Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྟོན་པ་གནས་བརྟན་ཆེན་པོ་འཁོར་དང་བཅས་པ་མཆོད་ཅིང་གསོལ་བ་འདེབས་པའི་ཆོ་ག་སྙིང་པོར་དྲིལ་བ་འཕགས་པ་དགྱེས་པའི་ལམ་འཇུག


 
previousསྟོན་པ་གནས་བརྟན་ཆེན་པོ་འཁོར་དང་བཅས་པ་མཆོད་ཅིང་གསོལ་བ་འདེབས་པའི་ཆོ་ག་སྙིང་པོར་དྲིལ་བ་འཕགས་པ་དགྱེས་པའི་ལམ་འཇུགno next

སྟོན་པ་གནས་བརྟན་ཆེན་པོ་འཁོར་དང་བཅས་པ་མཆོད་ཅིང་གསོལ་བ་འདེབས་པའི་ཆོ་ག་སྙིང་པོར་དྲིལ་བ་འཕགས་པ་དགྱེས་པའི་ལམ་འཇུག


LT33_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་གནས་བརྟན་ཆེན་པོ་འཁོར་དང་བཅས་པ་མཆོད་ཅིང་གསོལ་བ་འདེབས་པའི་ཆོ་ག་སྙིང་པོར་དྲིལ་བ་འཕགས་པ་དགྱེས་པའི་ལམ་འཇུག་ཅེས་བྱ་བ་བཞུགས་སོ། །


LT33_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤཱཀྱ་མུ་ན་ཡེ། །ཉི་མའི་གཉེན་གྱུར་སྟོན་མཆོག་ཐུགས་རྗེ་ཅན། །དེ་སྤྲུལ་ཆོས་སྐྱོང་གནས་བརྟན་ཚུལ་བཟུང་བ། །འཕགས་པའི་འཁོར་དང་བཅས་ལ་གུས་བཏུད་ན། །རྒྱལ་བསྟན་དར་རྒྱས་ཡུན་གནས་བྱིན་གྱིས་རློབས། །རང་རྒྱུད་བསླབ་པ་རྣམ་པར་དག །དེ་ཡིས་ཐུབ་བསྟན་ལང་ཚོ་རྒྱས། །དེས་ཀྱང་འཇིག་རྟེན་ཀུན་བདེར་བྱེད། །ཆོ་ག་འདི་ཡི་དགོས་པར་ཟུང་། །དེའང་མཆིམས་ཀྱི་ཕྱག་མཆོད་ལས། གང་གིས་གསོལ་བ་བཏབ་ན་སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་ཐམས་ཅད། བྱེ་བྲག་ཏུ་རབ་ཏུ་བྱུང་བ་སྡེ་ལྔ། ཁྱད་པར་དུ་དགེ་སློང་བྱང་ཆུབ་ཀྱི་སེམས་དང་ལྡན་པ་བཞི་ལ་སོགས་པ་དགེ་འདུན་ཏུ་ལོངས་བས་གསོལ་བ་བཏབ་ན་བསམ་པའི་དོན་འགྲུབ་པར་འགྱུར་རོ། །ཞེས་དང་། གང་གི་ཆེད་དུ་གསོལ་བ་བཏབ་ན། དགེ་བཤེས་སམ་སྟོན་པ་འགའ་ཞིག་འཁོར་མང་བར་འདོད་པ་དང་། གནས་གཞི་དང་


