Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

7 occurrences of ཁྲོལ་བུ་
[Clear Hits]


  
  
 
  
  
  
  
 
  
  
  
  
  
  
 
 
  
  
  
  
  
  
  
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། སྨེ་བ་བརྩེགས་བའི་སྒྲུབ་ཐབས་ཁྱེར་བདེ།
  


7 occurrences of ཁྲོལ་བུ་
[Clear Hits]

 
previousབླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། སྨེ་བ་བརྩེགས་བའི་སྒྲུབ་ཐབས་ཁྱེར་བདེ།next

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། སྨེ་བ་བརྩེགས་བའི་སྒྲུབ་ཐབས་ཁྱེར་བདེ།


LT32_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། སྨེ་བ་བརྩེགས་བའི་སྒྲུབ་ཐབས་ཁྱེར་བདེ་བཞུགས་སོ། །


LT32_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨུ་ཙུཥྨ་ཀྲོ་དྷཱ་ཡ། ཉམས་གྲིབ་མི་གཙང་བསེལ་བ་ལ་མཆོག་ཏུ་ཟབ་པ་ཁྲོ་ཆེན་སྨེ་བ་བརྩེགས་པའི་བསྒོམ་བཟླས་བགྱིད་པ་ལ། ཐོག་མར་སྐྱབས་སེམས་ནི། ན་མོཿ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྐྱབས་ཀྱི་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔ སྨེ་བ་བརྩེགས་པའི་གོ་འཕང་བསྒྲུབ་པར་བགྱི༔ ཚོགས་བསགས་ནི། ཕྱོགས་བཅུའི་སྐྱབས་ཡུལ་རྣམས་ལ་ཕྱག་འཚལ་ལོ༔ ཀུན་བཟང་མཆོད་སྤྲིན་ནམ་མཁའ་གང་བས་མཆོད༔ སྡོམ་པ་གསུམ་གྱི་འགལ་འཁྲུལ་ཉམས་ཆགས་བཤགས༔ འཕགས་སྐྱེའི་དགེ་སྤྱོད་ཀུན་ལ་རྗེས་ཡི་རང་༔ འགྲོ་ཕན་ཇི་ལྟར་འཚམས་པའི་ཆོས་འཁོར་སྐོར༔ འགྲོ་བའི་དོན་ཕྱིར་མྱ་ངན་མི་འདའ་བཞུགས༔ དགེ་ཀུན་བྱང་ཆུབ་སྙིང་པོ་ཐོབ་ཕྱིར་བསྔོ༔ ལྷ་བསྐྱེད་པ་ནི། ཨོཾ་སརྦ་དྷརྨཿསྭ་བྷཱ་བ་ཤུངྡོྷ྅ཧཾཿ འཁོར་འདས་ཆོས་ཀུན་ཀ་དག་ངང་༔ རིག་པའི་ཡེ་ཤེས་ཧཱུྃ་སྔོན་པོ༔ འགག་མེད་མཁའ་ལ་འཇའ་ལྟར་ཤར༔ ཟུང་འཇུག་ཐུགས་རྗེའི་ཆོ་འཕྲུལ་ལས༔ རྡོ་རྗེ་གསུམ་གྱི་ཡི་གེར་གྱུར༔ ཨོཾ་ལས་རྣམ་པར་སྣང་མཛད་ཀྱི༔ རང་བཞིན་གཞལ་མེད་ཁང་ཆེན་དབུས༔ ཨཱཿལས་སྣང་བ་མཐའ་ཡས་པའི༔ ཡེ་ཤེས་རིག་རྩལ་པད་ཉིའི་སྟེང་༔ ཧཱུྃ་


