Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

7 occurrences of ཁྲོལ་བུ་
[Clear Hits]


  
  
 
  
  
  
  
 
  
  
  
  
  
  
 
 
  
  
  
རྩ་གསུམ་ཡོངས་རྫོགས་རྡོ་རྗེ་གྲོ་ལོད་ཀྱི་དབང་གི་ལག་ལེན་མཚམས་སྦྱོར་གྱིས་བརྒྱན་པ་སོས་ཀའི་སྤྲིན་གྱི་རྔ་དབྱངས།
  
  
  
  
  


7 occurrences of ཁྲོལ་བུ་
[Clear Hits]

 
previousརྩ་གསུམ་ཡོངས་རྫོགས་རྡོ་རྗེ་གྲོ་ལོད་ཀྱི་དབང་གི་ལག་ལེན་མཚམས་སྦྱོར་གྱིས་བརྒྱན་པ་སོས་ཀའི་སྤྲིན་གྱི་རྔ་དབྱངས།next

རྩ་གསུམ་ཡོངས་རྫོགས་རྡོ་རྗེ་གྲོ་ལོད་ཀྱི་དབང་གི་ལག་ལེན་མཚམས་སྦྱོར་གྱིས་བརྒྱན་པ་སོས་ཀའི་སྤྲིན་གྱི་རྔ་དབྱངས།


LT32_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་ཡོངས་རྫོགས་རྡོ་རྗེ་གྲོ་ལོད་ཀྱི་དབང་གི་ལག་ལེན་མཚམས་སྦྱོར་གྱིས་བརྒྱན་པ་སོས་ཀའི་སྤྲིན་གྱི་རྔ་དབྱངས་ཞེས་བྱ་བ་བཞུགས་སོ། །


LT32_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནི་ཡཻ། བྱིན་རླབས་ཀུན་འབྱུང་གུ་རུ་ཐོད་ཕྲེང་རྩལ། །དངོས་གྲུབ་གཉིས་རྩོལ་ཡི་དམ་རིགས་ལྔའི་ལྷ། །ཕྲིན་ལས་བསྒྲུབ་མཛད་མཁའ་འགྲོ་ཆོས་གཏེར་སྲུང་། །རྩ་གསུམ་རྒྱལ་བ་རབ་འབྱམས་རྣམས་ལ་འདུད། །གཏེར་བྱོན་སྒྲུབ་ཐབས་རྒྱས་བསྡུས་གྲངས་མང་ལས། །བྱིན་རླབས་གཟི་བྱིན་འདྲན་གྱི་ཟླ་བྲལ་བ། །དྲག་པོ་ནུས་ལྡན་རྩལ་གྱི་བཀའ་སྲོལ་ཉིད། །སྨིན་བྱེད་བརྒྱུད་པའི་ཕྱག་བཞེས་འཆུག་མེད་བཀོད། །མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱི་གཏེར་བྱོན་རྣམས་ནི་སྔོན་གྱི་ཕྱག་ལེན་རྙིང་པ་རང་སོར་བཞག་པ་ལས་གཞན་འགྲེས་བསྲེ་བསླད་བློ་གསལ་གྱི་རང་བཟོ་སོགས་ནམ་ཡང་བྱེད་སྲོལ་མེད་པས་བྱིན་རླབས་ཀྱང་མ་ཉམས་པ་ཡིན་པས་འདིར་ཡང་བླ་མའི་ཕྱག་བཞེས་སོར་བཞག་སྟེ་བཀོད་པ་ལ་གསུམ།


LT32_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་སྦྱོར་བ་དབང་རྫས་བཤམས་པ་ནི། བསྙེན་སྒྲུབ་སྔོན་ཏུ་སོང་བའི་སློབ་དཔོན་གྱིས་སློབ་མ་རྗེས་སུ་འཛིན་པར་སྐབས་སུ་བབ་པ་ན། དུས་ཡར་མར་གྱི་ཚེས་གྲངས་བཟང་པོ་ལ་གནས་ཁང་གཙང་མ་ཕྱག་དར་བྱས་ལ་རྒྱན་དང་རྩ་བ་གསུམ་གྱི་རྟེན། ཁྱད་པར་འདི་ཉིད་ཀྱི་བྲིས་སྐུ་སོགས་ཡོད་ན་བཀྲམ་པའི་མདུན་ཏུ་སྟེགས་བུ་ཁེབས་ལྡན་སྟེང་མཎྜལ་དྲི་བཟང་གིས་བྱུགས་པ་ལ་པདྨ་འདབ་བརྒྱད་དཀར་པོའི་ལྟེ་བར་རྡོ་རྗེ་དཀར་པོ་ལྟེ་བར་ཨོཾ་ཨཱཿཧཱུྃ་བརྩེགས་པ་བཞག །དེ་སྟེང་ཁྲིའུའི་ཁར་རིན་པོ་ཆེའི་སྣོད་དུ་ཚེ་བུམ་ཁ་རྒྱན་པདྨ་ཤིང་ལོ་ཉི་ཟླ་རྡོ་རྗེ་ཐོད་པས་བརྒྱན་པ། ཕྱོགས་བཞིར་མཁའ་འགྲོ་སྡེ་ལྔའི་ཟླུམ་གཏོར་ལྔ་ཕྱག་མཚན་ལྔས་སྤྲས་པ་བཀོད། མདུན་དུ་གཞུང་བོད་པུ་སྟི་དར་དམར་གྱིས་དྲིལ་བ། རྡོ་རྗེ་དང་དྲིལ་བུ། གཡས་སུ་


