Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
ཚེ་དཔག་མེད་མཚན་བརྒྱ་རྩ་བརྒྱད་ཀྱི་གཟུངས་རིང་འདོན་པའི་གདམས་ངག་ཚིགས་བཅད་མ།
   
   
   
   


 
previousཚེ་དཔག་མེད་མཚན་བརྒྱ་རྩ་བརྒྱད་ཀྱི་གཟུངས་རིང་འདོན་པའི་གདམས་ངག་ཚིགས་བཅད་མ།next

ཚེ་དཔག་མེད་མཚན་བརྒྱ་རྩ་བརྒྱད་ཀྱི་གཟུངས་རིང་འདོན་པའི་གདམས་ངག་ཚིགས་བཅད་མ།


LT33_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔག་མེད་མཚན་བརྒྱ་རྩ་བརྒྱད་ཀྱི་གཟུངས་རིང་འདོན་པའི་གདམས་ངག་ཚིགས་བཅད་མ་བཞུགས་སོ།། །།བཅོམ་ལྡན་འཆི་མེད་དབང་པོ་ལ། །གུས་པས་ཕྱག་འཚལ་ཛེ་ཏཱ་རིའི། །གདམས་ངག་བརྒྱུད་པ་མ་ཆད་པ། །ཡང་ཟབ་ཉམས་ལེན་འདི་ལྟར་རོ། །ནངས་པར་གཉིད་ལས་སད་མ་ཐག །ལུས་བསྲང་རླུང་རོ་ལན་གསུམ་བསལ། །སྡིག་སྒྲིབ་བར་ཆད་དག་པར་མོས། །དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ནི། །འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེར་དང་བཅས་པས། །བརྩོན་པས་སེམས་ཅན་དོན་ཏུ་བདག །སངས་རྒྱས་མདུན་ཏུ་གནས་བཅས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །ལན་གསུམ་བརྗོད་ནས་བཟླས་བསྒོམ་ནི། །རང་ཉིད་ཐ་མལ་གནས་པའི་སྙིང་། །སྟོང་པ་འོད་ཀྱི་གུར་ཁྱིམ་དབུས། །པདྨ་དམར་པོ་འདབ་བརྒྱད་ཀྱི། །དབུས་དང་འདབ་མ་བརྒྱད་པོ་ལ། །ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་། །དབུས་སུ་སངས་རྒྱས་ཚེ་དཔག་མེད། །ཤར་དུ་རྡོ་རྗེ་ཚེ་དཔག་མེད། །ལྷོ་རུ་རིན་ཆེན་ཚེ་དཔག་མེད། །ནུབ་ཏུ་པདྨ་ཚེ་དཔག་མེད། །བྱང་དུ་ལས་ཀྱི་ཚེ་དཔག་མེད། །བྱང་ཤར་ཀུན་གཟིགས་ཚེ་དཔག་མེད། །ཤར་ལྷོར་ཡོན་ཏན་ཚེ་དཔག་མེད། །ལྷོ་ནུབ་ཡེ་ཤེས་ཚེ་དཔག་མེད། །


LT33_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་བྱང་མི་གཡོ་ཚེ་དཔག་མེད། །ཐམས་ཅད་པདྨ་རཱ་གའི་མདོག །ཞལ་གཅིག་ཕྱག་གཉིས་མཉམ་གཞག་སྟེང་། །འཆི་མེད་ཚེ་དང་ཡེ་ཤེས་ཀྱི། །བདུད་རྩིས་གང་བའི་བུམ་པ་བསྣམས། །དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། །དར་དང་རིན་པོ་ཆེའི་བརྒྱན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །མཚན་དཔེས་རབ་སྤྲས་འོད་ཟེར་འཕྲོ། །སྣང་ལ་རང་བཞིན་མེད་པར་གསལ། །དེ་ལྟར་གསལ་བཏབ་ལྷ་དགུ་པོ། །རེ་རེ་བཞིན་ཏུ་སེམས་གཏད་ནས། །གཟུངས་རིང་ཚར་དགུ་ངག་བཅད་བཟླ། །དེ་ལྟར་ཚར་གཅིག་ཚད་ཡིན་ལ། །མང་དུ་བཟླ་ན་བཅོ་བརྒྱད་དང་། །ཉེར་བདུན་ལ་སོགས་དགུ་ཚན་ཏུ། །བཟླ་ཞིང་དགུ་ཕྲག་གང་འདོད་མཚམས། །བཟླས་པའི་འཕྲོ་ནི་འཇོག་པའི་སྐབས། །བདག་ལ་འཆི་མེད་ཚེའི་དངོས་གྲུབ་ཟབ་མོ་སྩལ་དུ་གསོལ། །ལན་གསུམ་སྙིང་ནས་གསོལ་བཏབ་པས། །ལྷ་རྣམས་དགྱེས་ཤིང་གནང་བའི་བརྡར། །དབུ་གུག་ལན་གསུམ་མཛད་པར་མོས། །ཐེ་ཚོམ་མེད་པར་འཆི་མེད་ཀྱི། །སྐུ་ཐོབ་སྙམ་པའི་ངེས་ཤེས་བྱ། །དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་མགོན་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་བསྔོ་སྨོན་རྒྱ་ཡིས་གདག །ནངས་རེ་བཞིན་ཏུ་མ་ཆགས་ན། །དུས་མིན་འཆི་བ་ངེས་པར་བསླུ། །ཚེ་མཐར་ཕྱིན་པའི་གདམས་ངག་ཟབ། །བློ་


LT33_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས་རྣམ་དཔྱོད་གསལ་ལྡན་པ། །དགེ་སྦྱོང་ལྷག་བསམ་བཞེད་སྐོང་དུ། །གུ་ས་གོང་མའི་གསུང་བཟང་ལས། །ཚིགས་བཅད་བསྡེབས་འདིས་འབྲེལ་ཚད་ཀུན། །ཚེ་དང་ཡེ་ཤེས་མཆོག་བརྙེས་ཤོག། །།དགེ་ལེགས་འཕེལ།། །།སརྦ་དཱ་ཀ་ལྱཱ་ཾ་བྷ་བནྟུ།། །།ཤུ་བྷཾ།། །།


previousཚེ་དཔག་མེད་མཚན་བརྒྱ་རྩ་བརྒྱད་ཀྱི་གཟུངས་རིང་འདོན་པའི་གདམས་ངག་ཚིགས་བཅད་མ།next