Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

7 occurrences of ཁྲོལ་བུ་
[Clear Hits]


  
  
 
  
  
  
  
 
  
  
  
  
  
  
 
 
  
  
  
  
བཀའ་བརྒྱད་བདེ་གཤེགས་འདུས་ཆེན་གྱི་བསྙེན་པའི་ལག་ལེན་ཏིལ་མར་སྒྲོན་མེ།
  
  
  
  


7 occurrences of ཁྲོལ་བུ་
[Clear Hits]

 
previousབཀའ་བརྒྱད་བདེ་གཤེགས་འདུས་ཆེན་གྱི་བསྙེན་པའི་ལག་ལེན་ཏིལ་མར་སྒྲོན་མེ།next

བཀའ་བརྒྱད་བདེ་གཤེགས་འདུས་ཆེན་གྱི་བསྙེན་པའི་ལག་ལེན་ཏིལ་མར་སྒྲོན་མེ།


LT32_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་བདེ་གཤེགས་འདུས་ཆེན་གྱི་བསྙེན་པའི་ལག་ལེན་ཏིལ་མར་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །


LT32_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་བདེ་གཤེགས་འདུས་པའི་ལྷ་ལ་ཕྱག་འཚལ་ལོ། །མངའ་བདག་ཉིད་ཆེན་པོའི་གཏེར་བྱོན་སྒྲུབ་ཆེན་བཀའ་བརྒྱད་ཀྱི་བསྙེན་སྒྲུབ་ལ་འཇུག་པ་ན། སྤྱིར་ཆོས་འདིའི་སྐད་དུ་ཞི་བར་བསྙེན་པ་དང་། ཁྲོ་བོར་སྒྲུབ་པ་སྟེ་ལུགས་གཉིས། ཞི་བ་ལ་རིགས་གསུམ་ལས་གཞན་དོན་དབང་རབ་གནས་གཤིན་ཆོག་སོགས་གཙོ་བོར་བྱེད་ཚེ་རྡུལ་ཚོན་ནམ་རས་བྲིས་དང་འབྲེལ་བར་རྒྱས་པ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་དང་། བཟླས་སྔགས་ཨཱ་ལི་བཅོ་བརྒྱད་པ་སྤྱི་ཛབྲ། བཻ་རོ་ཙ་ན་སོགས་རིགས་བརྒྱའི་སྒོས་ཛབྲ་རྣམས་སོ། །རང་དོན་བསྙེན་པ་གཙོ་བོར་བྱེད་ཚེ་རས་བྲིས་སམ་ཚོམ་བུ་ལ་བརྟེན་པའི་འབྲིང་བོ་ཞི་བ་བཞི་བཅུ་རྩ་


LT32_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། སྔགས་བོ་དྷི་ཙིཏྟ། བསྡུས་པ་དེ་ཉིད་རིགས་ལྔ། སྔགས་དཔའ་བོ་འབྲུ་ལྔ། ཤིན་ཏུ་བསྡུས་པ་ལུས་དཀྱིལ་ལ་བརྟན་པའི་གསང་ཆེན་རིགས་གཅིག །སྔགས་ཡི་གེ་འབྲུ་གསུམ་མོ། །ཁྲོ་བོ་ལའང་སྤྲོས་བཅས་ཚོགས་སྒྲུབ་སོགས་དང་འབྲེལ་བའམ་མ་འབྲེལ་ཡང་རུང་སྤྲོས་པ་ལ་དགའ་བའི་ངོར་བསྐྱེད་རྫོགས་ཆེན་མོ་དགུ་ཉེར་གཅིག །ཕྱག་ཞེ་གཉིས་པ། ལྷ་གྲངས་བདུན་བརྒྱ་ཉེར་ལྔ། སྤྲོས་པ་འབྲིང་ལ་བསྐྱེད་རྫོགས་འབྲིང་པོ་དབུ་དགུ་ཕྱག་བཅོ་བརྒྱད་པ། ལྷ་གྲངས་སུམ་བརྒྱ་ང་ལྔ། རང་དོན་སྤྲོས་པ་ཆུང་ངུར་བསྐྱེད་རྫོགས་བསྡུས་པ་དབུ་གསུམ་ཕྱག་དྲུག །ལྷ་གྲངས་སུམ་བརྒྱ་ཐམ་པ། རྒྱུན་བཟླས་


LT32_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ནར་མ་དང་འབྲེལ་བར་ཤིན་ཏུ་བསྡུས་པ་ཕྱག་རྒྱ་རྐྱང་སྒྲུབ་སྟེ། དེ་རྣམས་ཀྱི་བཟླས་སྔགས་བོ་དྷི་ཙིཏྟ། ཁྲོ་བོའི་སྤྱི་སྔགས་བཛྲ་ཙཎྜ་འབྲུ་བཅུ་དགུ་པ། དཔལ་དགུའི་རང་སྔགས། བཀའ་སྡོད། དྲག་སྔགས་སོ་ལྔ་པ་བཅས་ཁྱད་པར་མེད་ལ་རྐྱང་སྐུབ་སྐབས་དྲག་སྔགས་ཚབ་ཏུ་འབྲུ་གསུམ་དང་ཧཱུྃ་བཟླ་བར་གསུང་། དེ་ཡང་གང་ཟག་ལས་དང་པོ་པ་འཇུག་བདེ་ཞིང་དཀྱིལ་འཁོར་སྤྲོ་བཞིའི་རྩ་བ་ཡིན་པས་མ་ཚང་བ་མེད་པའི་རྒྱུ་མཚན་གྱིས་གསང་ཆེན་རིགས་གཅིག་གིས་ཞི་བར་བསྟེན། བསྐྱེད་རྫོགས་ཆུང་དུས་དྲག་པོར་བསྒྲུབ་པ་ཉིད་སྨིན་གླིང་སྐུ་མཆེད་བཞེད་པ་ཡིན་ལ། དེའི་གོ་དོན་ལག་ལེན་བཅས་ལོ་ཆེན་རིན་པོ་ཆེའི་གསུང་བསྙེན་ཡིག་རིན་ཆེན་སྒྲོན་མ་ཉིད་ཞིབ་ཅིང་གསལ་ཡང་། འབྲེལ་འཇོག་ལྟ་བུའི་དུས་བསྙེན་བསྡུས་པ་ཟླ་གསུམ་མའི་དབང་དུ་ལག་ལེན་ཅུང་ཟད་བསྡུ་ན། ཚོགས་བསགས་དང་ཕྱི་མཚམས་སོགས་རྣལ་འབྱོར་གསར་པ་ཡིན་ན་ཇི་ཙམ་འགྲུབ་པ་དགོས། སྔོན་ནས་རྒྱུད་སྦྱངས་པ་ཡིན་ན་སྐབས་འདིར་མ་འགྲུབ་ཀྱང་མི་ལྟོ་བས། དུས་རབ་བཞིའི་ཚེས་བརྒྱད་རྒྱལ་འཛོམ་མམ། གཟའ་སྐར་འགྲུབ་སྦྱོར་དགེ་བའི་ཕྱི་དྲོའི་ཆར་ཞི་བསྙེན་གྱི་དབུ་བཙུག་སྟེ། བཞུགས་གནས་སྤོས་ཁྲུས་སོགས་བསྙེན་མཚམས་སྤྱི་ཆིངས་ཟིན་ནས། མདུན་ཁད་ཉེར་སྟེགས་བུ་ཁེབས་ལྡན་སྟེང་། དྲི་བཟང་བ་བྱུང་གིས་བྱུགས་པའི་


LT32_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་ལ་ཐིག་ཚོན་བྱིན་རླབས་བཅེས་ཐིག་ཆེན་བརྒྱད་བཏབ། རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་ཕྱོགས་མདོག་བྲི། མ་འཛོམ་ཚེ་རས་བྲིས་དེ་ལྟ་བུ་བཀྲམ། དེ་དབུས་ཧཱུྃ་དཀར་པོ་མཐོ་གང་བ་བྲིས་བའི་ཙཀ་ལི་བཀོད་པ་ནི་སྔོན་འགྲོ་སྦྱང་བའི་དམིགས་རྟེན་ཏེ་སྦྱང་བ་ཚད་ལྡན་མ་གྲུབ་སྐབས་དཀྱིལ་འཁོར་ཧཱུྃ་བཅས་མ་བཀོད་ཀྱང་རུང་། གང་ལྟར་མཉྫིའི་ཁར་ཞི་གཏོར་ཟླུམ་པོ་ཕྱོགས་བཞིར་པད་འདབ་གྱེན་ལངས་དང་མཚམས་སུ་ཐེབས་རིལ་ཅན་ཉི་ཟླས་མཚན་པ་གཏོར་གདུགས་དཀར་པོ་གཡས་གཡོན་སྨན་རཀ །མདུན་ཏུ་ཉེར་སྤྱོད་བྲེང་ཚར་དང་། གཏེར་བདག་སྤྱི་གཏོར་གྲུ་གསུམ་དམར་པོ་ཐེབ་ཀྱུ་ཅན་གང་བདེར་བཀོད། རང་མདུན་སྨན་ཐོད་རྡོར་དྲིལ་སོགས་བཀོད་ནས། ཚིག་བདུན། བསམ་ལྷུན་ནམ། སྤྲོས་བྲལ་བདེ་ཆེན། སངས་རྒྱས་བསྟན་པ་གང་རུང་གི་གསོལ་འདེབས། རང་རྡོར་སེམས་ང་རྒྱལ་བཅས་ཆ་གསུམ་ལས་ཕྱོགས་སྐྱོང་དང་། ཡུལ་གྲོང་གཏོར་མ་གཉིས་བཏང་། ལས་བྱང་བདེ་བ་ཆེན་པོའི་རྣམ་རོལ་ལྟར། བཛྲ་མ་ཧཱ་སོགས་ཞེ་སྡང་རྡོ་རྗེའི་ང་རྒྱལ་བཟུང་། འབྱུང་གཏོར་བཏང་མཐར། ཧཱུྃ་བདེ་གཤེགས་འདུས་པའི་སོགས་བཀའ་བསྒོ། སྒོ་དྲུང་དུ་རྒྱལ་ཆེན་བཞིའི་སྐུའམ་སྔགས་བྲེས་པའི་ཐོ་ཞིག་བཙུག །དཀར་གཏོར་བཞི་བཤམ། ཆབ་བྲན། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། རང་གི་ཐུགས་


LT32_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཕྱོགས་བཞི་ནས་རྒྱལ་ཆེན་བཞི་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཨོཾ་ཌྷྀཥྚ་རཱཥྚྲ་ཧཱུྃ་ཛཿ ཨོཾ་བི་རུ་ཌྷ་ཀ་ཧཱུྃ་ཛཿ ཨོཾ་བི་རུ་པཱཀྵ་ཧཱུྃ་ཛཿ ཨོཾ་བཻ་ཤྲ་བ་་ཧཱུྃ་ཛཿ བདུན་མེ་ཙམ་བཟླས། ས་རྒྷཾ་སོགས། སྙིང་པོ་བཞིའི་མཐར། བ་ལིང་ཏ་ནཱ་ནཱ་ཁཱ་དནྟུ་གྲྀཧྞ་ཧཱུྃ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་རི་རབ་སོགས་བསྙེན་ཡིག་ལྟར། མཐར་མཆོད་གཏོར་ཐོ་རྩར་ཕུལ། ཡེ་དྷར་བརྗོད་ཏིཥྛ་བཛྲས་བརྟན། དེ་ནས་དཔེ་འཛེམ་ན་ཞི་བའི་མཚམས་གཅོད་རྒྱས་ས་བཏོན། མ་རྙེད་པའམ་རྒྱུན་པར་སྟབས་བདེར་བདེ་རོལ་ལྟར། ཧཱུྃ་བདག་ཉིད་སོགས་ནང་མཚམས་ལྔ་དང་གསང་མཚམས། ས་མ་ཡ་ཨ་ཏི། ཡན་བརྗོད། རྙིང་མ་སྤྱིའི་སྔོན་འགྲོ་ལྟ་བུའི་སྐྱབས་སེམས་ལན་གསུམ། བདེ་རོལ་ལྟར་ཡིག་བརྒྱའི་བཟླས་བསྒོམ། རང་ཉིད་སྐད་ཅིག་གིས་རྡོར་སེམས་སུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པར་གྱུར། རྡོ་རྗེ་སློབ་དཔོན་སོགས་ཡན་ལག་བརྒྱད་པ་ལན་གསུམ། བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཆེན་མོ་གཏེར་གཞུང་ངམ། མ་འཛོམ་ཚེ་ཁྱབ་བདག་སྟོན་པའི་མཐར་ཚོགས་ཞིང་རྣམས་རྩ་བའི་བླ་མར་བསྡུས། དབང་བཞི་བླང་། རང་ལ་བསྟིམ། དེ་ནས་བསྙེན་ཡིག་ལྟར། ཧཱུྃ་ལ་སེམས་བཟུང་། ཟིན་པ་ན། མདུན་གྱི་ཧཱུྃ་ཡིག་མི་དམིགས་པ་ལས་


LT32_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་སེམས་སོགས་དང་པོ་མདུན་ཏུ་བསྒོམ། གསལ་ཐེབས་ནས་རང་ཡང་དེ་ལྟར་བསྒོམ། དེའང་གསལ་ནས་རྡོར་བཟླས་ངག་བཟླས་གང་འོས་ཐུན་གྱི་སུམ་ཆ་བྱས་ནས་མི་དམིགས་པར་བཞག །དེའང་རིམ་གཉིས་ཚད་ལྡན་གྱིས་རྒྱུད་སྨིན་ངེས་བྱེད་ན། བསྐྱེད་རིམ་གྱི་རྐང་པ་སྔོན་འགྲོ་སྦྱོང་བ་འདི་ལ་ཐུག །ཡིད་ཡུལ། སྣང་ཡུལ། ཞེན་པའི་ཡུལ་ཏེ་ཡུལ་གསུམ་གྱད་དུ་མ་གྱུར་པར་ནན་ཏན་དུ་བསྒོམས་ནས་གཟོད་དཀྱིལ་འཁོར་བསྒོམ་པ་ལ་འཇུག་དགོས་ཀྱང་། འདིར་ས་བཅད་མ་སྟོངས་ཙམ་མོས་སློབ་ཀྱི་དབང་དུ་བགྱིས་ཏེ། དེ་མཚམས་བསྙེན་ཡིག་ལྟར། མི་དམིགས་ཆོས་ཉིད་སོགས་ནས། བསྟོད་པ་ཡན་མཐར་ཆགས་བཏང་། བསྙེན་དམིགས་བཅས་ཐུན་གྱི་དངོས་གཞི་འབྲུ་གསུམ་ལ་བྱེད། སྤྱི་སྔགས་བོདྷ་ཙིཏྟའང་ཇི་ཙམ་འོས་པ་བཟླས། ཐུན་འཇོག་པ་ན་དབྱངས་གསལ་ཡིག་བརྒྱ་ཡེ་དྷར་ལན་གསུམ། ཧཱུྃ་ཧཱུྃ་ཧཱུྃ། གིས་བསྡུ། ཨོཾ་ཨཱཿཧཱུྃ་གིས་ལྡང་བ་སོགས་བསྙེན་ཡིག་ལྟར་བྱ། དགེ་བ་བསྔོ། དེ་ནས་ཕྱིར་ནང་ཐོར་ཐུན་ནས། ཚིག་བདུན་སོགས། བཛྲ་མ་ཧཱ་སོགས་ང་རྒྱལ་བཟུང་བ། བཀའ་བསྒོ། དཱུུྃྃ་བདེ་གཤེགས་འདུས་པའི་ནང་གསང་མཚམས། སྐྱབས་སེམས་ནས་བསྙེན་པ། བསྡུ་ལྡང་བར་གོང་བཤད་ལྟར་ལས་ཆ་གསུམ་དང་


LT32_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཆེན་ཐོ་འཛུགས་མ་གཏོགས་མཐར་ཆགས་བཏང་། ཐུན་གཞན་རྣམས་ལ་ལེའུ་བདུན་མ་ལྟ་བུའི་གསོལ་འདེབས་གང་འོས་མཚམས། ཧཱུྃ། མི་བཟད་ཁྲོ་གཏུམ། སོགས་ཁྲོ་བོ་རོལ་པའི་མཚམས་ཀྱིས་སྲུང་འཁོར་གྲས་ལ་འདེབས་བྱ། སྐྱབས་སེམས་ཉུང་བསྡུས། ཡན་ལག་བརྒྱད་པས་ཚོགས་བསགས། ཚོགས་ཞིང་བསྡུས། སྦྱང་བ་འོས་བསྟུན། མི་དམིགས་ཆོས་ཉིད་སོགས་སྔར་ལྟར་བྱ། སྲོད་ཐུན་ལ་གཏོར་འབུལ་ནི། ཧཱུྃ་ཧཱུྃ་ཧཱུྃ། གིས་བསྡུས་ཟིན་ནས། ཨོཾ་ཨཱཿཧཱུྃ། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔར་གསལ་བའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས། འཕགས་པ་མཆེད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡིག་འབྲུ་གསུམ་ལ་ཐིམ། ཨོཾ་ཨཱཿཧཱུྃ། ཡང་འོད་ཟེར་འཕྲོས། གཏོར་སྣོད་ལ་ཕོག་པས་ཕྱི་ལྟར་ན་རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་ཡས་ཁང་། ནང་ལྟར་ན་ཆོས་ཀྱི་དབྱིངས་མཐའ་དང་མུ་མེད་པ། གསང་བ་ལྟར་ན་ཡུམ་གྱི་མཁའ་ཀློང་ཡངས་པའི་བྱང་ཆུབ་སེམས་སུ་གྱུར། ཨོཾ་ཨཱཿཧཱུྃ། ཡང་འོད་འཕྲོས་གཏོར་མགྲོན་ལ་ཕོག །ཕྱི་ལྟར་ན་མགྲོན་རིགས་རྣམ་བཞི། ནང་ལྟར་ན་སེམས་ཅན་གྱི་ལུས་ངག་ཡིད་གསུམ་གནས་སུ་དག་པའི་ལྷ་དང་ལྷ་མོ། གསང་བ་ལྟར་ན་ཡི་དམ་གྱི་ལྷའི་སྐུར་གྱུར། ཨོཾ་ཨཱཿཧཱུྃ། ཡང་འོད་འཕྲོས་


LT32_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ལ་ཕོག །ཕྱི་ལྟར་ན་ལྷ་ཡི་ཞལ་ཟས་སྣ་ཚོགས་པ། ནང་ལྟར་ན་འདོད་པའི་ཡོན་ཏན་ལྔས་གང་བ་ཕུལ་བས་མཉེས་ཤིང་། གསང་བ་ལྟར་ན་ལྷ་ཡབ་ལ་ཡུམ། ཡུམ་ལ་ཡབ་ཐིམ་པར་བསམ། ཨོཾ་ཨཱཿཧཱུྃ། ཡང་འོད་འཕྲོས། གཏོར་མ་ལ་ཕོག །ཕྱི་ལྟར་ན་འབྲུ་སྣ་ཚོགས། ནང་ལྟར་ན་འདོད་ཡོན་གྱི་ལྷ་མོས་མཆོད་པས་མཉེས་ཤིང་། གསང་བ་ལྟར་ན་ལྷ་ལ་ལྷ་ཐིམ་པར་བསམ། ཨོཾ་ཨཱཿཧཱུྃ། ཡང་འོད་འཕྲོས། གཏོར་མ་ལ་ཕོག །ཕྱི་ལྟར་ན་བདུད་རྩིའི་ཆུ་རྒྱུན་འོ་མ་ལྟ་བུ། ནང་ལྟར་ན་དྲིའི་ལྷ་མོ་སྣ་ཚོགས་པས་མཆོད་ཅིང་། གསང་བ་ལྟར་ན་བྱང་སེམས་ལ་བྱང་སེམས་རོལ་བས་དགྱེས་པའི་རོས་མྱོས་པར་གྱུར། ཨོཾ་ཨཱཿཧཱུྃ། བདུད་རྩིའི་གཏོར་མ་འཐུང་བ་རྣམས་འཆི་མེད་ཀྱི་དངོས་གྲུབ་ཐོབ་ཅིང་ཟོས་པ་རྣམས་སངས་རྒྱས་པར་གྱུར། ཨོཾ་ཨཱཿཧཱུྃ། འཁོར་གསུམ་མི་དམིགས་ཀ་དག་བསམ་བརྗོད་བྲལ་བའི་ངང་དུ་ཨཱཿ དེ་ནས་འགྲུབ་ན་དྲེགས་པའི་སྡེ་དཔོན་གྱི་གསོལ་མཆོད་ཉུང་འདུས་ཙམ་བྱ། བཛྲ་མུཿས་གཤེགས། དགེ་བ་བསྔོ། ཡང་། ཐུན་གཞན་མའི་གཤམ་ལྟ་བུར་གཏོར་བསྔོས་ཉུང་བསྡུས་འདོད་ན། འོད་གསལ་དུ་བསྡུས་ནས། སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔར་གསལ་བའི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་འཕྲོས། རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་


LT32_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ། ཨོཾ་ཨཱཿཧཱུྃ། ཚུར་འདུས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས། ཨོཾ་ཨཱཿཧཱུྃ། ཡང་འོད་འཕྲོས། ཁམས་གསུམ་གྱི་སེམས་ཅན་ལ་ཕོག །ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའི་སྐུར་གྱུར། ཨོཾ་ཨཱཿཧཱུྃ། ཡང་འོད་འཕྲོས། གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོ་དང་། འདོད་པའི་ལོངས་སྤྱོད་བསམ་མི་ཁྱབ་པར་གྱུར། ཨོཾ་ཨཱཿཧཱུྃ། ལྗགས་རྡོ་རྗེའི་སྦུ་གུས་གསོལ་བས་མཉེས་ཤིང་ཚིམས་པར་གྱུར། ཨོཾ་ཨཱཿཧཱུྃ། འཁོར་གསུམ་མཉམ་ཉིད་ཆེན་པོར་ཨཱཿདགེ་བ་བསྔོ། དམིགས་གནད་གཞུང་གསལ་ལ་སྤྱིར་འདུ་ཡང་། ཕལ་ཆེར་འདི་ལྟར་ཡང་བསྒོམ་སྟེ། འབྲུ་གསུམ་བཟླས་པས་འོད་ཟེར་སྙིང་གནས་མགྲིན་པ། མགྲིན་པ་ནས་སྤྱི་བོར་ཕོག། བདག་ལུས་འོད་ཀྱིས་གང་། དུག་ལྔ་དུག་གསུམ་སོགས་བག་ཆགས་དང་ཉོན་མོངས་པའི་སྒྲིབ་པ་སྦྱངས། ཡང་སྤྱི་བོ་ནས་མས་རིམ་འཕྲོས། འོད་ཀྱིས་གང་། ཤེས་སྒྲིབ་བག་ཉལ་བཅས་སྦྱངས། འོད་ཕྱིར་འཕྲོས། རྒྱལ་བ་ལ་མཉེས་མཆོད་ཕུལ། སྣོད་བེམ་པོར་སྣང་བ་སྦྱངས། སྣང་ལ་རང་བཞིན་མེད་པར་གྱུར། བཅུད་སེམས་ཅན་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས། ལྷ་སྐུ་ཕྱག་རྒྱ་ཆེན་པོར་གྱུར། ཚུར་འདུས་རང་གི་ཡུལ་གསུམ་དུ་འོད་ཟེར་གྱི་ལི་ལི་གནས་པར་བསྒོམ། གཞན་ཡང་འབྲུ་གསུམ་ལ་ཤེས་པ་དགུ་དང་། བཟླ་ཚུལ། ལས་མཐའ་རྒྱས། ཕན་ཡོན་བསམ་གྱིས་


LT32_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁྱབ་པ་བཅས་གསང་ཆེན་རིགས་གཅིག་ལེ་ཚན་གཉིས་ལས་བསྟན་ཏོ། །དེ་ལྟར་བསྙེན་ཡིག་ལས་འབྱུང་བའི་གྲངས་སུ་བསྙེན་པ་རྫོགས་ནས་གྲོལ་ཁར། ཐོར་ཐུན་ཞི་བ། གུང་ཐུན་རྒྱས་པ། དགོངས་ཐུན་དབང་། སྲོད་ཐུན་དྲག་པོའི་དམིགས་བཟླས་བཅས་ཡུན་ཐུང་ན་ཉིན་གཅིག །རིང་ན་ཞག་གསུམ་སོགས་བྱས་ཟིན་པའི་ཕྱིར་ནང་ཐོར་ཐུན་ལ། གཞུང་བཟླས་ལས་བཞི་བཅས་ཁྱུག་ཙམ་བཏང་སྟེ། དམ་ཡེ་ཕྱེས། དངོས་གྲུབ་ལེན་དམིགས་བྱ། གཏོར་འབུལ་དང་གཏེར་སྲུང་སྤྱི་གཏོར་སྒོར་ཕུལ། མཆོད་བསྟོད་ནོངས་བཤགས། ཡིག་བརྒྱ་ལན་གསུམ། ཡེ་ཤེས་པ་རང་ལ་བསྟིམས། མཆོད་བཤམས་བསྡུ། བདག་བསྐྱེད། བསྡུ་ལྡང་དང་། བསྔོ་སྨོན་ཤིས་བརྗོད་གང་འོས་བྱའོ། །དེ་ལྟར་ཞི་བསྙེན་རྫོགས་པའི་ཕྱི་ཐུན་ནས་ཁྲོ་སྒྲུབ་ལ་འཇུག་ལྟར་བྱ་སྟེ། དཀྱིལ་འཁོར་དང་། བུམ་གཅིག །མེ་གཅིག་སོགས་མཚན་མའི་སྒྲུབ་རྫས་མི་འབྱོར་བའི་དབང་དུ་བྱས་ཏེ་གཞི་སྟེང་མཎྜལ་ལ་ཚངས་ཟུར་གྱི་ཐིག་བཏབ། གླིང་དགུར་བཅད། ཚོམ་བུ་ལྷ་གྲངས་སམ། བསྡུ་ན་དགུ་བཀོད། དེ་སྟེང་དཔལ་དགུའི་ཐོད་སྐུའམ། ཆེ་མཆོག་ཐོད་སྐུ་ཁོ་ན་ཡང་རུང་སྟེ་སོ་སོའི་མདོག་མཚུངས་ན་བཟའ་བཅས་བཞུགས། གཙོ་ཐོད་རྒྱབ་ངོས་མཉྫིའི་ཁར་སྒྲུབ་གཏོར་དཔལ་བཤོས་དམར་པོ་གཙོ་འཁོར་


LT32_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་པ་རྩེ་ཁྲོམ་གཏོར་གདུགས་མཐིང་གཅན་བཤམ། ཐོད་སྐུ་མ་འཛོམ་ཚེ་སྒྲུབ་གཏོར་ཁོ་ན་ལ་བརྟེན་ཀྱང་རུང་། དཀྱིལ་འཁོར་གྱི་གཡས་གཡོན་ཏུ་སྨན་རག །དྲག་མཆེད་རྣམ་བདུན་བསྐོར་བཤམས་སམ་བྲེང་ཚར་གང་བདེ། བཀའ་སྲུང་གཏོར་འབུལ་སྤྱི་དང་ཁྱད་པར་དྲེགས་པའི་སྡེ་དཔོན་ལ། ཟུར་གསུམ་ལྟོ་ཁྲ་ཅན། འཁོར་སུམ་ཅུས་བསྐོར་བ། ཐེབ་ཀྱུ། རྩེ་རྒྱན། གཏོར་གདུགས་མཐིང་ནག་བཅས་དང་ཆད་བརྟེན་རྒྱུན་བཞག་རྣམས་གང་བདེར་བཀོད། ཆ་གསུམ། རྒྱུན་གཏོར། ཚོགས་ཀྱི་ལོ་བྱང་སོགས་རྒྱུན་ལ་མཁོ་བ་རྣམས་ཀྱང་འདུ་བྱ། རང་དང་ཁད་ཉེ་བའི་སྟེགས་བུ་བདུད་རྩི་ལྔས་ཆག་ཆག་གདབ་པར། རོ་རས་ལ་ཁྲག་ཆེན་ཐལ་ཆེན་བསྲེས་པའི་ཚོན་སྔོན་པོས་ཧཱུྃ་ཁྲུ་གང་བ་བྲིས་པ་ཞིག་ཀྱང་བཀོད་གྲུབ་ན་སྦྱང་བའི་རྟེན་ཏེ་ལེགས། དེ་ནས་ཚིག་བདུན་ནས་བཟུང་། ཆ་གསུམ། ཕྱི་ནང་མཚམས་གཅོད་ནས་དངང་བཞི་ལེན་པ་ཡན་ལས་བྱང་བདེ་རོལ་སོར་བཞག་གོང་གསལ་ཞི་བའི་སྐབས་ལྟར་བཏང་། །སྦྱང་བའང་རྡོར་སེམས་ཀྱི་ཚབ་ཏུ་ཧེ་རུ་ཀ་སྤོ་བ་མ་གཏོགས་བྱེད་ལུགས་གོང་དང་འདྲ་ཡང་ཉིན་དང་པོ་དང་ཐོར་ཐུན་ལྟ་བུར་བརྡ་མཚོན་མཛད་ན་མ་གཏོགས་ཚུལ་ལྡན་ནི་མི་འགྲུབ་སྟབས་བཟླས་གྲངས་ལ་གནོད་པས་ཐུན་གཞན་ལ་མི་དགོས། དེ་མཚམས་བརྡ་སྒོ་ཕྱག་ནས་བཟུང་། །ཏིང་འཛིན་རྣམ་གསུམ་སྐབས་ཆོ་གའི་འདོར་ལེན་བསྙན་


LT32_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ལྟར་ལ། མཆོད་ཚིག་རྣམས་ལན་རེ་ཙམ་བཏོན་ན་མ་གཏོགས་རྒྱུན་པར། ཧཱུྃ། དྭངས་བསིལ་རྙོག་མེད་ནས། མ་ཧཱ་མུ་དྲ་པཱུ་ཛ་ཧོཿའི་བར་བསྐྱུར་བར་འཐུས། ཛབྲ་ཀྱི་སྐབས་སྐུ་ཕྱག་རྒྱ་ཆེན་པོར། གསུང་སྔགས་ཀྱི་སྒྲར། ཐུགས་ཡེ་ཤེས་ལྔར་གསལ་འདེབས་པ་ནི་ཤིན་ཏུ་གལ་ཆེ་བས་རྐང་བཟུང་ཞིང་དམིགས་པའི་དངོས་གཞི་བསྐྱེད་རྫོགས་ཆུང་ངུའི་ཛབྲ་དགོངས་དེ་ལ་བྱ། དེའང་ཐོག་མར་བོ་དྷི་ཙིཏྟ་ཁྲིའམ་དེ་ལས་ལྷག་ཙམ་གང་ཚར། ཆེ་མཆོག་ལ་འབུམ། དཔལ་བརྒྱད་པོར་ཁྲི་ཚོ་ལྔ་རེ། བཀའ་སྡོད་ཁྲི་བཅས་སོང་ནས། དྲིལ་བཟླས་ཕྱི་དཀྱིལ་ལྟར་སྒྲུབ་པའི་དམིགས་པ་དེ་སྦྱར་ནས། བཛྲ་ཙཎྜ་བཅུ་དགུ་མ་འབུམ་ཕྲག་བཞི་ཡན་གང་འགྲུབ། གྲོལ་ཉེ་ནས་དྲག་སྔགས་སོ་ལྔ་པའང་དམིགས་གནད་བཅས་ཁྲི་གཅིག་འགྲོ་ངེས་བྱ། འདི་བཀའ་བརྒྱད་གཞན་རྣམས་སུ་དཔལ་དགུའི་སྤྱི་བསྡུས་བསྙེན་པར་མཛད་ཅིང་། གཞུང་འདིར་ཡང་ཕན་ཡོན་ཆེས་ཆེ་བ་བཅས་སྒྲུབ་ཐབས་ཚུགས་ཐུབ་ལོགས་སུ་འབྱུང་བས་གྲངས་མང་ཡང་ལེགས་ཤིང་། དམིགས་གནད་ལས་སྤྱོར་གྱི་ལུགས་དེ་ཅུང་ཟད་ཙམ་ལས་མི་བྱ་བར་ཕལ་ཆེར་འདི་ལྟར། གནས་དབྱིངས་ཡེ་ཤེས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་མཐའ་དང་དབུས་མེད་པ། བདག་ཐ་མལ་པའི་སྤྱི་བོར་རཾ་ལས་མེ་འབར་ཏེ་ལས་དང་


LT32_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པའི་སྒྲིབ་པ་རྣམ་སྨིན་གྱི་ལུས་དང་བཅས་པ་བསྲེགས་ནས་ཡེ་ཤེས་ཀྱི་མེ་དཔུང་ཆེན་པོར་གྱུར་བར་བསམ་ཞིང་སེམས་ཆོག་མེད་ལ་བཞག །དེའི་ངང་ལས་བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་ཀྱིས་དགོངས་པར་བསམ་ཞིང་ལྷ་དང་སྔགས་ལ་སེམས་གཏད་ད་སྔགས་བཟླ། གདམས་ཟབ་འདི་ལྟ་བུ་གནང་བའི་བླ་མ་དྲིན་རེ་ཆེ་སྙམ་དུ་སྤྱི་བོའི་རིགས་བདག་ཏུ་བསྒོམས་ལ་མོས་གུས་བྱ་བ་བཅས་རྗེས་སུ་དྲན་པ་བཞིའི་བསྒོམ་བཟླས་བྱ་བ་དང་། སྒྲིབ་སྦྱང་གི་དོན་ཏུ། རང་གི་ལྟེ་བར་རཾ་ལས་ཡེ་ཤེས་ཀྱི་མེ་འབར། ལུས་ཐམས་ཅད་ཁྱབ། ཐོགས་མེད་ནས་སྒོ་གསུམ་གྱི་རྒྱུད་ལ་ཡོད་པའི་སྡིག་སྒྲིབ་བསྲེགས། ཡེ་ཤེས་ཀྱི་མེས་ཕྱི་སྣོད་ནང་བཅུད་ལ་ཁྱབ། གདོས་བཅས་ཀྱི་མཚན་འཛིན་བསྲེགས། །ཆོས་སྐུ་བདེ་བ་ཆེན་པོར་ལྷན་གྱིས་གནས་པར་བསྒོམ་མོ། །དེ་དག་གི་ཚེ་བསྙེན་པ་སྟོང་སྟོང་མཚམས་སུ་མཆོད་བསྟོད་འགྲུབ་ན་དགོས་ཤིང་། མ་འགྲུབ་ཀྱང་གྲོལ་ཁར་དབྱངས་གསལ་ཡིག་བརྒྱ་ཡེ་དྷར་ལན་གསུམ། ཡེ་ཤེས་ལྷ་ཚོགས། ཧཱུྃ་ཧཱུྃ་ཧཱུྃ་གིས་འོད་གསལ་དུ་བསྡུ། ཕཊ་ཕཊ་ཕཊ། ཀྱིས་ལྷར་ལྡང་། བདེ་རོལ་ལྟར་ལུས་བསྲུང་། མི་གནས་ཡེ་ཤེས། བྱིན་རླབས་མཆོག་སྩོལ་བཅས་ཀྱིས་བསྔོ་སྨོན་བཀྲ་ཤིས་བྱའོ། །དེ་ནི་ཉིན་དང་པོའི་དགོངས་ཐུན་ལ་བྱ་བའི་ཚུལ་ལ་ཏེ། ཐུན་


LT32_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་རྣམས་ལ་སྔོན་འགྲོའི་འདོར་ལེན་ཞི་བསྙེན་སྐབས་ལྟར་ལ། དངོས་གཞི་ཏིང་འཛིན་རྣམ་གསུམ་ནས་བརྩམས་ཏེ་བསྐྱར་བའོ། །སྲོད་ཐུན་ལ་ཚོགས་བསྐང་། དྲེགས་བའི་གསོལ་མཆོད། ལྷག་མ། ཆད་བརྟན་སོགས་བྱ། ཅིས་ཀྱང་མ་འབྱོར་ནའང་ཉ་སྟོང་དང་གྲོལ་ཁར་ནི་ངེས་པར་དགོས་པའོ། །གྲོལ་བའི་སྔ་ཉིན་གྱི་དགོངས་ཐུན་ལ་མཆོད་པ་གསོ། ཛབྲ་ཀྱི་བཟླས་པ་རྫོགས་མཚམས་དམ་ཡེ་ཕྱེས་ནས། དངོས་གྲུབ་བསྐུལ་བའི་དམིགས་གནད་དང་སྔགས་ཤམས་བཏགས། དམ་ཡེ་བསྲེ། སྟོང་ཚིགས་ཕུལ། སྲོད་ཐུན་ལའང་དེ་ལྟར་དང་ཚོགས་མཆོད་ངེས་པར་བྱ། ཕྱིར་ནང་ཐོར་ཐུན་ལ་བཟླས་པ་ཡན་ཉིན་ལྟར་ཆགས་ཚར་ནས་སྟོང་ཚིགས་ཕུལ། སླར་ཡང་བགེགས་བསྐྲད། བསྲུང་འཁོར། བཤགས་པ། དམ་བཅའ། བྱིན་འབེབས་བཅས་གྲུབ་འཕྲལ་དམ་ཡི་ཕྱེས། དངོས་གྲུབ་བསྐུལ་ཛཔྲ་སྔ་ཉིན་ལྟར་བཟླས་སྟོང་ཚིགས་ཕུལ། ལས་བྱང་ལྟར་དངོས་གྲུབ་བསྐུལ་ཆོག་བཏོན། སྐུ་བརྟེན་གྱི་དབང་ལེན། རྫས་ལ་རོལ། ཚོགས་བསྐང་རྒྱས་པར་བྱ། ལྷག་ཆོག་སྐབས་སྔར་བཙོན་འཛིན་བྱས་པའི་ལྷག་མ་ཕུལ། གསོལ་ཁ་དང་ཆད་བརྟན་རྒྱུན་བཞག་ཀྱང་ཕྱི་རོལ་ཕུལ། གཏོང་རག་གི་མཆོད་བསྟོད། བཟོད་གསོལ།


LT32_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་པ་རྟེན་ལ་བསྟིམས། དམ་ཚིག་པ་བསྲུང་འཁོར་བཅས་བསྡུ་ལྡང་། ལུས་བསྲུང་སྨོན་ལམ་ཤིས་བརྗོད་ལས་བྱང་དཀྱུས་ལྟར་བྱ། ཞི་བའི་སྦྱིན་བསྲེག་ཉང་ལུགས་རང་གཞུང་ངམ། དཀྱུས་འགྲོའི་རྒྱས་བསྡུས་གང་འགྲུབ་ཚར་མཚམས། དཀར་གཏོར་བྲན། བསངས་སྦྱངས། ཨོཾ་ཨཱཿཧཱུྃ། གསུམ། ཨོཾ་ངྷྲྀཥྚ་སོགས་རྒྱལ་ཆེན་ཐོ་འཛུག་སྐབས་གཏོར་མ་འབུལ། ཨརྒྷཾ་སོགས། ཟབ་ཅིང་རྒྱ་ཆེ། མཆོད་སྦྱིན་གཏོར་མ་སོགས་ཕྲིན་ལས་བཅོལ་ནས། བཛྲ་མུཿས་གཤེགས་པར་བྱའོ། །དེ་དག་ནི་ཞི་བ་ལ་ཟླ་གཅིག །ཁྲོ་བོ་ལ་ཟླ་བ་གསུམ་སྟེ་དུས་བསྙེན་ཐ་མའི་དབང་དུ་བྱས་ཏེ། དེ་ལས་རྒྱས་པའམ། དེ་ཙམ་ཡང་མི་ལྕོགས་པར་འབྲེལ་འཇོག་ལྟ་བུའི་ཡུན་ཐུང་ངུ་ལ་བསྙེན་གྲངས་མང་ཉུང་སོགས་རིགས་པས་དཔག་གོ། །འོན་ཀྱང་ཟླ་གཅིག་ཁོ་ན་ཙམ་གྱི་འབྲེལ་འཇོག་ལ་ནི་བསྙེན་ཡིག་གཤམ་གསལ་ཕྱག་རྒྱ་རྐྱང་པའི་དྲིལ་སྒྲུབ་ཁོ་ན་ལེགས་ལ། དེའི་ཚེ་སྤྲོས་བཅས་ཀྱི་བཅས་ཤོམས་ནི་ཅི་ཡང་མི་དགོས་ལ། ཞི་བསྙེན་ཀྱང་དཀྱུས་མཐུན་ལས་ཟུར་དུ་བྱེད་མི་དགོས་སོ། །ལས་བྱང་བདེ་བ་ཆེན་པོའི་རྣམ་རོལ་དཔེ་རྙེད་སླ་བའི་དབང་དུ་བྱས་ཀྱི། འདི་སྐབས་ཁྲོ་སྒྲུབ་ལ་བསྐྱེད་རྫོགས་ཆུང་བའི་ལས་བྱང་གཏེར་གཞུང་ལ། བདེ་རོལ་


LT32_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཟུར་འདེབས་བྱས་ནས་བཏང་ནའང་སྐབས་སུ་བབ་པ་ཉིད་དོ། །སྐབས་འདིའི་སྒྲུབ་རྫས་ནི་དམ་ཚིག་གི་རྟེན་ཙམ་དུ་ཟད་ཀྱི་གསར་མའི་གཞུང་སོགས་ལྟར་བདག་མདུན་ཆ་གཉིས་སུ་བསྒོམ་རྒྱུ་ནི་མ་ཡིན་ཏེ། སྦྱང་གཞི་རང་བཞིན་རྣམ་དག་དང་། སྦྱང་འབྲས་གློ་བུར་རྣམ་དག་གཉིས་ཡེ་ནས་དག་མཉམ་གཞི་ལུས་གནད་གསུམ་ལྷའི་འཁོར་ལོ་མ་བྱས་ལྷུན་གྲུབ་ཏུ་གནས་པ་ཉིད། དོན་ལ་གོས་པ་མེད་བཞིན་ཏུ་རྟོག་ངོ་ན་གཉིས་འཛིན་གྱི་ཆ་ཙམ་སྣང་བ་སེལ་བའི་ཐབས་ལ་བརྩོན་པ་ན་འབྲས་བུའི་རྣམ་པ་ལམ་བྱེད་ཀྱི་ལམ་ཞེས་བཏགས་པ་ཙམ་སྟེ། མུན་ཁུང་གི་སྐུ་གཟུགས་ལ་སྒྲོན་མེ་བཏེགས་པའི་དཔེ་དང་། །སྣང་སེམས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་རིག་པ་བྱང་ཆུབ་སེམས་ཀྱི་ཀློང་དུ་མ་འདུས་པ་ནི་རྡུལ་ཙམ་མེད་པས་བདག་མདུན་སོགས་སྤྲོས་པའི་དབྱེ་བསྡུ་ཇི་སྙེད་པའང་རིག་པའི་རང་རྩལ་ལ་མ་འདས་པའི་ཡེ་ཤེས་ཆེན་པོའི་རྒྱས་ཐེབས་པ་ན་སྐྱེ་འགག་གནས་གསུམ་བྲལ་བའི་ཆོས་ཉིད་ཀྱི་རིམ་པ་མངོན་ཏུ་གྱུར་པས། རྟོག་པས་བཏགས་པའི་རིམ་གཉིས་རྣམས་ཀྱིས་བསྒྲུབ་བྱའི་མཐིལ་སླེབ་པ་ལ་དགོངས་ནས། བསྐྱེད་རྫོགས་རྫོགས་པ་ཆེན་པོ་ལ་ཐག་བཅད་པ། ལ་དོར་བ། ས་བཟུང་བ་སྟེ་བསྐྱེད་


LT32_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཀྱི་གུད་ཤིང་ཆེན་པོ་དགུས་སྲང་དུ་གཞུག །དེ་བཞིན་ཏུ་བསྙེན་སྒྲུབ་ཡན་ལག་རྣམ་བཞིའང་རྙིང་མ་གཞན་ལྟར་བཟླས་པ་ཁོ་ན་ལ་སྦྱོར་བ་མི་མཛད་དེ། སེམས་བསྐྱེད་ནས་སངས་མ་རྒྱས་པར་གྱི་རིམ་པ་ཐམས་ཅད་ལ་སྦྱོར་བ་དང་། ཆོ་ག་འདི་ལྟ་བུར་མཚོན་ན། ཚོགས་བསགས་པའི་སྦྱོར་བ་ཡན་ཆད་སྔོན་འགྲོ་རྣམས་བསྙེན་པ། སྤྱན་འདྲེན་སོགས་ལས་རྒྱལ་མཆོག་གི་རིམ་པ་ཉེ་བསྙེན། ལྷ་བསྒོམ་སྔགས་བཟླས་སྒྲུབ་པ། རྗེས་ཀྱི་རིམ་པ་སྒྲུབ་ཆེན་གྱི་བརྡར་བཞག་ཅིང་། གཞན་ཡང་བཀའ་བརྒྱད་མཁན་པོས་མི་ཤེས་སུ་མི་རུང་བའི་གསང་སྔགས་ཀྱི་གུང་ཤིང་། ཆེ་མཆོག་ཐམས་ཅད་བདུད་རྩི་རྣམ་དག་ཏུ་འདུ་བ། གཤིན་རྗེ་ཐམས་ཅད་འཁོར་ལོ་རྣམ་བཞིར་འདུ་བ། དབང་ཆེན་རྟ་སྐད་ཐེང་གསུམ། ཡང་དག་རུ་ལུ་རུ་ལུ་འབྲུ་བརྒྱད། །ཕུར་པ་ཐལ་འབྱིན། མ་མོ་རྩ་རླུང་ལ་སོགས་པའི་གོ་དོན་མ་ནོར་བའི་བརྡ་དོན་རྟགས་གསུམ་འཕྲོད་པ་ཞིག་མ་བྱུང་ཡང་རིག་པའི་རང་ཞལ་ནང་དུ་མཇལ་བས་དགག་སྒྲུབ་ཆོས་ཉིད་ཀྱི་རྒྱན་ཏུ་ཤར་བའི་གོ་བ་ཙམ་མ་ཡིན་པར་རྟོགས་པ་རྡོ་རུས་འཕྲོད་ཆོ་བཀའ་བརྒྱད་ཙམ་དུ་མ་ཟད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བྱན་ཚུད་པར་གསུངས་པས་དེ་ལྟ་བུའི་གནད་ལ་སྨོན་ལམ་དུ་བྱའོ།། །།


LT32_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའང་སྐྱབས་མཆོག་ཟླ་སྤྲུལ་རིན་པོ་ཆེའི་བཀའ་བསྩལ་མ་ལྡོག་ཙམ་དུ་ད་རི་དྲཱ་གུ་ས་དབེན་རི་ཀུན་བཟང་བདེ་ཆེན་འོད་གསལ་གླིང་ནས་ཕུལ་བ་མངྒ་ལཾ།། །།དགེ་ལེགས་འཕེལ།། །།


previousབཀའ་བརྒྱད་བདེ་གཤེགས་འདུས་ཆེན་གྱི་བསྙེན་པའི་ལག་ལེན་ཏིལ་མར་སྒྲོན་མེ།next