LT32_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་སྣོད་དུ་དཔལ་བཤོས་དམར་པོ་པད་འདབ་ཅན་རྒྱན་ལྡན། རྒྱབ་ཏུ་གནམ་ལྕགས་ཀྱི་ཕུར་བུ་ཅོད་པན་ལྡན་པ། གཡོན་ཏུ་མདའ་དར་མེ་ལོང་རྒྱན་ལྡན་ལ་དར་རས་དཀར་པོའི་ངོས་སུ་སིནྡྷཱུ་རས་མཁའ་འགྲོའི་སྲོག་སྔགས་བྲིས་པ་དང་བྱ་རྒོད་ལྤགས་པའི་དུམ་བུ་བཏགས་པ་དང་། མདུད་དར་ནག་པོ་རྣམས་གཙུག །མདུན་ངོས་སུ་སྐོང་གཏོར་མདོར་བསྡུས་ཕྱག་ལེན་ལྟར་སྨན་རཀ་གཏོར་གསུམ། བམ་ཚོགས་ཤ་ཆང་སོགས་ཚོགས་རྫས་བཟའ་བཅའ་བཏུང་བ་གང་འབྱོར། བཀའ་སྲུང་གཏོར་འབུལ་རྣམས་བཀོད། ཆུ་གཉིས་ཉེར་སྤྱོད་བྲེང་ཚར་སྔོན་འགྲོ་དཀར་བགེགས། གཞན་ཡང་ཕྲིན་ལས་ལ་དགོས་པའི་ཡོ་བྱད་རྣམས་ཚོགས་བར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། དབང་དོན་སྒྲུབ་མཆོད་བྱ་བ། དབང་བསྐུར་བའི་ཆོ་ག་དངོས་སོ། །དང་པོ་ནི། ཚིག་བདུན་དང་བརྒྱུད་པའི་གསོལ་འདེབས་སྔོན་ཏུ་འགྲོ་བས་དཀར་བགེགས་བཏང་། ཡེ་ཤེས་གསང་བའི་བཀའ་བསྒོ་ནས་བརྩམས་ཏེ་ཕྲིན་ལས་ཚང་བར་བཏང་། བཟླས་པ་ཅི་འགྲུབ་བྱ། དེ་ནས་རིམ་པར་ཀུན་བཟང་། རིགས་ལྔ། རྡོ་རྗེ་གྲོ་ལོད། མཁའ་འགྲོ། ཏྲཀྴད་རྣམས་ཀྱི་ལས་བྱང་བཟླས་པ་ཙམ་བྱ། བམ་ཚོགས་དབང་གི་རྗེས་སུ་བཏང་ན་ལེགས་ཤིང་མགོན་པོའི་སྐོང་གཏོར་འབུལ་བའང་རྗེས་སུ་བཞག །ལས་བུམ་དུ་བདུད་རྩི་འཁྱིལ་བ་བསྐྱེད་བཟླས་སྤྱི་འགྲེ་བྱ། ཨོཾ་ཨཱཿཧཱུྃ༔ བླ་མ་རིག་འཛིན་སོགས་ཀྱིས་བདག་འཇུག་དབང་ལེན་བྱས་ལ་སློབ་མ་གཞུག་པར་གནང་བ་ནོད་དོ། །གཉིས་པ་


LT32_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བ་ལའང་གཉིས། སྔོན་དུ་འགྲོ་བ་དང་། དབང་བསྐུར་བ་དངོས་སོ། །དང་པོ་ནི། སློབ་མ་རྣམས་ལས་རྡོར་གྱིས་སྒོ་དྲུང་དུ་ཆབ་བཏང་། སློབ་དཔོན་གྱིས་ཇི་ལྟར་བལྟམས་པ་སོགས་དང་ཡིག་བརྒྱ་བརྗོད། དཀར་བགེགས་བཏང་། ཡེ་གསང་ལྟར་བཀའ་བསྒོ་མཚམས་གཅོད་བྱས་ལ་སྲུང་འཁོར་བརྟན་པོ་བསྒོམ། མཎྜལ་བཀྱེ་བསྡུ་བྱས་ལ། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་བླ་མེད་རྫོགས་པའི་སངས་རྒྱས་ཀུན་བཟང་པདྨ་འབྱུང་གནས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཁྱེད་དུ་རྩ་གསུམ་ཀུན་འདུས་གུ་རུ་རྡོ་རྗེ་དྲག་པོ་རྩལ་གྱི་དབང་བསྐུར་ནོད་ལ་རིམ་པ་གཉིས་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་དང་ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཚུལ་བཞིན་ཏུ་གསལ་བཏབ་ནས་གསན་པར་ཞུ། དེའང་རྫོགས་པའི་སངས་རྒྱས་བཀའ་དྲིན་མཉམ་མེད་ཤཱཀྱའི་རྒྱལ་པོས་ལེགས་པར་གསུངས་པའི་ཆོས་འཁོར་ཐམས་ཅད་ཐེག་པ་ཆེ་ཆུང་གཉིས་སུ་འདུ་བ་ལས་ད་ལམ་ཐེག་པ་ཆེན་པོའི་ཆོས་སྡེ་ཡིན་ཅིང་། དེ་ལས་རྒྱུ་ལམ་དུ་བྱེད་པ་མཚན་ཉིད་དང་། འབྲས་བུ་ལམ་དུ་བྱེད་པ་གསང་སྔགས་རྡོ་རྗེ་ཐེག་པ་གཉིས་ཀྱི་སྔ་མ་ལས་ཁྱད་པར་དུ་མས་འཕགས་པ་གསང་སྔགས་རྡོ་རྗེ་ཐེག་པ་ཡིན། དེ་ལ་གངས་ཅན་གྱི་ལྗོངས་འདིར་འགྱུར་སྔ་ཕྱིའི་དབང་གིས་རིག་འཛིན་གྱི་སྡེ་སྣོད་ཡང་


LT32_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

གསར་རྙིང་གཉིས་སུ་གྲགས་པ་ལས་འདི་སྔ་འགྱུར་རྙིང་མ། དེ་ལ་རྒྱ་ཆེ་བ་བཀའ་མ་དང་། ཟབ་པ་གཏེར་མ། ཡང་ཟབ་དག་སྣང་གི་ཆོས་སྡེ་གསུམ་དུ་གྲགས་པ་ལས་འདི་ཟབ་མོ་གཏེར་གྱི་ཆོས་ཡིན། །གཏེར་གྱི་རིགས་མཐའ་ཡས་པ་མཆིས་པ་ལ་གཙོ་བོ་གཏེར་རིགས་བཅོ་བརྒྱད་དུ་དབྱེ་བའི་ནང་ཚན་ཐུགས་ཀྱི་གཏེར་ཡིན་ཅིང་དེ་ལའང་རྩ་གསུམ་ཆོས་སྐྱོང་དང་བཅས་སོ་སོར་སྒྲུབ་པ་དང་སྤྱིར་སྒྲུབ་པ་དང་ཀུན་འདུས་སུ་སྒྲུབ་པ་སོགས་མང་དུ་མཆིས་པ་ལས་འདིར་ཕྱི་མའི་ཆོས་སྐོར་ཏེ། དེའང་མཉམ་མེད་ཐུབ་པའི་དབང་པོ་དང་མགོན་པོ་ཚེ་དང་ཡེ་ཤེས་འོད་དཔག་ཏུ་མེད་པའི་ཐུགས་རྗེའི་རོལ་པ་གཅིག་ཏུ་བསྡུས་ནས་གསང་སྔགས་སྟོན་པ་འཆི་མེད་རིག་འཛིན་ཆེན་པོའི་སྐུར་བཞེངས་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བ་ཉིད་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་པས་ཐུགས་རྗེས་བསྐུལ་ཏེ་སྐུ་དངོས་སུ་བྱོན་ནས་བོད་ཁམས་ཀྱི་ཉིན་བྱེད་མཛད་པའི་སྐབས་སུ་སྐལ་ལྡན་རྗེ་འབངས་སོ་སོས་གསོལ་བ་བཏབ་པའི་ངོ་སྐལ་དུ་འོད་གསལ་རྡོ་རྗེ་ཐེག་པའི་ཆོས་སྒོ་མཐའ་ཡས་པ་བསྟན་པའི་ནང་ཚན་འདི་ནི་ལྷ་སྲས་ཆེ་བ་མུ་ཁྲི་བཙད་པོའི་ཆོས་སྐལ་དུ་གནང་བ་སྟེ། དེའང་རྩ་བ་རྡོ་རྗེའི་གསུངས་ལས། སྣང་སྲིད་འཁོར་འདས་ཀུན་ལ་ཁྱབ༔ སྐུ་གསུམ་ཡེ་རྫོགས་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་སྐྱེ་འཆི་མེད༔ འགག་མེད་འཕྲུལ་ལས་ལོངས་