LT32_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ཡོངས་གྱུར་སྐད་ཅིག་གིས༔ མི་བསྐྱོད་ཁྲོ་རྒྱལ་སྨེ་བ་བརྩེགས༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ དྲག་ཤུལ་ཁྲོས་པའི་གཟི་བྱིན་འབར༔ ཞལ་གདངས་ལྗགས་འདྲིལ་མཆི་བ་གཙིགས༔ སྤྱན་གསུམ་འཇིགས་པའི་ལྟ་སྟངས་ཅན༔ རྡོ་རྗེའི་ཐོད་རིམ་གཉིས་བརྩེགས་བཅིངས༔ དྲག་པོའི་སྡིགས་མཛུབ་ཐུགས་ཀར་བསྣོལ༔ རིན་ཆེན་སྦྲུལ་དང་དུར་ཁྲོད་ཆས༔ རྡོ་རྗེའི་ཕྲེང་བའི་དོ་ཤལ་འཕྱང་༔ ཡེ་ཤེས་མེ་ཕུང་ཆེར་འཁྲུགས་ཀློང་༔ ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་འགྱིང་༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ རང་འདྲའི་ཡེ་ཤེས་སྤྱན་དྲངས་གྱུར༔ ཧཱུྃ༔ མགོན་པོ་ཀུན་གཤེགས་ཁྲོ་བོའི་རྒྱལ༔ སྨེ་བ་བརྩེགས་པ་དབྱིངས་ནས་བཞེངས༔ མི་གཙང་ཉམས་གྲིབ་སྦྱོང་བའི་ཕྱིར༔ གནས་འདི་ཉིད་དུ་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀྲོ་དྷ་ཨུ་ཙུཥྨ་ས་པ་རི་བཱ་ར་ཨེ་ཧྱེ་ཧིཿ ཧཱུྃ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ལས༔ ཉེར་སྤྱོད་འདོད་ཡོན་བསམ་མི་ཁྱབ༔ བདེ་བ་ཆེན་པོའི་རྒྱན་ཏུ་རོལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨ་ལོ་ཀེ་གནྡྷེ་ནཻ་བི་དྱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔


LT32_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ ཁྲོ་བོའི་རྒྱལ་པོ་འཆོལ་བ་ཆེ༔ སངས་རྒྱས་ཀུན་གྱི་བྱིན་རླབས་བདག༔ ཉམས་གྲིབ་འཇོམས་ལ་ཕྱག་འཚལ་བསྟོད༔ བསྙེན་པའི་དམིགས་བཟླས་ནི། ཐུགས་ཀར་ཉི་སྟེང་ཧཱུྃ་མཐིང་ནག༔ མཐའ་བསྐོར་སྔགས་ཕྲེང་སྒྲ་བཅས་འཁོར༔ འོད་ཟེར་མེ་ཡི་ཚྭ་ཚྭ་འཕྲོས༔ གྲིབ་དང་མི་གཙང་ཀུན་བསྲེགས་གྱུར༔ ཨོཾ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ༔ སྒྲུབ་པའི་དམིགས་བཟླས་ནི། སླར་ཡང་འོད་འཕྲོས་འཕགས་པ་མཆོད༔ སེམས་ཅན་སྒྲིབ་སྦྱངས་རྩ་གསུམ་ལྷའི༔ བྱིན་རླབས་བསྡུས་ཏེ་རང་ལ་ཐིམ༔ ནུས་པ་མཆོག་ཏུ་བསྐྱེད་པར་གྱུར༔ ཨོཾ་བྷཱུར་ཀུར་མ་ཧཱ་པྲཱ་མ་ཱ་ཡེ་བྷཱུ་རྩི་བྷཱུ་རྐི་པི་མ་ལེ་ཨུ་ཙུཥྨ་ཀྲོ་དྷཱ་ཧཱུྃ་ཕཊ༔ ལས་སྦྱོར་ནི་སྒྲུབ་སྔགས་ཤམ་དུ་འདི་བཏགས་ལ་བཟླ། སརྦ་མ་ལ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ འདིའི་བསྙེན་ཚད་ནི་བསྙེན་སྔགས་འབྲུ་དགུ་འབུམ་ཕྲག་གསུམ། སྒྲུབ་སྔགས་འབུམ་ཕྲག་གཅིག །ལས་སྦྱོར་ཁྲི་ཕྲག་གཅིག་གོ། །དེའང་བསྙེན་སྔགས་ཀྱི་སུམ་ཆ་གཅིག་སྒྲུབ་སྔགས། དེའི་བཅུ་ཆ་ལས་སྦྱོར་སྦྲེལ་མ་བཟླ་དགོས་པས་རྒྱུན་གྱི་རྣལ་འབྱོར་ལྟ་བུའི་ཚེ། བསྙེན་སྔགས་བརྒྱ་ཕྲག་གསུམ་བྱེད་ན། སྒྲུབ་སྔགས་བརྒྱ་ཕྲག་གཅིག །དེ་དང་ལས་སྦྱོར་སྦྲེལ་མཚར་བཅུ་བཟླ་དགོས་པས་མཚོན་ནོ། །ཐུན་མཐར། ཧཱུྃ༔ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས༔


