Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

7 occurrences of ཁྲོལ་བུ་
[Clear Hits]


  
  
 
བླ་མ་དགོངས་པ་འདུས་པའི་དབང་ཆེན་སོགས་ལ་ཉེ་བར་མཁོ་བའི་ལྷན་ཐབས་ཞི་བའི་སྲེག་བླུགས་བསྡུས་པ་ཟླ་བའི་སྣང་བ།
  
  
  
  
 
  
  
  
  
  
  
 
 
  
  
  
  
  
  
  
  


7 occurrences of ཁྲོལ་བུ་
[Clear Hits]

 
previousབླ་མ་དགོངས་པ་འདུས་པའི་དབང་ཆེན་སོགས་ལ་ཉེ་བར་མཁོ་བའི་ལྷན་ཐབས་ཞི་བའི་སྲེག་བླུགས་བསྡུས་པ་ཟླ་བའི་སྣང་བ།next

བླ་མ་དགོངས་པ་འདུས་པའི་དབང་ཆེན་སོགས་ལ་ཉེ་བར་མཁོ་བའི་ལྷན་ཐབས་ཞི་བའི་སྲེག་བླུགས་བསྡུས་པ་ཟླ་བའི་སྣང་བ།


LT32_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དགོངས་པ་འདུས་པའི་དབང་ཆེན་སོགས་ལ་ཉེ་བར་མཁོ་བའི་ལྷན་ཐབས་ཞི་བའི་སྲེག་བླུགས་བསྡུས་པ་ཟླ་བའི་སྣང་བ་ཞེས་བྱ་བ་བཞུགས་སོ། །


LT32_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི། །གང་གི་སྣང་བས་འཕྲལ་ཡུན་གྱི། །མུན་འཇོམས་ཁྱབ་བདག་མཚན་མོའི་མགོན། །སྤྱི་བོའི་རྒྱན་དུ་བཀོད་ནས་འདིར། །ཉེས་འཇོམས་ཤིན་ཏུ་མདོར་བསྡུས་འཆད། །བླ་མ་དགོངས་པ་འདུས་པའི་བུམ་དབང་ཆེན་མོའི་སློབ་མ་སྟ་གོན་བཅོ་ལྔ་པའི་རྩ་བའི་ས་བཅད་གཉིས་པ་སྦྱིན་སྲེག་ལག་ཏུ་ལེན་པའི་ཚུལ་ལ་གཉིས། ཅུང་ཟད་རྒྱས་བ་དང་། ཤིན་ཏུ་བསྡུས་པའོ། །དང་པོ་ནི། ཐབས་སྟེགས་གྲུ་བཞི་པའི་སྟེང་དུ་པདྨ་འདབ་བརྒྱད་ཟླུམ་སྐོར་དང་བཅས་པའི་ལྟེ་བ་རྡོ་རྗེས་མཚན་པའི་སྟེང་དུ་བལ་དཀར་དང་གླང་མ་ལ་སོགས་པའི་བུད་ཤིང་ཟླུམ་པོར་བརྩིགས་ཤིང་མེ་ཚང་ཅན་མདའ་དར་དཀར་པོ་བཙུགས་པ་སློབ་དཔོན་གྱི་མདུན་ཏུ་བཞག །ཆུ་བཞི་ཉེར་སྤྱོད། སྨན་རཀ་བཅས་འབྱོར་ན་ཆ་གཉིས། མ་འབྱོར་ན་ཆ་གཅིག་ཁ་གསོ་ཆུ་དང་། ཟླུམ་གཏོར་དཀར་པོ་ཆེ་ཆུང་གཉིས་མན་ངག་མཆོད་པ་འདོད་ཡོན་ལྔ་སྤར་དུ་བཏབ་པ་


LT32_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་སློབ་དཔོན་གྱི་གཡས། ཞི་བའི་ཡམ་ཤིང་། ཏིལ་ནག །མར་ཁུ་གསུམ། ཏིལ་དཀར་འབྲས་ཀུ་ཤ་ཙནྡན་དང་སྤོས་དཀར་དབང་ལག་ཛ་ཏི་དུད་ཤེལ་དཀར་གསུམ་པྲི་ཡང་དར་དཀར་མེ་ཏོག་དཀར་པོའི་རིགས་ཕྱོགས་སུ་བསྲེས་པའི་ནང་གི་རྫས། བྱང་སེམས་དཀར་པོ། ག་བུར། ལ་ཤོག་པ། ཤུ་དག་དཀར་པོ། མུ་ཏིག །གོ་རོ་ཙ་ན་བཅས་ཕྱོགས་སུ་བསྲེས་པ་གསང་བའི་རྫས་རྣམས་གཡོན་ཏུ་བཤམ། ཀུ་ཤའི་ཆུན་པོ་བཞི། དགང་བླུག །དཔལ་འབར། འཚེ་ཡུངས་ཀྱི་ཐུན། ལས་བུམ། རྡོར་དྲིལ་བཅས་འདུ་བྱས་ལ། སློབ་དཔོན་གྱི་གནས་གསུམ་དུ་འོ་པ་དང་ཙནྡན་དཀར་པོ་བསྲེས་པས་ཐིག་ལེ་བཀོད་ལ། ཨོཾ་ཨཱཿཧཱུྃ། ཞེས་བརྗོད། རྫས་རྣམས་ལ་བསངས་ཆུ་འཐར། ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་བི་ཤུདྡྷེ་སྭཱ་ཧཱ། སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་རིན་པོ་


