Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་རྒྱུད་སྡེ་བཞི་སྦྲགས།
   
   


 
previousདཔལ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་རྒྱུད་སྡེ་བཞི་སྦྲགས།next

དཔལ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་རྒྱུད་སྡེ་བཞི་སྦྲགས།


LT32_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་རྒྱུད་སྡེ་བཞི་སྦྲགས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་སཏྭཱ་ཡ། སེམས་ཅན་རྣམས་འཁོར་བར་འཁྱམས་བའི་རྩ་བ་བདག་འཛིན་དང་སྡུག་བསྔལ་མྱོང་བའི་རྒྱུ་སྡིག་སྒྲིབ་ཁོ་ན་ཡིན་པས་ཐོག་མར་དེ་སྦྱོང་བའི་ཐབས་ལ་བརྩོན་དགོས་ཤིང་། །སྡིག་སྦྱོང་གི་གཉེན་པོའང་སྟོབས་བཞི་།།།གལ་ཆེ་བས་ཐོག་མར་རྟེན་གྱི་སྟོབས་སྐྱབས་འགྲོ་སེམས་བསྐྱེད་ནི། མཆོག་གསུམ་ཀུན་འདུས་བླ་མ་རྡོར་སེམས་ལ། །བདག་གཞན་རྩེ་གཅིག་གུས་པས་སྐྱབས་སུ་མཆི། །འགྲོ་ཀུན་རིགས་དྲུག་ཁྱབ་བདག་གོ་འཕང་ལ། །འགོད་ཕྱིར་ཟབ་མོའི་ལམ་ལ་འཇུག་པར་བགྱི། །ལན་གསུམ། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་རྡོར་སེམས་བསྒོམ་བཟླས་ནི། རང་ལུས་ཐ་མལ་སྤྱི་བོར་པད་ཟླའི་སྟེང་། །བླ་མ་རྡོར་སེམས་དཀར་གསལ་ཞི་ཞིང་འཛུམ། །མཚན་དཔེས་རབ་སྤྲས་དར་དང་རིན་ཆེན་བརྒྱན། །ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་གཏོད། །གཡོན་པས་དྲིལ་བུ་དཀུར་བརྟེན་ཞབས་སེམས་སྐྱིལ། །འོད་ཟེར་ཀློང་བཞུགས་དགྱེས་པས་རང་ལ་དགོངས། །ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་དཀར་པོའི་མཐར། །ཡི་གེ་བརྒྱ་བའི་སྔགས་ཕྲེང་གཡས་སུ་བསྐོར། །དམ་ཡེ་དབྱེར་མེད་གདོད་ནས་ལྷུན་གྲུབ་གྱུར། །རྣམ་པར་སུན་འབྱིན་པའི་སྟོབས་སྔར་བྱས་ཀྱི་ཉེས་པ་ལ་ཁོང་ནས་འགྱོད་པ་དྲག་པོ་དང་བཅས་ཏེ། དཔལ་ལྡན་བླ་མ་རྡོ་རྗེ་སེམས་


