒྱུ་མིན་པས་གང་བདེར་བཀོད་ཆོག །བདག་མདུན་ཐ་མི་དད་དུ་བསྒོམས་ཀྱང་བསྒྲུབ་རྫས་ཚང་བར་བཀོད་པའི་ཚུལ་འདི་ནི་རྙིང་མ་རང་གཞུང་གི་དགོངས་པ་ཚད་ལྡན་ཁོ་ན་སྟེ་བདག་བསྐྱེད་གཙོར་བཏོན་པའི་ཕྱི་སྒྲུབ་ལ་བསྒྲུབ་རྫས་མི་དགོས་པའི་གསར་ལུགས་ཀྱི་རྒྱས་འགེབས་འདི་ལ་མི་བྱ་བར་རང་ལུགས་ཐད་སོར་བཞག་པ་གནད་ཆེའོ། །བཤམ་ནི་གང་དུ་དཀོན་མཆོག་སྤྱིའི་རྟེན་དང་ཡེ་ཤེས་ཌཱ་ཀིའི་སྐུ་རྙན་བཀྲམ་པའི་མདུན་ཏུ་གཞི་མ་དམར་པོ་རྫས་ལྡན་གྱི་བྱུགས་པ་བྱས་པའི་ཁར་རྡུལ་ཚོན་རས་བྲིས་ཀྱི་དཀྱིལ་འཁོར་གང་རུང་ངམ། མ་འཇོམ་ན་མེ་ཏོག་དམར་པོའི་ལྔ་ཚོམ་བཀོད་པའི་དབུས་སུ་རྐང་གསུམ་སྟེང་བུམ་པ། དེའི་ཁར་ཐོད་པ་བཅུད་ལྡན་གྱི་ཁ་མེ་ལོང་གིས་བཅད་ཅིང་དར་ཁེབས་བྱས་པའི་སྟེང་མཉྫི་མཐོ་བ་ལ་རྟེན་གཏོར་བཀོད། མཐའ་བསྐོར་གྱི་ཕྱོགས་མཚམས་བརྒྱད་དུ་དབང་སྡུད་རྫས་སྣ་བརྒྱད་ཐོད་པ་མཚན་ལྡན་ནམ། །རིན་པོ་ཆེའི་སྣོད་ཆག་གས་མེད་པར་བཀོད་པའི་གཡས་སུ་བདུད་རྩི་དང་དཀར་གཏོར། གཡོན་ཏུ་རཀྟའི་སྣོད་དང་དམར་གཏོར། མདུན་དུ་བཀའ་སྲུང་གི་རྟག་གཏོར། བུམ་པའི་གཡས་གཡོན་གར་བདེར་ཟས་ནོར་མཆོག་གི་རྫས་ཅི་འདོད་བཀོད། ཐལ་


LT32_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་འབགས་རྩོག་གིས་མི་སྤགས་བའི་ཡོལ་བ་སོགས་གང་འོས་བྱ། །རྣམ་འཇོམས་བདུད་རྩི་འཁྱིལ་བའི་སྔགས་ཆབ་ཀྱིས་གནས་དང་ཡོ་བྱད་བསངས་གྲུབ་ནས་སྣང་བ་དབང་དུ་སྡུད་པའི་རྟེན་འབྲེལ་དུ་དགོངས་ཐུན་ཞི་གནས་འགོ་བརྩམས་ཏེ། ཐོག་མར་ཚིག་བདུན་གསོལ་འདེབས་དང་འདི་ཉིད་གྱི་བརྒྱུད་འདེབས་བྱས་ནས་རྩ་བ་གསུམ་དང་བྱེད་པར་རྩ་བའི་བླ་མ་དང་ཨོ་རྒྱན་ཆེན་པོ་དབྱེར་མེད་པ་ལ་བསྙེན་སྒྲུབ་མཐར་ཕྱིན་པའི་གསོལ་བ་གདབ། གནས་ཁང་ཨོ་རྒྱན་རང་བྱུང་གི་དུར་ཁྲོད། གཟུགས་སྣང་དཔའ་བོ་དཔའ་མོ། །རང་ཉིད་བླ་མ་དྲག་པོ་དང་། རྟ་ཕག་ཡབ་ཡུམ་གང་འདོད་དམ། བདུད་འདུལ་ཡེ་ཤེས་ཀྱི་ཌཱ་ཀཱིར་གྱུར་པའི་ཏིང་འཛིན་དགོངས་པའི་རྩལ་གྱིས་གདོད་གནས་རང་བྱུང་གི་མཁའ་འགྲོ་འཁོར་བཅས་སྤྱན་དྲངས་པས་བགེགས་འཇོམས་རོལ་པའི་བྱིན་ཆེན་པོ་ཕབ་ཅིང་གཉིས་སྣང་དབྱིངས་སུ་སྟིམ་བའི་རྒྱང་མཚོམས་གཅོད་པར་མོས་ལ་ལས་བྱང་རྒྱས་པའི་བྲིལ་གནོན་བྱ། གཟུང་འཛིན་གྱི་ཉེ་བར་ལེན་པས་པར་གཅོད་ལྟར་སྣང་བའི་བགེགས་ལ་ཡི་དམ་ལྟར་འབྱུང་གཏོར་སྦྱིན། ལས་བྱང་གི་མཚམས་གཅོད་བཏང་ཞིང་ཡུངས་ཐུན་བྲབས། གུ་གུལ་བདུག །སྲུང་འཁོར་གསལ་ཐེབས་ངེས་ནན་ཏན་བསྒོམས་ལ་སྔགས་རྣམས་ལན་ཁ་ཡར་བརྗོད་དེ།


LT32_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྲིད་བསྙེན་སྒྲུབ་རྫོགས་ཀྱི་བར་མི་བསྡུ། བདག་དང་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་འདི་ནས་བྱང་ཆུབ་སྙིང་པོའི་བར་རེ་ལྟོས་གཞན་མེད་ཅི་མཛད་ཁྱེད་ཤེས་བློ་གཏད་ལིངས་བསྐྱུར་གྱིས་བླ་མ་ཡེ་ཤེས་ཀྱི་མཁའ་འགྲོ་དཀོན་མཆོག་ཀུན་འདུས་རང་བྱུང་ཐིག་ལེ་ཉག་གཅིག་གི་ངང་དུ་ཁ་ཙམ་མིན་པའི་སྐྱབས་སུ་འགྲོ། ཚེ་འདི་ཚེཐབས་ཟས་ནོར་དབང་སྡུད་བྱད་ཀེན་རྐྱེན་སེལ་སོགས་དཀའ་བ་འབྲས་མེད་དུ་བྱེད་པའི་བསམ་པ་སྐྱོན་ཅན་སྤངས་ཏེ་བདག་གཞན་མཁའ་མཉམ་གྱི་འགྲོ་བ་ཐམས་ཅད་ཆོས་སྐུ་ཤེར་ཕྱིན་བདེ་བའི་དབང་མོ་ཆེའི་གོ་འཕང་ལ་འགོད་བའི་ཆེད་དུ་དྷཱ་ཀིའི་སྙན་བརྒྱུད་དྲག་མོའི་ཐུགས་ཐིག་གསང་བའི་གསེབ་ལམ་འདི་ལ་འཇུག་པར་སྙིང་ནས་སེམས་བསྐྱེད་པའི་རྩིས་ཐོག་མཐའ་ཀུན་ཏུ་ཟིན་པར་བྱ། ཡན་ལག་བདུན་པས་ཉིས་ལྟུང་སྡིག་སྒྲིབ་སྦྱོང་ཞིང་ཚོགས་གཉིས་གོང་དུ་སྤེལ། ནད་གདོན་རྐྱེན་ངན་གྱི་དབང་དུ་མི་གཏོང་ཞིང་ཐེ་ཚོམ་སྙོམ་ལས་ཀྱིས་བར་དུ་མི་ཆོད་པར་འཆི་བ་སྲོག་ལ་བབས་ཀྱང་བདུད་འདུལ་ཡེ་ཤེས་ཀྱི་མཁའ་འགྲོ་བསྒྲུབ་པ་མཐར་འདོན་བའི་དམ་བཅའ། ཡི་དམ་དགོངས་འདུས་ཞི་དྲག་གང་འོས་ཀྱི་དམིགས་པ་སྦྱར་ཏེ་སྦྱང་རྟོགས་སྦར་པའི་དགོངས་པས་སྨན་གཏོར་རཀྟ་གཙོ་བོར་གྱུར་པའི་ཕྱི་ནང་གསང་མཆོད་


LT32_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་རྒྱ་ལན་གསུམ་གྱིས་བྱིན་གྱིས་བརླབ་སྟེ་སྔོན་འགྲོའི་བྱ་བ་ནི་དེ་ཙམ་མོ། །དངོས་གཞི་སྤྲོས་མེད་གཏེར་གཞུང་དཀྱུས་ལྟར་ཉམས་སུ་ལེན་པ་དང་། སྤོས་བཅས་ལས་བྱང་གི་ཁ་སྐོང་སྦྱར་བ་གཉིས་ལས་དང་པོ་ནི། ཕྱི་སྒྲུབ་ལྟར། ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། ཞེས་པ་ནས། གར་གྱིས་གནས་པར་བསྐྱེད་ཡན་བརྗོད་ལ། བདག་དང་བསྒྲུབ་རྫས་ཐ་མི་དད་པ་སེང་གདོང་དམར་མོ་ལྷ་ལྔ་མཁའ་འགྲོའི་འཁོར་བཅས་དམ་ཡེ་དབྱེར་མེད་དུ་བསྐྱེད། སྤྲོ་ན་ཛབ་བསྙེན་གནམ་ལྕགས་ཐོག་ཕྲེང་ལས་འབྱུང་བའི་ཞི་བའི་འཛབ་སྐུལ། མ་ཧཱུྃ་ཧྲཱི༔ སྣང་བའི་རང་བཞིན་སོགས་ནས། འགྲུབ་བར་མཛད་དུ་གསོལ། ཡན་བརྗོད། བསྡུ་ན་མི་དགོས། བྱེ་རུ་པད་རཱ་ཀ་ཙནྡན་དམར་པོ་སོགས་ལས་གྲུབ་པའི་རིགས་མཐུན་གྱི་བཟླས་ཕྲེང་བྱིན་རླབས་སྤྱི་མཐུན་ཞིག་བྱ་བའམ། དམིགས་བསལ་ལ་མོས་ན། བསངས་སྦྱང་། སྟོང་པའི་ངང་ལས་ཕྲེང་རྡོག་རེ་རེ་བཞིན་བཾ་ཡིག་ལས་སྐྱེས་པའི་ཡེ་ཤེས་མཁའ་འགྲོའི་སྐུར་གྱུར། །ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་གྱུར། ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ༔ ཆོས་སྐུ་སྐྱེ་མེད་མཁའ་འགྲོ་མ༔ ལོངས་སྐུ་བདེ་ཆེན་མཁའ་འགྲོ་མ༔ སྤྲུལ་སྐུ་ཡེ་


LT32_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་མཁའ་འགྲོ་མ༔ མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར༔ བདུད་འདུལ་ཡེ་ཤེས་མཁའ་འགྲོར་བསྟོད༔ ལྷ་འོད་དུ་ཞུ་བ་ལས་བྱུང་བའི་བགྲང་ཕྲེང་ལས་ཐོགས་མེད་དུ་འགྲུབ་པའི་ནུས་ལྡན་རྡོ་རྗེའི་སྔགས་ཀྱི་ངོ་བོ་མཐེ་བོང་རྡོ་རྗེ་ལྕགས་ཀྱུས་དྲངས་པར་གྱུར། ཨོཾ་རུ་ཙི་ར་མ་ི་པྲ་བཱ་རྟ་ཡེ་སྭཱ་ཧཱ། ཞེས་པ་བརྒྱའམ་བདུན་སོགས་དང་དབྱངས་གསལ་ལན་གསུམ་བཟླས་པས་བྱིན་གྱིས་བརླབ། བཟླས་པ་དངོས་ལ་རྒྱུད་ལས། གསང་སྔགས་ཉིད་ལ་རྣམ་པ་གཉིས༔ ཞི་བའི་སྔགས་དང་དྲག་པོའི་སྔགས༔ ཞི་བའི་སྔགས་ལ་རྣམ་པ་གསུམ༔ བསྙེན་དང་སྒྲུབ་དང་ལས་སྦྱོར་སྔགས༔ བསྙེན་པ་བསྙེན་དང་གོང་བསྙེན་དང་༔ ཞེས་སོགས་གསུངས་པའི་དོན་སྐབས་འདིར་ཞི་བ་དང་། དེ་ལ་བསྙེན་པ་དང་གོང་བསྙེན་གཉིས་སུ་ཡོད་པ་ལས། ཕྱི་མ་ནང་སྒྲུབ་སྐབས་སུ་སྟོན་ཅིང་། བསྙེན་པ་ལའང་ནང་གསེས་སུ་བསྙེན་སྒྲུབ་ལས་གསུམ་ཚུལ་གྱིས་བསྒྲུབ་དགོས་པ་ལས་ཐོག་མར། བསྙེན་པའི་དམིགས་པ་ནི། འདི་ལྟར་སྣང་བའི་རང་བཞིན་བཀོད་པ་ཆེན་པོའི་གཞལ་མེད་ཁང་། །སྟོང་པའི་ངོ་བོ་རྒྱལ་བ་ཀུན་གྱི་སྐྱེད་ཡུམ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར། སྣང་སྟོང་དབྱེར་མེད་ཆུ་ཟླ་དང་འཇའ་ཚོན་


LT32_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ། ཀུན་བརྟགས་གཉིས་འཛིན་གྱི་ཆོས་རྣམས་འཁོར་གསུམ་ཀ་དག་གི་ཀློང་དུ་རང་བྱུང་གཞི་རྫོགས་ཀྱི་བཀོད་པ་ཆོས་སྐུ་བདེ་བའི་དཔལ་འབར་མའི་ངོ་བོར་ཤར་བ་བསྒྲུབ་བྱ་སྒྲུབ་བྱེད་དབྱེར་མེད་པའི་གཙོ་མོའི་ཐུགས་ཀར་ཉི་མའི་གདན་གྱི་སྟེང་དུ་བྃ་ཡིག་དམར་པོའི་མཐར་སྔགས་ཕྲེང་དམར་ཧྲི་ལེ་པ་ཡིག་ངོ་ནང་བསྟན་གཡས་སུ་བཀོད་པ་ལ་སེམས་རྩེ་གཅིག་ཏུ་གཏད་དེ་བཟླ། དམིགས་སྐོར་དང་པོའོ། །དེ་ལ་མ་མཐར་ཡང་ཞག་བདུན་ནམ་གསུམ་ཙམ་སྐྱོང་བས་སེམས་ཅུང་ཟད་ལས་སུ་རུང་བ་དང་། འདི་ཉིད་ཀྱི་སྒྲུབ་པའི་དམིགས་པ་ནི། སྔགས་ཕྲེང་ཐོག་མར་དལ་བུ་དང་། རིམ་པར་ཇེ་མགྱོགས། མཐར་མི་མངོན་པ་ཙམ་དུ་གཡོན་ཏུ་འཁོར་བ་ལས་ཁ་དོག་དམར་པོ་ཤས་ཆེ་བའི་འོད་ཟེར་ལྔ་ལྡན་སྒྲིན་མེད་ཀྱི་ཉི་མའི་ཟེར་ཐག་ལྟ་བུ་ཕྱོགས་བཅུའི་ཞིང་དང་དུར་ཁྲོད་གསང་ཆེན་བསྣོལ་མར་འཕྲོས་པས། རྩ་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་རླབས་རྣམས་འོད་ཟེར་གྱི་ཚུལ་དུ་བྱུང་ནས་བདག་དང་དཀྱིལ་འཁོར་པ་ལ་ཐིམ་པས་མཐུ་སྟོབས་གཟི་བྱིན་རབ་ཏུ་རྒྱས་པར་བསམས་ལ་བཟླ། དམིགས་སྐོར་གཉིས་པའོ། །འདི་ལས་དམིགས་པའི་རིམ་པ་རྒྱས་པར་སྤྲོ་ན། ཨོཾ་ལས་འོད་འཕྲོས་ཕྱོགས་དུས་ཀྱི་སངས་རྒྱས་བྱང་སེམས་བླ་མ་རིག་འཛིན་བརྒྱུད་པ་དང་བཅས་


LT32_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཡི་དམ་རྒྱུད་སྡེ་བའི་དྲུག་གི་ལྷ་ལ་ཀུན་བཟང་མཆོད་པའི་སྤྲིན་གྱིས་མཉེས་པར་བྱས། ཐུགས་དམ་གྱི་རྒྱུད་བསྐུལ། དེ་རྣམས་ཀྱི་མཁྱེན་བརྩེ་ནུས་པ་སྤངས་རྟོགས་ཕྲལ་སྨིན་གྱི་ཡོན་ཏན། ཉམས་རྟོགས་བྱིན་རླབས། མཆོག་ཐུན་དངོས་གྲུབ་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་བྱོན་ནས་རང་ལ་ཐིམ། བྃ་ཡིག་ལས་འོད་འཕྲོས། དབྱིངས་དང་ཡེ་ཤེས་ཀྱི་རང་རྩལ་ལས་བྱུང་ཞིང་ཕྱི་ནང་གི་གནས་ཡུལ་དུར་ཁྲོད་ཀྱི་ཞིང་ཁམས་སྐྱོང་བའི། ཕྱི་འཇིག་རྟེན་དང་ནང་ལས་ཀྱི་མ་མོ། །གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་ཉི་ཟེར་གྱི་རྡུལ་ལྟ་བུས་འཁོར་འདས་གཉིས་ཀྱི་ཞིང་ཁམས་རྒྱས་པར་གཏམས་པ་རྣམས་ལ་ཕྱི་ནང་གསང་བའི་མཆོད་པའི་བྱེ་བྲག་གིས་ཐུགས་དམ་རྒྱུད་བསྐུལ། བདེ་སྟོང་ཟག་མེད་ཀྱི་ཡེ་ཤེས། །ཐུགས་རྗེ་ནུས་པའི་མཐུ་སྟོབས། །བརྟན་དང་གཡོ་བའི་ཆོས་བཅུ་བཞིའི་དྭངས་མ་ཐམས་ཅད་འོད་དང་འོད་ཟེར། ཐིག་ལེ་ཡིག་འབྲུའི་རྣམ་པར་བསྡུས་ནས་རང་ལ་ཐིམ། སི༚་ཧ་ཌཱ་ཀི་ལས་འོད་འཕྲོས། དཀྱིལ་འཁོར་གྱི་གཙོ་མོ་བདུད་འདུལ་སེང་གེའི་གདོང་ཅན། སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི་ཀློང་དུ་རང་ཤར་བ་རི་རབ་སོ་གཉིས་ཀྱི་རྡུལ་དང་མཉམ་པའི་མཁའ་འགྲོ་རྒྱ་


LT32_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ལ། ཁྱད་པར་དུ་མཉེས་པའི་མཆོད་པ་ཕུལ་ཞིང་ཐུགས་རྒྱུད་བསྐུལ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡོན་ཏན་དངོས་གྲུབ་ཕྲིན་ལས་ནུས་རྩལ་ཐམས་ཅད་རྣམ་པ་གོང་མཚུངས་རང་ལ་ཐིམ། ཧ་རི་ནི་ས་ལས་འོད་འཕྲོས། སེང་གདོང་རིགས་བཞི། ཕྲ་མན་སྡེ་བརྒྱད་འཁོར་དང་བཅས་པ་མཆོད་ཅིང་ཐུགས་དམ་བསྐུལ། དངོས་གྲུབ་དང་ནུས་པའི་དབྱིག་བསྡུས་པས་ནང་གསེས་སུ་ཕྱེས་ན་དམིགས་སྐོར་བཞིའོ། །ཡང་ཐུགས་སྲོག་སྔགས་ཕྲེང་སྤྱི་དང་། ཁྱད་པར་ཧཱུྃ་ལས་འོད་འཕྲོས་སྣོད་བཅུད་སྣང་སྲིད་ཐམས་ཅད་ལ་ཕོག་པས། གཟུགས་སྣང་ལྷ། སྒྲ་གྲགས་སྔགས། རྟོག་ཆོགས་ཆོས་ཉིད་ཀྱི་རོལ་པར་གདོད་ནས་ཡོངས་གྲོལ་དཀྱིལ་འཁོར་གསུམ་གྱི་འཁོར་ལོར་རང་བྱུང་རང་ཤར་དགག་སྒྲུབ་བ་ཅིང་གྲོལ་མེད་པའི་དག་སྣང་འབྱམས་ཡུག་ཆེན་པོའི་ངང་དུ་ལྷོད་ཀློད་ལ། ལྷ་སྡོམ་གྱི་གོ་རྟོགས་དང་མ་འདྲེས་བའི་ལས་དང་པོ་བ་དག་གིས་ཀྱང་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུར་རྒྱས་འདེབས་ཀྱི་ལྟ་བ་དང་མ་བྲལ་བས་བཟླ་སྟེ། དམིགས་སྐོར་གསུམ་པའོ། །བཟླ་བྱའི་སྔགས་ནི་ཡིག་འབྲུ་བཅུ་གཉིས་པ་སྟེ། དམིགས་སྐོར་སྔ་མ་ལ་བརྟན་པ་ཐོབ་ནས་ཕྱི་མ་ལ་འཇུག་པར་བྱ་ཡི། ཐོག་མ་ནས་ལྷ་སྔགས་


LT32_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ངག་བཟླས་འོད་ཟེར་སྤྲོ་བསྡུ་སོགས་མགྱོགས་འདོད་རྣམ་རྟོག་གི་སྤུན་ལངས་མང་པོས་གྲུབ་འབྲས་ཤིན་ཏུ་རིང་དུ་སོང་བའི་དམིགས་སྐོར་དུ་རློམས་པ་དང་། ཟླ་དུས་གྲངས་བསྙེན་ཙམ་ལ་ཡིད་ཀྱི་གཏད་སོ་འཆའ་ཞིང་། །ཏིང་འཛིན་ལས་སུ་རུང་བ་དང་དངོས་ཉམས་རྨི་ལམ་གྱི་དྲོད་རྟགས་སོགས་སྒུག་མི་དགོས་པར་བསྙེན་སྒྲུབ་རྫོགས་པར་རློམས་པ་ནི་སྔགས་བསྟན་འཇིག་པའི་རྐུན་པོ་ཆེ་ཡིན་པས་བག་ཡོད་བྱའོ། །མདོར་ན་དམིགས་པ་སྣེ་གཅིག་ལ་སེམས་ལས་སུ་རུང་ཕྱིན་ཆད་མང་ཉུང་ཁྱད་རང་མེད་ཅིང་རྩེ་གཅིག་པའི་ཏིང་འཛིན་ལ་ཐོབ་པར་མུན་ནང་གི་གློག་ལྟར་ཡུད་ཙམ་རེ་དམིགས་པའི་ཚབ་ཚུབ་བྱེད་པ་ལ་དྲོད་རྟགས་འབྱུང་བའི་དུས་མེད་པས་དམིགས་པ་བརྟན་པ་གལ་ཆེའོ། །གཞན་ཡང་བསྐྱེད་རིམ་སྤྱིའི་མན་ངག །གཙོ་འཁོར་ཞལ་ཕྱག་རྒྱན་ཆས་བ་སྤུའི་མཐར་ཐུག་རེ་རེ་བཞིན་ཤིན་ཏུ་གསལ་བ་ཤེལ་གོང་ལ་ཉི་ཟེར་ཕོག་པའམ་མེ་ལོང་ངོས་སུ་ཤེལ་ཕྲེང་ཕྱར་བ་ལྟ་བུ་སྣང་ལ་རང་བཞིན་མ་གྲུབ་པར་ཁྲ་ལམ་མེ་འོད་ཅོ་རེ་རྣམ་པ་གསལ་བ། རང་ཉིད་གདོད་ནས་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་ཡིན་པ་ལ་ཡིན་པར་ངོ་ཤེས་པས་གློ་བུར་གཉིས་སྣང་གིས་ཆས་བསྡུས་པའི་ཕུང་ལྔའི་ངར་འཛིན་ལྷའི་འཛིན་སྟོང་དུ་ཤར་བ་ང་རྒྱལ་བརྟན་པ། མཐའ་ཐམས་ཅད་


LT32_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

དང་གྲལ་ཞིང་དངོས་པོའི་མཚན་མ་གང་དུའང་མ་གྲུབ་པར་འཁོར་འདས་ཐམས་ཅད་ལ་ཁྱབ་པའི་དབྱིངས་རང་བྱུང་ཆོས་ཀྱི་སྐུ་རང་གསལ་རིག་པའི་སྙིང་པོ་ཅན་དེ་ཉིད་སྐྱོན་ཀུན་སྤངས་ཡོན་ཏན་ཀུན་རྫོགས་ཀྱི་བརྡར་དབྱིབས་དང་ཁ་དོག་གི་རྣམ་པར་ཆུ་མཚོར་ཟླ་གཟུགས་ལྟར་རིག་པའི་རང་རྩལ་དུ་སྣང་ཡང་། སྣང་བ་ཙམ་ནས་སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་བའི་གཤིས་ལུགས་མ་བཅོས་པར་སྐྱོང་བ་ལས་བསྐྱེད་བྱ་སྐྱེད་བྱེད་དུ་འཁྲུལ་བའི་ཤེས་པ་བཅོས་མས་བཟོ་མ་བྱས་པ་རྣམ་དག་དྲན་པ་སྟེ་དེ་གསུམ་ཡང་དབང་པོ་དང་གོམས་འདྲིས་ཀྱི་རིམ་པ་དང་བསྟུན་ནས་ཅི་བདེར་བསྐྱང་བར་བྱའོ། །ཐུན་རེར་དམ་བཅའི་འཁྲིགས་ལ་བབ་པའི་བཟླས་གྲངས་ཅི་ཙམ་བྱ་བ་གྲུབ་ནས་ཐུན་གྲོལ་བ་ན་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་སྤྲེལ་བ་ལན་གསུམ་གསུམ་གྱིས་བཟླས་པའི་ནུས་པ་སྤེལ་ཞིང་སྐྱོན་སོར་བཙུད་ལ་ཡོན་ཏན་བརྟན་པར་བྱས་མཐར་སྤོས་དབྱངས་ཌ*ཌཱ་དྲི*་བཅས་པས། ཧཱུྃ༔ ཆོས་དབྱིངས་རྣམ་དག་སོགས་ཀྱིས་ཡེ་ཤེས་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས། སྤྲོ་ན་ལས་བྱང་བསྡུས་བ་ལྟར་ཕྱི་ནང་གསང་མཆོད་སྨན་གཏོར་རཀྟ་ཚིགས་བཅད་དང་བཅས་ཏེ་འབུལ། བསྡུ་ན། བཾ་སི༚་ཧ་ཌཱ་ཀི་ནཱི་ཧ་རི་ནིས་ཧཱུྃ༔ ཨརྒྷཾ་པྲ་ཏཱིཙྪ་ཧོཿ ཨོཾ་བཛྲ་པུཥྤེ་དྷཱུ་པེ་