LT32_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་་ལས་མཆོད་རྫས་རྣམས་ཡང་དག་པའི་དངོས་པོ་སྟོང་པ་ལ། རྣམ་པ་སྒྱུ་མ་ལྟ་བུ་མང་ཞིང་རྒྱ་ཆེ་བ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། པཱ་དྱཾ། ཨཱ་ཙ་མ་ནཾ། པྲོཀྵ་ཾ། པུཥྤེ་སོགས་དང་། དགང་བླུག་ཁ་སྦྱར་བས་ཡམ་ཤིང་ལ་རེག་སྟེ། ཨོཾ་ཨཱཿསྭཱ་ཧཱ། མར་ཁུ་ལ། ཨོཾ་ཤྲཱི༚་སྭཱ་ཧཱ། རྫས་སྤྱི་ལ། ཨོཾ་སྭཱ་ཧཱ། འབྲུ་རྣམས་ལ། ཨོཾ་ཛི༚་སྭཱ་ཧཱ། ཞེས་དང་། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བྱིན་བརླབ། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ། །ཚངས་པ་ལྷ་རྣམས་དག་བྱེད་དེ། །དཀོན་མཆོག་གསུམ་པོ་མཉེས་བྱེད་ཡིན། །ས་ལ་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ་སྭཱ་ཧཱ། །ཨོཾ་བཛྲ་ས་ཏྭ་ཨཱཿ ཞེས་ཐབས་ཀྱི་གཡས་ནས་རྩེ་མོ་ཤར་བསྟན་གྱིས་ཐོག་དྲངས་གཡས་བསྐོར་དུ་བཀྲམ། དཔལ་འབར་བསངས། ཨོཾ་བཛྲ་ཛྭ་ལ་ཛྭ་ལ་ཧཱུྃ། ཞེས་གཡས་བསྐོར་གྱིས་ཤར་ནས་སྤར། ཨོཾ་ཨཱཿཧཱུྃ། ཞེས་རླུང་གཡབ་ཀྱིས་གཡབ། མེའི་དབུས་སུ་དཔལ་རྟ་མགྲིན་ཤིན་ཏུ་ཁྲོས་པའི་སྐུ་ལས་ཁྲོ་ཆུང་མཚོན་ཆ་ཐོགས་པ་མགར་གྱི་ཚྭ་ཚྭ་ལྟར་འཕྲོས་པས་ཆོག་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་ཚར་བཅད་པར་གྱུར། མཚེ་ཡུངས་བྱི་ཐུན་ཕུལ་ལ། ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་བཛྲ་ཙཎྜ་སརྦ་དུཥྚ་ན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ། ལན་གསུམ། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྲཱི་བ་ཧུ་ལུ་ཧུ་ལུ་སརྦ་བི།།།


