Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
རྗེ་བཙུན་སྨྲ་བའི་སེང་གེའི་སྒོམ་བཟླས་བློ་གྲོས་ཁ་འབྱེད།
   
   
   
   
   


 
previousརྗེ་བཙུན་སྨྲ་བའི་སེང་གེའི་སྒོམ་བཟླས་བློ་གྲོས་ཁ་འབྱེད།next

རྗེ་བཙུན་སྨྲ་བའི་སེང་གེའི་སྒོམ་བཟླས་བློ་གྲོས་ཁ་འབྱེད།


LT33_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་སྨྲ་བའི་སེང་གེའི་སྒོམ་བཟླས་བློ་གྲོས་ཁ་འབྱེད་ཅེས་བྱ་བ་བཞུགས་སོ།། ༈ །།ཨོཾ་སྭ་སྟི། །མཐའ་ཡས་མཁྱེན་པའི་ཡེ་ཤེས་ཀྱིས། །མུན་པ་ཀུན་འཇོམས་དེར་བཏུད་ནས། །རྒྱུན་ཏུ་སྒོམ་ཞིང་བཟླས་པ་ཡི། །རྣལ་འབྱོར་རིམ་པ་མདོར་བསྡུས་འཆད། །དེ་ལ་ནངས་མོའི་ཆར་སྟན་བདེ་བར་ལུས་དྲང་པོར་བསྲང་། སེམས་དྭངས་ཤིང་དྲན་པ་མངོན་དུ་བཞག་ནས་འདི་ལྟར་ཉམས་སུ་བླང་བར་བགྱི་སྟེ། ཐོག་མར་སྐྱབས་འགྲོ་ནི། །འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། །ཤེས་རབ་སྙིང་བརྩེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་ཏུ་བདག །སངས་རྒྱས་མདུན་ཏུ་གནས་བཅས་ཏེ། །རྫོགས་པའི་བྱང་ཆུབ་ཐོབ་པར་བགྱི། །ཡན་ལག་བཞི་ལྡན་གྱི་བསྐྱེད་པའི་རྣལ་འབྱོར་སྒོམ་པ་ནི། །ཨོཾ་སྭ་བྷཱ་བ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། །གཟུང་འཛིན་གཉིས་སྣང་རྟོག་པའི་ཚོགས། །སྟོང་ཉིད་ཡེ་ཤེས་རྡོ་རྗེར་སྦྱངས། །པྃ་ལས་པདྨ་ཨ་ཟླ་དཀྱིལ། །སིང་ལས་སེང་གེ་སྔོན་པོའི་གདོང་། །གྱེན་བསྟན་རལ་པ་དམར་སེར་ནི། །ཐུར་དུ་གྲོལ་བ་བསྣོལ་བའི་སྟེང་། །པད་ཉི་ལ་གནས་རང་གི་སེམས། །དྷཱིཿཡིག་གུར་གུམ་གསར་པའི་མདངས། །ཡོངས་གྱུར་རྗེ་བཙུན་འཇམ་དཔལ་དབྱངས། །དམར་སེར་འཆར་


LT33_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་ཉི་གཞོན་མདོག །བཅུ་དྲུག་ལོན་པའི་ལང་ཚོ་ཅན། །ཞི་འཛུམ་སྒེག་པའི་ཆ་ལུགས་འཆང་། །དབུ་སྐྲ་ཟུར་ཕུད་ལྔ་ལྡན་གྱི། །རྩེ་མོར་ཡིད་བཞིན་ནོར་བུས་མཚན། །ཕྱག་གཡས་ཤེས་རབ་རལ་གྲི་གདེངས། །གཡོན་པས་གླེགས་བམ་གྱིས་མཚན་པའི། །ཨུཏྤལ་ཡུ་བ་ཐུགས་ཀར་འཛིན། །དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །ཞབས་ཟུང་རྒྱལ་པོ་རོལ་པའི་སྟབས། །འོད་ཟེར་དམར་པོའི་ཀློང་དུ་བཞུགས། །དེ་མདུན་པྃ་དང་ཨ་ཡིག་ལས། །པད་ཟླར་ཧྲཱིཿཡིག་ནམ་མཁའི་མདོག །ཡོངས་གྱུར་འཕགས་མ་དབྱངས་ཅན་མ། །སྔོ་སངས་ལྷ་མོའི་ཆ་ལུགས་རྫོགས། །རྒྱན་དང་ཕྱག་མཚན་ཡབ་དང་མཚུངས། །བཞེངས་ཐབས་འོད་ཀྱི་གུར་ཁྱིམ་དབུས། །བུད་མེད་སྒྱུ་མའི་ང་རྒྱལ་འགྱིངས། །འཇམ་དཔལ་ཐུགས་ཀར་འཁོར་ལོ་དམར། །རྩིབས་བཞི་ལྷ་མོའི་ཐུགས་ཀ་རུ། །པདྨ་འདབ་བརྒྱད་ལྟེ་བ་རུ། །རལ་གྲི་ཆང་ཟུང་དྷཱིཿཧྲཱིཿས་མཚན། །རང་སྔགས་སོ་སོས་བསྐོར་བ་ལས། །འོད་འཕྲོས་རང་འདྲའི་ཡེ་ཤེས་པ། །སྤྱན་དྲངས་མདུན་མཁར་བཞུགས་པར་གྱུར། །བཛྲ་ས་མཱ་ཛཿཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། དེ་བཞིན་ཏུ། པཱ་དྱཾ༴ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། དེ་བཞིན་ཏུ། དྷཱུ་པེན་ཨཱ་ལོ་ཀེ༴ གནྡྷེ༴ ནཻ་བི་དྱ༴ ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བྃ་ཧོཿ