LT32_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་རྫོགས༔ ཞི་དང་ཁྲོ་བོའི་གཟུགས་སུ་སྟོན༔ འཁྲུལ་མེད་གང་འདུལ་སྤྲུལ་པའི་སྐུ༔ གློག་ལྟར་འཁྱུག་ཅིང་གཞན་དོན་སྒྲུབ༔ བདེ་བ་ཅན་དུ་ཚེ་དཔག་མེད༔ པོ་ཏཱ་ལ་རུ་སྤྱན་རས་གཟིགས༔ རྡོ་རྗེ་གདན་དུ་བསྟན་པའི་གཙོ༔ དྷ་ན་ཀོ་ཤར་པདྨ་འབྱུང་༔ འཆི་མེད་རྡོ་རྗེ་དྲག་པོ་རྩལ༔ མ་རུངས་ཚར་གཅོད་རྟ་མཆོག་དཔལ༔ དྲེགས་པ་འཇོམས་མཛད་མེ་ཕྲེང་ཅན༔ སྐུ་ལྔ་མཚན་བརྒྱད་རིགས་དྲུག་དང་༔ རྗེ་འབངས་སྤྲུལ་དང་ཡང་སྤྲུལ་རྣམས༔ གང་ལ་གང་འདུལ་སྐུར་བསྟན་ཅིང་༔ རིགས་དྲུག་འཁོར་བ་དོང་ནས་སྤྲུགས༔ སྤྲུལ་པས་ཞིང་ཁམས་ཡོངས་ལ་ཁྱབ༔ འགྲོ་བའི་དོན་ལ་དུས་དྲུག་གཟིགས༔ མཐོང་ཐོས་དྲན་རེག་སྐྱེ་འགྲོ་རྣམས༔ སྐད་ཅིག་ཉིད་ལ་ལམ་སྣ་འདྲེན༔ འཇའ་ལུས་མཁའ་སྤྱོད་དངོས་གྲུབ་སྟེར༔ ཅེས་གསུངས་པ་ལྟར་གུ་རུ་རིན་པོ་ཆེ་ཉིད་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་སྐུར་བཞེངས་པའི་སྒྲུབ་ཐབས་སྙིང་པོར་དྲིལ་ཏེ་ཕྱི་སྒྲུབ་ཀུན་བཟང་རིགས་ལྔ༔ ནང་སྒྲུབ་ཡེ་ཤེས་གསང་བ༔ གསང་སྒྲུབ་རྡོ་རྗེ་གྲོ་ལོད་ཡང་ཡུམ༔ ཡང་གསང་བདུད་མགོན་ཏྲཀྴད་རྣམས་ཀྱི་སྒྲུབ་ཐབས་ཆ་ལག་བཅས་ལྷ་སྲས་མུ་ཁྲིས་གཙོར་བྱས་སྐལ་ལྡན་རྗེ་འབངས་རྣམས་ལ་སྩལ་ཏེ་ཕྱི་རབས་བསྟན་འགྲོའི་དོན་ཏུ་ཟབ་མོའི་གཏེར་དུ་སྦ་བར་འོས་པའི་བཀས་གནང་བ་ལྟར་བཀའི་སྡུད་པ་མོ་དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་


LT32_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཀཱ་ལ་སིངྡྷིའི་སྤུར་རས་ངོས་སུ་རང་བྱུང་མཚལ་གྱིས་མཁའ་འགྲོའི་བརྡའི་ཡི་གེར་བཀོད་ནས་གནམ་ལྕགས་ཀྱི་སྒྲོམ་བུར་བཅུག༔ མདོ་ཁམས་ལྷ་ཐོག་གི་ཡུལ་ལྗོངས་སུ་རི་བོ་དུང་གི་རྨོག་ཞུ་འདྲ་བར་གབ་པའི་མཚོ་ཆེན་རྡོ་རྗེ་འབར་བ་ལ་སྦས་ཏེ། བདུད་མགོན་ཏྲཀྴད་ནག་པོ་ལ་གཉེར་དུ་གཏད་པ་ཉིད། ཕྱི་རབས་ཚེ་ལོ་ཉི་ཤུའི་ཁ་རལ་སྙིགས་མ་ལྔ་སོགས་དུས་ཀྱི་རྟགས་རྣམས་མངོན་དུ་གྱུར་པའི་ཚེ་ལྷ་སྲས་མུ་ཁྲིའི་སྐྱེ་མཐའ་གྲུབ་པའི་ཆོ་འཕྲུལ་མཐའ་ཡས་པ་ལ་མངའ་དབང་བསྒྱུར་བའི་རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱིས་གསང་གཏེར་དུ་སྤྱན་དྲངས་ཏེ་སྐལ་ལྡན་ཆོས་བདག་རྣམས་ལ་རིམ་པར་སྤེལ་ནས་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པའི་ཟབ་ཆོས་སྒོ་འབྱེད་སྨིན་བྱེད་ཀྱི་དབང་བསྐུར་བ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་གྲུབ་པ་ལགས་པས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཞུ་བའི་ཡོན་ཏུ་དམིགས་ཏེ་མཎྜལ་ཕུལ། ཅེས་མཚམས་སྦྱར་ཏེ་མཎྜལ་འབུལ་དུ་གཞུག །དེ་ནས་ཐོག་མར་རྒྱུད་རྣམ་པར་དག་པ་བྱ་བའི་སླད་དུ་སྐྱབས་སུ་འགྲོ་དགོས་པ་ཡིན་པས་འདུན་པ་འདི་བཞིན་དུ་མཛོད་ཅིག །མདུན་གྱི་ནམ་མཁར་བླ་མ་སྐུ་གསུམ་གྱི་ལྷ་ཚོགས་རབ་འབྱམས་རྒྱལ་བ་སྲས་དང་བཅས་པ་སྤྲིན་གཏིབ་པ་བཞིན་བཞུགས་པ་ལ། བདག་སོགས་མཁའ་ཁྱབ་ཀྱི་སེམས་ཅན་མཐའ་དག་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཅི་མཛད་ཁྱེད་ཤེས་


LT32_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐྱབས་སུ་འགྲོ་བར་བགྱིའོ་སྙམས་པས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་ལོངས་སྐུ་ནས་སྐྱབས་སུ་མཆི༔ བར་ཡེ་གསང་ལྟར་ལན་གསུམ། སྐྱབས་ཡུལ་དེ་དག་གི་སྤྱན་སྔར་བདག་གཞན་རྣམས་ཀྱིས་ཐོག་མེད་ནས་བསགས་པའི་སྡིག་ལྟུང་བཤགས་ཤིང་འཇའ་ལུས་མཁའ་སྤྱོད་ཀྱི་གོ་འཕང་བསྒྲུབ་པར་དམ་བཅའ་བ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་སྒྲུབ་པར་འདོད་པའི་སྨོན་པ་དང་དེའི་ཆེད་དུ་ལམ་ཟབ་མོ་འདིར་འཇུག་པར་བགྱིའོ་སྙམ་པའི་སེམས་བསྐྱེད་པ་དང་། ལུས་ཞིང་རྡུལ་གྲངས་སྙེད་ཀྱིས་ཕྱག་འཚལ་ཞིང་། རང་གི་ལུས་གདན་དུ་འབུལ་བ་དང་། རོ་བརྒྱ་ལྡན་པའི་བཟའ་བཏུང་ཚོགས་སུ་འབུལ་ཞིང་དབྱངས་ཀྱི་ཡན་ལག་རྒྱ་མཚོས་བསྟོད་པ་དང་། དེ་དག་གིས་མཚོན་པའི་བསོད་ནམས་མཐའ་དག་གནས་སྐབས་ལས་ཉོན་གྱི་སྡིག་སྒྲིབ་དག་ནས་མཐར་ཐུག་རང་རིག་ཆོས་སྐུའི་ཀློང་དུ་བྱང་ཆུབ་པར་བསྔོ་བ་རྣམས་ཡིད་ལ་རྩེ་གཅིག་བྱས་ཏེ་འདིའི་རྗེས་ཟློས། ཧོཿ སྐུ་གསུམ་བླ་མའི་སྤྱན་ལམ་དུ༔ ལས་ཉོན་སྡིག་སྒྲིབ་མཐོལ་ལོ་འཆགས༔ གནོང་ངོ་འགྱོད་དོ་དག་གྱུར་ཅིག༔ འཇའ་ལུས་སྒྲུབ་པར་དམ་བཅའོ༔ རིགས་སེམས་བསྐྱེད་དྲུག་འཁོར་བའི་སེམས་ཅན་རྣམས༔ སངས་རྒྱས་ཡན་ལག་བདུན་པ་ཐོབ་ཕྱིར་བཤགས་པ་སེམས་བསྐྱེད་དོ༔ དད་མོས་གདུང་ཕྱག་འཚལ་བས་དམ་བཅའ་


LT32_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོ༔ རང་ལུས་བཞུགས་པའི་རྟེན་དུ་འབུལ༔ རང་རིག་ཆོས་སྐུ་མངོན་གྱུར་ཤོག༔ བཟའ་བ་ཞལ་ཟས་ཚོགས་སུ་འབུལ༔ གྲགས་སྟོང་བརྗོད་མེད་ངང་དུ་བསྟོད༔ ལས་ཉོན་སྡིག་སྒྲིབ་ཉེས་ལྟུང་རྣམས་སྤྲིན་མེད་མཁའ་ལྟར་དག་གདན་འབུལ་གྱུར་ཅིག༔ ཅེས་ལན་གསུམ། དེ་ལ་སྨོན་ལམ་བཏབ་པ་ཐ་མལ་གྱི་འཛིན་མཆོད་པ་ཞེན་དང་བཅས་པ་ལ་བསྟོད་པ་དབང་གི་བཅུད་མི་ཆགས་པས་སྣོད་བཅུད་དག་པ་རབ་སེམས་རང་ཞལ་གཅེར་ཀྱི་བལྟ་བའོ། འབྱམས་ཀྱི་འཁོར་ལོར་བྱིན་གྱིས་རློབས་པའི་སླད་དུ་དམིགས་པ་འདི་ལྟར་སྒོམས་ཤིག །སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ཚོགས་པ་ནམ་མཁའ་གང་བར་འཕྲོས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ༔ དེ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་ནུས་མཐུ་ཐམས་ཅད་ཕྱག་རྒྱ་སྔགས་ཕྲེང་ཕྱག་མཚན་འཇའ་འོད་ཟེར་ཐིག་གི་རྣམ་པར་ཆར་བབས་པ་ལྟར་བྱོན་ནས་ཐིམ་པས་ཕྱི་སྣོད་དག་པ་རབ་འབྱམས་ཀྱི་ཞིང་ཁམས། ནང་བཅུད་ལྷ་སྔགས་ཆོས་ཉིད་ཀྱི་རང་བཞིན་ཏུ་བྱིན་གྱིས་བརླབས་པར་མོས་ཤིག །དྲི་བཟང་གི་སྤོས་བརྡུལ། དབྱངས་རོལ་བཅས། ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་སོགས་ནས་སིངྡྷི་ཛཿཧཱུྃ༔ བར་བརྗོད་ལ་བྱིན་དབབ། དེ་ནས་དབང་གི་གཞི་དགོད་པ་ཡེ་


LT32_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་བབ་པ་ཡིན་པས། ཁྱེད་རང་རྣམས་ལུས་གནད་དྲང་པོར་བསྲང་། ངག་གནད་རླུང་ཁ་སྦྱོར་དུ་འཆིང་། སེམས་ཀྱི་གནད་གཞན་དུ་མ་ཡེངས་བར་སྒོམ་དོན་རྒྱུ་ཏིང་ངེ་འཛིན་གསུམ་གྱི་ཁོག་དབུབ། འབྲས་བུ་རྟེན་གཞལ་ཡས་ཁང་གདན་དང་བཅས་པའི་སྟེང་དུ་བརྟེན་པ་ལྷའི་དཀྱིལ་འཁོར་དམ་ཚིག་པ་བསྐྱེད། མཁའ་སྤྱོད་དག་པའི་ཞིང་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་དམ་ཡེ་དབྱེར་མེད་དུ་བརྟན་བར་བྱ་བ་རྣམས་རིམ་པར་བསྒྲུབ་པ་ཡིན་པས་གཏེར་གཞུང་རྡོ་རྗེའི་ཚིག་གིས་གསལ་འདེབས་པའི་ཚིག་དོན་རྣམས་རྩེ་གཅིག་ཏུ་བསྒོམ་པར་མཛོད། ཨ་ཨ་ཨཿ ཡང་དག་དོན་ནི་སྐྱེ་འཆི་བྲལ༔ སོགས་ཡེ་གསང་གི་ལྷ་བསྐྱེད་ནས་སྤྱན་འདྲེན་རྫོགས་ཀྱི་བར་ཚང་བར་བཏང་། དབྱངས་རོལ་སྤོས་དུད་སོགས་ཀྱིས་གཟི་བྱིན་བསྐྱེད། ཡེ་ཤེས་པ་བརྟན་པར་གྱུར་ཅིག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་རྡོ་རྗེ་དང་མེ་ཏོག་མགོར་བཞག་ལ་རབ་གནས་བྱ། དེ་རྣམས་ཀྱི་དབང་གི་སྔོན་ཏུ་འགྲོ་བའི་རིམ་པ་རྣམས་ལེགས་པར་གྲུབ་པ་ལགས། གཉིས་པ་དབང་བསྐུར་བ་དངོས་ལ་བཞི། བུམ་གསང་། ཤེར་ཡེ་དབང་བཞི་པ་རྣམས་བརྡ་དོན་རྟགས་གསུམ་གྱི་སྒོ་ནས་བསྐུར་བའོ། །དང་པོ་བུམ་པའི་དབང་ལ་གསུམ། རྩ་བ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ། རྡོ་རྗེ་སློབ་དཔོན་གྱི་དབང་། བཀའ་སྲུང་བཀའ་གཏད་རྣམས་འབྱུང་བ་ལས། ཐོག་མར་