LT32_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད༔ བག་མེད་ཉམས་ཆགས་འགལ་འཁྲུལ་བཤགས༔ མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལི༚་ཏ་ཁཱ་ཧིཿ ཞེས་སྟོང་ཚིགས་མཆོད་བསྟོད་བྱ། ཧཱུྃ་ཧཱུྃ་ཧཱུྃ༔ སྣོད་བཅུད་འོད་གསལ་ཀ་དག་གི་དབྱིངས་སུ་བསྡུ༔ ཕཊ་ཕཊ་ཕཊ༔ སྐད་ཅིག་གི་སྨེ་བ་བརྩེགས་པའི་སྐུར་ལྡངས་ཤིང་སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཆོས་ཉིད་ཀྱི་འཁོར་ལོར་བལྟའོ། །རྫོགས་རིམ་བསྒོམ་པར་འདོད་ན་སྐབས་འདིའམ། ནམ་བདེར་ཡང་རུང་སྟེ། རང་ཐ་མལ་པའི་སྙིང་གར་ཧཱུྃ་ཡིག་མཐིང་ནག་འོད་ཟེར་མར་མེ་ལྟ་བུར་འབར་བ་ལ་སེམས་གཏད། དེ་ལ་གསལ་སྣང་སྐྱེས་པ་ན། ཧཱུྃ་ལས་མེ་འབར། ལུས་ཀྱི་ནང་གང་། ཐ་མ་པའི་ཤ་ཁྲག་གྲིབ་དང་མི་གཙང་བའི་དྲི་མ། དེར་འཛིན་གྱི་རྣམ་རྟོག་བཅས་རྩ་སྦུར་མེ་ལྕེས་རེག་པ་བཞིན་ལྷག་མ་མ་ལུས་པར་ཐུལ་གྱིས་བསྲེགས། རིམ་གྱིས་མཆེད་ཅིང་འབར། གདན་གོས་གནས་ཁང་ཕྱི་རོལ་གྱི་ཡུལ་ཁམས་སྟོང་གསུམ་གྱི་འཇིག་རྟེན་ཚུན་ཆད་བསྲེགས་ནས་ཡེ་ཤེས་ཀྱི་མེ་ཕུང་གཅིག་ཏུ་གྱུར་ཏེ་རང་ལུས་འབར་བའི་མེ་དང་འདྲེས། མེ་ལྕེའི་སྒྲ་གདངས་འབྲུག་སྒྲ་དྲག་པོ་སྒྲོག་པ་ལྟ་བུའི་ཧཱུྃ་གི་སྒྲ་ནམ་མཁའ་གང་བར་སྒྲོག་པས་ཉམས་གྲིབ་མི་གཙང་བ་མཐའ་དག་མིང་ཡང་མེད་པར་བསམ། མཐར་སྟོང་གསུམ་གང་བའི་མེ་ཐམས་ཅད་རིམ་པར་ཧཱུྃ་གི་བར་དུ་འདུས། དེའང་


LT32_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ཀྱུ་ནས་ནཱ་དའི་བར་དང་ནཱ་དའང་དམིགས་མེད་དུ་ཐིམ་པར་མོས་ལ། གདོད་ནས་བསྒྲིབ་བྱ་སྒྲིབ་བྱེད་མ་གྲུབ་པའི་གཉུག་མའི་རང་ངོ་ལ་ཅི་གནས་སུ་མཉམ་པར་བཞག །དེ་ལས་ལྡངས་པ་ན། སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུ་མེ་ཕུང་གི་དབུས་ན་བཞུགས་པར་མོས། བསྐྱེད་རྫོགས་གཉིས་ཀའི་མཇུག་ཏུ། ནམ་མཁའ་མེད་པར་གྱུར་ན་ཡང་༔ སྔགས་ཀྱི་དངོས་གྲུབ་མེད་མི་འགྱུར༔ ལྷ་དང་དྲང་སྲོང་གིས་བཤད་པའི༔ རིག་སྔགས་བསླུ་བར་མི་འགྱུར་ན༔ འདོད་ཆགས་བྲལ་བས་བྱས་པ་ཡི༔ གསང་སྔགས་སྦྱོར་བས་བསླུ་བ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ༔ ༔སྔགས་དང་རྟེན་འབྲེལ་མི་བསླུ་ཞིང་༔ ཏིང་འཛིན་ནུས་པ་བསམ་མི་ཁྱབ༔ དཀོན་མཆོག་གསུམ་དང་རྩ་གསུམ་གྱི༔ བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས༔ ཉམས་གྲིབ་མི་གཙང་ཕྱོགས་ཀུན་ལས༔ དེང་ནས་རྟག་ཏུ་རྒྱལ་གྱུར་ཅིག༔ ཛ་ཡ་ཛ་ཡ་སུ་ཛ་ཡ༔ ཞེས་པའི་བདེན་སྟོབས་ཀྱིས་ཤིས་པ་བརྗོད༔ དགེ་བ་འདི་ཡིས་མྱུར་དུ་བདག༔ ཁྲོ་བོའི་རྒྱལ་པོ་འགྲུབ་གྱུར་ནས༔ སོགས་བསྔོ་སྨོན་བྱའོ། །སྙིགས་དུས་གྲིབ་དང་མི་གཙང་རྒོད། །ཁྱད་པར་དམ་གྲིབ་དགྲ་རུ་ལྡངས། །སོ་སོའི་གཉེན་པོ་མང་བསྟན་ཀྱང་། །ལྷ་སྔགས་འདི་ཉིད་འགྲན་ཟླ་བྲལ། །བཀའ་གཏེར་གདམས་ངག་ཟབ་


LT32_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་ཡི། །བཅུད་འདུས་མཁའ་འགྲོའི་ཁ་རླངས་ཅན། །འདི་ཡིས་ཆོས་ལྡན་སྐྱེ་དགུ་རྣམས། །སྤྲིན་བྲལ་ཟླ་ལྟར་མཛེས་བྱེད་ཤོག །ཅེས་པའང་ས་དབང་ཆོས་ཀྱི་རྒྱལ་པོའི་ནང་བློན་ཀུན་དགའི་ཕན་བདེ་སྤེལ་ཞིང་དགེ་ལེགས་ཀྱི་ཡོན་ཏན་དུ་མས་མངོན་པར་བརྒྱན་པ་གང་གི་རྒྱུན་གྱི་ཉམས་བཞེས་ཆེད་དུ། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཙཱ་འདྲ་རིན་ཆེན་བྲག་གི་བསམ་གཏན་སྤྱིལ་བུར་བྲིས་པ་དགེ་ལེགས་འཕེལ།། །།


previousབླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། སྨེ་བ་བརྩེགས་བའི་སྒྲུབ་ཐབས་ཁྱེར་བདེ།next