Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
རྗེ་བཙུན་འཕགས་པ་འཇམ་དཔལ་དབྱངས་དཀར་པོའི་སྒོམ་བཟླས་སྙིང་གི་མུན་སེལ།
   
   
   
   
   
   


 
previousརྗེ་བཙུན་འཕགས་པ་འཇམ་དཔལ་དབྱངས་དཀར་པོའི་སྒོམ་བཟླས་སྙིང་གི་མུན་སེལ།next

རྗེ་བཙུན་འཕགས་པ་འཇམ་དཔལ་དབྱངས་དཀར་པོའི་སྒོམ་བཟླས་སྙིང་གི་མུན་སེལ།


LT33_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་འཕགས་པ་འཇམ་དཔལ་དབྱངས་དཀར་པོའི་སྒོམ་བཟླས་སྙིང་གི་མུན་སེལ་ཅེས་བྱ་བ་བཞུགས་སོ།། །།


LT33_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཀུན་ཡབ་གཅིག་འཇམ་དཔལ་དབྱངས། །དྲི་མེད་སྟོན་ཟླའི་མདངས་འཛིན་པ། །གང་གི་ཞབས་ཀྱི་ཆུ་སྐྱེས་ལ། །གུས་པས་འདུད་དོ་ཐུགས་རྗེས་སྐྱོངས། །འདིར་ཁ་ཆེ་པ་ཆེན་ཤཱཀྱ་ཤྲཱིའི་ཁྱད་འཕགས་ཐུགས་དམ་ལྷ་བཞིའི་ཡ་གྱལ་འཕགས་པ་འཇམ་དབྱངས་དཀར་པོའི་སྒོམ་བཟླས་ཉམས་སུ་ལེན་པར་འདོད་པས། ནངས་བར་ཤ་ཆང་སོགས་ལ་མ་སྦགས་པའི་སྔོན་རོལ་གཙང་སྦྲའི་ཀུན་སྤྱོད་ལ་གནས་ཏེ་ཉོན་མོངས་པའི་དྲི་མ་སངས་ཀྱིས་དག་པར་མོས་ལ་རླུང་རོ་བསལ་ཅིང་ལུས་གནད་བསྲང་། མ་གྱུར་རིགས་དྲུག་གི་འགྲོ་བ་རྣམས་མ་རིག་འཁྲུལ་རྟོག་གི་མུན་པ་བསལ་ནས་མཁྱེན་གཉིས་ཡེ་ཤེས་ཀྱི་སྣང་བ་སྤེལ་བའི་འདུན་བརྩོན་ཆེན་པོའི་དྲན་པ་མངོན་ཏུ་བཞག་སྟེ། ཐོག་མར་སྐྱབས་སུ་འགྲོ་བ་ནི། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ། །དུས་འདི་ནས་བཟུང་བྱང་ཆུབ་བར། །མི་ཕྱེད་གུས་པས་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། །ཇི་ལྟར་འཇམ་དཔལ་དཔའ་བོ་ཡིས། །ཐུགས་བསྐྱེད་བྱང་ཆུབ་སྤྱོད་མཛད་པ། །དེ་བཞིན་བདག་ཀྱང་གཞན་དོན་ཏུ། །སེམས་བསྐྱེད་བསླབ་ལ་བརྩོན་པར་བགྱི། །ཚོགས་གསག་པ་ནི། །རང་ཉིད་འཕགས་པའི་སྐུར་གསལ་བའི། །སྙིང་གའི་ཨ་དཀར་འོད་ཟེར་གྱིས། །འཇམ་དཔལ་རྒྱལ་བ་སྲས་དང་བཅས། །མདུན་མཁར་སྤྱན་དྲངས་དགྱེས་བཞུགས་གྱུར། །བཅོམ་ལྡན་རྒྱལ་བ་སྲས་བཅས་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །དངོས་བཤམ་ཡིད་སྦྲུལ་མཆོད་པའི་སྤྲིན། །


LT33_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དང་ལོངས་སྤྱོད་བཅས་པ་འབུལ། །ཉོན་མོངས་དབང་གྱུར་སྡིག་བསགས་པ། །སྙིང་ནས་འགྱོད་པས་མཐོལ་ཞིང་བཤགས། །འཁོར་འདས་ཀུན་གྱི་དགེ་ཚོགས་ལ། །དགའ་བས་རྗེས་སུ་ཡི་རང་ངོ་། །སྲིད་པའི་འཁྲུལ་འཁོར་གཞོམ་སླད་དུ། །ཆོས་འཁོར་རྟག་ཏུ་བསྐོར་བར་བསྐུལ། །འགྲོ་ཀུན་སངས་རྒྱས་མ་ཐོབ་བར། །མྱ་ངན་མི་འདའ་བཞུགས་པར་གསོལ། །བསོད་ནམས་ཅི་མཆིས་འཇམ་མགོན་གྱི། །གོ་འཕང་མྱུར་དུ་ཐོབ་ཕྱིར་བསྔོ། །ཚོགས་རྟེན་རང་བཞིན་གནས་གཤེགས་གྱུར། །འགྲོ་ཀུན་བདེ་བ་རྒྱུར་བཅས་ལྡན། །སྡུག་བསྔལ་དེ་ཡི་རྒྱུ་དང་བྲལ། །འཕྲལ་ཡུན་བདེ་དང་མི་འབྲལ་ཅིང་། །ཐམས་ཅད་མཉམ་ཉིད་ངང་གནས་ཤོག །དངོས་གཞི་ལྷ་བསྐྱེད་པ་ནི། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཆོས་ཀུན་གདོད་ནས་སྤྲོས་བྲལ་སྟོང་ཉིད་དང་། །ས་ཕྱོགས་དག་པའི་ཞིང་བཀོད་ཕུན་ཚོགས་དབུས། །བྃ་ལས་འོ་མའི་རྒྱ་མཚོ་དཀར་ལ་དྭངས། །ཡིད་འཕྲོག་ཆུ་བྱ་སྣ་ཚོགས་སྐད་སྙན་སྒྲོག །མཐར་སྐོར་ནེའུ་གསེང་མེ་ཏོག་དཀར་དམར་ཚལ། །ལྷ་དང་དྲང་སྲོང་རིག་འཛིན་གཞོན་ནུས་གང་། །གླང་ཆེན་ཐལ་དཀར་ཅང་ཤེས་ཁྱུ་ཚོགས་རྒྱུ། །དེ་དབུས་པྃ་ལས་པདྨའི་སྡོང་པོ་ནི། །གསེར་གྱི་ཡལ་འདབ་མེ་ཏོག་འབྲས་བུའི་དུད། །རྩེ་མོར་པད་དཀར་


LT33_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གེ་སར་དམར་སེར་བཞད། །ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་རྒྱས་སྟེང་། །རང་སེམས་ཨ་དཀར་ལས་འཕྲོས་འོད་ཟེར་གྱིས། །འཕགས་པ་ཀུན་མཆོད་འགྲོ་བའི་སྒྲིབ་གཉིས་བསལ། །ཚུར་འདུས་ས་བོན་ལ་ཐིམ་སྐད་ཅིག་གིས། །འཇམ་དཔལ་གཞོན་ནུ་སྟོན་ཀའི་ཟླ་བའི་མདོག །ཞི་འཛུམ་ཡིད་འོང་ཟུར་ཕུད་ལྔ་དང་ལྡན། །ཕྱག་གཡས་མཆོག་སྦྱིན་པུས་མོའི་སྟེང་དུ་བརྐྱང་། །གཡོན་པས་ཐུགས་ཀར་མཐེབ་སྲིན་སྦྱར་བ་ཡིས། །ཤེས་རབ་ཕར་ཕྱིན་གླེགས་བམ་གྱིས་མཚན་པའི། །རབ་རྒྱས་ཨུཏྤལ་སྔོན་པོའི་སྡོང་བུ་བསྣམས། །ལྷ་རྫས་དར་གྱི་སྟོད་གཡོགས་སྨད་གཡོགས་ཀླུབས། །དབུ་རྒྱན་སྙན་ཆ་མགུལ་ཆུ་དོ་ཤལ་དང་། །དཔུང་རྒྱན་ཕྱག་ཞབས་གདུ་བུ་སྐ་རགས་རྣམས། །རིན་ཆེན་ནོར་བུའི་ཆས་ཀྱིས་རབ་ཏུ་སྒེག །ཡེ་ཤེས་འོད་ཟེར་དཔག་མེད་འཕྲོ་བའི་དབུས། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གཡོ་མེད་བཞུགས། །སྣང་ཞིང་སྟོང་ལ་སྟོང་བཞིན་སྣང་བའི་སྐུ། །རྒྱལ་ཀུན་ཡེ་ཤེས་ཕུང་པོ་གཅིག་གི་དངོས། །གདོད་ནས་དམ་ཡེ་གཉིས་སུ་མེད་པར་གསལ། །བཟླས་པའི་རྣལ་འབྱོར་ནི། །ཐུགས་ཀའི་དབུས་སུ་པད་དཀར་ཟེའུ་འབྲུ་ལ། །འཁོར་ལོ་དཀར་པོ་རྩིབས་དྲུག་རྩེ་མོ་རྣོ། །ལྟེ་བར་ཟླ་དཀྱིལ་ཨ་དཀར་འོད་ཟེར་འབར། །རྩིབས་ལ་སྙིང་པོ་འབྲུ་དྲུག་གཡས་


LT33_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་འཁོད། །ཅེས་ལྷ་སྣང་དང་ཛབྲ་དཀྱིལ་འོད་དཀར་པོ་འབར་བ་ལ་ཡུན་རིང་དུ་སེམས་རྩེ་གཅིག་བཟུང་། གསལ་སྣང་ཐོན་ནས། བཟླས་པའི་རྐྱེན་གྱིས་འཁོར་ལོ་གཡས་ཕྱོགས་དང་། །ཡིག་འབྲུ་གཡོན་ཕྱོགས་དྲག་ཏུ་འཁོར་བ་ཡི། །འོད་ཀྱིས་ལུས་གང་སྡིག་ལྟུང་ཉེས་ཚོགས་བཅོམ། །བློ་གྲོས་སྟོབས་ལྡན་མྱུར་འཛིན་གཟུངས་ཐོབ་ཅིང་། །མཁྱེན་གཉིས་ཡེ་ཤེས་སྣང་བ་རབ་གསལ་གྱུར། །ཅེས་བསྒོམས་ལ། ཨོཾ་ཝཱཀྱེ་དཾ་ན་མཿཞེས་བཟླ། སྤྱན་རས་གཟིགས་ཀྱི་སྙིང་པོ་ཐམས་ཅད་ཀྱི་གཙོ་བོ་ཡིག་དྲུག་ཡིན་པ་བཞིན་ཏུ། འཇམ་དབྱངས་ཀྱི་གཟུངས་དང་སྙིང་པོ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་འདི་ཉིད་ཡིན་པས་བཟླས་པའི་ཕན་ཡོན་དཔག་ཏུ་མེད་པ་འཇམ་དཔལ་རྩ་བའི་རྒྱུད་སོགས་ལས་གསུངས་པས་གུས་པ་དང་ཡིད་ཆེས་རྩེ་གཅིག་ཏུ་བྱ། ཐུན་མཐར། རང་གི་གྲེ་བའི་ཕུགས་དང་མདུན་གྱི་མཁར། །ཨ་ཡིག་དཀར་པོ་ཟླ་རྒྱས་ལྟ་བུར་གསལ། །ནམ་མཁའི་ཨ་ལས་འོད་ཟེར་དཔག་མེད་འཕྲོས། །འཕགས་དང་སོ་སྐྱེའི་ཤེས་རབ་མ་ལུས་བསྡུས། །ཨ་ལ་ཐིམ་སྟེ་དེ་ཉིད་གྲེ་ཕུགས་ཞུགས། །ཨ་ལས་ཨ་འཕྲོས་ལུས་ཀྱི་ནང་ཀུན་ཁེངས། །བློ་གྲོས་རབ་རྒྱས་སྤོབས་པའི་གཏེར་མཛོད་གྲོལ། །མི་བརྗེད་གཟུངས་ཀྱི་སྣང་བ་ཐོབ་པར་གྱུར། །ཅེས་མོས་ལ་ཨ་བརྒྱ་རྩ་སོགས་བརྗོད། རྗེས་ཐུན་མཐར། རང་བཞིན་གྱིས་གྲུབ་པའི་ལྷ་མོ་རྣམས་ཀྱིས་རང་ཉིད་ལ་


LT33_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཅིང་བསྟོད་པར་མོས་ལ། །འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་རྫས་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམ་པ་འདིས། །འཇམ་དཔལ་གཞོན་ནུར་གྱུར་པ་མཆོད། །ཨོཾ་ཨཱརྻ་མཉྫུ་ཤྲཱི་ཡེ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། མཎྜལ་སྤྲོ་ན་རྒྱས་པས་མཆོད། བསྡུ་ན། ཛམ་བུའི་གླིང་དང་གླིང་གཞན་རྣམས། །རིན་ཆེན་སྣ་བདུན་གྱིས་བཀང་སྟེ། །སྟོང་གསུམ་ལ་སོགས་མ་ལུས་པ། །ཞུམ་པ་མེད་པར་བྱས་ཏེ་འབུལ། །ཅེས་མཆོད། བསྟོད་པ་གྲུབ་ན་མཚན་བརྗོད། གང་བློ་མ། ཙནྡྲ་གོ་མིས་མཛད་པ་སོགས་གང་ཤེས་བརྗོད། བསྡུ་ན། རི་བོང་འཛིན་པ་ལྟར་དཀར་གླེགས་བམ་ཨུཏྤལ་ཕྱག་མཚན་ཅིང་། །རབ་མཛེས་ཤིན་ཏུ་ཞི་བའི་གཞོན་ནུ་ཟུར་ཕུད་ལྔ་པ་ཅན། །དགའ་བ་རྒྱ་ཆེན་ཐར་མཆོག་སྤྱན་ནི་པདྨའི་འདབ་ལྟར་ཡང་། །བློ་གྲོས་ངན་པ་སྲེག་མཁས་འཇམ་པའི་དབྱངས་ལ་རབ་ཏུ་འདུད། ཅེས་པ་ཙམ་གྱིས་བསྟོད། འདོད་དོན་གསོལ་བ་ཡིག་རྙིང་ལྟར་ན། །ངོ་བོ་མ་ནོར་ཆོས་ཉིད་རབ་མཁྱེན་ཅིང་། །རྣམ་པ་མ་ལུས་འཇའ་ཚོན་ལྷང་ངེར་གཟིགས། །ཐུགས་རྗེ་ཆེ་དང་ཐབས་ཚུལ་དཔག་མེད་ཀྱིས། །སྲིད་མཚོ་མཐའ་ཡས་སྐྱོབ་ལ་ཕྱག་འཚལ་ལོ། །འཇམ་དབྱངས་མགོན་ཁྱོད་གུས་པས་རྗེས་དྲན་ཅིང་། །སྒོམ་བཟླས་ལེགས་མཆོད་མངོན་པར་བསྟོད་པའི་མཐུས། །


LT33_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ངན་མ་རིག་འཐིབ་པོའི་ཚོགས་རྣམས་ཀུན། །སྤྲིན་མེད་ཉི་ཤར་ཇི་བཞིན་དྭངས་བར་མཛོད། །རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ནས། ཤེས་བྱ་ཐམས་ཅད་བདེ་བླག་ཏུ་རྟོགས་པའི་མཁྱེན་གཉིས་ཡེ་ཤེས་ཀྱི་སྣང་བ་མྱུར་དུ་སྩལ་བར་མཛད་དུ་གསོལ། ཅེས་པ་ཙམ་མམ། །རྟག་ཏུ་རྗེ་བཙུན་མཁྱེན་པའི་གཏེར། །ཡིད་ལ་བྱེད་ཅིང་རྗེས་སུ་སློབ། །སྒོམ་བཟླས་མཆོད་ཅིང་བསྟོད་པའི་མཐུས། །སྐྱེ་ནས་སྐྱེ་བར་རྗེས་བཟུང་སྟེ། །མི་འབྲལ་དགེ་བའི་བཤེས་གཉེན་མཛད། །གདམས་པའི་བདུད་རྩི་རྩོམ་པ་དང་། །བྱང་ཆུབ་སྤྱོད་ལ་རབ་ཞུགས་ཤིང་། །གེགས་མེད་ཕ་རོལ་ཕྱིན་མཛད་གསོལ། །ཆོས་རབ་རྣམ་འབྱེད་ཤེས་རབ་ཐོབ། །ཆོས་དོན་སོ་སོ་ཡང་དག་རིག །ཆོས་ཀྱི་རྒྱུན་གྱི་ཏིང་འཛིན་བརྙེས། །ཆོས་སྒོ་ཀུན་ལ་མི་འཇིགས་པའི། །གཟུངས་དང་སྤོབས་པའི་གཏེར་མཛོད་གྲོལ། །ཆོས་ཉིད་དོན་དམ་ཇི་བཞིན་རྟོགས། །ཆོས་ཅན་ཇི་སྙེད་མཁྱེན་པ་ལ། །འཇམ་དཔལ་དཔའ་བོ་ཉིད་མཚུངས་མཛོད། །གང་ཚེ་བལྟ་བར་འདོད་པའམ། །ཅུང་ཟད་དྲི་བར་འདོད་ན་ཡང་། །མགོན་པོ་འཇམ་དབྱངས་ཁྱེད་ཉིད་ནི། །གེགས་མེད་པར་ཡང་མཐོང་བར་ཤོག །ཅེས་


LT33_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །སོགས་ཀྱང་བརྗོད། བསྡུ་རིམ་ནི། །སྣོད་བཅུད་ལྷ་སྣང་རང་བཞིན་དབྱིངས། །གནས་ལུགས་སྤྲོས་བྲལ་ངང་དུ་ཐིམ། །སླར་ཡང་རང་བྱུང་གཉུག་མའི་སྐུ། །མི་ཕྱེད་རྡོ་རྗེ་གསུམ་དངོས་གྱུར། །བསྔོ་སྨོན་ནི། །འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །འཇམ་དབྱངས་ཤེས་རབ་ཐོབ་པར་ཤོག །ཅེས་སོགས་བརྗོད། རྟག་ཏུ་དྲན་པ་དང་ཤེས་བཞིན་མ་བྲལ་བས་འཕགས་པ་འཇམ་དཔལ་དབྱངས་ཀྱི་ཆེ་བའི་ཡོན་ཏན་དང་ངོ་མཚར་བའི་རྣམ་པར་ཐར་པ་ལ་དད་པ་གསུམ་གྱིས་ཀུན་ནས་བསླངས་པས་ཚོགས་བསགས་ཤིང་རྗེས་སུ་སློབ་པའི་བསམ་སྦྱོར་དང་མ་བྲལ་བར་བྱའོ།། ༈ །།འཕགས་མཆོག་དགྱེས་པའི་འཛུམ་ཟེར་གྱིས། །རྨོངས་ཆེན་སྙིང་གི་རྒྱ་བྲལ་ཏེ། །མཁྱེན་གཉིས་པད་མོ་རྒྱས་པ་ཡིས། །སྐྱེ་དགུའི་བུང་བ་རྟག་འཚོ་ཤོག །ཅེས་པའང་ཉེ་བར་གནས་ཤིང་དད་དང་བློ་གྲོས་ཀྱི་སྣང་བ་གསལ་བ་གསང་སྔགས་བསྟན་འཛིན་ནས་ལྷ་རྫས་དྲི་མེད་བཅས་ཆེད་དུ་བསྐུལ་ངོར། ཤེས་བྱའི་ཚུལ་ཅུང་ཟད་རིག་པ་བློ་གྲོས་མཐའ་ཡས་པའི་སྡེས་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་གྲལ་ཚེས་བཟང་པོར་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་གི་བྱེ་བྲག་རྡོ་རྗེ་འོད་གསལ་ཐུགས་ཀྱི་རྫོང་དུ་སྦྱར་བ་དགེ་ལེགས་འཕེལ།། །།སརྦ་ཐཱ་མངྒ་ལཾ།། །།


previousརྗེ་བཙུན་འཕགས་པ་འཇམ་དཔལ་དབྱངས་དཀར་པོའི་སྒོམ་བཟླས་སྙིང་གི་མུན་སེལ།next