LT33_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཡེ་ཤེས་གཉིས་མེད་གྱུར། །སླར་ཡང་ཐུགས་སྲོག་འོད་ཟེར་གྱིས། །དབང་གི་ལྷ་རྣམས་སྤྱན་དྲངས་གྱུར། ཨརྒྷཾ་སོགས་ཀྱིས་མཆོད། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། །གསོལ་བ་བཏབ་པས་ལྷ་རྣམས་ཀྱིས། །བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། །ཞེས་གསུང་དབང་བསྐུར་དྲི་མ་དག །ཆུ་ལྷག་སྤྱི་བོར་བརྟན་པ་ལས། །མི་བསྐྱོད་པ་ཡིས་དབུ་བརྒྱན་གྱུར། །བཟླས་པའི་རྣལ་འབྱོར་ནི། །སྲས་དང་བཅས་པའི་རྒྱལ་བ་ནི། །སྤྲིན་ཕུང་འཁྲིགས་འདྲས་བསྐོར་བ་ཡི། །ཡབ་ཡུམ་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་ཕྱི་སྣོད་གཞལ་ཡས་ཁང་། །ནང་བཅུད་འཕགས་པ་ཡབ་ཡུམ་གྱུར། །རང་ཐུགས་དྷཱིཿལས་འོད་ཟེར་འཕྲོས། །སྣ་བུག་གཡས་ཐོན་དབྱངས་ཅན་མའི། །ཤངས་སྒོ་གཡོན་ཞུགས་ཐུགས་ཀའི་ཧྲཱིཿར། །ཐིམ་ལས་སླར་ཡང་འོད་ཟེར་བྱུང་། །ཤངས་བུག་གཡས་ནས་བདག་གི་གཡོན། །བརྒྱུད་དེ་སྲོག་གི་ཐིག་ལེར་ཐིམ། །བར་མ་ཆད་པར་འཁོར་བ་ལས། །འོད་ཟེར་བུང་བ་དཔག་མེད་འཕྲོས། །འཇིག་རྟེན་འདས་དང་མ་འདས་པའི། །མཁྱེན་དཔྱོད་བློ་གྲོས་དྭངས་བཅུད་བསྡུས། །རང་ཐིམ་མཁྱེན་གཉིས་ཡོངས་རྫོགས་གྱུར། །ཅེས་པའི་དམིགས་པ་རྩེ་གཅིག་ཏུ་བསྒོམས་ལ། ཨོཾ་ཧྲཱིཿདྷཱིཿམ་མེ་དཱིྭ་པ་སྭ་ར་སྭ་སྟི་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲཛྙཱ་ཝརྡྷ་ནི་ཧྲཱིཿདྷཱིཿ


LT33_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། ཞེས་དངོས་གྲུབ་སྤྲེང་བ་ཉེར་གཅིག་པ་ཡུམ་སྔགས་ཀྱིས་བརྒྱན་པ་ཉིད་ཅི་ནུས་སུ་བཟླས་ལ། ཐུན་བསྡུ་བ་ནི། །རང་གི་ཐུགས་ཀའི་འོད་ཟེར་གྱིས། །སྣོད་བཅུད་དག་པའི་འཁོར་ལོ་བསྡུས། །ཡུམ་ལ་ཐིམ་ཞིང་དེ་ཡང་ཡབ། །ཡབ་ཉིད་འཁོར་ལོ་ས་བོན་དང་། །ནཱ་དར་རིམ་འདུས་སྟོང་ཉིད་དང་། །སླར་ཡང་ཟུང་འཇུག་སྒྱུ་མའི་སྐུས། །འཁོར་བ་ཇི་སྲིད་འགྲོ་དོན་བྱ། །ཞེས་འོད་གསལ་དུ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷ་སྐུར་ལངས་ལ་ང་རྒྱལ་བཟུང་། །འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེ་ཡིས་སྐྱེ་བོ་ཐམས་ཅད་ཀྱིས། །འཇམ་དབྱངས་ཤེས་རབ་ཐོབ་པར་ཤོག །ཅེས་སོགས་ཐེག་པ་ཆེན་པོའི་ཚུལ་གྱི་བསྔོ་སྨོན་གྱིས་དགེ་རྩ་ཡོངས་སུ་སྤེལ་བར་བྱའོ། །ཐར་འདོད་རྣམས་ལ་བློ་གྲོས་དགོས། །དེ་སྐྱེད་ཐེག་ཆེན་རྩ་བའི་ལྷ། །སྒྲུབ་ཐབས་བཤད་ལས་དགེ་ཐོབ་པ། །དེ་ཡིས་མ་རིག་དཔུང་བཅོམ་ཤོག །ཅེས་པ་འདི་ནི་མཁྱེན་དཔྱོད་ཀྱི་ནོར་ལྡན་བསྟན་པ་ཕུན་ཚོགས་ནས་ཆེད་བསྐུལ་མཛད་པའི་དོར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousརྗེ་བཙུན་སྨྲ་བའི་སེང་གེའི་སྒོམ་བཟླས་བློ་གྲོས་ཁ་འབྱེད།next