LT32_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཨུ་ཙྪ་ཏ་ཡ་ཕཊ། ཁྲོ་ཆུང་ཐམས་ཅད་ཞལ་ཕྱིར་གཟིགས་ནས་བགེགས་སྲུང་། ངོ་བོ་རྟ་མགྲིན་ལ་རྣམ་པ་ཞི་བའི་མེ་དཀར་གསལ་དུ་འབར་བར་གྱུར། མདའ་དར་གཡབ་ལ། ཧ་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ ཞི་བའི་ལས་མཛད་དཀར་མོ་འབུམ༔ ཞི་བའི་ཕྲིན་ལས་བསྒྲུབ་པའི་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གཞན་ཡང་མཁའ་འགྲོ་མང་པོའི་ཚོགས༔ འཇིག་རྟེན་འདས་དང་མ་འདས་རྣམས༔ ཕྲིན་ལས་མ་ལུས་བསྒྲུབ་པའི་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཛཿཧཱུྃ་བྃ་ཧོཿ མཁའ་འགྲོ་རྣམས་མེ་ལ་ཐིམ་པར་གྱུར། ཡམ་ཤིང་མར་ཁུ་སོགས་ཕུལ་ལ། ཧ་བཛྲ་དྷཱ་ཀཱི་ནཱི་ས་པ་རི་བཱ་ར་ཨོཾ་ཨཱཿཧཱུྃ། རྡོ་རྗེ་སློབ་མ་འདི་རྣམས་ཀྱི་སྡིག་སྒྲིབ་བར་ཆད་སརྦ་པཱ་བཾ་ད་ཧ་ན་ཤཾནྟི་ཾཀུ་རུ་ཡེ་ཛྭ་ལ་རཾ། ལན་གསུམ་ཙམ་ཕུལ་ལ། མཁའ་འགྲོ་མ་རྣམས་ཀྱི་དགྱེས་པ་བསྐངས་ནས་ཇི་ལྟར་འདོད་པའི་ཕྲིན་ལས་སྒྲུབ་ཅིང་དངོས་གྲུབ་སྩོལ་བར་གྱུར། བདག་ཉིད་པདྨ་བཛྲ་དཀར་གསལ་ཞི་བའི་ཉམས་དང་ཆས་ཀྱིས་བརྒྱན་པ། རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན། པད་ཟླའི་གདན་ལ་བཞུགས་པའོ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀཱི་ནཱི་སརྦ་སིངྡྷི་ཕ་ལ་ཧཱུྃ་ཨཱཿ ཐུགས་ཀའི་ས་བོན་ལས་ཧྲཱིཿའཕྲོས། འོད་དུ་ཞུ་བ་ལས་ཞི་བའི་ཐབ་ཁུང་མཚན་ཉིད་རྫོགས་པའི་དབུས་སུ་རཾ་ལས་མེ་འོད་དཀར་གསལ་དུ་འབར་བའི་དབུས་


LT32_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

སུ། པཾ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་དཀར་པོ་ལས་མེ་ལྷ་དཀར་གསལ་ཞལ་གཅིག་སྤྱན་གསུམ་པ། རལ་པའི་ཅོད་པན་དང་ཨག་ཚོམ་ཅན་རྩིབས་རུས་བཀྲ་བ། ཕྱག་གཡས་གཉིས་མི་འཇིགས་པའི་རྒྱ་དང་བགྲང་ཕྲེང་། གཡོན་གཉིས་རིན་པོ་ཆེའི་དབྱུག་པ་སྤྱི་བླུགས་འཛིན་པ། དྲང་སྲོང་གི་ཆ་བྱད་རྣམ་སྣང་གི་ཅོད་པན་ཅན་ར་སྐྱེས་དཀར་པོའི་ཁྲིལ་བཞུགས་པ། ཨརྒྷཾ་སོགས། ཧཱུྃ་མེ་སྟེ་བསྲེག་བྱ་སོགས། དམ་ཚིག་བའི་གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས། ཨོཾ་དད་པ་དང་ནི་དམ་ཚིག་གིས༔ མེ་ལྷའི་རྒྱལ་པོ་སྤྱན་འདྲེན་གྱིས༔ ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ༔ ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག༔ བསྲེག་བླུག་ཞལ་ཟས་བཞེས་སླད་དུ༔ གཡོག་འཁོར་ཚོགས་དང་བཅས་པ་རྣམས༔ ཕྲིན་ལས་མ་ལུས་བསྒྲུབ་བྱའི་ཕྱིར༔ འདིར་ནི་ཡང་དག་བསྙེན་པར་མཛོད༔ ཨོཾ་ཨགྣ་ཡེ། ཨ་ཏི་བྷྱ། པ་ཏི་བྷྱ། ཨ་བེ་ཤ །མ་ཧཱ་ཤྲཱི་ཡེ། ཧ་བྱ། ཀ་བྱ། བྷ་ཧ་ན་ཡ་སྭཱ་ཧཱ༔ ཞེས་པས་སྤྱན་དྲངས། བསངས་ཆུ་འཐོར་ལ། བཛྲ་ཨ་མྲྀ་ཏ་སོགས་ཀྱིས་བགེགས་བསྐྲད། ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཨགྣ་ཡེ་ནས། བཧྞཱ་ཡ་ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སངྐ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། སོགས་ཆུ་བཞི་ཉེར་སྤྱོད་རོལ་མོའི་བར་འབུལ། རྡོར་དྲིལ་བཅས་རྩེ་གསུམ་རྒྱ་བསྟན་ལ། ཨོཾ་བཛྲ་ཨན་ལ་མ་


LT32_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ་བྷུ་ཏ་ཛྭ་ལཱ་ཛྭ་ལཱ་ཡ་སརྦ་བྷ་སྨཱིན་ཀུ་རུ་སརྦ་དུཥྚཱ་རྣ་ཧཱུྃ་ཕཊ། དྲྀ་ཤྱ་ཛཿཧཱུྃ་བྃ་ཧོཿ ས་མ་ཡ་སྟྭྃ༔ ས་མ་ཡ་ཧོཿ གསུམ་གྱིས་དམ་ལ་བཞག །མེ་ལྷ་ཅུང་ཟད་ཞལ་གདངས་པའི་ལྗགས་ལ་རྃ་དང་། དགང་བླུགས་ཀྱི་ཁ་ལ་ཨོཾ་ཨཱ༔རྃ་ཧཱུྃ་ཞེས་པས་མཚན་པར་གྱུར། ཨོཾ་ཨགྣ་ཡེ་སོགས་ཀྱི་མཐར། ཨོཾ་ན་མཿས་མནྟ་བུདྡྷ་ནཱཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་མར་གྱིས་དགང་བླུགས་གསུམ་འབུལ། དེ་ནས་ཡམས་ཤིང་། མར་ཁུ། ནང་གི་མཆོད་རྫས་རྣམས་དང་། ཏིལ་ནག་བཅས་སྔགས་འདི་ཁོ་ནས་ལན་བདུན་བདུན་འཕུལ་ཏེ། ཨོཾ་ཨགྣ་ཡེ་དེ་བ་ཏཱ། རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་སྡིག་སྒྲིབ་བར་ཆད་སརྦ་པཱ་པ་ད་ཧ་ན་ཤཱནྟི་ཾཀུ་རུ་ཡེ་ཛྭ་ལ་རཾ། མཐར། ཨོཾ་ཨཱཿཧཱུྃ་གིས་དགངས་བླུགས་ཕུལ། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་ནང་ཆོས་འབྱུང་གྲུ་གསུམ་པའི་དབུས་སུ། བྷྲཱུྃ་བི་ཤྭ་བིཤུདྡྷེ་བྷནྡྷ་ཛྙཱ་ནཱ་ཙ་ཀྲ་མཎྜ་ལ་ཧཱུྃ། བྷྲཱུྃ་ལས་གཞལ་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་པད་ཟླའི་གདན་དགུ་ཚོམ་གྱི་དབུས་སུ་པདྨ་བཛྲ་རྩལ། ཤར་དུ་བུངྡྷ་ཐོད་ཕྲེང་རྩལ། ལྷོར་མི་བསྐྱོད་རྡོ་རྗེ་རྩལ། ནུབ་ཏུ་པདྨ་དབང་ཆེན་རྩལ། བྱང་དུ་རིག་འཛིན་ཐོད་པ་རྩལ། ཤར་ལྷོར་མདོག་དམར་མེ་ཕྲེང་། ལྷོ་ནུབ་ཏུ་སངས་རྒྱས་དཔའ་བོ། །ནུབ་བྱང་དུ་དཔལ་ཆེན་རྟ་མགྲིན། བྱང་ཤར་དུ་ལག་ན་རྡོ་རྗེ་རྣམས་སོ་སོའི་ཡུམ་དང་འཁོར་དུ་བཅས་པ། སྒོ་མཚམས་དཔའ་བོ་དཔའ་མོ་སྟེ་གཙོ་འཁོར་ཐམས་ཅད་ཀྱང་སྐུ་མདོག་


LT32_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་ཞི་འཛུམ་གྱི་ཉམས་དང་ལྡན་པ། ཕྱག་གཡས་ཐམས་ཅད་རྡོ་རྗེ། གཡོན་ཐམས་ཅད་བདུད་རྩིས་བཀང་པའི་བུམ་པ་འཛིན་ཅིང་ཞི་བའི་ཆས་ཅན་འོད་ཟེར་དཀར་པོའི་འཕྲེང་བས་མི་མཐུན་པའི་ཕྱོགས་ཞི་བར་མཛད་པར་གྱུར། ཨརྒྷཾ་སོགས་ཀྱིས་མཆོད། ཕྱི་ནང་གཞན་གསུམ་ལྷ་དང་ལྷ་མོའི་ཚོགས། །བྱེད་པ་ཀུན་སྟོན་རྣམ་འཕྲུལ་ཡོངས་ཀྱི་མཛོད། །འཁོར་འདས་རང་གྲོལ་བདེ་ཆེན་གཡུང་དྲུང་ལྷ། །དཀྱིལ་འཁོར་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད། །དམ་ཚིག་པའི་གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས། ཧཱུྃ་ཧྲཱིཿ རང་བྱུང་ཐུགས་རྗེ་མ་འགག་རོལ་པའི་སྐུ། །སྤྱན་འདྲེན་བཞུགས་སུ་གསོལ་བ་མི་དམིགས་ཀྱང་། །ཐུགས་རྗེའི་དང་ཉིད་ཆོས་སྐུར་དག་པ་ལས། །རྩལ་སྣང་དཔྱིངས་ནས་རོལ་ཅིང་གཤེགས་སུ་གསོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་གུ་རུ་དྷེ་བདྷཱ་ཀི་ནཱི་ས་པ་རི་བཱ་ར་ས་མ་ཡ་ཛཿཛཿཧཱུྃ་བྃ་ཧོཿ པདྨ་ཀ་མ་ལཱ་ཡ་སྟཾྭ། དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་དབང་གི་ལྷ་ཤེལ་བུམ་འཛིན་པ་རྣམས་ཀྱིས་བདུད་རྩི་དཀར་པོའི་རྒྱུན་གྱིས་དབང་བསྐུར། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་ཤཱནྟི་ཾཀུ་རུ་སྭཱ་ཧཱ། ཞེས་མེ་ཏོག་ཐབ་ཏུ་ཕུལ་བ། ཞི་བའི་ཕྲིན་ལས་སྒྲུབ་པའི་གནང་བསྩལ། མེ་ལྷའི་སྤྲུལ་པ་འདོད་ཡོན་གྱི་ལྷ་མཛེས་


LT32_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཁྱུགས་པས་མཆོད་རྫས་དང་བསྲེག་རྫས་ཕུལ་བས་ཐུགས་དམ་བསྐངས་ཏེ་ཕྲིན་ལས་སྒྲུབ་པར་གྱུར། ཨོཾ་ན་མཿནས། ས་པཱ་རི་བཱ་ར་སོགས་ཀྱི་ཤམ་་དུ་ཆུ་བཞི་ཉེར་སྤྱོད་རོལ་མོ་བཅས་སྐབས་ལྟར་འབུལ། དེ་ནས་ནང་གི་རྫས་མཐེབ་སྲིན་གྱིས་འབུལ་ལ། ཧཱུྃ་ཧྲཱིཿ ཐུགས་རྗེ་ཆེ་ལྡན་ཞི་བའི་ལྷ་རྣམས་ལ༔ བླ་མེད་རྫས་མཆོག་ཏིལ་དཀར་འབྲས་ཀུ་ཤ༔ བདུད་རྩི་དཀར་གསུམ་རིན་ཆེན་དུང་ཤེལ་དངུལ༔ དབང་ལག་ཛཱ་ཏི་ཙནྡན་དཀར་པོའི་ཚོགས༔ མཆོད་པར་འབུལ་གྱིས་ཐུགས་རྗེས་བཞེས་ནས་ཀྱང་༔ བདག་སོགས་འགྲོ་བ་མ་ལུས་ཐམས་ཅད་ཀུན༔ མི་མཐུན་ཕྱོགས་ཀུན་ཞི་བར་མཛད་དུ་གསོལ༔ ལོག་འདྲེན་བདུད་ཀྱི་ཚོགས་རྣམས་ཞི་གྱུར་ཅིག༔ སྤྱི་དྲིལ་ཆེ་འབྲིང་གང་རུང་ཤམ་དུ། ནད་དང་གནོད་པ་རྐྱེན་ངན་བར་ཆད་ལས་ངན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད༔ སརྦ་པཱ་པཾ་ད་ཧ་ན་གཱནྟི་ཾཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པས་བདུན་སོགས་འབུལ། ཡེ་ཤེས་ཀྱི་མེས་ཉེས་བྱས་ཐམས་ཅད་བསྲེགས་ཏེ་མི་གནས་པར་གྱུར་པའི་ཞུན་ཆུ་ཡེ་ཤེས་བདུད་རྩིས་སླན་ཆད་ཀྱི་ཉེས་སྐྱོན་རྣམས་མོད་ལ་འཁྲུད་པར་བྱེད་པར་གྱུར། གསང་རྫས་ཕུལ་ལ། ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནི་ཧཱུྃ། གུ་ཧྱེ་མ་ཧཱ་པཱུ་ཙ་ས་མནྟ་བྷ་དྲ་ཧཱུྃ་སྭཱ་ཧཱ། གོང་སྨོས་ཤམ་བུ་བཅས། གསུམ། ལྷ་རྣམས་ཀྱི་ཞལ་ཅུང་ཟད་གདངས་བའི་སྔགས་ལ་ཧྲཱིཿ དང་། དགང་བླུགས་