LT32_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱ་ཤབྡ་པཱུ་ཛ་ཧོཿ ཨོཾ་བཛྲ་རཱུ་པ་ཀ་པཱ་ལ་ཤབྡ་མཱཾ་ས་དྷཱུ་པེ་ཀི༚་ནི་རི་ཏི་ར་ས་རཀྟ་གོ་རོ་ཙ་ན་གནྡྷེ་པཱུ་ཛ་ཧོཿ མ་ཧཱ་གུ་ཧྱ་ཤཱུ་ཀྲཾ་པཱུ་ཛ་ཧོཿ བཛྲ་ཨ་མྲྀ་ཏ་པཱུ་ཛ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ ཞེས་དང་། ཨོཾ་ལས་བྱུང་བའི་སོགས་བྱིན་བརླབ། སྔགས་ལན་གསུམ་རེས་གཏོར་མ་ཕུལ། བསྟོད་པ་ཚང་བར་བཏང་། དཀྱིལ་འཁོར་པ་རྣམས་དམ་ཚིག་གི་རྫས་དང་བྲིས་སྐུ་སོགས་ལ་ཐིམ་པར་མོས། ཕྱི་སྣོད་ནང་བཅུད་དཀྱིལ་འཁོར་གཙོ་མོ་དང་། །སྔགས་ཕྲེང་ས་བོན་རིམ་འདུས་ནཱ་དར་ཐིམ། །དེ་ཡང་ཀ་དག་གདོད་མའི་ངོ་བོར་ཡལ། །སླར་ཡང་སྣང་སྟོང་ཡེ་ཤེས་མཁའ་འགྲོར་གྱུར། །ཞེས་པའི་དོན་དྲན་པས་དཀྱིལ་འཁོར་བསྡུ་ལྡང་ཤིས་བརྗོད་དང་དགེ་བ་བསྔོས་ཏེ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་པ་ནའང་ཨ་འཐས་རྣམ་གཡེངས་ཀྱི་དབང་དུ་མ་སོང་བར་ཁྱེར་སོ་གསུམ་གྱི་དགོངས་པར་ཅི་ནུས་སུ་ལ་བཟླ་བས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་བསླབ་པར་བྱའོ། །དེ་ལྟ་བུའི་རིམ་པས་ལུས་ཐ་མལ་གྱི་སྤྱོད་པ་དང་མ་འདྲེས་པར། ངག་མི་ཚིག་གིས་བར་མ་ཆོད་པ། སེམས་རྣམ་རྟོག་རྒྱ་འབྱམས་ཀྱི་དབང་དུ་མ་སོང་བར་ཐུན་བཞིའི་རྣལ་འབྱོར་གྱིས་གྲངས་དུས་རྟགས་ཀྱི་བསྙེན་པ་མཐར་


LT32_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱལ། དེའང་བགེགས་གཏོར་རྒྱུན་ཏུ་མི་དགོས་པས་དེ་བསྐྱུར་བའི་སྔོན་འགྲོའི་རིམ་པ་ལྔར་བསྟན་པའམ། ལས་བྱང་བསྡུས་པའི་དབུ་ནས་འབྱུང་བ་གང་བདེ་ཐོར་ཐུན་ལ་རྒྱས་པར་བྱ། ཐུན་གཞན་གསུམ་ལ་སྲུང་འཁོར་གསལ་འདེབས་དང་སྐྱབས་སེམས་ཙམ་གྱིས་འཐུས། གཏོར་འབུལ་ཐུན་བཞི་ཀར་གྲུབ་ན་ལེགས། མ་གྲུབ་ན་སྲོད་ཐུན་གྱི་གཤམ་དུ་གཏོར་འབུལ་དང་། བཀའ་སྲུང་དམ་ཅན་སྦྱང་ཞོན་ཐིག་ལེ་རྩལ་གྱི་རྒྱུན་གཏོར་ངེས་པར་ཕུལ། ཁྱད་པར་མཁའ་འགྲོ་མཉེས་པའི་གནད་ཚོགས་འཁོར་དང་མེ་མཆོད་ཡིན་པས་རྒྱུན་ཏུ་མ་ལྕོགས་ཀྱང་ཌཱ་ཀི་རྒྱུ་བའི་དུས་གཉན་རྣམས་ལ་ཚོགས་མཆོད་དང་རྫས་གཅིག་སྦྱིན་སྲེག་སོགས་བྱ་སླ་ལ་འབྲས་བུ་ཆེ་བའི་ཆོག་ཧ་ཅང་སྤྲོས་པས་མི་གཡེང་བར་བྱ། འདི་རིགས་ལ་གཙོ་ནང་གི་ཏིང་ངེ་འཛིན་ཆེ་བས་ལས་དང་པོ་པ་ལ་བསྙེན་སྒྲུབ་སོགས་དགེ་སྦྱོར་སྣ་ཟིན་གྱི་སྐབས་ཕྱིའི་སྤྲོས་པ་མང་པོ་མ་གཡེང་བ་ཏིང་ངེ་འཛིན་ཉམས་པའི་རྒྱུ་ཡིན་པས་སྤྱོད་པ་དུས་ཚོད་དང་འབྲེལ་དགོས་པ་ཤེས་པར་བྱའོ། །ཐུན་མགོ་སོགས་གང་བདེར་སྔགས་ཀྱི་ཉེས་ལྟུང་བྱིན་གྱིས་བརླབ་པའི་ཕྱིར་ཡི་གེ་བརྒྱབ་བདུན་ཕྲག་གསུམ་རེ་ཐུན་ཐམས་ཅད་ལ་བཟླ་བ་གནད་དུ་ཆེ་ཞིང་ངག་བྱིན་རླབས་སོགས་སྔགས་ཀྱི་ཡན་ལག་སྤྱི་རྣམས་ཀྱང་ཅི་ནུས་སུ་


LT32_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

འབད་པར་བྱའོ། །དེ་དག་ནི་ཞི་བའི་བསྙེན་སྒྲུབ་དངོས་གཞི་ཡིན་པས་ཚད་དུ་མ་འཁྱོལ་བར་ཡུན་བསྲིང་ཞིང་། ཀྲོལ་བར་ཉེ་བའི་སྐབས་ལས་སྦྱོར་གྱི་བཟླས་དམིགས་ནི། །དགོངས་ཐུན་ཞིག་ནས་དབུ་བརྩམ་སྟེ་བསྙེན་སྒྲུབ་ཀྱི་དམིགས་པ་ཁྱུག་ཙམ་བཏང་ནས། རང་སྲོག་སྔགས་ཕྲེང་དང་ཁྱད་པར་ཛཿཡིག་ལས་འོད་ཟེར་ཛཿདམར་པོའི་རྣམ་པ་ལྕགས་ཀྱུ་སྦྲེལ་མ་ལྟ་བུ་འཁོར་འདས་ཁྱབ་པར་སྤྲོས། ས་འོག་ས་སྟེང་ས་བླའི་འཇིག་རྟེན་ན་གནས་པའི་ལྷ་ཀླུ་གནོད་སྦྱིན་རྒྱལ་བློན་བཙུན་འབངས་འགྲོ་བ་ཕོ་མོ་ཐམས་ཅད་ཀྱི་སྙིང་དཀར་ནག་མཚམས་ནས་རང་དབང་མེད་པར་བཟུང་སྟེ་བཀུག་པས་ལུས་ངག་ཡིད་གསུམ་བདེ་བ་ཆེན་པོའི་ངང་དུ་མྱོས་ཤིང་བརྒྱལ་སྟེ་རང་ལ་དབང་མེད་དུ་གུས་པས་འདུད་ཅིང་ཟས་ནོར་ལོངས་སྤྱོད་ཅི་འདོད་ཐམས་ཅད་ཆར་ལྟར་འབེབ་ཅིང་སྟེར་བར་བསམ། འཇིག་རྟེན་ལས་འདས་པའི་བྱིན་རླབས་དངོས་གྲུབ། ནུས་པ་གཟི་བརྗིད། ཉམས་རྟོགས་ཡོན་ཏན་ཐམས་ཅད་ཀྱང་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུ་བ་བཞིན་བཀུག་སྟེ་བསྟིམ། མདོར་ན་ཡེ་ཤེས་འཇིག་རྟེན་བརྟན་གཡོ་སྣང་སྲིད་ཀྱི་དྭངས་མ་བཅུད་ནུས་ཐམས་ཅད་འུབ་འུབ་བསྡུས་ཏེ་བདག་དང་བསྒྲུབ་རྫས་ལ་ཐིམ་པར་མོས། ཡང་འོད་ཀྱིས་


LT32_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་བས་འཁོར་གྱི་མཁའ་འགྲོ་རིགས་བཞི་དང་དཔའ་བོ་མཁའ་འགྲོ་ཡང་འཁོར་རྣམས་ཀྱིས་ཕྲིན་ལས་སྒྲུབ་ཅིང་དངོས་གྲུབ་ཅི་འདོད་སྟེར་བར་བསམས་ལ་སྔགས་འབྲུ་བཅུ་གསུམ་པ་བཟླ་ཞིང་། གཏེར་གཞུང་དུ་མི་གསལ་ཡང་རྒྱུད་ནས་གསལ་བར་གསུངས་པ་དང་གཏེར་ཁ་རིགས་མཐུན་གཞན་ནས་གསུངས་པའི་ཕྱིར། རྒྱུད་ནས་འབྱུང་བའི་དབང་སྡུད་ཀྱི་སྔགས་ཤམས་སྦྱར་ན་ལེགས་པར་སེམས་སོ། །ཐུན་མཚམས་སུ་བདག་གཞན་ཐམས་ཅད་དམིགས་མེད་རོ་མཉམ་བདེ་བ་ཆེན་པོར་གདོད་ནས་ཟུང་དུ་འཇུག་པའི་རིག་ངོ་ལ་མཉམ་པར་བཞག་ཅིང་གཏོར་མཆོད་སོགས་བྱ་བ་གཞན་སྔར་དང་འདྲ་ལ་ཚོགས་དང་མེ་མཆོད་ལྷག་པར་གཅེས་སོ། །དེ་ལྟར་རྟགས་མཐོང་གི་བར་རམ། ཕྱི་སྒྲུབ་ཟླ་གཅིག་ཙམ་ལས་མི་བྱེད་ན་ལས་སྦྱོར་བདུན་ཕྲག་གཅིག་ལས་མང་དུ་མི་བྱ། སྒྲུབ་པ་སང་གྲོལ་རྒྱུའི་དེ་རིང་གི་ཕྱི་ཐུན་ནས་གཏོར་མཆོད་རྙིང་པ་ཁ་གསོ་ཞིང་། ཚོགས་དང་དངོས་གྲུབ་ཀྱི་རྫས་སོགས་གསར་པ་བཟང་དུ་བཤམ། གྲོལ་བའི་ནངས་མོར་ཐོར་ཐུན་དཀྱུས་བཞིན་དང་། སྔ་ཐུན་གྱི་མགོར་བགེགས་བསྐྲད་སྲུང་འཁོར་གསལ་འདེབས་བསྐྱར་མ་བྱ། མདུན་གྱི་སྒྲུབ་གཏོར་ཡང་ལྷར་གསལ་བས་ལས་གཞུང་ཚང་མ་བསྟོད་པ་ཡན་དང་། བསྙེན་སྒྲུབ་ལས་སྦྱོར་གྱི་


LT32_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་དམིགས་ཁྱུག་ཙམ་བཏང་ནས་ལས་བྱང་རྒྱས་བསྡུས་གང་རུང་ལྟར་ཚོགས་སྐོང་བཤགས། བཀའ་སྲུང་གཏོར་འབུལ། འབུམ་བསྐུལ། ཆད་བརྟན། གཏོར་བྲོ་ཡན་རྒྱས་པར་གྲུབ་ནས། སྒྲུབ་གཏོར་ལྷར་གསལ་བའི་གནས་ལྔ་ལས་འོད་ཟེར་དཀར་དམར་མཐིང་སེར་ལྗང་གུ་དཔག་ཏུ་མེད་པ་བྱུང་། རང་གི་གནས་ལྔར་ཐིམ་པས་ལྷན་སྐྱེས་ཌཱ་ཀཱིའི་གསང་བ་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་རྣམ་པ་དབྱེར་མེད་པའི་མཆོག་ཐུན་མོངས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་སྟེ་བདུད་འདུལ་རིགས་ལྔའི་དཀྱིལ་འཁོར་པའི་ངོ་བོར་ཁྲོང་གི་གྱུར་པར་མོས་ལ་དངོས་གྲུབ་བླང་བའི་ཚིགས་བཅད་དང་བསྡུ་སྔགས་ལན་ཁ་ཡར་བརྗོད་ལ་གཏོར་ཐོད་བུམ་པ་གནས་ལྔར་གཏུགས་ཤིང་དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱད། སྒྲོན་མེ་སྦར་བ་ལག་ཏུ་ཐོགས་ལ་ལས་བྱང་ཆེ་བ་ལྟར་འབད་པ་དོན་ཡོད་པའི་སྨོན་ལམ་སྙིང་ཐག་པ་ནས་བྱ་ཞིང་། གཞན་ཡང་ཐེག་པ་ཆེན་པོ་སྤྱི་དང་ཁྱད་པར་གསང་ཆེན་ངེས་པའི་ཐ་ཚིག་གི་སྨོན་ལམ་ཟབ་མོ་དོས་དྲག་ལ་ཡུན་རིང་བར་གདབ། གསང་སྔགས་ཀྱི་དམ་ཚིག་སྤྱི་དང་། ལྷག་པར་བདུད་འདུལ་དྲག་མོའི་བསྙེན་སྒྲུབ་ལ་འཇུག་པའི་ཚེ། ལས་དང་པོ་པའི་བློ་སྐྱོན་གྱིས་འགལ་ཉམས་ཉེས་ལྟུང་ཕྲ་མོར་བཅས་པ་ཐམས་ཅད་སྙིང་ནས་