LT33_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་པ་བཟའ་དཀོར་དང་ཡོན་བདག་མང་བ་དང་། ལོངས་སྤྱོད་ཆེ་བར་འདོད་པ་དང་། ཡུལ་ཕྱོགས་ཆོས་ལ་གནག་པའི་སར་ལས་ངན་གྱི་དབང་གིས་བསྡད་དགོས་པའམ་མཁན་སློབ་ལ་སོགས་པའི་བཀས་བསྡད་དགོས་པ་དེ་ལྟ་བུའི་ཡུལ་དུ་དགེ་འདུན་གྱི་བསྟན་པ་དར་བ་དང་། རང་གི་ཆོས་དང་ཆོས་བྱེད་པ་འཕེལ་བར་འདོད་པ་དང་། ཡུལ་ཐམས་ཅད་དུ་ཆོས་དང་ཆོས་བྱེད་འཕེལ་ཏེ་ས་ཕྱོགས་དཀར་བར་འདོད་པ་དང་། རང་སྡོད་པའི་ས་ཕྱོགས་དེར་རིམས་ནད་ལ་སོགས་པ་ཤི་བར་འདོད་པ་དང་། ཚུལ་ཁྲིམས་ཀྱི་ཞིག་རལ་གསོ་བར་འདོད་པ་དང་། ཚུལ་ཁྲིམས་རྣམ་པར་དག་པ་རྒྱུད་ལ་སྐྱེ་བར་འདོད་པ་དང་། ཏིང་ངེ་འཛིན་བཟང་པོ་རྒྱུད་ལ་སྐྱེ་བར་འདོད་པ་དང་། ཤེས་རབ་ཆེ་བ་དང་། བྱང་ཆུབ་ཀྱི་སེམས་འཕེལ་བ་དང་། དགེ་རྣམ་པར་དག་པ་དང་། ངག་བཙུན་པ་དང་། གཡུལ་ཞི་བ་དང་། ཕས་ཀྱི་རྒོལ་བ་དང་ཉེ་བར་འཚེ་བ་ཐམས་ཅད་ཞི་བར་


LT33_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་དང་། །བླ་མ་དང་མཁན་པོ་དང་སློབ་དཔོན་དང་། །རྒྱལ་པོ་དང་བཙུན་མོ་དང་སྲས་ཕོ་མོ་དང་། བློན་པོ་ལ་སོགས་པ་གཞན་ནམ་རང་གི་འཆི་བ་བསླུ་བ་དང་། རང་དང་གཞན་ལ་ནད་གང་གིས་ཀྱང་མི་སེལ་བ་བྱུང་ན། དེ་ལྟ་བུ་ལས་ཐར་བར་འདོད་པ་དང་། རང་ངམ་ཉེ་འཁོར་ལ་སོགས་པ་སྡང་བས་ཉེ་བར་འཚེ་བ་ལས་ཐར་བར་འདོད་པ་ལ་སོགས་པ་མདོར་ན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་འདོད་པ་དང་། སངས་རྒྱས་ཀྱི་བསྟན་པ་རྒྱས་པ་དང་། བྱེ་བྲག་ཏུ་སྡེ་སྣོད་ལ་འཆད་ཉན་རྒྱས་པར་བྱ་བ་དང་། དེའི་རྟེན་དགེ་འདུན་རྒྱས་པར་བྱ་བ་དང་། གཙུག་ལག་ཁང་བྱིན་གྱིས་བརླབ་པར་བྱ་བ་དང་། ཐུན་མོང་གི་ཆོས་སྤྱོད་བཅུའི་འཁོར་ལོ་རྒྱས་པར་བྱ་བ་དང་། ཁྱད་པར་དུ་ཚུལ་ཁྲིམས་རིན་པོ་ཆེ་བརྟན་ཅིང་རྒྱས་པར་བྱ་བ་ལ་སོགས་པའི་འདོད་པ་ཐམས་ཅད་འགྲུབ་པའི་སླད་དུ་གསོལ་བ་འདེབས་སོ། །ཞེས་དང་། འདོད་དོན་ཁྱད་པར་བ་ལ་གནས་བརྟན་རེ་རེ་བཞིན་གཙོར་བྱ་ཚུལ་རྒྱས་པར་གསུངས་པ་ལྟར་མཆོད་གསོལ་གྱི་ཆོ་ག་རྒྱས་བསྡུས་མང་དུ་འབྱུང་ཡང་། འདིར་ཁྱེར་བདེ་བའི་ལག་ལེན་སྙིང་པོར་དྲིལ་བ་ལ་བཤམ་བཀོད་དང་། ཆོ་ག་དངོས་གཉིས། དང་པོ་ནི། གཙུག་ལག་ཁང་ལ་སོགས་པའི་གནས་གཙང་མ་བྱི་དོར་བྱས་ཤིང་རྒྱན་གྱིས་སྤྲས་པའི་གུང་དུ་སྟོན་པ་གནས་བརྟན་ཆེན་པོ་རྣམས་ཀྱི་སྐུ་གཟུགས་སོགས་དཀོན་མཆོག་གི་རྟེན་བཀྲམ་པའི་མདུན་ཏུ། སྟེགས་གཙང་མ་བའི་རྣམ་ལྔས་བྱུག་པའི་སྟེང་དུ་མཎྜལ་པདྨ་འདབ་མ་བཅུ་དྲུག་པའི་དབུས་སུ་མེ་ཏོག་གི་ཚོམ་བུ་ཆེ་བ་གཅིག་དང་། མཐའ་བསྐོར་དུ་བཅུ་དྲུག་བཀོད་པའི་མདུན་ཏུ་