LT32_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མཁྱེན། །བདག་གཞན་ནམ་མཁའི་མཐའ་མཉམ་སེམས་ཅན་གྱིས། །སྐྱེ་བ་ཐོག་མ་མེད་ནས་ད་ལྟའི་བར། །བསགས་པའི་སྡིག་སྒྲིབ་ཉེས་ལྟུང་མ་ལུས་པ། །མྱུར་དུ་བྱང་ཞིང་དག་པར་བྱིན་གྱིས་རློབས། །གསོལ་བ་བཏབ་པས་ཐུགས་སྲོག་སྔགས་ཕྲེང་ལས། །བདུད་རྩིའི་རྒྱུན་བབས་སྐུ་གང་ཞབས་མཐེབ་ལས། །ཐོན་ཏེ་རང་གི་ལུས་ཀྱི་ཕྱི་ནང་བཀྲུས། །སྡིག་སྒྲིབ་དུད་ཁུ་ནད་གདོན་རྣག་ཁྲག་དང་། །སྲོག་ཆགས་རྣམ་པར་ཕྱིར་ཐོན་ས་འོག་ཡལ། །སྒྲིབ་པ་ཀུན་བྱང་རང་ལུས་ཤེལ་ལྟར་གྱུར། །ཞེས་རྩེ་གཅིག་ཏུ་བསྒོམ་ཞིང་གསོལ་འདེབས་ཀྱིས་ཐུགས་རྒྱུད་བསྐུལ་བའི་ཚུལ་དུ་ཡིག་བརྒྱ་ཅི་ནུས་བཟླས་ལ། ཕྱིན་ཆད་སྲོག་ལ་བབས་ཀྱང་སྡིག་པ་མི་བྱ་བའི་དམ་བཅའ་དྲག་པོ་ཉེས་པ་ལས་སླར་ལྡོག་པའི་སྟོབས་དང་བཅས། རིགས་ཀུན་ཁྱབ་བདག་བླ་མ་རྡོ་རྗེ་སེམས། །སྐྱབས་གནས་ཀུན་འདུས་ཁྱེད་ལ་གསོལ་བ་འདེབས། །སྲོག་ལ་བབས་ཀྱང་ཕྱིན་ཆད་སྡིག་པའི་ལས། །མི་བགྱིད་སྐུ་གསུང་ཐུགས་ཀྱི་དམ་ཚིག་བཟུང་། །སྔར་བསགས་ལས་ངན་བྱང་བར་བྱིན་གྱིས་རློབས། །མོས་གུས་དྲག་པོའི་རྐྱེན་གྱིས་ཐུགས་རྒྱུད་བསྐུལ། །དགྱེས་པས་དབུགས་དབྱུང་སྩལ་ཏེ་རང་ལ་ཐིམ། །དེ་དག་ནི་ཕྱི་བྱ་རྒྱུད་དང་མཐུན་པའི་བསྒོམ་བཟླས་སོ། །རང་གི་སྤྱི་བོ་མགྲིན་པ་སྙིང་ག་རུ། །རྡོ་རྗེ་སེམས་དཔའ་དཀར་དམར་མཐིང་མདོག་ཅན། །འཁོར་ལོ་པདྨ་


LT32_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དྲིལ་བུ་འཛིན། །ལོངས་སྤྱོད་རྒྱན་རྫོགས་པད་ཟླར་ཕྱེད་སྐྱིལ་བཞུགས། །ཐུགས་ཀར་རང་མདོག་ས་བོན་སྔགས་ཕྲེང་ལས། །འོད་འཕྲོས་བདག་གཞན་སྒོ་གསུམ་སྒྲིབ་སྦྱོང་གྱུར། །ཅེས་མོས་ལ་ཡིག་བརྒྱ་བཟླས་མཐར། གནས་གསུམ་ལ་ཐིམ་སྐུ་གསུང་ཐུགས་རྡོ་རྗེའི། །ཡེ་ཤེས་ཆེན་པོའི་བྱིན་རླབས་ཐོབ་པར་གྱུར། །ཞེས་པ་ནི་ནང་སྤྱོད་རྒྱུད་དང་མཐུན་པའི་ཉམས་ལེན་ནོ། །རང་ཉིད་རྡོར་སེམས་དཀར་གསལ་ལོངས་སྐུའི་ཆས། །རྡོ་རྗེ་དྲིལ་འཛིན་སྐྱིལ་ཀྲུང་པད་ཟླར་བཞུགས། །དམ་ཚིག་སེམས་དཔའི་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ། །ཐུགས་ཀར་བཞུགས་པའི་དེ་ཐུགས་འོད་ཀྱི་ཀློང་། །ཏིང་འཛིན་སེམས་དཔའ་ཟླ་སྟེང་རྡོ་རྗེ་དཀར། །ལྟེ་བར་ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར། །འོད་འཕྲོས་རྒྱལ་བའི་རྒྱུད་བསྐུལ་ཁམས་གསུམ་གྱི། །དུག་ལྔའི་རྒྱུ་འབྲས་ཡེ་ཤེས་ངང་དུ་བཅོམ། །སངས་རྒྱས་མཛད་པ་མཐའ་དག་སྒྲུབ་པར་གྱུར། །ཅེས་པའི་ཏིང་ངེ་འཛིན་བསྒོམས་ལ་ཡིག་བརྒྱ་བཟླས་པ་ནི་གསང་བ་རྣལ་འབྱོར་དང་མཐུན་པའི་བསྐྱེད་བཟླས་སོ། །སྐད་ཅིག་རང་ཉིད་དཔལ་ལྡན་རྡོ་རྗེ་སེམས། །སྙེམས་མ་དཀར་གསལ་གྲི་ཐོད་འཛིན་དང་སྦྱོར། །འོད་ཟེར་བྱེ་བ་དྲུག་ཁྲིའི་ཀློང་དུ་བཞུགས། །ཕུང་པོ་རིགས་ལྔ་ཁམས་ལྔ་ཡུམ་མཆོག་ལྔ། །སྐྱེ་མཆེད་སེམས་


LT32_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ལྕམ་དྲལ་ལས་དབང་རྣམས། །སྒོ་སྲུང་ཡབ་ཡུམ་མ་བསྐྱེད་གདོད་ནས་རྫོགས། །ཐུགས་ཀར་ཟླ་སྟེང་རྡོ་རྗེ་ཧཱུྃ་ཡིག་མཐར། །ཡིག་བརྒྱས་བསྐོར་ལས་འོད་འཕྲོས་སྣང་བ་ལྷ། །གྲགས་པ་སྔགས་དང་དྲན་རྟོག་ཡེ་ཤེས་ཆེ། །སྣོད་བཅུད་དག་པ་རབ་འབྱམས་འཁོར་ལོར་གྱུར། །ཅེས་མོས་ལ་ཡིག་བརྒྱའམ་ཡིག་དྲུག་བཟླ་བ་ཡང་གསང་བླ་མེད་ཀྱི་རྣལ་འབྱོར་རོ། །བཞི་ཀ་ལ་ཡང་སྙིང་ཡིག་དྲུག་ཁོ་ན་བཟླས་ཀྱང་རུང་། མཐར། ལྷར་སྣང་རང་སེམས་སེམས་ཉིད་ངོ་བོས་སྟོང་། །གཉུག་མ་འོད་གསལ་ལྷན་སྐྱེས་ཆོས་སྐུའོ། །ཞེས་བརྗོད་མེད་ངང་དུ་མཉམ་པར་བཞག །སླར་ཡང་རང་ཉིད་རང་བྱུང་རྡོ་རྗེ་སེམས། །སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཆོས་སྐུའི་ངང་། །དགེ་འདིས་འགྲོ་ཀུན་མི་ཕྱེད་རྡོ་རྗེ་བཞི། །མྱུར་འགྲུབ་འཁོར་བ་དོང་ནས་སྤྲུགས་པར་ཤོག །ཅེས་རྒྱུན་སྤྱོད་དང་བསྔོ་སྨོན་བྱའོ། །འདི་བཞི་པོ་རེ་རེའི་འཕྲོས་སུ་རེ་རེ་སྟེ་མཐར་ཆགས་སུ་གྲུབ་ན་སྟན་ཐོག་གཅིག་ཏུ་རྒྱུད་སྡེ་བཞིའི་ཉམས་ལེན་ཚང་བས་མཆོག་ཡིན་ལ། གང་མོས་གང་ལྕོགས་ཁོལ་འདོན་ཏུ་བྱས་ཀྱང་ཆོག་གོ། །ཞེས་པ་འདིའང་དགེ་བ་ལ་ཡིད་གཞུང་བ་ཀརྨ་བྱང་ཆུབ་ཀྱིས་ཆེད་དུ་བསྐུལ་ངོར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དབེན་པའི་རི་ངོགས་སུ་བགྱིས་པ་འགྲོ་ཀུན་རྡོ་རྗེ་སེམས་དཔའི་གོ་འཕང་ལ་འཁོད་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousདཔལ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་རྒྱུད་སྡེ་བཞི་སྦྲགས།next