LT32_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་ཤིང་ཕྱིན་ཆད་མི་བགྱིད་པར་དམ་བཅས་ཏེ་ཡིག་བརྒྱ་དབྱངས་གསལ་ཇི་ཙམ་ནུས་པ་བརྗོད། རྩ་བ་གསུམ་དང་དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་བདེན་ཚིག་གི་རྒྱལ་རྔ་བརྡུང་ཞིང་མནྡཱ་ར་བའི་ཆར་བསྙིལ་བར་མོས་ལ་བཀྲ་ཤིས་བརྗོད། གཏོང་རག་ཏུ་ཕྱི་ནང་གསང་གསུམ་སྨན་རཀ་གཏོར་མཆོད་འབུལ། སྤྲོ་ན་བསྟོད་འབུམ་བཏང་། བསྡུ་ན་ཕྱི་སྒྲུབ་ཀྱི་གཏོར་འབུལ་དང་བསྟོད་པ་ཙམ་བྱས་ནས་སྒྲུབ་རྫས་ཀྱི་ཡེ་ཤེས་པ་དང་རྟེན་ལ་བརྟན་བཞུགས་བྱ། དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་བསྡུ་ལྡང་དང་སྲུང་བའི་གོ་བགོ། །འཁོར་གསུམ་རྣམ་པར་མི་རྟོག་པའི་བསྔོ་བས་རྒྱས་གདབ་ཅིང་། རེ་ཞིག་དེ་ཙམ་གྱིས་ཆོག་ཤས་པས་ནང་སྒྲུབ་སོགས་ལ་མི་འཇུག་ན་ཁ་སྐོང་གི་སྦྱིན་སྲེག་བསྙེན་པའི་བཅུ་ཆ་བྱ་ཞིང་། རྒྱལ་ཆེན་དང་གཙང་རིས་ཀྱི་དཔལ་མགོན་རྣམས་ལ་གཏོང་རག་ཕུལ་ཏེ་ཐོ་འགྲོ་ལ་སོགས་ཡི་དམ་ལྟར་བྱ། ཞག་ཤས་གནས་སྲུང་ཞིང་རླུང་རིག་དབྱེར་མེད་ཀྱི་བཟླས་པ་དང་། རིག་སྟོང་ཁྱབ་གདལ་གྱི་ངོ་བོ་སྐྱོང་ཞིང་ཅི་སྣང་དག་པའི་འཁོར་ལོར་ལ་ཟླ་བས་གནས་གསུམ་ཌཱ་ཀཱིའི་སྟོང་སྲོག་དབང་དུ་བྱེད་པའི་ཤེས་རབ་ཕ་རོལ་ཕྱིན་མའི་ཀློང་ལས་ནམ་ཡང་མི་འདའ་བར་ལྷོད་ཡངས་ཀྱིས་མཚམས་གྲོལ་ཏེ་དགག་སྒྲུབ་མེད་པའི་གཤིས་ལུགས་ཀྱི་བསྙེན་སྒྲུབ་


LT32_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདྲིས་པར་བྱའོ། །ཞི་སྒྲུབ་འདི་ནི་རྒྱུད་ལས་རྩ་བ་དམར་པོ་མཁའ་འགྲོའི་སྲོག་ཏུ་གསུངས་ཤིང་འདི་ལ་རྟགས་ཚད་ཐོན་ན་དྲག་བསྙེན་སྐབས་སུ་སློང་དང་བར་ཆད་ཆུང་བས་ནན་ཏན་ཏུ་འབད་པར་བྱ་བ་མན་ངག་གོ། །གཉིས་པ་མན་ངག་ཁ་སྐོང་སྤྲོས་བཅས་ལུགས་སུ་བྱེད་ན་སྒྲུབ་པའི་ཐོག་མཐར་ལས་བྱང་ཆེན་མོ་དང་། གཞན་ལ་ལས་བྱང་མྱུར་མགྱོགས་གློག་ཕྲེང་ཐུན་བཞིའི་རིམ་པས་བཏང་ཞིང་། མངོན་རྟོགས་དང་བསྟོད་པའི་སྐབས་འབྱིན་འཇུག་དབྱེ་བསལ་བྱ། །བསྙེན་པའི་སྐབས་སུ་བབ་པ་ན་ཛབ་བསྐུལ་སྔོན་ཏུ་འགྲོ་བའི་བསྙེན་འཛབ་བཟླ། ཐུན་མཐར་གཏོར་འབུལ་དང་། སྲོད་ཐུན་ལ་ཚོགས་མཆོད། བཀའ་སྲུང་གཏོར་འབུལ། ནོངས་བཤགས། བསྡུ་ལྡང་། བསྔོ་སྨོན་གྱི་རྒྱས་གདབ། ཆད་བརྟན་དང་དངོས་གྲུབ་བླང་བ་ནི་གྲོལ་ཉིན་བར་མི་དགོས། གཞན་ཐུན་བཞིའི་རྒྱས་བསྡུས་དམིགས་གནད་སོགས་སྔ་མ་ལྟར་བྱས་པས་འགྲུབ་སྟེ་ལས་བྱང་དང་ཁོག་སྤྲེལ་བའི་བསྙེན་སྒྲུབ་ཀྱི་རིགས་འདི་བྱིན་རླབས་ཀྱི་རྩ་ལ་ཁ་ཆེ་བ་ཞལ་རྒྱུན་ལས་འབྱུང་ཡང་བཟླས་བསྙེན་གྱི་གྲངས་འགྲོ་ཕུལ་ཆེ་ལ་ཡུན་རིང་ཡང་ལུས་སེམས་མི་དུབ་པ་གཏེར་གཞུང་སྤྲོས་མེད་ལྟར་ལེགས་པར་སེམས་སོ།། ༈ །།གཉིས་པ་ནི།


LT32_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འབྱུང་ལས། ནང་སྒྲུབ་སྣང་སྲིད་དབང་སྡུད་གྲི་གུག་རྒྱ༔ བསྙེན་དང་སྒྲུབ་དང་ལས་སྦྱོར་དྲིལ་བའི་ཆོས༔ དཔག་བསམ་ཤིང་གི་རྩ་བ་བཅུད་དང་ནི༔ ཡན་ལག་མེ་ཏོག་ལོ་མ་ལྟ་བུ་ཡིན༔ སྒྲུབ་པའི་རྩ་བ་འདི་ལས་གཞན་ཅི་འདུག༔ ཅེས་གསུངས་པ་ལྟར་ནང་ལྟར་དྲག་མོར་སྒྲུབ་པ་འདི་ལ་བཅས་བཤམ་གྱི་རིམ་པ་སྤྱིར་ནི་ཞི་བར་བསྙེན་པའི་སྐབས་ཇི་ལྟ་བ་ལས། ཁྱད་པར་གྱི་གནད་ཡིག་ཆུང་གསང་བའི་མན་ངག་ལྟར་དགོས་པས་དཀྱིལ་འཁོར་འཛེམ་ན་རབ། ཅིས་ཀྱང་མ་འཛོམ་ཞིང་འབྲུ་ཚོམ་བཀོད་པ་ནའང་ལྷ་གྲངས་རང་གཞུང་དང་མཐུན་པ་དགོས། མེ་ལོང་སྔགས་འཁོར་གྱི་སྟེང་དུ་དབང་གི་ལས་མེ་རླུང་ནོར་བུ་པདྨའི་ཞགས་པ་ལས་འབྱུང་བའི་སྲོག་འཁོར་བླ་རྡོ་ཁམས་གསུམ་དབང་སྡུད་བྲི་རྫས་གཞུང་གསལ་ཚད་ལྡན་བྲིས་པ་བཀོད། འདི་སྐབས་བསྙེན་སྒྲུབ་ལས་གསུམ་དྲིལ་སྔགས་ནི་གཞུང་དེ་ཉིད་ཀྱི་འོག་ཏུ་འབྱུང་བ་ལྟར་རོ། །དེ་སྟེང་དར་ཁེབས་ལ་གཟུངས་ཐག་རྡོ་རྗེ་དང་མཉམ་དུ་རྨ་བྱའི་མདངས་ཀྱིས་སྤྲས་པའི་སྐུ་ཙཀ་བཙུགས་པ་སོགས་ཞིབ་པར་གསེར་ལྡེའུ་དང་ཕྱི་སྒྲུབ་བཅས་འཕྲུལ་ཤེས་པར་བྱ། ནང་སྒྲུབ་འདི་ཉིད་དུས་གཞན་ཏུ་བྱེད་ན། སྔོན་འགྲོའི་བྱ་བ་ཐོ་འཛུག་སོགས་སྔར་ལྟར་གནད་ཆེ་ལ། ཕྱི་སྒྲུབ་དང་སྤྲེལ་བའི་ཚེ་ཐོ་མ་


LT32_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའི་སྔོན་དེར་བྱ་སྟེ། དེ་ལ་གསུམ། གོང་བསྙེན་བྱིན་རླབས་ཀུན་འདུས། ཞི་བར་བསྙེན་ཅིང་དྲག་མོར་བསྒྲུབ་པ། མཆོག་གི་ལས་སྒྲུབ་པོ། །དང་པོ་ནི། བརྒྱུད་འདེབས་ནས་བཟུང་མཆོད་པ་བྱིན་རླབས་ཡན་སྔོན་འགྲོའི་བྱ་བ་སྔར་དང་འདྲ། དངོས་གཞི། ནང་སྒྲུབ་སྣང་སྲིད་དབང་སྡུད་ལྟར། སྟོང་པའི་ངང་ལས་ཆུ་ལ་ཉ་ལྡང་བའི་ཚུལ་དུ་སོགས་བདག་བསྐྱེད་ཞི་ཁྲོ་སྦྲགས་མར་བསྒོམས་ལ་ཐུན་བཞི་རེ་རེ་བཞིན་ཕྱེད་ཆ་བཛྲ་གུ་རུ་སོགས་དང་། ཕྱེད་ཆ་ག་ཏེའི་སྔགས་བཟླ། ཐུན་མཐར་དབྱངས་གསལ་རྟེན་སྙིང་ཅི་འགྲུབ་རེ་བཟླས་པས་ཁ་སྐོང་ཞིང་། ཡིག་བརྒྱ་ལན་གསུམ་གྱིས་ཉམས་ཆགས་གསོ། ཧཱུྃ་གསུམ་ཕཊ་གསུམ་གྱིས་བསྡུ་ལྡང་བྱ། ཐུན་མཚམས་སུ་ཕྱི་སྒྲུབ་སྐབས་ལྟར་གཏོར་མ་རེ་འབུལ། གཞུང་གསལ་གྲངས་ཚད་རྫོགས་པར་གྲུབ་ན་རབ། །ཐ་ནའང་ཞག་བདུན་ནམ་གསུམ་དུ་དེ་ལ་བརྩོན། བསྙེན་དམིགས་གཞུང་གསལ་ལ་རྩེ་གཅིག་བསྒྲིམས་པས་འཐུས་ཀྱི་སྤྲོ་བསྡུ་སོགས་དངོས་སུ་མ་གསུངས་པས་མི་དགོས། གོང་བསྙེན་ཞག་བདུན་སོགས་གྲུབ་ནས་གཉིས་པ་ནི། སྔོན་འགྲོ་སྔར་ལྟར་ལ། དངོས་གཞི་བདག་བསྐྱེད་གསལ་བཏབ་ནས་གོང་བསྙེན་བརྒྱའམ་ཉེར་གཅིག་རེ་བཟླ། སྟོང་པའི་ངང་


LT32_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བུམ་པ་སོགས་མདུན་བསྐྱེད་ལྷ་བཅུ་གསུམ་འཁོར་གྱི་ཚོགས་དང་བཅས་པ་བསྐྱེད་དེ་སྤྱན་འདྲེན་ནས་བསྟོད་པ་ཡན་ལས་བྱང་ལྟར་བྱའོ། །དེའང་ཐུན་བཞིའི་ཐོག་མ་ལ་བགེགས་གཏོར་སྔོན་དུ་འགྲོ་བའི་ལས་བྱང་ཆེན་མོ་གཏང་ཞིང་། གཞན་གསུམ་ལ་ལས་བྱང་ཆུང་བ་ཉིད་བཏང་། དེའི་ཚེ་བདག་བསྐྱེད་ཀྱང་ཏིང་འཛིན་རྣམ་གསུམ་ཟིན་པའི་རྗེས་དེ་ཉིད་དུ་སྦྱར་ཤེས་པར་བྱའོ། །སྲོད་ཐུན་གཤམ་དུ་སྲུང་མའི་གཏོར་འབུལ། ཚོགས་ནུབ་རེ་བཞིན་དགོས་པས་རྒྱུན་དུ་ལས་བྱང་ཆུབ་པ་ལྟར་དང་། དུས་བཟང་རྣམས་དང་གྲོལ་སྐབས་ལས་བྱང་ཆེ་བ་ལྟར་བྱ། ཛབྲ་ཀྱི་ཚེ་ཐོག་མར་གནམ་ལྕགས་ཐོག་ཕྲེང་གི་ཞི་འཛབ་བསྐུལ་པ་དང་། རང་གཞུང་། བདག་ཉིད་ཤཱཀྱ་སེང་གེའི་སོགས་བཟླས་དམིགས་སྔོན་ཏུ་འགྲོ་བས། ག་ཏེ་ལན་བདུན། འབྲུ་བཅུ་གསུམ་པ་བསྙེན་པའི་རྩ་བ་ཤིན་ཏུ་གལ་ཆེ་བས་ཞི་དྲག་ཆ་མཉམ་ཙམ་བྱས་ན་ལེགས་ཀྱང་། ཕྱི་སྒྲུབ་སྔོན་སོང་གི་དབང་དུ་བྱས་ནས་སྐབས་འདིར་སྟོང་རྩ་རེ་གྲུབ་མཚམས་གནམ་ཐོག་ལྟར། ཧཱུྃ་ཧྲཱིཿ ཡེ་ཤེས་རང་སྣང་སོགས་ཀྱི་ཛབ་བསྐུལ་ཆེ་བརྗོད་སྔོན་དུ་འགྲོ་བས། ཐུན་གྱི་ངོས་གཞི་ཡི་གེ་བཅུ་བཞི་པ་ཉིད་གཙོ་བོར་བཟླ། བསྙེན་དམིགས་སྤྱིར་རང་གཞུང་ལྟར་ལ་འོད་ཟེར་སྤྲོ་གཞིའི་