LT33_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་སྤྱི་གཏོར་ཅོག་ཟླུམ་རྒྱན་ལྡན། རྒྱལ་ཆེན་བཞི་ལ་དཀར་གཏོར། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། ཁྲུས་ཆས་བུམ་པ་བཅུད་ལྡན་མེ་ལོང་སྐུ་ཕྱིན་བཟའ། མཎྜལ་འབུལ་བའི་ཆས་རྣམས་ཟུར་དུ་བཞག །འབྱོར་བརྩོན་གྱིས་ནུས་ན་སྔ་དྲོའི་ཆར་དུས་རུང་གི་སྨན་བཟའ་བཅའི་རིགས། ཕྱི་དྲོའི་ཆར་ཐུན་ཚོད་དུ་རུང་བ་བརྒྱད་སོགས་དང་། འབྲུ་མར་བུ་རམ་སོགས་ཞག་བདུན་པའི་སྨན་དང་། དུས་ངེས་མེད་དུ་འབུལ་རུང་བ་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་ན་བཟང་རོལ་མོའི་རིགས་སོགས་མཆོད་པའི་ཡོ་བྱད་ཅི་འབྱོར་བཀོད། །རིགས་དྲུག་གཞི་བདག་ཆ་གསུམ་གཏོར་མ་རྣམས་ཀྱང་སྟེགས་དམའ་བར་བཀོད་པ་ཡིན་ཀྱང་རྒྱུན་ཁྱེར་ལྟ་བུ་ཆོ་ག་བསྡུས་པའི་སྐབས་དེ་དག་མི་དགོས་སོ། །གཉིས་པ་ཆོ་ག་དངོས་ལ་གསུམ། སྦྱོར་བ་སྐྱབས་སེམས་བྱིན་རླབས། དངོས་གཞི་སྤྱན་འདྲེན་ཚོགས་བསགས། རྗེས་གཏོར་མཆོད་གཤེགས་གསོལ་སོགས་སོ། །དང་པོ་སྐྱབས་སེམས་ནི། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ལན་གསུམ། །སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ལན་གསུམ་གྱིས་ཚད་མེད་བསྒོམ། །གནས་དང་ཡོ་བྱད་བྱིན་གྱིས་བརླབ་པ་ནི། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །སངས་རྒྱས་


LT33_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། །ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་སྔོན་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཚེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པའི་བདེན་པ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེང་འདིར་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དང་། འཕགས་པ་ཆོས་སྐྱོང་བ་ཐམས་ཅད་ལ་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདི་དག་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཞིང་གི་བཀོད་པའི་ཡོན་ཏན་ལྟ་བུ་དང་ལྡན་པར་གྱུར་ཏེ། ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལག་མཐིལ་ལྟར་མཉམ་པ། ལྗོན་ཤིང་ཆུ་མཚོ་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའི་ཞིང་ཁམས་ཡོངས་སུ་དག་པའི་དབུས་བཀོད་པ་ཐམས་ཅད་ལས་འཕགས་པ་དེ་བཞིན་གཤེགས་པའི་བཀོད་པ་ལ་བརྟེན་པའི་ཕོ་བྲང་རིན་ཆེན་སྣ་བདུན་ལས་གྲུབ་པའི་ཁང་པ་བརྩེགས་པ། གྲུ་བཞི་སྒོ་བཞི་ཀ་བ་བཞི་ཟུག་ཅིང་མཉམ་པ། ཉམས་དགའ་མཛེས་ཤིང་ལྟ་ན་སྡུག་ལ་འོད་འབར་བ། ཐེམ་སྐས་བཞི་དང་ལྡན་པ། དཀྱིལ་


LT33_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་ནང་གི་དབུས་སུ་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན། །མཐའ་བསྐོར་དུ་པདྨའི་གདན་བཅུ་དྲུག། ཤར་སྒོའི་ནང་དང་སྒོ་བཞིར་རིན་པོ་ཆེའི་གདན་ཏེ། སྟོན་པ་བཅོམ་ལྡན་འདས་ལ་སོགས་པ་འཕགས་པ་རྣམས་གདན་འཛོམ་པའི་བཞུགས་གནས་སོ་སོའི་སྨོན་ལམ་ཁྱད་པར་ཅན་དང་མངའ་ཐང་དང་མཚམས་པར་གྲུབ་པ་མཛེས་པ་ཤ་སྟག་འབྱུང་བར་གྱུར་ཅིག །ཕྱི་ནང་ཀུན་ཏུ་ཡང་ཆ་རིགས་མཚམས་པར་ལྷ་དང་མིའི་ཡོ་བྱད་དམ་པ། ཁ་དོག་དང་། དྲི་དང་། རོ་དང་། རེག་བྱ་དང་ལྡན་པ་ཡིད་དུ་འོང་བ། གྱ་ནོམ་པའི་ཞལ་ཟས། ན་བཟའ་དང་། རྒྱན་དང་། རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་པ། ཕུང་པོ་གསུམ་པའི་མདོ་དང་། བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་གང་ཞིང་རྒྱན་ཀླུབས་པ་དང་ལྡན་པར་གྱུར་ཅིག །འཕགས་པ་ཐམས་ཅད་ཀྱང་གདན་འཛོམ་ནས་དེ་བཞིན་དུ་བྱིན་གྱིས་བརླབས་ཤིང་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག །ཅེས་དང་། ཨོཾ་ན་མོ་བྷ་ག་བ་ཏེ། བཛྲ་སཱ་ར་པྲ་མརྡྷ་ནི། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བི་དྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་་


LT33_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲེ། སརྦ་ཀརྨ་ཨཱ་བ་ར་་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་དང་། སླར་ཡང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་དུ་གྱུར་ཅིག །ཅེས་བདེན་པའི་སྟོབས་ལན་གསུམ་བརྗོད་པར་བྱའོ། །གཉིས་པ་ལ་གཉིས། ཚོགས་ཞིང་སྤྱན་འདྲེན་ཡན་ལག་དང་བཅས་པ། དེ་ལ་ཚོགས་བསགས་ཤིང་སྨོན་ལམ་གདབ་པའོ། །དང་པོ་ནི། དགེ་འདུན་རྣམས་འགྲེངས་པའམ་པུས་བཙུགས་ཐལ་མོ་སྦྱར་ལ་སྤོས་ཐོགས། མེ་ཏོག་བཀྲམ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱའི་དབང་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་གནས་བརྟན་ཆེན་པོ་བཅུ་དྲུག་དགེ་བསྙེན་དྷརྨ་ཏཱ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་སོགས་དམ་པའི་ཆོས་སྐྱོང་བའི་ཞབས་འབྲིང་རྒྱ་མཚོས་ཡོངས་སུ་བསྐོར་བ་ཐམས་ཅད། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ཉེས་ལྟུང་གི་དྲི་མ་སྦྱང་ཞིང་བསོད་


LT33_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ཀྱི་ཚོགས་སྤེལ་བའི་སླད་དུ་སྤྱན་འདྲེན་ཞིང་མཆིས་ན་ཐུགས་རྗེ་ཆེན་པོས་བསྐུལ་ཏེ་དེང་དུས་ལ་བབ་ཀྱིས་དགོངས་པར་མཛད་དུ་གསོལ། །ཅེས་སྙན་གསན་དབབ། ལག་མཐིལ་ལྟར་མཉམ་རིན་ཆེན་རྒྱན་གྱིས་སྤྲས། །ལྗོན་ཤིང་ཆུ་མཚོས་བརྒྱན་པའི་ས་གཞིའི་དབུས། །རིན་ཆེན་ལས་གྲུབ་གྲུ་བཞི་སྒོ་བཞི་པ། །པདྨ་ཉི་ཟླས་བརྒྱན་པའི་གདན་སྟེང་དུ། །ཐུགས་རྗེས་རྩོད་པའི་དུས་ཀྱི་གདུལ་བྱ་རྣམས། །རྣམ་གྲོལ་ལམ་ལ་འགོད་མཛད་འགྲོ་བའི་མགོན། །ཐུབ་པ་མཆོག་དང་གནས་བརྟན་ཆེན་པོ་རྣམས། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་དང་། །ཤེས་རབ་མེ་འབར་ཉོན་མོངས་མཚོ་སྐེམ་ཞིང་། །རྣམ་གྲོལ་བསོད་ནམས་ཞིང་དུ་བཀས་སྡོད་པའི། །ཕྱོགས་བཅུའི་ཉན་ཐོས་དགེ་འདུན་བཞུགས་སོ་འཚལ། །ཡོན་སྦྱོང་མཆོད་པའི་གནས་སུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡི། །སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞུགས། །གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་པའི། །དགྲ་བཅོམ་གནས་བརྟན་ཆེན་པོ་བཞུགས་སོ་འཚལ། །དམ་ཆོས་