LT32_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་དབང་བསྐུར་བ་ལ་དམིགས་འདུན་འདི་བཞིན་མཛད་པར་ཞུ། ཚེ་བུམ་ཐོག་ལ། ཚེ་བུམ་རྒྱན་ལྡན་འདི་ཉིད་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་རང་རྩལ་ལས་ཤར་བའི་རིག་འཛིན་པདྨ་འབྱུང་གནས་རྡོ་རྗེ་དྲག་པོ་རྩལ་སྐུ་གསུམ་བླ་མའི་དཀྱིལ་འཁོར་ཡོངས་རྫོགས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པས་སྐུ་ལས་སྐུ་དཔག་ཏུ་མེད་པ་འཕྲོས། ལུས་ལ་ཐིམ་པས་ལུས་ཀྱི་ནད་གདོན་སྡིག་སྒྲིབ་དག །སྐུ་གསུམ་བླ་མའི་སྐུ་དང་དབྱེར་མེད་དུ་གྱུར་ནས་སྣང་སྟོང་སྤྲུལ་སྐུའི་གཟི་བརྗིད་འབར་བར་མོས་མཛོད། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་ཀུན་བཟང་འཁོར་དང་བཅས༔ སོགས་ཕྱི་སྒྲུབ་ཀུན་བཟང་གི་གཤམས་ལྟར། སྐུ་ཡི་དབང་ཐོབ་ཤོག༔ བར་བརྗོད་ལ་ཚེ་བུམ་མགོར་བཞག །རྒྱལ་བ་རབ་འབྱམས་རྒྱ་མཚོའི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག །ཅེས་ཤིས་པ་བརྗོད། དེས་ནང་སྒྲུབ་རྡོ་རྗེ་དྲག་པོ་རྩལ་གྱི་རིམ་གཉིས་བསྒོམ་པ་ལ་དབང་བ་ཡིན་ནོ། །གཉིས་པ་གསུང་གི་དབང་བསྐུར་བ་ལ། གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་རང་རྩལ་ལས་ཤར་བའི་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་གསང་སྔགས་ཡིག་འབྲུའི་ཚོགས་ཆར་ལྟར་བབས་ཏེ་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་ངག་གི་ནད་གདོན་སྡིག་སྒྲིབ་དག །སྐུ་གསུམ་བླ་མའི་གསུང་


LT32_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དང་དབྱེར་མེད་དུ་གྱུར་ནས་གྲགས་སྟོང་ལོངས་སྐུའི་ནུས་མཐུ་འབར་བར་མོས་མཛོད། གླེགས་བམ་མགྲིན་པར་བཞག་ལ། ཨོཾ་ཨཱཿཧཱུྃ༔ བཅོམ་ལྡན་ཀུན་བཟང་སོགས་ནས་སྩོལ་བའི་དབང་ཐོབ་ཤོག༔ རྒྱལ་བ་རབ་འབྱམས་རྒྱ་མཚོའི་གསུངས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག །དེས་རྩ་གསུམ་ཆོས་སྲུང་དང་བཅས་པའི་སྙིང་པོ་གསང་སྔགས་བཟླ་བ་ལ་དབང་བར་བྱས་པ་ཡིན་ནོ། །གསུམ་པ་ཐུགས་ཀྱི་དབང་བསྐུར་བ་ལ། དཔལ་གྱི་གཏོར་ཆེན་འདི་ཉིད་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་རང་རྩལ་ལས་ཤར་བའི་དཔལ་ཆེན་ཧེ་རུ་ཀ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པའི་ཚེ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་མེ་འོད་ཟེར་ཐིག་གི་རྣམ་པ་དཔག་ཏུ་མེད་པ་འཕྲོས་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་ཡིད་ཀྱི་ནད་གདོན་སྡིག་སྒྲིབ་དག །ཡི་དམ་ལྷ་ཡི་ཐུགས་དང་དབྱེར་མེད་དུ་གྱུར་ནས་རིག་སྟོང་ཆོས་སྐུའི་རང་རྩལ་རྫོགས་པར་མོས་མཛོད། ཨོཾ་ཨཱཿཧཱུྃ༔ བཅོམ་ལྡན་ཀུན་བཟང་སོགས་ནས་རྩད་གཅོད་དབང་ཐོབ་ཤོག༔ བར་གཏོར་མ་མགོར་བཞག །རྒྱལ་བ་རབ་འབྱམས་རྒྱ་མཚོའི་ཐུགས་མི་ཟད་རྒྱན་གྱི་འཁོར་ལོའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག །དེས་ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཀྱི་གསང་བ་གསུམ་གྱི་རྣལ་འབྱོར་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །


LT32_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ཡོན་ཏན་གྱི་དབང་བསྐུར་བ་ལ། མདའ་དར་རྒྱན་ལྡན་འདི་ཉིད་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་རང་རྩལ་ལས་ཤར་བ་ལ་ཕྱི་ལྟར་རྒྱལ་བ་རིགས་ལྔ། ནང་ལྟར་ཁྲག་འཐུང་རིགས་ལྔ། གསང་བར་མཁའ་འགྲོ་སྡེ་ལྔའི་སྐུར་གསལ་བ་ལས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་ཐམས་ཅད་འོད་ཟེར་བདུད་རྩིའི་ཆར་རྒྱུན་གྱི་རྣམ་པར་བྱོན་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་ཕུང་པོ་ལྔ་དང་དུག་ལྔ་རྣམ་པར་དག །མཆོག་དང་ཐུན་མོང་གི་དངོས་གྲུབ་བསྒྲུབ་པ་ལ་དབང་ཐོབ་པར་མོས་ཤིག །མདའ་དར་ཐོགས་ལ། ཨོཾ་ཨཱཿཧཱུྃ༔ བཅོམ་ལྡན་ཀུན་བཟང་སོགས་ནས་གཞལ་དུ་མེད་པའི་དབང་ཐོབ་ཤོག༔ བར་བརྗོད་ལ་མདའ་དར་མགོར་བཞག །རྒྱལ་བ་རབ་འབྱོམས་རྒྱ་མཚོའི་ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག །དེས་རྩ་གསུམ་རིགས་རྣམས་ཀུན་གྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་པ་ཡིན་ནོ༔ ལྔ་པ་ཕྲིན་ལས་ཀྱི་དབང་བསྐུར་བ་ནི། ཕུར་བུ་ཐོགས་ལ། དྲག་པོའི་ཕུར་པ་འདི་ཉིད་གདོད་མའི་མགོན་པོ་ཀུན་བཟང་ཧེ་རུ་ཀའི་རང་རྩལ་ལས་ཤར་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་དངོས་སུ་གསལ་བ་ཁྱེད་རང་རྣམས་ལ་ཐིམ་པས། ཁྱེད་རང་རྣམས་ཀྱང་རྡོ་རྗེ་གྲོ་བོ་ལོད་དང་དབྱེར་མེད་པའི་ནུས་སྟོབས་རྫོགས་ཏེ་ཕྲིན་ལས་བཞི་དང་ཁྱད་པར་མངོན་སྤྱོད་ཀྱི་ལས་རབ་འབྱམས་


LT32_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་ལ་ཐོགས་པ་མེད་པའི་དབང་ཐོབ་པར་མོས་ཤིག །ཨོཾ་ཨཱཿཧཱུྃ༔ བཅོམ་ལྡན་ཀུན་བཟང་སོགས་ནས། རྒྱ་མཚོའི་དབང་ཐོབ་ཤོག༔ བར་བརྗོད་ལ་ཕུར་བུ་མགོར་བཞག །རྒྱལ་བ་རབ་འབྱམས་རྒྱ་མཚོའི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག །དེས་ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཀྱི་སྲུང་ཟློག་བསད་མནན་སོགས་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་སྒྲུབ་པ་ལ་དབང་བར་བྱས་པ་ཡིན་ནོ། །གཉིས་པ་རྡོ་རྗེ་སློབ་དཔོན་ནུས་དབང་བསྐུར་བའི་སླད་དུ་དཔལ་རྡོ་རྗེ་སེམས་དཔའི་ངོ་བོར་ཐབས་ཀྱི་རྡོ་རྗེ་རྩེ་ལྔ་པ་དང་། ཡུམ་རྡོ་རྗེ་སྙེམ་མའི་ངོ་བོ་ཤེས་རབ་ཀྱི་དྲིལ་བུའི་དབང་བསྐུར་བས། རྩ་བ་གསུམ་ལ་བརྟེན་ནས་རང་དོན་དུ་རིམ་གཉིས་ཉམས་སུ་ལེན་པ་དང་གཞན་དོན་ཏུ་ཕྲིན་ལས་རབ་འབྱམས་སྒྲུབ་པ་ལ་དབང་བརྙེས་པའི་རྡོ་རྗེ་སློབ་དཔོན་ཆེན་པོར་མངའ་གསོལ་བར་མོས་ཤིག །རྡོ་རྗེ་དྲིལ་བུ་མགོར་བཞག་ཅིང་ལག་ཏུ་གཏད་ལ། ཨོཾ་ཨཱཿཧཱུྃ༔ བཅོམ་ལྡན་ཀུན་བཟང་སོགས་ནས་ཡོངས་རྫོགས་དབང་ཐོབ་ཤོག༔ བར་བརྗོད། རྟེན་སྙིང་བརྗོད་ལ་མེ་ཏོག་འཐོར། དེས་སློབ་མ་རྗེས་སུ་བཟུང་བ་དང་རབ་གནས་སྦྱིན་སྲེག་སོགས་རྡོ་རྗེ་སློབ་དཔོན་ཀྱི་ལས་རབ་འབྱམས་སྒྲུབ་པ་ལ་དབང་བར་བྱས་པ་ཡིན་ནོ། །གསུམ་པ་གཏེར་སྲུང་གི་བཀའ་གཏད་བགྱི་བ་ལ། དྲག་པོའི་རུ་མཚོན་མདུང་


LT32_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཐུང་འབར་བ་འདི་ཉིད་གདོད་མའི་མགོན་པོ་ཀུན་བཟང་ཧེ་རུ་ཀའི་རང་རྩལ་ལས་ཤར་བ་འཁོར་འདས་སྲིད་པ་གསུམ་གྱི་བདག་པོ་བདུད་ཀྱི་མགོན་པོ་གཙོ་དང་འཁོར་དུ་བཅས་པ་དངོས་སུ་གསལ་བ། ཁྱེད་རང་རྡོ་རྗེ་དྲག་པོ་རྩལ་གྱི་བཀའ་སྡོད་དུ་གཏད་པས་དགྲ་བགེགས་དམ་སྲི་མ་རུང་པའི་ཕྱོགས་མཐའ་དག་ཟློག་གནན་གཟིར་བ་སོགས་བདུད་མགོན་ནག་པོ་ཆེན་པོའི་ཕྲིན་ལས་མངོན་སྤྱོད་དྲག་པོ་ཚར་གཅོད་པའི་དབང་ཐོབ་པར་མོས་ཤིག །མདུད་ཐུང་གཏད་ལ། ཨོཾ་ཨཱཿཧཱུྃ༔ བཅོམ་ལྡན་ཀུན་བཟང་སོགས་ནས་འདུ་འབྲལ་མེད་པའི་དབང་ཐོབ་ཤོག །བར་བརྗོད། དེས་ཏྲ་ཀྴད་བདུད་ཀྱི་མགོན་པོའི་ཡས་ཟོར་དང་ལས་ལ་བགྱེད་པ་སོགས་ཕྲིན་ལས་སྒྲུབ་པའི་དབང་ཆེན་དམ་པ་ཐོབ་པ་ཡིན་ནོ། །ཤིས་བརྗོད་བྱ། དེ་རྣམས་ཀྱི་སྤྲོས་བཅས་བུམ་དབང་རྗེས་འབྲེལ་བཅས་ཐོབ། ཕུང་ཁམས་སྐྱེ་མཆེད་ཀྱི་སྒྲིབ་པ་སྦྱང་། སྣང་བ་ལྷར་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །མཐའ་རྟེན་མཆོད་རྫས་ཀྱི་བརྡ་ཐབས་ལ་བརྟེན། མཆོག་དབང་གསུམ་པོ་བརྡ་དོན་ཏུ་བསྐུར་བ་ཡིན་ཏེ་དེའང་དང་པོ་བུམ་པའི་དབང་མཐའ་རྟེན་བཅས་སྔོན་ཏུ་སོང་། གཉིས་པ་བདུད་རྩི་ལ་བརྟེན་ནས་གསང་དབང་བསྐུར་བ་ནི། བྷནྡྷ་མཚན་ལྡན་གྱི་སྣོད་དུ་བསྐྱིལ་བའི་རྩ་བརྒྱད་སྟོང་སྦྱར་གྱི་ཨ་མྲྀ་ཏ་འདི་ཉིད་རྒྱལ་བ་རབ་


LT32_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་རྒྱ་མཚོའི་བྱང་སེམས་ཐབས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་པ་འདི་ཉིད་ཁྱེད་རང་རྣམས་ལ་དབང་བསྐུར་ཞིང་མྱང་བས། སྣང་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས། ཐབས་དཔའ་བོའི་དབང་ཕྱུག་ཏུ་བྱིན་གྱིས་བརླབས་པར་སྒོམས་ཤིག །ཨོཾ། དམ་རྫས་མྱོང་བྱེད་སོགས་བརྗོད་ལ་ཐོད་པ་མགྲིན་པར་བཞག་ལ་བདུད་རྩི་མྱོང་དུ་གཞུག །དེས་སྤྲོས་མེད་གསང་བའི་དབང་ཐོབ། རྩ་རླུང་འཕོ་སྩོལ་གྱི་སྒྲིབ་པ་སྦྱང་། རང་ལུས་ཐབས་ལྡན་གྱི་རྣལ་འབྱོར་སྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་འཐོབ་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །གསུམ་པ་རཀྟ་ལ་བརྟེན་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ། པདྨ་བྷཉྫའི་སྣོད་དུ་འཁོར་བ་ཡོངས་སྒྲོལ་དམར་ཆེན་རཀྟས་བཀང་བ་འདི་ཉིད་རྒྱལ་བ་རབ་འབྱམས་རྒྱ་མཚོའི་ཤེས་རབ་ཀྱི་བདུད་རྩིར་བྱིན་གྱིས་བརླབས་པ་འདི་ཉིད་ཁྱེད་རང་རྣམས་ལ་དབང་བསྐུར་ཞིང་མྱོང་བས། དགའ་བཞིའི་ཡེ་ཤེས་ཟག་མེད་ལྷན་སྐྱེས་མངོན་ཏུ་བྱས། ཤེས་རབ་མཁའ་འགྲོའི་དབང་ཕྱུག་ཏུ་བྱིན་གྱིས་བརླབས་པར་མོས་ཤིག །ཨཱཿ དམ་རྫས་དམར་ཆེན་སོགས་བརྗོད་ལ་རཀྟའི་སྣོད་མགྲིན་པར་བཞག་ཅིང་མྱང་དུ་གཞུག །དེས་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐིག་ལེ་འཕོ་འཛག་གི་སྒྲིབ་པ་སྦྱང་། གཞན་ལུས་ཕོ་ཉའི་ལམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །བཞི་པ་


LT32_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ལ་བརྟེན་ནས་རིག་པའི་རྩལ་དབང་བསྐུར་བ་ནི། དཔལ་གྱི་གཏོར་ཆེན་ཐབས་ཤེས་ཟུང་འཇུག་གི་རྫས་མཆོག་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་རྟེན་རྫས་སུ་འབྱུང་བ་འདི་ཉིད་རྒྱལ་བ་རབ་འབྱམས་རྒྱ་མཚོའི་སྐུ་དང་ཞིང་ཁམས་ཀུན་འདུས་སུ་གྱུར་པ་ལས་བྱིན་རླབས་དངོས་གྲུབ་ཀྱི་རང་བཞིན་བདུད་རྩིའི་ཆར་ཆེན་པོ་བབས་པ་ཁྱེད་རང་རྣམས་ལ་ཐིམ་པས། གཉིས་འཛིན་གྱི་འཁྲུལ་སྣང་རང་སར་དག །རིག་པ་རྩལ་གྱི་དབང་མཆོག་ཐོབ་པར་མོས་ལ་རང་སྣང་རིས་མེད་ཀ་དག་ཆེན་པོའི་དབྱིངས་སུ་མཉམ་པར་ཞོག་ཅིག །གཏོར་མ་མགོར་བཞག་ལ། ཧཱུྃ༔ དམ་རྫས་བ་ལི༚་སོགས་བརྗོད། དེས་རབ་ཏུ་སྤྲོས་མེད་དབང་བཞི་པ་ཐོབ། ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་སྦྱང་། ཀ་དག་ལྷུན་གྲུབ་ཀྱི་ལམ་སྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་རྟེན་འབྲེལ་སྒྲིགས་པ་ཡིན་ནོ། །དེ་ནས་ཤིས་པར་བྱ་བའི་སླད་དུ། །བཀྲ་ཤིས་ཚེ་དབང་མཐའ་རྟེན་དུ་བསྐུར་བ་ལ། བརྟན་གཡོའི་ཆོས་བཅུ་བཞིའི་དྭངས་བཅུད་བསྡུས་པའི་ཚེ་རིལ་འདི་ཉིད་མྱང་བས་ས་དང་ལམ་གྱི་ཡོན་ཏན་རྫོགས། རིག་འཛིན་རྣམ་བཞིའི་གོ་འཕང་མཐར་ཕྱིན་པར་མོས་ཤིག །ཚེ་རིལ་སྦྱིན་ལ། ཨོཾ་ཨཱཿཧཱུྃ༔ བླ་མ་ཀུན་བཟང་སོགས་ནས་སངས་རྒྱས་དབང་ཐོབ་ཤོག༔ བར་བརྗོད། ཕྱག་རྒྱ་ལྔ་དངོས་སམ་ཙཀླའི་གནས་ལྔར་བཞག་ལ། རིགས་ལྔའི་ཕྱག་རྒྱ་ལྔས་ཁྱེད་རང་རྣམས་ཀྱི་གནས་ལྔར་རྒྱས་བཏབ་པས་དབང་དོན་གྱི་ཡེ་ཤེས་


LT32_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བྱང་ཆུབ་བར་དུ་འདུ་འགྲལ་འཕོ་འགྱུར་མི་མངའ་བར་གྱུར་པར་མོས་ཤིག །ཨོཾ་ཨཱཿཧཱུྃ༔ བླ་མ་ཀུན་བཟང་སོགས་ནས་རཀྟ་ཧཱུྃ། བར་བརྗོད། ནམ་མཁའ་གང་བའི་ལྷ་ཚོགས་རྣམས་ཀྱིས་ཤིས་བརྗོད་རྡོ་རྗེའི་དབྱངས་སུ་ལེན་ཅིང་མེ་ཏོག་སིལ་མའི་ཆར་ཕབས་པས་དགེ་ལེགས་རྟག་པ་དམ་པའི་སྣང་བས་ཁྱབ་ཅིང་ཡུན་དུ་བརྟེན་པར་མོས་ཤིག །མེ་ཏོག་འཐོར་ལ། ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་སོགས་བཀྲ་ཤིས་ཚང་བར་བརྗོད་ལ་རོལ་མོ་འཁྲོལ་བ་སོགས་བྱའོ། །དེ་ལྟར་སྤྲུལ་པའི་རིག་འཛིན་ཆེན་པོ་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱི་ཟབ་གཏེར་ལས་བྱོན་པ་ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་རྩ་གསུམ་ཀུན་འདུས་ཀྱི་དབང་བསྐུར་ཡོངས་སུ་རྫོགས་པ་གྲུབ་པ་སྟེ། རྩ་བ་རྡོ་རྗེའི་གསུང་ལས། ཡེ་གསང་དུག་ལྔ་རྣམ་དག་གི༔ དམ་ཡེ་དབྱེར་མེད་གསང་སྒྲུབ་འདི༔ མི་ཟད་གཏེར་གྱི་བང་མཛོད་ཡིན༔ མཐོང་བས་མི་མཐུན་བར་ཆད་ཞི༔ བཀླགས་པ་ཙམ་གྱིས་རྐྱེན་ངན་བཟློག༔ བསྒོམས་པས་ཚེ་གཅིག་འཇའ་ལུས་འགྲུབ༔ ཉམས་སུ་སུས་བླངས་མི་གྲོལ་རེ༔ ཡེ་གསང་ཆོས་སྐུའི་སྒྲུབ་ཐབས་འདི༔ ཡང་གསང་ཐུགས་ཀྱི་གཏེར་ཁ་ཡིན༔ ཅེས་བསྔགས་པར་མཛད་པ་དོན་དང་ལྡན་པ། གཏར་ཆེན་འདི་ཉིད་ཀྱི་ཤོག་སེར་རྡོ་རྗེའི་ཚིག་རྐང་བཅོས་བསླད་མེད་པར་གཏེན་ལ་ཕན་པ་འདི་ཉིད་ད་ལྟའི་བར་དུ་བརྒྱུད་པའི་བླ་མ་སུས་ཀྱང་འཕྲི་བསྣན་བཅོས་བསྒྱུར་ཡིག་ཆའི་བསྲེ་བསླད་གཏན་ནས་མེད་པས་བྱིན་རླབས་


LT32_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཟི་བྱིན་གཞན་ལས་ཁྱད་པར་དུ་འཕགས་པ་འགྱུར་མེད་གསེར་བཟང་གི་སྒྲམ་བུ་ལྟ་བུ་ལགས་པ་ཡིད་ཆེས་དད་གུས་རྩེ་གཅིག་པས་ཕྱིན་ཆད་ཡི་དམ་གྱི་རྩ་བར་བཟུང་ཞིང་བསྙེན་སྒྲུབ་ལ་བརྩོན་པ་སོགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པས་དམ་ཚིག་ཁས་བླངས་པ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་གསུམ། དབང་བསྐུར་རྫོགས་པར་ཐོབ་པའི་གཏོང་རག་ཏུ་དམིགས་ནས་མཎྜལ་ཕུལ་མཛོད། ཅེས་འབུལ་དུ་གཞུག །སླར་ཡང་ལུས་ལོངས་སྤྱོད་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དུ་སྤྲུལ་ནས་འབུལ་བའི་མོས་པས་འདིའི་རྗེས་ཟློས། དེང་ནས་བརྩམས་ཏེ་སོགས་གསུམ། དེ་ལྟར་དབང་བསྐུར་ཐོབ་པ་ལས་བྱུང་བའི་དགེ་བས་མཚོན་དུས་གསུམ་དུ་བསགས་པའི་རྣམ་དཀར་མཐའ་དག་མི་གནས་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བའི་བློས་འདི་ལྷན་ཅིག་གསུང་བར་ཞུ། བསོད་ནམས་འདི་ཡིས་སོགས་དགེ་བསྔོ་སྨོན་ལམ་རྒྱས་པར་བྱས་ལ། སློབ་མ་རྣམས་རང་གནས་སུ་བཏང་། སློབ་དཔོན་གྱིས་ཡུམ་བཀའ་གཤམ་ལྟར་བམ་ལ་བརྟེན་པའི་ཚོགས་མཆོད་ལྷག་མའི་པར་དང་། གྲོ་ལོད་གཤམ་ལྟར། ཧཱུྃ་ཧཱུྃ་ཧཱུྃ༔ ཁྲོ་རྒྱལ་འབར་བའི་ལྷ་ཚོགས་ཀྱིས༔ སོགས་ཀྱིས་བསྐུལ་ཟློག་བྱ། བདུད་མགོན་གཤམ་གྱི། ཧཱུྃ༔ བསྐུལ་ལོ་ཐུགས་དམ་སོགས་ཚང་བར་བརྗོད་ལ་སྐོང་གཏོར་འབུལ། རྟེན་འབྲེལ་དགེ་བའི་སླད་དུ་ཚེ་སྒྲུབ་འཁོར་འདས་རོ་གཅིག་བརྗོད་ལ་བསྙེན་བཟླས་ཅུང་ཟད་གྲུབ་ན་ལེགས། དེ་ནས་གསང་སྔགས་


LT32_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་ལྟར་མཆོད་བསྟོད་ནོངས་བཤགས་མདོར་བསྡུས་བྱས་ནའང་འགལ་བ་མེད། ལུགས་འདིའི་ཕྱག་སྲོལ་དུ་མི་འབྱུང་། དེ་ནས་ཡེ་གསང་གཤམ་གྱི། ཨོཾ་ཨཱཿཧཱུྃ༔ རྟེན་དང་གཏོར་མའི་སོགས་ཀྱིས་བསྡུ་ལྡང་བྱས་ལ་ཀུན་བཟང་གཤམ་ལྟར་ཤིས་བརྗོད་བྱས་པས་གྲུབ་བོ། །རྩ་གསུམ་རྒྱལ་བའི་བྱིན་རླབས་ཆར་རྒྱུན་གྱིས། །འགྲོ་བའི་རིགས་ཁམས་ས་བོན་གསོས་སུ་སད། །རིག་འཛིན་རྣམ་བཞིའི་ལོ་ཏོག་རིམ་རྒྱས་ཏེ། །སྐུ་བཞིའི་འབྲས་བཟང་རབ་ཏུ་སྨིན་བྱེད་ཤོག །ཅེས་པ་འདི་ནི་རྒྱལ་དབང་ཐམས་ཅད་མཁྱེན་པ་བཅོ་ལྔ་པས་བཀའ་བསྐུལ་བ་ལྟར་མཁན་ཆེན་བླ་མ་ཀརྨ་བཀྲ་ཤིས་འོད་ཟེར་ནས་གསུང་བསྐུལ་ནན་བསྐྱར་མཛད་པ་ལ་བརྟེན། དཔལ་ལྡན་ཀརྨ་བཀའ་བརྒྱུད་ཀྱི་རྗེས་འཇུག་རྟགས་ཙམ་འཛིན་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་རང་ལོར་གྱ་བདུན་པར་དཔལ་སྤུངས་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བའི་ཡི་གེ་པ་ནི་ཉེ་བར་གནས་པ་གསང་སྔགས་བསྟན་འཛིན་གྱིས་བགྱིས་པ་དགེ་ལེགས་འཕེལ།། །།


previousརྩ་གསུམ་ཡོངས་རྫོགས་རྡོ་རྗེ་གྲོ་ལོད་ཀྱི་དབང་གི་ལག་ལེན་མཚམས་སྦྱོར་གྱིས་བརྒྱན་པ་སོས་ཀའི་སྤྲིན་གྱི་རྔ་དབྱངས།next