LT32_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

། ཐུགས་སྲོག་སྔགས་ཕྲེང་ཞི་དྲག་གཉིས་ཀར་ཐོག་ཕྲེང་ལྟར་བྱ་བ་ལེགས་ཡག་རང་གཞུང་ལས། རང་གི་ཐུགས་ཀ་ནས། སིབ་སིབ་ཐིམ་པར་བསམ་ཡན་གྱི་དམིགས་པ་དང་བཅས་བུམ་བཟླས་བྱ། དེའང་ནང་སྒྲུབ་ཇི་ཙམ་བྱེད་པའི་ཕྱེད་སྔ་མ་ཡན་རྫས་སྒྲུབ་དམིགས་པ་ཁོ་ན་ལ་བསྒྲིལ་ཞིང་བུམ་བཟླས་ཁྱུག་ཙམ་རེ་བྱེད། ཕྱེད་ཕྱི་མ་རྫས་སྒྲུབ་ཉུང་ཞིང་བུམ་བཟླས་མང་དུ་བཏང་། ཐུན་མཐར་སྟོང་ཉིད་ཀྱི་ངང་ག་ཏེ་བདུན་རེ་བཟླ་ཐོག་ཕྲེང་ལྟར་ཕན་ཡོན་སྨོན་ལམ་བརྗོད། ཁ་སྐོང་གཏོར་འབུལ་སོགས་ཐུན་མཚམས་བྱ་བ་ཕྱི་སྒྲུབ་ལྟར་ལ་བདག་བསྐྱེད་བསྡུ་ལྡང་བྱ། མདུན་བསྐྱེད་ནམ་གྲོལ་གྱི་བར་བརྟན་བཞུགས་བྱ་བ་ལས་མི་བསྡུའོ། །དེ་ལྟ་བུའི་དམིགས་སྐོར་སྔ་ཕྱི་དེ་གཉིས་ལ་གཞུང་གཞན་ཏུ་མདུན་བསྐྱེད་རྫས་སྒྲུབ་ཀྱི་བཟླས་པ་དང་། བདག་མདུན་ལས་སྦྱོར་གྱི་བཟླས་པ་ཞེས་གྲགས་ལ་གཏོར་མ་མེ་ལོང་ཐོད་པ་བུམ་པ་བཅས་རེ་རེ་བཞིན་གཙོ་མོ་ལྷ་ལྔ་ཆ་རེ་བསྒོམ་སྟེ་དཀྱིལ་འཁོར་བཞི་བརྩེགས་ཀྱི་ཐ་སྙད་དང་། འོག་གི་དཀྱིལ་འཁོར་དུ་ལྷ་གྲངས་ཚང་བར་བསྒོམས་ལ། འདིར་ནི་དངོས་སུ་བུམ་པའི་དཀྱིལ་འཁོར་ལས་མ་བསྟན་ཀྱང་དེའི་སྤྲོ་བསྡུའི་བྱ་བ་བསྟན་པའི་ཤུགས་ལས་ཐོབ་པར་འགྱུར་བས་བུམ་བསྐྱེད་འགལ་


LT32_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

མེའི་འཁོར་ལོའི་སྤྲོ་བསྡུའི་སྐབས་དཀྱིལ་འཁོར་སྔ་མ་བཞི་ལ་གཙོ་བོར་དམིགས། རྫས་སྒྲུབ་ཀྱི་སྐབས་རྫས་དཀྱིལ་གཙོ་བོར་གྱུར་པའི་དཀྱིལ་འཁོར་རྣམ་གོས་གཅིག་པར་ལྷ་གྲངས་ཆ་ཚང་གཅིག་བསྒོམ་ཞིང་། མེ་ལོང་དུ་ཡུམ་ཆེན་མོ་བསྒོམ་པར་བྱའོ། །གསུམ་པ་ནི་གཞུང་གཞན་ཏུ། བདེ་དྲོད་ཡེ་ཤེས་སྐྱེད་པའི་འབར་འཛག་གི་བཟླས་པ་ཞེས་གསུངས་ཏེ་ཡུན་ཅི་རིགས་རྟགས་མཐོང་གི་བར་དུ་བསྒོམ་བཟླས་བྱེད་པ་ལས་གྲངས་ཚད་མེད་མོད། ད་ལྟ་ས་བཅད་མ་སྟོང་ཙམ་ལག་ལེན་འདེབས་པའི་དབང་དུ་བྱས་ཏེ། ནང་སྒྲུབ་ཀྱི་སུམ་ཆ་ཙམ་ལ་ཆོ་གའི་བྱ་བ་ཐམས་ཅད་སྔར་ལྟར་ལ། བསྙེན་པའི་སྐབས་སུ་བབ་པ་ན་གོང་ནོན་དང་ཞི་དྲག་སོགས་གཅིག་ཀྱང་མི་བྱ་བར། རང་གཞུང་ལྟར། བདག་དང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ནས། བདེ་དྲོོད་འུ་རུ་རུ་སྐྱེ་བར་བསམ། བར་གྱི་དམིགས་གནད་དང་ལྡན་པས་ཐོག་མར་བར་རླུང་ཙམ་ལ་བརྟེན་ཡིག་འབྲུ་དྲུག་པོ་རླུང་འགྲོ་འོང་གནས་གསུམ་དང་སྦྱར་བའི་ལམ་སྦྱང་། འབྱོངས་ཤིང་གོམས་ནས་སྦྱོར་བ་བཞི་ལྡན་གྱི་བུམ་ཅན་བཟུང་ཞིང་སྔགས་ཡིད་བཟླས་དང་དམིགས་གནད་གཞུང་གསལ་ལྟར་བྱ། །ཅིས་ཀྱང་བུམ་ཅན་མ་གྲུབ་ནའང་བར་རླུང་དང་ཡིད་བཟླས་ལ་བརྟེན་ཏེ་ས་ཁོངས་འཛིན། ཐུན་མཐར་བདག་མདུན་བསྲེས་པ་མར་མེ་གཅིག་


LT32_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཉིས་མཆེད་ཀྱི་ཚུལ་གྱིས་སྔར་ལྟར་ཕྱེས་ནས་ཐུན་མཚམས་ཀྱི་བྱ་བ་དཀྱུས་བཞིན་བྱའོ། །གལ་ཏེ་རང་སྣང་དབང་སྡུད་ཡེ་ཤེས་མཁའ་འགྲོ་སྒྲུབ་པའི་རྩེ་བ་འདི་ལ་མཐིལ་ཕུར་དུ་བྱེད་ན་ཐོག་མར་ནང་སྒྲུབ་ཀྱི་བསྙེན་སྒྲུབ་གྲུབ་ནས་དངོས་གྲུབ་ལེན་ཆོག་སོགས་རྗེས་ཀྱི་བྱ་བ་ཕལ་ཆེར་ཟིན་ནས། བསྡུ་རིམ་མ་བྱས་པའི་གོང་དུ་བདག་མདུན་བསྲེས་ཏེ་ལོ་ཟླ་ཅི་ནུས་ལ་སྐྱབས་སེམས་ཙམ་ལས་ལས་བྱང་གི་ཁོག་དབུབ་མི་བཏང་བར་སྤྲོས་མེད་དུ་བསྒྲུབ་བོ། །གྲོལ་བའི་སྐབས་རྗེས་ཀྱི་བྱ་བ་དངོས་གྲུབ་ལེན་པའི་སྟ་གོན་མན་ཆད་ཕྱི་སྒྲུབ་ལྟར་ལ། བསྙེན་པའི་སྐབས་ལས་བཞིའི་འོད་ཟེར་སྤྲོ་བསྡུའི་དམིགས་པ་སྤྱི་འགྲེ་བཅས་ཐོག་ཕྲེང་ལྟར་ཡི་གེ་བཅུ་བཞི་པ་ལ་ལས་བཞིའི་སྔགས་ཤམ་སྦྱར་བ་བུང་བསྐྱེད་བཟླ། བསྟོད་བསྐུལ་སྐོང་བ་སོགས་སྔར་ལས་ཀྱང་རྒྱས་པར་བྱ་ཞིང་གྲུབ་ན་དོན་དབང་ལྟར་བདག་འཇུག་ཀྱང་ལེན་ནོ།། ༈ །།གསུམ་པ་ནི། ཆོས་འབྱུང་ལས། གསང་སྒྲུབ་གནམ་ལྕགས་ཡང་སྙིང་བུམ་པའི་རྒྱ༔ གོང་མ་གཉིས་པོ་རྫོགས་ནས་རྒྱུན་ཁྱེར་ཏེ༔ བསྙེན་སྒྲུབ་ལས་སྦྱོར་གཅིག་དྲིལ་ཁྱེར་བདེ་བཀོད༔ དཔག་བསམ་ཤིང་གི་འབྲས་བུར་ལོངས་སྤྱོད་འདྲ༔ རིག་སྔགས་རྣལ་འབྱོར་ཆེན་པོ་ཨ་ལ་ལ༔ ཞེས་གསུངས་པ་ལྟར་གསང་བ་བཅུད་དྲིལ་རྒྱུན་ཁྱེར་གྱི་རིམ་


LT32_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ལའང་སྒྲུབ་པ་དང་རྒྱུན་ཁྱེར་གཉིས་ལས་དང་པོ་ནི། ནང་སྒྲུབ་ཀྱི་དཀྱིལ་འཁོར་སོགས་བསྡུས་པའི་རྗེས་ཉིད་དུའམ། དུས་གཞན་ཏུའང་རུང་སྟེ། དཀྱིལ་འཁོར་སྒྲུབ་རྫས་གསང་སྒྲུབ་གནམ་ལྕགས་ཡང་སྙིང་དུ་གསལ་བ་ལྟར། འཛོམ་ན་རས་བྲིས་སོགས་དཀྱིལ་འཁོར་དང་མ་འཛོམ་ན་ལྷ་གྲངས་ཀྱི་ཚོམ་བུའི་ཁར་མཉྫི་རིམ་གཉིས་འོག་མར། ཕོ་མོའི་ཐོད་པ་མཚན་ལྡན་ཁ་སྦྱོར་ནང་དུ་འཁོར་ལོ་སྲོག་རྟེན་སོགས་ཡིག་ཆུང་གསེར་ལྡེའུ་དང་བླ་རྡོའི་ཡིག་ཆུང་ལྟར་བྱས་པ་དང་ཆགས་སྐྱེད་ཀྱི་རྫས་སྣ་བརྒྱད་པའང་མཉམ་དུ་བླུགས་ལ་དར་གྱིས་དྲིལ་ཏེ་བཞག །དེ་མཉམ་འཛོམ་ན་སྦ་ལྕག་ཚིགས་གསུམ་ནང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བླ་རྡོ་སྲོག་འཁོར་ལག་ལེན་ཡིག་ཆུང་ལྟར་བཅས་འཛོམ་གཞུག་ཅིང་དར་སྣས་བརྒྱན་པ་བཞག །རིམ་པ་སྟེང་མར་རྟེན་གཏོར་རང་གཞུང་ལྟར། གཡས་གཡོན་སྨན་རཀ །རྒྱུན་གཏོར་དཀར་དམར། ཕྱི་མཆོད་སོགས་ཕལ་ཆེར་ཕྱི་སྒྲུབ་སྐབས་ལྟར་བཅས་བཤམ་གྲུབ་ནས། ནང་སྒྲུབ་དང་སྦྲེལ་ཏེ་ཐོ་གྲོལ་སོགས་བྱས་པ་མེད་ནའང་སྐབས་འདིར་ཕྱི་གཡེན་སྐོང་ཞིང་རྒྱལ་ཐོ་ཁ་གསོ་སོགས་བྱ། དུས་གཞན་ཏུ་ཡིན་ན་ཐོ་གསར་འཛུག་གི་ཆོ་ག་དང་། བརྒྱུད་འདེབས་ནས་མཆོད་རླབས་ཡན་སྔོན་འགྲོའི་རིམ་པ། ལས་བྱང་ཆེ་ཆུང་གི་ཁོག་འབུབ་བཏང་ལུགས་


LT32_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་མ་རྣམས་དང་འདྲ་བ་ལས། ལྷ་བསྐྱེད་སྐབས་གསང་སྒྲུབ་མངོན་རྟོགས་ལྟར་བདག་མདུན་དབྱེར་མེད་བསྒྲུབ། བཟླས་པའི་སྐབས་གབ་ཅུང་ཟད་ཡོད་དེ་གཞུང་གསལ་རྒྱུན་ཁྱེར་ཙམ་ལ་དགོངས་པ་ཡིན། སྒྲུབ་པའི་སྐབས་གནམ་ལྕགས་ཐོག་ཕྲེང་ལྟར། དྲག་པོའི་ཛབ་བསྐུལ་བརྗོད་པས་བདག་བསྐྱེད་ལས་མར་མེ་གཅིག་ལས་གཉིས་མཆེད་ཚུལ་དུ་མདུན་བསྐྱེད་འཛབ་ཁང་དབྱེ་ཞིང་ཕན་ཡོན་བརྗོད། འདིར་ཡང་རྒྱུད་ལས། སྒྲུབ་པ་སྒྲུབ་ཅིང་ལས་སྒྲུབ་བོ༔ ཞེས་གསུངས་པ་ལྟར་སྒྲུབ་པ་ལས་སྒྲུབ་གཉིས་ཀྱི་བརྡར་བཞག་པའི་སྔ་མ་ལའང་བསྙེན་སྒྲུབ་གཉིས་ལས། དང་པོ་ནི། བདག་མདུན་གཉིས་ཀ་མཁའ་འགྲོ་བདུད་འདུལ་ནས། གཡོན་བསྐོར་དུ་འཁོར་བར་བསམ༔ བར་གྱིས་བཟླས་དམིགས་གསལ་གདབ་ནས་ཡི་གེ་བཅུ་བཞི་པ་ཞག་བདུན་ནས། གསུམ་ཙམ་ལ་བཟླ གཉིས་པ་ལའང་འཁོར་འདས་ཟིལ་གནོན་གྱི་བཟླས་པ་དང་། སྲོག་འཕྲོག་གི་བཟླས་པ་གཉིས་ལས་སྔ་མ་ནི། བསྙེན་བཟླས་སྔོན་དུ་འགྲོ་བས། སྔགས་ཀྱི་འོད་ཟེར་མེ་ལྕེའི་ཕྲེང་བ་སོགས་ནས། བཀའ་ཉན་ལས་བྱེད་དུ་གྱུར༔ ཡན་དང་། འདིར་ཅུང་མི་གསལ་བའི་དམིགས་པ་གསང་སྒྲུབ་རང་གཞུང་ནས་ཀྱང་བསྣན་ཏེ་ཐུན་གྱི་ཕྱེད་ཆ་ཙམ་བཟླ། གཉིས་


LT32_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། སླར་ཡང་ལྕེ་རྡོ་རྗེ་རྭ་རྩེ་ནས། ནུས་པ་འབར་བར་བསམ༔ ཡན་གྱིས་ཐུན་གྱི་ཕྱེད་ཆ་དམིགས་བཟླས་བྱས་ཏེ་དེ་གཉིས་ལ་བདུན་ཕྲག་གཅིག་སོགས་ལས་དམིགས་པའི་གཙོ་བོར་བྱ། དེ་ནས་ལས་སྒྲུབ་བམ་གཞན་དུ་སྒྲུབ་པ་ཆེན་པོར་གྲགས་པ་བྱིན་རླབས་ཀྱི་བཟླས་པ་ནི། ཐུན་འགོར་བཟླས་དམིགས་སྔ་མ་རྣམས་གཞིར་བཞག །བདག་མདུན་གཙོ་མོའི་ནས། མྱུར་དུ་འགྲུབ་པར་བསམ༔ བར་ལ་དམིགས་པའི་མཐིལ་བྱས་ཏེ་འབྲུ་འབུམ་ལ་སོགས་ཅི་ནུས་བཟླ་ཞིང་། །དེའི་སྐབས་སུ་ཐུན་མཐར་ལས་བཞིའི་སྔགས་ཤམ་ཡང་ཅུང་ཟད་རེ་སྤྲེལ་ལོ། །དེ་དག་གི་ཚེ་ཐུན་མཚམས་ཀྱི་བྱ་བ་སྔགས་ཀྱི་ཕན་ཡོན་བརྗོད་པ་ཁ་སྐོང་སོགས་སྔར་དང་ཁྱད་མེད། གཏོར་འབུལ་ཕྱི་སྒྲུབ་ལྟར་རམ། ཡང་ན་གྲུབ་གཉིས་རོལ་མཚོ་བཏང་། གལ་ཏེ་འདི་ལ་ཡུན་རིང་དུ་བསྒྲུབས་ནས་ད་ཙམ་མི་འཁྱོངས་ན་དགོངས་ཐུན་མཐར་གཏོར་འབུལ་བཀའ་སྲུང་སོགས་རྒྱས་པ་རེ་དང་ཐུན་མཚམས་གཞན་གསུམ་པོར་སྤྱི་ལྟར་ཡེ་ཤེས་ལྷ་ཚོགས་ཙམ་ཀྱིས་ཀྱང་འཐུས། གང་ལྟར་མཆོད་བསྟོད་གཏོར་འབུལ་ལམ་སྟོང་ཚིགས་གྲུབ་ནས་གསང་སྒྲུབ་ལྟར། མཁའ་འགྲོ་ཐམས་ཅད་མདུན་གྱི་གཙོ་མོ་ནས། མེ་རེ་རེ་བྱུང་ནས་རང་ལ་ཐིམ༔ བར་གྱིས་བྱིན་རླབས་བསྡུ། བདག་བསྐྱེད་བསྡུ་ལྡང་


LT32_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

དང་མདུན་བསྐྱེད་བརྟན་བཞུགས་བྱའོ། །གྲོལ་ཁའི་ཞག་གསུམ་ཙམ་ལ་ལས་སྔགས་ཤམ་ཅན་ཁོ་ན་གུང་བསྐྱེད་ཅིང་ལས་བཞིའི་དམིགས་པའང་སྤྱི་མཐུན་བྱ། དངོས་གྲུབ་ཀྱི་རྫས་དང་ཚོགས་འཁོར་རྒྱས་པར་བཤམ་སྟེ་རྗེས་ཀྱི་ལས་རིམ་ནང་སྒྲུབ་ལྟར་མཐའ་རྒྱས་སུ་བྱ། བསྡུ་རིམ་སྐབས་མདུན་བསྐྱེད་གཙོ་མོ་ལ་བསྡུས་ཟིན་ནས་སྦ་ལྕག་སོགས་སྒྲུབ་རྟེན་ཡོད་ན། དེ་ལ་བརྟན་བཞུགས་དང་། །མེད་ན་རང་ལ་བསྡུའོ། །གཉིས་པ་རྒྱུན་ཁྱེར་ལྟར་སྒྲུབ་པ་ནི། ཐོག་མར་བདག་མདུན་གཉིས་ཆར་སྒྲུབ་པ་ཡུན་རིང་ཐུང་ཅི་རིགས་སྔོན་དུ་སོང་ནས་སྒྲུབ་རྟེན་དཀྱིལ་འཁོར་གཏོར་མ་ཐོད་པ་ཙམ་ལ་བརྟེན་ཅིང་ལས་བྱང་མྱུར་མགྱོགས་གློག་ཕྲེང་གིས་བཅིང་སྟེ་གསང་སྒྲུབ་གཞུང་གི་དངོས་བསྟན་ལྟར་བདག་བསྐྱེད་ཁོ་ན་ལ་བརྟེན་པའི་དམིགས་བཟླས་རྒྱུན་ཁྱེར་རམ་ལོ་ཟླ་ལ་སོགས་པར་བྱའོ།། ༈ །།བཞི་པ་ནི། བླ་མེད་མཆོག་སྒྲུབ་གསང་བའི་བཅུད་དྲིལ་འདི༔ གོང་མ་གསུམ་ཀའི་བོགས་འདོན་མྱུར་བའི་ལམ༔ མེ་ལ་སྦུད་པས་བསྣན་ནས་སྦར་བ་འདྲ༔ བརྩོན་ལྡན་རྣལ་འབྱོར་གྲུབ་པ་ལོ་ཟླ་ལས༔ མི་འགྱང་མྱུར་ཐོབ་དྲོད་རྟགས་ངེས་པར་འབྱུང་༔ བདུད་འདུལ་དྲག་མོའི་ཆོས་སྲོག་དྭངས་མའི་ཁྲག༔ ཅེས་གསུངས་པ་ལྟར་ཡང་གསང་མཆོག་སྒྲུབ་འདི་ལ་


LT32_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཐེམ་ཅན་ཐེམ་མེད་གཉིས་སུ་བཞུགས་པ་ལས། སྐབས་འདིར་ཐེམ་ཅན་གསང་བ་བཅུད་དྲིལ་ལྟར་ཚོམ་བུའི་དཀྱིལ་འཁོར་དང་རྟེན་མདའ་ནས་སྣོད་དུ་གཟུག་པ། དཀར་གཏོར་དམར་གཏོར། སྨན་རཀ །ཕྱི་མཆོད་བཅས་ཚོགས་པར་བྱས། སྒྲུབ་པ་སྔ་ཕྱི་ཐམས་ཅད་སྦྲེལ་ན་ཕྱི་ཐོ་མ་བསྡུས་པའི་ཁོངས་སུ་བྱ། སྒེར་དུ་སྒྲུབ་ན་ཐོ་འཛུག་སོགས་མི་དགོས། ཐུན་ལ་ཐོག་མར་ཞུགས་སྐབས་དཀར་བགེགས་མཚམས་གཅོད་སོགས་བྱས་ཀྱང་རུང་ལ་འདི་རིགས་མ་བྱས་ཀྱང་ཆད་སྐྱོན་མེད། བརྒྱུད་འདེབས་ནས་བྱིན་རླབས་ཡན་ཕྱི་སྒྲུབ་སྐབས་ལྟར་སོང་མཚམས་ཐེམ་མེད་རང་གཞུང་གི་ལྷ་བསྐྱེད་ཀྱིས་བདག་མདུན་དབྱེར་མེད་དུ་བསྐྱེད་བསྟིམས་བྱ་ཞིང་ཕྱི་སྒྲུབ་སྐབས་ཀྱི་ཞི་བསྙེན་ཅི་འགྲུབ་བཟླ། སླར་ཛབ་ཁང་ཕྱེ་ཞིང་། བཟླས་དམིགས་གཞུང་གསལ་ལྟར་ལ་བདག་མདུན་ཐུགས་ཀར་ས་བོན་སྔགས་ཕྲེང་ཕྱི་སྒྲུབ་སྐབས་ལྟར་བཀོད་ནས་མདུན་བསྐྱེད་ལ་བརྟེན་ཏེ་དངོས་གྲུབ་བསྡུ་བ། བདག་བསྐྱེད་ལ་བརྟེན་ཏེ་དབང་བཞིའི་བཟླས་པ། གཉིས་ཀ་ལ་བརྟེན་ཏེ་སྣང་བ་དབང་སྡུད་ཀྱི་བཟླས་པ་བཅས་བསྙེན་མཚམས་ཡུན་རིང་བྱེད་ན་ཐོག་མར་ཞག་བདུན་ཕྲག་རེ་ཙམ་སོ་སོར་རིམ་ཅན་ཕུར་ཚུགས་སུ་བསྒོམ་ཞིང་། ཞག་གྲངས་ཐུབ་ནའང་ཞག་གསུམ་རེ་ཙམ་བྱས་ནས་དངོས་གཞིར་ཐུན་རེ་རེར་


LT32_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དམིགས་ཚན་གསུམ་པོ་ཚང་བ་རེ་དང་། འཁོར་ལོའི་བཟླས་པ་ལ་གཞུང་བསྲང་སྟེ་རྟགས་ཐོན་དུ་བསྒྲུབ་བོ། །ཐུན་མཚམས་ཀྱི་བྱ་བ་ཕྱི་སྒྲུབ་ལྟར་རམ། སྐབས་རེར་ལས་བྱང་ཆུང་བའི་སྤྱན་འདྲེན་ནས་བསྟོད་པ་རྫོགས་ཀྱི་བར་མཆོད་བསྟོད་གཏོར་འབུལ་རྒྱས་པར་བྱ་ཞིང་། དེ་ལྟ་ན་ལྷ་ལྔ་ཁོལ་འདོན་གྱི་ཚིག་རིས་འབྱིན་ཤེས་པར་བྱའོ། །བཟླ་བྱའི་སྔགས་ནི་རང་གཞུང་བསྙེན་སྒྲུབ་ལས་སྦྱོར་གཅིག་དྲིལ་ཉིད་ཡིན་ཞིང་སྤྲོས་མེད་ཀྱི་སྒྲུབ་པ་ཡིན་པས་སྔགས་དམིགས་ཁོ་ན་གཙོ་ཆེ་སྟབས་གཞུང་དང་ལས་བྱང་སྤྲད་པ་སོགས་མི་དགོས། རྗེས་ཀྱི་བྱ་བའང་ཕྱི་སྒྲུབ་དང་འདྲའོ། །འདི་ཉིད་རླུང་དང་སྦྱར་བའི་སྤྲོས་མེད་སྒྲུབ་པ་དང་། ཕྱི་ནང་ཡང་གསང་གཅིག་དྲིལ་དུ་བསྒྲུབ་པ་སོགས་ནི་གྲུབ་བརྙེས་རིག་འཛིན་ཆོས་རྗེ་གླིང་པའི་ཞལ་ལུང་ལས་ཤེས་པར་བྱ། འོན་ཀྱང་གཏེར་མ་སྤྱིའི་བབ་དང་འདི་ཉིད་ཀྱིའང་གཞུང་མཐུན་ཚད་ལྡན་ཞིག་བྱེད་ན་ཐོག་མར་འདིར་བཤད་ཀྱི་སྒྲུབ་པའི་མ་བཞི་རྒྱས་བསྡུས་གང་རུང་སྔོན་ཏུ་འགྲོ་བས་རྒྱུན་གྱི་ཉམས་ལེན་གཅིག་དྲིལ་ལྟར་བྱས་ན་ལེགས་ཀྱི་ཐོག་མ་ནས་གཅིག་དྲིལ་ཁོ་ནར་སླར་འཇུས་བྱས་ཚེ་ཅུང་ཟད་གཞུང་དོན་དང་འཛོལ་བར་སེམས་སོ། །དེ་ལྟར་སྒྲུབ་ཐབས་མ་བཞི་ལ་བུ་ལྔ་པོའང་ཅི་ལྟར་ནུས་པ་སྦྱར་ཞིང་བསྒྲུབས་ལ་དྲོད་རྟགས་ཀྱི་རྟགས་ཚད་


LT32_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མའི་སྙིང་པོ་ལྟར་གཏན་ལ་དབབ། ལས་ཁ་ཚར་རྣམས་ནི་མ་བཞི་པོའི་བསྙེན་སྒྲུབ་ཐམས་ཅད་དམ་གང་རུང་རྫོགས་ནས་སྐབས་སུ་ཇི་ལྟར་འོས་པར་སྦྱར་ལ་ཁྱད་པར་འབྲེལ་མཚུངས་ཀྱི་དབང་དུ་བྱས་ན་ཞི་སྒྲུབ་མཐའ་ཚེ་གཡང་སྒྲུབ་པའི་སྐོར། ནང་སྒྲུབ་མཐར་སྣང་སྲིད་དབང་སྡུད་མེ་རླུང་ཞགས་པ། གསང་སྒྲུབ་ལ་སྲོག་རྟེན་ཕུར་པའི་སྒྲུབ་པའང་སྦྲེལ་ཞིང་མཐར་བསྲུང་བཟློག་བསད་གཟེར་དམིགས་བཟླས་ཟབ་མོ་བཞི་ཁྲིད་ཉིད་སྦྱར་ཏེ། དེའི་ཚུལ་ནི་ཆོས་བདག་བསམ་གཏན་བསྟན་འཛིན་གྱིས་མཛད་པའི་ལས་ཁྲིགས་གནམ་ལྕགས་ཐོག་ཆེན་ལས་ཤེས་པར་བྱའོ། །ཡང་གསང་སྒྲུབ་པ་ལ་བསྐྱེད་རྫོགས་གཉིས་མེད་ཐོད་རྒལ་དུ་སྒྲུབ་པ་དང་བཅུད་ལེན་བདུད་རྩིའི་ཐིགས་པ་སྤྲེལ་བས་མཆོག་སྒྲུབ་གཙོ་བོར་བྱ། དེ་བཞི་ཅི་རིགས་པའམ་ལས་གཞུང་རྒྱས་བསྡུས་སོགས་ལ་བརྟེན་ནས་མཁའ་སྤྱོད་བདུད་རྩིའི་བཅུད་ཐིག་ལྟར་མྱོང་གྲོལ་རིལ་བུའི་སྒྲུབ་པས་ཟང་ཟིང་མེད་པའི་ཆོས་སྦྱིན་སྤེལ་བ་སོགས་བྱས་ན། ཆོས་གཅིག་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྤེལ་ལ་མཁའ་སྤྱོད་གོ་འཕང་གདོན་མི་ཟ་བར་ཐོབ་པའི་མྱུར་ལམ་ཤིན་ཏུ་ཟབ་ལ་ཆ་ཚང་བར་ཡང་འགྱུར་རོ། །སྒྲུབ་པ་སོ་སོའི་བར་རམ་ཐམས་ཅད་རྫོགས་པའི་མཐར་ལས་བཞིའི་སྦྱིན་སྲེག་སོ་སོའི་ལས་མཐུན་ནམ་ཁ་སྐོང་སྤྱི་


LT32_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ལ་ཞི་བའི་སྲེག་བླུགས་བསྙེན་སྒྲུབ་ཀྱི་བཅུ་ཆ་རང་གཞུང་ཕྲིན་ལས་ལྷུན་འགྲུབ་ལྟར་བྱ། སྤྱིར་གོང་དུ་སྨོས་པ་ལྟར་མཁའ་འགྲོ་བསྒྲུབ་པ་ལ་མེ་མཆོད་གཅེས་པས་ཐུན་མཚམས་རྣམས་སུ་མེ་མཆོད་བསྡུས་པ་ཅི་འགྲུབ་གལ་ཆེ་ཞིང་། ཁྱད་པར་འདི་ཉིད་དབང་གི་ལས་སྒྲུབ་གཙོ་བོར་བསྟན་པས་མེ་མཆོད་ཀྱང་དབང་ལྟར་བྱ་སྟེ། དེའི་ལག་ལེན་ཁྱེར་བདེ་ནི། བརྩིགས་ཐབས་ཚད་ལྡན་ཁྱེར་བདེ་སྤྱི་མཐུན་སྔར་ནས་བཅོས་པ་ཡོད་ན་རབ། །མེད་ན་སྟེགས་བུར་རྡུལ་ཚོན་གྱིས་ཆོས་འབྱུང་པདྨ་འདབ་བཞིས་མཚན་པའི་ཕྱི་རོལ་མུ་ཁྱུད་དུ་ཕྱག་རྒྱ་བཞིས་བརྒྱན་པ་བྲིས་ལ། རྒྱ་ཤུག་མཛོ་མོ་ཤིང་སེང་ལྡེང་སོགས་དབང་གི་ཤིང་དམར་པོས་ཐབ་ཁུང་ཟླ་གམ་བརྩེགས། ཟངས་སྣོད་དུ་མར་ཁུ། ཕྱེ་མར། རིན་ཆེན་འབྲུ་སྨན་དར་རས་དཀར་མངར་སོགས་བསྲེག་རྫས་གང་འཛོམ་དང་། ཁྱད་པར་མེ་ཏོག་དམར་པོ། འབྱོར་ན་བྱང་སེམས་དཀར་དམར། མ་འབྱོར་ཚེ་ཅུ་གང་དང་སིནྡྷཱུ་ར་དག་རྩ་བརྒྱད་སྟོང་སྦྱར་དང་ལྡན་པའི་མྱོས་བྱེད་ཀྱིས་སྦགས་པ་མདུན་ཏུ་བཤམས་ལ་བསངས་ཆུས་བྲན། རྃ་ཡྃ་ཁྃ༔ ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱཿ ཨཱོཾ་ཨཱཿཧཱུྃ་ཞེས་དང་ནམ་མཁའ་མཛོད་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབས། ཛྭ་ལ་རཾ་རཾ། ཞེས་པས་མེ་སྦར། བསངས་སྦྱངས། སྟོང་པའི་


LT32_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ལས། དབང་གི་ཐབ་ཁུང་ཚང་དང་མཚན་ཉིད་ཡོངས་སུ་རྫོགས་ཤིང་དབང་གི་མེ་དམར་པོ་ལྕགས་ཀྱུ་ལྟར་འབར་བའི་དབུས་སུ༔ དཀྱིལ་འཁོར་གྱི་ལྷ་ཐམས་ཅད་སྐུ་མདོག་དམར་མོ་རྒྱ་སྐྱེགས་ཀྱི་མེ་ཏོག་ལྟ་བུ་བསྣུམས་ལ་མདངས་ཆགས་པ༔ ཁྲོ་འཛུམ་དབང་གི་མདངས་དང་ལྡན་པས་ཕྱག་མཚན་ཐམས་ཅད་འགུགས་བྱེད་ལྕགས་ཀྱུ་དམར་པོ་བསྣམས་པར་གསལ། ཨོཾ་ཛྙཱ་ན་སི༚་ཧ་དྷཱ་ཀི་ཀྲོ་ཏི་ཧ་རི་ནཱི་ས་སརྦ་དྷཱ་ཀི་ནཱི་ས་མཱ་ཡ་ཛཿཛཿ ཛཿཧཱུྃ་བྃ་ཧོཿ དམ་ཚིག་ཡེ་ཤེས་དབྱེར་མེད་དུ་གྱུར། ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པུ་ཧོཿ པྲ་ཏི་ཛ་ཧོཿ མར་ཁུ་ཕྱེ་མར་མཆོད་ལ། ཧཱུྃ༔ སོར་རྟོག་ཡེ་ཤེས་མེ་འབར་དབང་གི་མེཿ དབང་གི་མེ་དཔུང་འབར་བའི་གཞལ་ཡས་སུ༔ མཁའ་འགྲོའི་གཙོ་མོ་སེང་གདོང་དབང་གི་ལྷ༔ སྐུ་མདོག་དམར་མོ་ཕྱག་མཚན་ལྕགས་ཀྱུ་འཛིན༔ དབང་གི་ཕྲིན་ལས་བསྒྲུབ་ཕྱིར་ཐུགས་དམ་བསྐུལ༔ ཨཱོཾ་བྃ་སི༚་ཧ་དྷཱ་ཀི་ནཱི་ཨརྒྷཾ་ནས། ཤབྡ་སརྦ་གུ་ཧྱ་པཱུ་ཛ་ཨ་མྲྀ་ཏ་པ་ལི༚་ཏ་རཀྟ་ཛྭ་ལ་རཾ་ཁཱ་ཧིཿ ཞེས་སྔགས་རྒྱ་ཙམ་གྱིས་མཆོད། བསྙེན་སྒྲུབ་བཟླས་པ་གང་བྱེད་ཀྱི་གཤམ་དུ། མཆོག་ཐུན་དངོས་གྲུབ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་འབྱོར་ཐམས་ཅད་པ་ཤཾ་ཀུ་རུ་ཧྲི༚་ཧྲི༚་ཛཿཛཿ དབང་དུ་སྡུས་ཤིག༔ ཅེས་པས་རྫས་སྤུངས་བརྒྱ་རྩ་


LT32_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཅི་འགྲུབ་ཕུལ། དམིགས་བསལ་ཟས་ནོོར་ལོངས་སྤྱོད་སོགས་དབང་དུ་བསྡུ་བར་འདོད་པའི་མིང་སྤེལ་སྤྲོན་བྱ། མཐར་རྩ་སྔགས་གཤམ་དུ། གུ་ཧྱེ་ཤཱུ་ཀྲཾ་པདྨ་རཀྟ་པཱུ་ཛ་རཾ་ཛྭ་ལ་ཁཱ་ཧི༔ ཞེས་བཏགས་པས་ཅུ་གང་དང་སིནྡྷཱུ་ར་ཕུལ། ཧོཿ མཁའ་འགྲོ་བདུད་འདུལ་དྲག་མོ་ཁྱོད་ལ་ཕྲིན་ལས་སུ་བཅོལ་བ་ནི༔ རྣལ་འབྱོར་པ་བདག་ཅག་སྒྲུབ་པ་པོ་ཡིས༔ ལྷ་ཀླུ་འགྲོ་བ་ཕོ་མོའི་ལུས་ངག་ཡིད་གསུམ༔ ཚེ་དབང་ལོངས་སྤྱོད༔ དཔལ་འབྱོར་གྲགས་པ༔ སྟོབས་དང་མངའ་ཐང་ཐམས་ཅད་དབང་དུ་འདུས་པར་གྱུར་ཅིག༔ བ་ཤཾ་ཀུ་རུ་ཧཱུྃ་ཛཿ ཞེས་འདོད་གསོལ་བརྗོད། དེ་དག་གི་ཚེ་ལྷ་རྣམས་ཀྱི་གསང་གནས་ནས་མེའི་ལྕགས་ཀྱུ་ཛཿཡིག་གི་རྣམ་པ་ཅན་ཁམས་གསུམ་ཁྱབ་པར་འཕྲོས་པས་འགྲོ་བ་ཕོ་མོ་ཟས་ནོར་ལོངས་སྤྱོད་ལ་སོགས་པ་དབང་དུ་བསྡུས་ཐམས་ཅད་འོད་དཀར་དམར་ཀྱི་ལི་ལི་གཡོན་ཏུ་འཁོར་ཏེ་རང་ལ་ཐིམ་པར་བསམ། སླར་སྔགས་རྒྱས་མཆོད། ཧཱུྃ༔ ཡེ་ཤེས་མཁའ་འགྲོ་སེང་གདོང་དབང་གི་ལྷ༔ སྐུ་མདོག་ཤིན་ཏུ་དམར་བའི་མདངས་དང་ལྡན༔ དབང་གི་ལས་བྱེད་དམར་མོ་འབུམ་དང་བཅས༔ རྒྱན་ལྡན་འགྱིང་བག་དབང་གི་ལྕགས་ཀྱུ་བསྣམས༔ དམར་མོ་དབང་སྡུད་ལས་མཛད་ལྷ་ལ་བསྟོད༔ རྣལ་འབྱོར་


LT32_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་དབང་གི་དངོས་གྲུབ་སྩོལ༔ བྃ་སི༚་ཧ་དྷཱ་ཀི་ནི་ཧ་རི་ནི་ས་ཀཱ་ཡ་ཝཱ་ཀ་ཙིཏྟ་སིངྡྷི་ཧཱུྃ༔ ཞེས་བསྟོད་ཅིང་དངོས་གྲུབ་བླང་། ཡིག་བརྒྱས་ནོངས་པ་བཤགས། མེ་ཐབ་ཀྱི་ལྷ་ཚོགས་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་ཞུ་ནས་རང་གི་ཐུགས་ཀར་ཐིམ་པར་གྱུར། བསོད་ནམས་རི་བོ་སོགས་ཤིས་བརྗོད་བསྔོ་སྨོན་གང་འཐད་བྱས་པས་འགྲུབ་བོ། །དབང་གི་མེ་མཆོད་ཀྱི་ཐལ་བ་ཕྱོགས་གཅིག་བསྡུས་ཏེ་འགྲུབ་སྦྱོར་ལྡན་པའི་ཉིན་མོར་ཆུ་ཆེན་ཏུ་བསྐྱལ་བའམ། ཡང་ན་རླུང་ཆེན་དང་སྒྲགས་ཏེ་རི་མཐོན་གྱི་རྩེ་ལ་ཕྱར་བ་རྟེན་འབྲེལ་གནད་དུ་ཆེའོ།། ༈ །།ལྔ་པ་བསྙེན་སྒྲུབ་ཀྱི་ཡན་ལག་ཏུ་དམ་ཚིག་གི་རིམ་པ་རྣམས་དང་སྤྱོད་པའི་བརྟུལ་ཞུགས་ལ་བསླབ་པ་གལ་ཆེ་སྟེ། དེའང་སྤྱིར་སྐུའི་དམ་ཚིག་བླ་མ་སངས་རྒྱས་སུ་བལྟ་བའི་མོས་གུས། གསུང་གི་དམ་ཚིག་ཡི་དམ་གྱི་བསྐྱེད་བཟླས་ལ་སྤང་ལེན་མེད་པར་ཕུར་ཚུགས་སུ་བརྩོན་པ། ཐུགས་ཀྱི་དམ་ཚིག་གསང་བཅུ་སྲོག་ལ་བབ་ཀྱང་མི་བསྒྲག་པ། ཡོན་ཏན་གྱི་དམ་ཚིག་ལོ་ཟླ་དུས་ཀྱི་མཆོད་གཏོར་ལ་བརྩོན་པ། ཕྲིན་ལས་ཀྱི་དམ་ཚིག་རང་དོན་དུ་ལས་སྦྱོར་མི་བརྩམས་པ་སོགས་གསང་སྔགས་སྤྱིའི་དམ་ཚིག་གཞིར་བཞག །ཁྱད་པར་གཞུང་ལས། བྱེ་བྲག་མཁའ་འགྲོའི་དམ་ཚིག་ནི༔ མཁའ་


LT32_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་གཙོ་མོའི་དམ་ཚིག་ཏུ༔ རྡོ་རྗེ་སློབ་དཔོན་སྤྱི་བོར་ཁུར༔ རྡོ་རྗེ་མཁའ་འགྲོའི་དམ་ཚིག་ཏུ༔ ཏིང་འཛིན་ཡེངས་བ་མེད་པར་བསྐྱང་༔ རིན་ཆེན་མཁའ་འགྲོའི་དམ་ཚིག་ཏུ༔ ཚོགས་དང་གཏོར་མ་རྒྱུན་དུ་བྱ༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ མཚན་ལྡན་བདེ་བ་རྒྱུན་ཏུ་བརྟེན༔ ལས་ཀྱི་མཁའ་འགྲོའི་དམ་ཚིག་ཏུ༔ དག་སྣང་ཕྱོགས་མེད་ལས་སྦྱོར་བརྩོན༔ མཁའ་འགྲོ་སྤྱི་ཡི་དམ་ཚིག་ཏུ༔ དུས་སུ་ཚོགས་དང་གཏོར་མས་བསྐང་༔ བསྙེན་སྒྲུབ་བསྒོམ་བཟླས་གཅིག་ཏུ་དྲིལ༔ དེ་བྱས་དོན་གཉིས་འགྲུབ་པར་འོང་༔ ཞེས་ཁྱད་པར་གྱི་དམ་ཚིག་དངོས་དང་། དེ་བསྲུང་བའི་ཕན་ཡོན། མ་བསྲུངས་པའི་ཉེས་པ་དཔག་མེད་བཅས་གསུངས་ཤིང་། ལྷག་པར་བསྙེན་བསྒྲུབ་ཀྱི་སྐབས་སུ་ལྷ་དང་སྔགས་གསང་། ཐེ་ཚོམ་སྤང་ཞིང་རྩེ་གཅིག་བསྒྲུབ། དམ་ཉམས་སྡིག་ཅན་གྲིབ་ཅན་དང་གདོད་མི་སྤྲད་ཅིང་། དེ་དག་དང་ཁྱད་པར་ཡུགས་སའི་འགྲུལ་དང་ཟས་ལ་ཤིན་ཏུ་འཛེམ། དྲོད་རྟགས་བཟང་ངན་ལ་རེ་དོགས་སྤང་སྟེ་བཏང་སྙོམས་སུ་བསྒྱུར། ལུས་ལྷ། ངག་སྔགས། སེམས་ཏིང་ངེ་འཛིན་ཏེ་ང་རྒྱལ་རྣམ་གསུམ་དང་མ་བྲལ་བར་བྱ། ལོངས་སྤྱོད་ཅི་བྱུང་ཚོགས་དང་མཆོད་རྫས་སུ་ཕུལ། གཞན་ཡང་བསྙེན་སྒྲུབ་སྤྱིའི་དམ་ཚིག་ཁོངས་སུ་


LT32_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཆུད་པས་སྤང་བླང་བྱ་བ་ཤིན་ཏུ་གཅེས་སོ། །སྤྱོད་པ་ནི་དུས་ཚོད་དང་འབྲེལ་བར་དགོས་པས་རྣམ་པ་བཞི་དང་དྲུག་ལ་སོགས་པའི་རྣམ་བཞག་འབྱུང་ཡང་། སྐབས་འདིར་གཞུང་ལས། རིག་པ་གཟེར་བཏབ་སྣང་བ་ཟིལ་གྱིས་མནན༔ རི་ཁྲོད་འགྲིམ་ཞིང་ཟས་ཚོགས་སྐྲ་བསྲེག་བྱ༔ ཕྱེ་མར་ཤིང་ཏོག་སྦྱིན་སྲེག་བཏབ༔ རིག་པ་དྲི་མ་མེད་པར་བཞག༔ གང་ཤར་བཟོ་མེད་ཐོག་རྗེས་འགེལ༔ སྙིམས་ནི་གང་འདུག་སྟེང་དུ་གཅོད༔ ཅེས་གསུངས་པ་ལྟར་སྤྱོད་པའི་གཙོ་བོ་བླ་མ་མཁའ་འགྲོ་དབྱེར་མེད་ལ་ཟློག་མེད་མོས་གུས་འཁོར་ཡུག་གི་གཟེར་གདབ། སྣང་སེམས་ཆོས་སྐུའི་རོལ་པར་ལམ་དུ་བསླང་། ཕྱི་མི་བོད་པའི་ཡུལ། ནང་ནད་གདོན་རྐྱེན་ངན། གསང་བ་ཉོན་མོངས་རྣམ་རྟོག །དེ་ཁོ་ན་ཉིད་བདེ་གསལ་ཉམས་མྱོང་ལ་ཐོག་རྫིས་བཞི་བྱ། ཉོན་མོངས་ཡུལ་ཅན། དཔང་པོ་ཁ་ཡན། ཐེ་ཚོམ་ལེ་ལོ། ཨ་འཐས་ཆོས་བརྒྱད་དེ་དབང་དུ་མི་བཏང་བ་བཞི་ལ་བསླབ་ཅིང་། མདོར་ན་སྐྱིད་སྡུག་གང་བྱུང་ལམ་དུ་ཁྱེར་བས། སྡུག་བསྔལ་ཆོས་ཉིད། བར་ཆད་དངོས་གྲུབ། བདུད་བགེགས་ཡི་དམ། དགྲ་བགེགས་གྲོགས་སུ་ཤེས་པ་བཞི་དང་ངམ་ཤུགས་ལས་འབྱུང་སྟེ་རྡོ་རྗེ་རོལ་པའི་བརྟུལ་ཞུགས་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ།། ༈ །།གསུམ་པ་དེ་ལྟར་


LT32_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་པའི་འབྲས་བུ་ལ་གནས་སྐབས་དང་མཐར་ཐུག་གཉིས་ཏེ། །དེའང་། བརྩོན་པ་དང་དབང་པོ་རབ་མཁའ་འགྲོ་གྲུབ་པའི་རྟགས་གནས་སྐབས་སུ་མི་དང་མཁའ་འགྲོ་ཟང་ཟིང་སྟེ་འདུ་བ་གསུམ། ལུས་ལ་བདེ་བ། ངག་ལ་ནུས་པ། སེམས་ལ་ཡེ་ཤེས་ཏེ་འབར་བ་གསུམ། ཕྱིའི་དགྲ་གདོན། ནང་གི་ཉོན་མོངས། གསང་བ་རྟོག་ཚོགས་ཏེ་ཞི་བ་གསུམ། སྣང་བ་འཁྲུལ་པ། རྐྱེན་ངན་དངོས་གྲུབ། རང་སེམས་སངས་རྒྱས་ཏེ་ཤེས་པ་གསུམ། ཕྱི་བསོད་ནམས་སྙན་གྲགས། ནང་ཚེ་དང་ཁམས། གསང་བ་ཉམས་དང་རྟོགས་པ་སྟེ་རྒྱས་པ་གསུམ། ཕྱིའི་ལེགས་ཉེས་རྟེན་འབྲེལ། ནང་གི་རང་སེམས་ཆོས་སྐུ། །གསང་བ་ཆོས་ཉིད་མངོན་སུམ་སྟེ་རྟོགས་པ་གསུམ་ཀློང་དུ་རྡོལ་ཞིང་ཚེ་གཅིག་ལ་དཀའ་བ་མེད་པར་རྡོ་རྗེ་བཙུན་མོའི་གོ་འཕང་བརྙེས་ནས་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཆོས་ཐམས་ཅད་ཀྱི་གདོད་མའི་སྟོང་གཞི་གང་ཡིན་པ་མངོན་ཏུ་གྱུར་ཏེ་མཁའ་ཁྱབ་ཀྱི་རོལ་པ་ཅན་གྱི་ཟུང་འཇུག་ཕུལ་དུ་དབྱུང་དུ་མེད་པ་ལ་གནས་པ་ནི་མཐར་ཐུག་གི་འབྲས་བུའོ། །དབང་བརྩོན་འབྲིང་དང་ཐ་མས་ཀྱང་དམ་ཚིག་ལ་གནས་ཤིང་བསྙེན་སྒྲུབ་གྲངས་དུས་རྫོགས་པ་ཙམ་བྱས་པའི་ཕན་ཡོན་ལྡན་འབྲས་ཀྱང་དཔག་ཏུ་མེད་པ་རང་གཞུང་སོ་སོ་ལས་གསལ་ཞིང་། ལྷ་སྔགས་འདི་ལ་འབྲེལ་


LT32_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙམ་ཐོགས་པའི་ཕན་ཡོན་ཀྱང་གནམ་ལྕགས་ཐོག་རྒྱུད་ལས། དེ་ལྟར་ཡེ་ཤེས་མཁའ་འགྲོ་འདི་ཉིད་ནི༔ དྲན་པ་ཙམ་གྱིས་བྱད་ཀ་ཐམས་ཅད་བཟློག༔ གསལ་བ་ཙམ་གྱིས་ཁམས་གསུམ་དབང་དུ་འདུས༔ བསྒོམ་པ་ཙམ་གྱིས་མཆོག་ཐུན་དངོས་གྲུབ་ཐོབ༔ གསོལ་བ་བཏབ་ཙམ་གང་བཏབ་འཕྲལ་དུ་འགྲུབ༔ གཏོར་མཆོད་ཙམ་གྱིས་ཚོགས་གཉིས་མྱུར་དུ་རྫོགས༔ དབང་ཐོབ་ས་ཐོབ་དུས་གཅིག་འབྱུང་བ་ཡིན༔ ཞེས་དང་། བདག་གི་རིག་སྔགས་རྒྱལ་མོ་འདི༔ ཉམས་སུ་སྐྱེས་བུ་སུས་བླངས་པ༔ ཡིད་བཞིན་སྨོན་པ་ཐམས་ཅད་འགྲུབ༔ བྱིན་རླབས་ནུས་པ་བསམ་མི་ཁྱབ༔ སྡེ་བརྒྱད་ཐམས་ཅད་བྲན་དུ་ཁོལ༔ མཁའ་འགྲོ་རྣམས་ཀྱིས་བུ་ལྟར་སྐྱོང་༔ ཆོས་སྐྱོང་དམ་ཅན་ལས་ཀུན་བྱེད༔ འགྲོ་བ་ཐམས་ཅད་དབང་དུ་འདུས༔ ཚེ་དང་བསོད་ནམས་གོང་དུ་རྒྱས༔ ནད་གདོན་བར་ཆད་རྐྱེན་རྣམས་ཞི༔ བསམ་པ་ཙམ་གྱིས་དོན་རྣམས་འགྲུབ༔ ཕྲིན་ལས་རྣམ་བཞི་མྱུར་དུ་འགྲུབ༔ བཀྲ་ཤིས་བདེ་ལེགས་རིགས་རྒྱུད་འཕེལ༔ བྱད་ཁ་གཏད་ཁྲོམ་རྦོད་གཏོང་བཟློག༔ རྒྱལ་བསེན་འབྱུང་པོས་གནོད་མི་ནུས༔ སྙན་གྲགས་ལོངས་སྤྱོད་རྒྱས་པར་འགྱུར༔ ཞེས་སོགས་དང་༔ གསང་སྒྲུབ་ལས། བསྙེན་སྒྲུབ་ལས་སྦྱོར་གཅིག་འདུས་པ༔ དྲག་སྔགས་ཡི་གེ་བཅུ་བཞི་བཟླས༔


LT32_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནས་ཕྱི་མ་བདེ་བ་བརྙེས༔ མཁའ་སྤྱོད་ཨོ་རྒྱན་གནས་སུ་སྐྱེ༔ ཕྱིར་མི་ལྡོག་པའི་ས་ལ་འགྲོ༔ ཞེས་སོགས་རྒྱ་ཆེར་འབྱུང་ལ། མདོར་ན་ཨོ་རྒྱན་ཆེན་པོའི་ཞལ་ནས་འདི་ལས་ཟབ་པའི་དྲག་སྔགས་རྒྱ་བོད་གཉིས་སུ་མ་བྱུང་བར་བསྔགས་པའི་དྲིལ་ཆེན་ལན་གཅིག་མིན་པར་བསྒྲགས་པར་མཛད་དོ། །འཕྲལ་རྐྱེན་ཟློག་དང་དབང་དུ་བྱེད་པ་ཙམ། །དོན་གཉེར་གྲངས་བསྙེན་ཙམ་ལ་གདིང་བཅས་ནས། །མི་ཚེར་ལས་ལ་སྦྱར་བ་ངལ་བའི་འབྲས། །རིན་ཐང་མེད་པའི་ཙན་དན་སོལ་བར་བསྒྲུབས། །སྣང་བ་རང་སེམས་དབང་དུ་འདུས་ཀྱི་བར། །ཚར་གཅོད་རྗེས་འཛིན་ཕྲིན་ལས་འགྲུབ་མིན་པས། །མཁའ་སྤྱོད་ཡེ་ཤེས་དྷཱ་ཀིའི་མཆོག་སྒྲུབ་ཀྱིས། །སྣོད་བཅུད་བདེ་ཆེན་འཁོར་ལོར་དག་པར་མཛོད། །འདི་བྲིས་ཉེས་ཚོགས་གནས་གསུམ་མཁའ་འགྲོ་མར། །སྙིང་ནས་བཤགས་སོ་འདི་ཕྱིར་མི་བསྒྲིབས་ཤིང་། །དགེ་བས་ཟུང་འཇུག་རྡོ་རྗེ་བཙུན་མོའི་མཁར། །འབྲེལ་བཅས་བརྟུལ་ཞུགས་གར་གྱིས་སྤྱོད་པར་ཤོག །ཅེས་པའང་མཚུངས་བྲལ་བསྟན་པའི་གསལ་བྱེད་རྗེ་དཔོན་འཆི་མེད་མཆོག་གི་སྤྲུལ་པའི་སྐུ་ལྷུན་གྲུབ་ངེས་དོན་དབང་པོས་རྩ་བ་གསུམ་གྱི་སྐུ་རྟེན་བཅས་དོན་གཉེར་ཆེན་པོའི་གསུང་བསྐུལ་གནང་བ་ལྟར། སངས་རྒྱས་གཉིས་པ་པདྨའི་རིག་སྔགས་འཛིན་པ་པདྨ་གར་གྱི་དབང་ཕྱུག་རྩལ་ལམ། ཡོན་ཏན་རྒྱ་མཚོར་འབོད་པས་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་བསྟན་འགྲོར་ཕན་པར་གྱུར་ཅིག་དགེ་ལེགས་འཕེལ། །


previousཡེ་ཤེས་མཁའ་འགྲོ་བདུད་འདུལ་དྲག་མོའི་བསྙེན་སྒྲུབ་ཀྱི་ཡི་གེ་མདོར་བསྡུས་གནམ་ལྕགས་ལྡེའུ་མིགnext