LT33_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །ཡན་ལག་འབྱུང་དང་མ་ཕམ་ནགས་ན་གནས། །དུས་ལྡན་རྡོ་རྗེ་མོའི་བུ་བཟང་པོ་དང་། །གསེར་བེའུ་བྷ་ར་དྷྭ་ཛ་གསེར་ཆེན་མཆོག །འཕགས་པ་བ་ཀུ་ལ་དང་སྒྲ་གཅན་འཛིན། །ལམ་ཕྲན་བྷ་ར་དྷྭ་ཛ་བསོད་སྙོམས་ལེན། །ལམ་བརྟན་ཀླུའི་སྡེ་སྦེད་བྱེད་མི་ཕྱེད་པ། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །སྤངས་དང་ཡེ་ཤེས་ཕུན་ཚོགས་སངས་རྒྱས་ཀྱང་། །གདུལ་བྱའི་དབང་གིས་ཉན་ཐོས་ཚུལ་འཛིན་ཅིང་། །ཁྱད་པར་ཅན་གྱི་ཕྲིན་ལས་ཆོས་སྐྱོང་བའི། །གནས་བརྟན་བཅུ་དྲུག་འདིར་སྤྱོན་གདན་ལ་བཞུགས། །བདེ་གཤེགས་བཀའ་ལུང་གཙོར་མཛད་བསྟན་པ་སྲུང་། །རང་དོན་དོར་ནས་འཁོར་བའི་ནགས་ཚལ་དུ། །གཞན་དོན་ལྷུར་མཛད་གནས་བརྟན་བཅུ་དྲུག་པོ། །དམ་བཅས་ཐུགས་རྗེའི་དབང་གིས་གནས་འདིར་གཤེགས། །དགེ་བསྙེན་སྐྱབས་གསོལ་བདེན་པའི་ཚིག་ཉན་པ། །དཀོན་མཆོག་གསུམ་གྱི་ཞབས་འབྲིང་མཆིས་སོ་འཚལ། །བསོད་ནམས་རིན་ཆེན་གླིང་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །


LT33_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྤོས་བཏུལ། །རོལ་མོ་བཅས་སྤྱན་དྲངས་ལ། །བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །མཆོད་ཡོན་གྱི་ཆུ་བཟེད་ཞལ་དུ་སྤྲེངས་ལ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང་། །སེམས་ཅན་ལུས་ངག་ཡིད་གསུམ་གདུང་བ་སེལ་སླད་དུ། །ཡན་ལག་བརྒྱད་ལྡན་ཆུ་གཙང་ཡིད་དུ་འོང་བ་འདི། །བཞེས་ཤིག་བཞེས་ཤིག་བདག་གི་མཆོད་ཡོན་འདི་དག་གོ། །ངང་པའི་མཆོག་ལྟར་སོར་མོ་དྲ་བས་འབྲེལ། །འཁོར་ལོའི་མཚན་ཅན་མཛེས་པའི་ཞབས་ཟུང་ལ། །དག་བྱེད་ཕུལ་བས་སྐྱེ་བོ་མ་ལུས་པ། །རྫུ་འཕྲུལ་རྐང་པ་མཆོག་དང་ལྡན་གྱུར་ཅིག །ཁྲུས་གསོལ་ནི་ཕྱག་ལེན་མཐོང་བརྒྱུད་ལྟར་བྱས་ལ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར། །དྲིས་བྱུགས་པའི་ཚུལ་བྱས་ལ། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །


LT33_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུས་གསོལ་ཞིང་། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །འདི་ན་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩལ་དུ་གསོལ། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོ་བཅས་པ་དུ་མས་སྐུ་ཁྲུས་གསོལ། །སྐུ་ཕྱི་ཞིང་། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ངུར་སྨྲིག་འབུལ་ཞིང་། །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུ་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །དྲི་མེད་མཚན་ལ་སྒྲིབ་བསིལ་མི་མངའ་ཡང་། །དད་པས་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་བརྟུལ་ཞུགས་མཆོག་ལ་སྤྱོད་པར་ཤོག །ཅེས་འབུལ་ལོ། །རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་ཐུབ་པའི་དབང་པོ་འཕགས་


LT33_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉན་ཐོས་ཆེན་པོའི་དགེ་འདུན་གྱི་འཁོར་དང་། རྒྱལ་པོ་ཆེན་པོ་སྡེ་བཞིའི་ཚོགས་དང་བཅས་པ་སོ་སོའི། །རྫུ་འཕྲུལ་གྱི་མཐུས་བྱོན་ནས་རང་རང་གི་གདན་ལ་བཞུགས་པར་གྱུར་པ་ནི། དབུས་སུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཕྱག་གཡས་ས་གནོན་དང་། གཡོན་མཉམ་བཞག་གི་ཕྱག་རྒྱ་མཛད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཐའ་བསྐོར་གྱི་པདྨ་བཅུ་དྲུག་ལ་མདུན་ནས་གཡས་བསྐོར་དུ། ཡན་ལག་འབྱུང་སྤོས་ཕོར་དང་རྔ་ཡབ། མ་ཕམ་པ་མཉམ་བཞག །ནགས་ན་གནས་སྡིགས་མཛུབ་དང་རྔ་ཡབ། དུས་ལྡན་གསེར་གྱི་རྣ་ཀོར། །རྡོ་རྗེ་མོའི་བུ་སྡིགས་མཛུབ་དང་རྔ་ཡབ། །བཟང་པོ་ཆོས་འཆད་དང་མཉམ་བཞག །གསེར་བེའུ་རིན་པོ་ཆེའི་ཞགས་པ། བྷ་ར་དྷྭ་ཛ་གསེར་ཅན་མཉམ་བཞག །བ་ཀུ་ལ་ནེའུ་ལེ། སྒྲ་གཅན་ཟིན་རིན་པོ་ཆེའི་པྲོག་ཞུ། ལམ་ཕྲན་བརྟན་མཉམ་བཞག །བྷ་ར་དྷྭ་ཛ་བསོད་སྙོམས་ལེན་གླེགས་བམ་དང་ལྷུང་བཟེད། ལམ་བརྟན་ཆོས་འཆང་དང་གླེགས་བམ། ཀླུའི་སྡེ་བུམ་པ་དང་འཁར་


LT33_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

གསིལ། སྦེད་བྱེད་གླེགས་བམ། མི་ཕྱེད་པ་བྱང་ཆུབ་མཆོད་རྟེན་འཛིན་པ། དེ་ཐམས་ཅད་ཀྱང་གནས་བརྟན་དབང་པོ་དུལ་བའི་ཆ་ལུགས་ཅན། ཤང་སྒོའི་ནང་དགེ་བསྙེན་དྷརྨ་ཏཱ་ཐོར་ཅོག་ཅན་གླེགས་བམ་ཁུར་ཞིང་རྔ་ཡབ་དང་བུམ་པ་འཛིན་པ། སངས་རྒྱས་སྣང་བ་མཐའ་ཡས་ལ་གཟིགས་ཤིང་པུས་མོ་གཡས་པ་ལས་སྟག་སྤྲུལ་པ། ཤར་སྒོར་ཡུལ་འཁོར་སྲུང་དཀར་པོ་པི་ཝང་ལྷོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི། ནུབ་སྒོར་མིག་མི་བཟང་དམར་པོ་སྦྲུལ་ཞགས་དང་མཆོད་རྟེན། བྱང་སྒོར་རྣམ་ཐོས་སྲས་སེར་པོ་ཡིད་བཞིན་གྱི་རྒྱལ་མཚན་དང་ནེའུ་ལེ་འཛིན་པ། ཐམས་ཅད་ཀྱང་རང་རང་གི་འཁོར་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་བཞུགས་པར་གྱུར། །ཅེས་གསལ་གདབ་ལ། །རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འཕྲོག་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །སངས་རྒྱས་སྲས་དང་བཅས་ལ་ཕུལ་བ་ཡིས། །འགྲོ་ཀུན་རྡོ་རྗེའི་གདན་ལ་འཁོར་བར་ཤོག །ཅེས་བཞུགས་སུ་གསོལ་ལོ། །གཉིས་པ་ལ་གསུམ། སྤྱིར་ཡན་ལག་བདུན་པ་བྱ་བ། ཁྱད་པར་གསོལ་འདེབས་ཀྱི་བསྙེན་པ། རྗེས་འབྲེལ་དུ་སྨོན་ལམ་གདབ་པའོ། །དང་པོ་ལ་ཕྱག་འཚལ་བ་ནི། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་


LT33_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་སྒྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་སྤྱིར་ཕྱག་བྱས་ནས། བྱེ་བྲག་ཏུ། །མཚུངས་མེད་ལྟ་བས་མི་ངོམས་པ། །གསེར་གྱི་མདོག་ཅན་མཛེས་པའི་སྐུ། །ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས། །ས་གནོན་མཉམ་བཞག་མཛད་ཕྱག་འཚལ། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཞེས་པ་ཀུན་ལ་འགྲེའོ། །གངས་རི་ཆེན་པོ་ཏི་སེ་ན། །འཕགས་པ་གནས་བརྟན་ཡན་ལག་འབྱུང་། །དགྲ་བཅོམ་སྟོང་དང་སུམ་བརྒྱས་བསྐོར། །སྤོས་ཕོར་རྔ་གཡབ་འཛིན་ཕྱག་འཚལ། །བསྟན་པ་རྒྱས་པར༴ དྲང་སྲོང་རི་ཡི་ཤལ་ནགས་ན། །འཕགས་པ་གནས་བརྟན་མ་ཕམ་པ། །དགྲ་བཅོམ་བརྒྱ་ཕྲག་གཅིག་གིས་བསྐོར། །ཕྱག་གཉིས་མཉམ་བཞག་མཛད་ཕྱག་འཚལ། །བསྟན་པ༴ །ལོ་མ་བདུན་པའི་རི་ཕུག་ན། །འཕགས་པ་གནས་བརྟན་


LT33_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ནགས་ན་གནས། །དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར། །སྡིགས་མཛུབ་རྔ་གཡབ་འཛིན་ཕྱག་འཚལ། །བསྟན་པ༴ །ཛམྦུ་གླིང་གི་ཟངས་གླིང་ན། །འཕགས་པ་གནས་བརྟན་དུས་ལྡན་ཏེ། །དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར། །གསེར་གྱི་རྣ་ཀོར་འཛིན་ཕྱག་འཚལ། །བསྟན་པ༴། སིངྒ་ལ་ཡི་གླིང་ན་ནི། །གནས་བརྟན་རྡོ་རྗེ་མོ་ཡི་བུ། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །སྡིགས་མཛུབ་རྔ་གཡབ་འཛིན་ཕྱག་འཚལ། །བསྟན་པ༴ །ཆུ་བོ་ཡ་མུ་ནའི་གླིང་ན། །འཕགས་པ་གནས་བརྟན་བཟང་པོ་ནི། །དགྲ་བཅོམ་སྟོང་དང་ཉིས་བརྒྱས་བསྐོར། །ཆོས་འཆད་མཉམ་བཞག་མཛད་ཕྱག་འཚལ། །བསྟན་པ༴ །གནས་མཆོག་དམ་པ་ཁ་ཆེ་ན། །འཕགས་པ་གནས་བརྟན་གསེར་བེའུ། །དགྲ་བཅོམ་ཆེན་པོ་ལྔ་བརྒྱས་བསྐོར། །རིན་ཆེན་ཞགས་པ་འཛིན་ཕྱག་འཚལ། །བསྟན་པ༴ །ནུབ་ཀྱི་བ་ལང་སྤྱོད་ན་ནི། །བྷ་ར་དྷྭ་ཛ་གསེར་ཆེན་མཆོག །དགྲ་བཅོམ་ཆེན་པོ་བདུན་བརྒྱས་བསྐོར། །ཕྱག་གