འཇམ་དཔལ་ཆོས་དབྱིངས་གསུང་དབང་གི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་བྱིན་རླབས་བདུད་རྩིའི་སྣང་སྟེར།
འཇམ་དཔལ་ཆོས་དབྱིངས་གསུང་དབང་གི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་བྱིན་རླབས་བདུད་རྩིའི་སྣང་སྟེར་ཞེས་བྱ་བ་བཞུགས་སོ། །རྣམ་འདྲེན་སྟོབས་བཅུའི་མངའ་བདག་ཤཱཀྱའི་ཏོག །རྒྱལ་ཀུན་གསུང་གི་དབང་ཕྱུག་འཇམ་པའི་དབྱངས། །གང་དེས་རྗེས་བཟུང་ཛྙཱ་ན་བཛྲ་དང་། །འཇམ་དཔལ་གྲགས་པ་རྣམས་ལ་གསོལ་བ་འདེབས། །དཔལ་སྦས་བཟང་པོ་ཡེ་ཤེས་རྡོ་རྗེ་དང་། །ཤེས་རབ་འབྱུང་གནས་བཞད་པ་རྡོ་རྗེའི་ཞབས། །པདྨཱ་ཀ་ར་དད་བྱེད་གོ་ཆ་དང་། །ལོ་ཆེན་རིན་བཟང་རྣམས་ལ་གསོལ་བ་འདེབས། །ལེགས་པའི་ཤེས་རབ་རྔོག་སྟོན་གེ་སར་པ། །དར་མ་གྲགས་དང་ཁྲི་སྟོན་ཀུན་དགའ་འོད། །མཁན་ཆེན་ཆོས་རིན་ཆོས་སྐུ་འོད་ཟེར་དང་། །ཡོན་ཏན་རྒྱ་མཚོ་རྣམས་ལ་གསོལ་བ་འདེབས། །རྩོད་དུས་ཀུན་མཁྱེན་གཉིས་པ་རིན་ཆེན་གྲུབ། །རིན་ཆེན་རྣམ་རྒྱལ་གྲགས་པ་རྒྱལ་མཚན་དང་། །ཡེ་ཤེས་རྒྱ་མཚོ་ཀུན་དགའ་རྣམ་རྒྱལ་ཞབས། །བློ་གྲོས་ཐོགས་མེད་རྣམས་ལ་གསོལ་བ་འདེབས། །མ་ི་བཛྲ་དབང་ཕྱུག་རྒྱལ་མཚན་དཔལ། །བསོད་ནམས་མཆོག་ལྡན་ཀུན་དགའ་དབང་པོ་དང་། །མང་ཐོས་རྒྱ་མཚོ་བློ་གྲོས་དབང་ཕྱུག་ཞབས། །ཀུན་དགའི་མཚན་ཅན་རྣམས་ལ་གསོལ་བ་འདེབས། །བསོད་ནམས་དོན་ལྡན་ཕུན་ཚོགས་རྣམ་པར་རྒྱལ། །དཀོན་མཆོག་སྦྱིན་པ་ཕུན་ཚོགས་ཆོས་འཕེལ་
དང་། །ལམ་འདིའི་བཀའ་དྲིན་དངོས་སུ་འདོམ་མཁས་པའི། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་མཐུས་བྱང་ཆུབ་བར། །དལ་འབྱོར་རྟེན་ཐོབ་ཐེག་མཆོག་བཤེས་དང་མཇལ། །ཚུལ་གནས་ཐོས་བསམ་བསྒོམ་པའི་མཐར་སོན་ནས། །བཤད་སྒྲུབ་བསྟན་པ་འཛིན་པར་བྱིན་གྱིས་རློབས། །ཁྱད་པར་དེ་ཉིད་བཅུ་ལྡན་སློབ་དཔོན་ལས། །ཆོས་དབྱིངས་གསུང་གི་དབང་ཕྱུག་དཀྱིལ་འཁོར་ཆེར། །རིགས་བཞི་འཁོར་ལོས་སྒྱུར་བ་དང་བཅས་པའི། །སྨིན་བྱེད་བདུད་རྩི་ནོད་པར་བྱིན་གྱིས་རློབས། །དབང་དུས་ཐོབ་པའི་བསླབ་ལས་མི་འདའ་བཞིན། །དབེན་པའི་གནས་སུ་འཇམ་དཔལ་གཞོན་ནུ་ཡི། །ཏིང་འཛིན་གསུམ་དང་ཆོ་འཕྲུལ་རྣམ་པ་བཞིའི། །ཟབ་མོའི་ལམ་བཟང་བསྒོམ་པར་བྱིན་གྱིས་རློབས། །དེ་མཐུས་གནས་སྐབས་དངོས་གྲུབ་ཡེ་ཤེས་དང་། །མཐར་ཐུག་ཕྱག་རྒྱའི་ཡེ་ཤེས་ལ་བརྟེན་ནས། །མངོན་པར་བྱང་ཆུབ་རྣམ་ལྔའི་ཉེར་ལེན་གྱིས། །སྐུ་བཞིའི་འབྲས་བུ་འགྲུབ་པར་བྱིན་གྱིས་རློབས། །གཞན་ཡང་རིས་མེད་ཐུབ་བསྟན་དར་ཞིང་རྒྱས། །བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན། །འགྲོ་རྣམས་དུས་ཀྱི་རྒྱུད་པ་ཀུན་ཞི་ནས། །ཕན་བདེའི་དགེ་མཚན་རྒྱས་པའི་བཀྲ་ཤིས་སྩོལ། །ཅེས་པའང་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་
ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའི་ངོ་བོ་རིན་ཆེན་བློ་གསལ་བསྟན་སྐྱོང་དཔལ་བཟང་པོའི་ཞལ་སྔ་ནས་བཀའ་སྩལ་རིན་པོ་ཆེའི་ཕྲེང་བ་ལྷ་རྫས་ཀྱི་མེ་ཏོག་དང་བཅས་སྤྱི་བོར་ཕེབས་པ་གུས་པས་མཆོད་དེ། རྗེ་བཙུན་བླ་མ་དེ་ཉིད་སོགས་ཡོངས་འཛིན་མཁས་གྲུབ་དུ་མས་རྗེས་སུ་བཟུང་བའི་ཤར་མདོ་ཁམས་ཀྱི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དཔལ་ཞྭ་ལུ་རི་སྦུག་བྱང་ཆུབ་ལྗོན་པའི་དགའ་བའི་ཚལ་ཆེན་པོར་གང་ཤར་གསོལ་བ་བཏབ་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།སརྦ་མངྒ་ལཾ།། །།