LT32_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཁ་ལ་ཨོཾ་ཨཱ༔ཧྲཱིཿཧཱུྃ་ཞེས་པས་མཚན་པར་གྱུར། སྤྱི་དྲིལ་གཤམ་དུ། ཨཱོཾ་ན་མཿས་མནྟ་བུངྡྷ་ནཱཾ་ཨགྣ་ཡེ་སྭཱ་ཧཱ། ལན་བདུན་འབུལ། གཙོ་དགུ་སོ་སོའི་སྤྱི་དྲིལ་གང་རུང་ཤམ་དུ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་རབས་ལས་ཀྱི་སྡིག་སྒྲིབ་གནས་སྐབས་འཕྲལ་གྱི་རྐྱེན་ངན་བར་ཆད་ལ་སོགས་པ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་བར་གྱུར་ཅིག །ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པས་ཡམ་ཤིང་། མར་ཁུ། ཏིལ་ནག་རྣམས་ཅི་འགྲུབ་ཏུ་འབུལ་ཞིང་སྤྲོ་ན་རྫས་སྤུངས་ཀྱང་འབུལ་དུ་རུང་ངོ་། །མཐར། རང་གཞན་ཉེས་ལྟུང་ཅན་རྣམས་ཀྱི་ལུས་དུམ་ བུ་བརྒྱ་ཁྲོལ next hit་དུ་གྱུར་ནས་བསྲེག་རྫས་དང་ལྷན་ཅིག་ཕུལ་བས་ཉེས་ལྟུང་ཐམས་ཅད་ཐུལ་གྱིས་ཚིག་མེ་འུར་དཀར་སྤུང་གིས་ཡི་གེ་བརྒྱ་པའི་རང་བཞིན་དུ་གྱུར་ནས་འཇའ་ཡལ་བ་ལྟར་སོང་ཞེས་མོས་ལ་ཏིལ་དང་རྫས་སྤུང་སོགས་ཕུལ་ཞིང་ཡིག་བརྒྱ་ཅི་ནུས་བཟླ། དེ་ནས་སྨན་རག་ཕུལ་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་དང་། སྔགས་དེ་མཐར། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་འབུལ། གཏོར་མ། ཨོཾ་ཨཱཿཧཱུྃ། གསུམ། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར། གོང་གི་སྔགས་ཤམ་དུ། མ་ཧཱ་བ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ་ཧྲཱིཿ ཞི་བའི་ཕྲིན་ལས་ཡོངས་ལ་མངའ་མཛད་ཕྱིར༔ དཀར་གསལ་མདངས་ལྡན་ཞི་འཛུམ་ཆ་ལུགས་ལས༔ འགྲོ་དོན་མཐར་ཕྱིན་མཛད་


LT32_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐུགས་རྗེ་ཅན༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ ལྷ་རྣམས་མཆོད་ཅིང་བསྟོད་དེ་ཅི་བཅོལ་པའི༔ བདག་གི་ལས་ཀྱི་འབྲས་བུ་གང་མཆིས་པ༔ བརྩེ་བ་ཆེན་པོས་གཡེལ་མེད་ངང་ཉིད་ལས༔ འདོད་པའི་དོན་རྣམས་མྱུར་དུ་འགྲུབ་པར་མཛོད༔ ཅེས་བསྟོད་ཅིང་ཕྲིན་ལས་བཅོལ་བས། ལྷ་རྣམས་ཀྱི་ཕྱག་མཚན་རྣམས་ལས་འོད་ཟེར་དཀར་པོ་ཟླ་བའི་མདངས་ཅན་འཕྲོས་པས་བདག་ཅག་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་སངས་ཀྱིས་དག་པར་གྱུར། མན་ངག་གི་མཆོད་པ་འདོད་ཡོན་ལྔ་དངོས་སམ་ཡིད་ཀྱིས་འབུལ་ལ། ཨོཾ་ཨཱཿཧཱུྃ་རཱུ་པ། ཤབྟ། གནྡྷེ། རཱ་ས། སྤརྴེ་པཱུ་ཙ་ཨཱཿཧཱུྃ། ཞེས་པ་ཙམ་མམ་སྤྲོ་ན་གཞུང་གི་ཚིགས་བཅད་ཀྱིས་འབུལ། སྐབས་འདིར་དཔུང་སྐུད་རྣམས་དུད་པས་བདུག་ཅིང་། ཨོཾ་ཨཱཿཧཱུྃ་ཧྲཱིཿ བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ ཀཱ་ཡ་ཝཱ་ཀ་ཙིཏྟ༔ མ་མ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བཏབ། སློབ་མའི་སྲིན་ལག་དང་རང་གི་སྲིན་ལག་རེ་རེ་བཞིན་སྤྲེལ་ཏེ། མར་གྱི་དགང་བླུགས་འབུལ་ལ། དཀོན་མཆོག་གསུམ་གྱི་བདེན་པ་དང་། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བདེན་པའི་བྱིན་རླབས་ཀྱིས། རྡོ་རྗེ་སློབ་མ་གསང་མཚན་བརྗོད་ལ། འདིའི་ཚེ་རབས་ལས་ཀྱི་སྡིག་སྒྲིབ། ཚེ་འདི་ཉིད་ཀྱི་རྐྱེན་ངན་བར་ཆད་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་ཛྭ་ལ་རཾ་སྭཱ་ཧཱ། ཞེས་འབུལ་གྲུབ་པ་


LT32_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མ་རྙེད་ཡོངས་སུ་སོགས་དང་ཡིག་བརྒྱ་བརྗོད་ལ་ནོངས་བཞགས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་སོགས་ཀྱིས་ཡེ་ཤེས་བརྟེན་ལ་གཤེགས། ཨོཾ་ཨཱཿཧཱུྃ། དམ་ཚིག་པ་རང་ལ་ཐིམ། འབྲུ་གསུམ་གྱིས་མར་ཁུ་ཕུལ་བས། སླར་མེ་ལྷ་གཟི་བརྗིད་དང་ལྡན་པ་གསལ་བར་གྱུར། ཡམ་ཤིང་མར་ཁུ་ཁོ་ནའམ་རྫས་གཞན་ཅི་ལྟར་རིགས་པ་གོང་གསལ་སྔགས་ཀྱིས་ལན་གྲངས་གསུམ་རེ་ཙམ་ཕུལ་བའི་ལྷག་མ་ཅུང་ཟད་བཞག །གཏོར་མ་བདུད་རྩིས་བྲན། ཨོཾ་ཨཱཿཧཱུྃ། གསུམ། གཏོར་མ་ཟག་མེད་བདུད་རྩིའི་རྒྱ་མཚོར་གྱུར། མེ་ལྷའི་སྔགས་ཤམ་དུ། བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ། ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ། ཚངས་དབང་མགོན་སྲས་དྲང་སྲོང་ལྷ། །ཕྲིན་ལས་མངའ་བདག་རྫུ་འཕྲུལ་ཅན། །བསྲེག་བྱ་ཟ་བ་ཨགྣའི་སྐུ། །མཐུ་སྟོབས་ཅན་ལ་ཕྱག་འཚལ་བསྟོད། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་རྫས། །སྲེག་བླུགས་ཞལ་ཟས་འབུལ་གྱིས་བཞེས། །ཞི་བའི་ལས་རྣམས་སྒྲུབ་པ་དང་། །ཁྱེད་ཀྱི་ནུས་པའི་མཐུ་སྟོབས་ཀྱིས། །འདོད་པའི་དོན་རྣམས་འགྲུབ་པར་མཛོད། །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། མ་འབྱོར་པ་དང་ཉམས་པ་སོགས། །ཡིག་བརྒྱ་བརྗོད། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབ་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ལ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨགྣེ་ཡེ་ས་པཱ་རི་བཱ་ར་གཙྪ།


LT32_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་མུཿམེ་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་དེ་ཉིད་དུ་མི་དམིགས་པར་གྱུར། བསྲེག་རྫས་ལྷག་མ་ཕྱེད་ཐབ་ཏུ་བཏབ་ལ། ཨོཾ་ཨཱཿཧཱུྃ་ཨུ་ཙྪིཥྚ་བ་ལི༚་ཏ་བྷཀྵ་སི་ཛྭ་ལ་པཱ་ཡ་སྭཱ་ཧཱ། ཕྱེད་ཕྱི་རོལ་དུ་གཏོར་ལ། ཨོཾ་ཨཱཿཧཱུྃ་ཨུཙྪིཥྚ་བ་ལི༚་ཏ་བྷཀྵ་སི་སྭཱ་ཧཱ། ཞེས་བརྗོད་ལ་བཀྲ་ཤིས་བྱས་པས་འགྲུབ་བོ། །གལ་ཏེ་འབྱོར་པ་སོགས་ཀྱིས་མི་ལྕོགས་པས་སྦྱིན་སྲེག་རྒྱས་པ་ལ་ཅིས་ཀྱང་འཇུག་མི་ནུས་ན། སྦྱིན་སྲེག་སྤྱིའི་གོ་བབ་ཆགས་ཤིང་འཕྲུལ་ཤེས་བས་འདི་ཁོ་ན་ཁ་བསྒྱུར་བ་ལས། ཕྲིན་ལས་བཞིའི་སྦྱིན་སྲེག་བདེ་བླག་ཏུ་འགྲུབ་པའང་ཡིན་ནོ།། །།གཉིས་པ་ནི། དབང་གི་སྔོན་འགྲོར་དེ་ཙམ་ཡང་མི་ལྕོགས་པར་ཤིན་ཏུ་བསྡུས་པར་འདོད་ན། ཐབ་སོགས་སྔར་ལྟར་ལ། ཕྱི་མཆོད་དང་། མར་ཁུ། ཡམ་ཤིང་། ཏིལ་ནག་ཙམ་འདུ་བྱས་ལ་མཆོད་རྫས་སྔར་ལྟར་དང་། བསྲེག་རྫས་འབྲུ་གསུམ་གྱིས་བྱིན་བརླབ། མེ་སྦར། རླུང་གཡབ། བཛྲ་ཀྲོ་དྷ་རྗེས་མས་བགེགས་བསྐྲད། བདག་ཉིད་པདྨ་བཛྲ་མན་ཆད་བཏང་བ་ལས། དམ་ཚིག་པའི་མཆོད་བསྟོད་ཚོ་གཉིས་བསྒྱུར། མེ་ལྷའི་སྐབས་ཆུ་གཉིས་ཉེར་སྤྱོད་བསྲེག་རྫས་གསུམ་ཁོ་ན་དང་། །དཀྱིལ་འཁོར་པའི་སྐབས་སུའང་ནང་རྫས། གསང་རྫས། སྨན་རག་གཏོར་འབུལ་སོགས་བསྒྱུར་ལ་མཆོད་རྫས་བསྲེག་རྫས་མེ་ལྷ་ལྟར་ཕུལ་བའི་རྗེས་མཆོད་སྟོད་མདོར་བསྡུས། སློབ་མ་དང་སྲིན་ལག་སྦྲེལ་ནས། དགང་བླུགས་འབུལ་བ་མན་བྱ་བ་ལས། མེ་ལྷའི་རྗེས་ཆོག་སྐབས་སུའང་གཏོར་འབུལ་དང་། བསྲེག་རྫས་ལྷག་མ་ཚོ་གཉིས་ཀྱི་སྔགས་སོགས་བོར་བས་འགྲུབ་བོ།། །།འདི་ནི་དབང་གི་སྔོན་འགྲོ་དང་།


LT32_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཀུ་སཱ་ལིའི་བསྙེན་སྒྲུབ་སོགས་ལ་ཉེ་བར་མཁོ་བར་བསམས་ནས་ས་བཅད་མི་སྟོང་པའི་ལག་ལེན་ཏུ་བྲིས་པ་ཡིན་གྱི། སྒྲུབ་ཆེན་སོགས་སྤྲོས་བཅས་ཀྱི་སྐབས་དང་། བློ་གྲོས་འབྱོར་བ་ལྡན་པ་རྣམས་ཀྱིས་ནི་བླ་ཆོས་འདི་ལྟ་བུ་ལ་སྙི་ཞོང་དུ་མི་བྱ་བར། དཀར་ཆེན་རབ་འབྱམས་པ་དང་། བྱ་ཁྱུང་པའི་ཡིག་ཆ་ལྟར་ཕྱག་ལེན་ཏུ་མཛད་པ་ཅི་ནས་གལ་ཆེ་བའི། གཏེར་གཞུང་དཔེ་མཐོང་ཙམ་གྱིས་ཀྱང་དོན་ཐོག་ཏུ་ཁེལ་བ་མ་ཡིན་ཏེ་མན་ངག་གབ་པས་སོ། །སྤྲོས་བཅས་སྤྲོས་མེད་གང་ཡང་ཇི་བཞིན་བར། །མི་འཁྱོངས་གྱ་མ་དོ་རུ་སྤྱོད་རྣམས་ཀྱི། །རྒྱུན་ལམ་སྲུང་པའི་སྣང་བྱེད་འདི་གྱུར་ནས། །དགོངས་འདུས་བསྟན་པ་ཡུན་རིང་འབར་གྱུར་ཅིག །ཅེས་པ་འདིའང་སྙིགས་དུས་མུན་པའི་ཁྲོད་ན་རྣམ་ཐར་གློག་གི་ཞགས་པ་འཁྱུགས་པ། མཁན་ཆེན་རྡོ་རྗེ་འཛིན་པའི་བཀའ་བཞིན། པདྨའི་རིག་སྔགས་འཆང་བ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousབླ་མ་དགོངས་པ་འདུས་པའི་དབང་ཆེན་སོགས་ལ་ཉེ་བར་མཁོ་བའི་ལྷན་ཐབས་ཞི་བའི་སྲེག་བླུགས་བསྡུས་པ་ཟླ་བའི་སྣང་བ།next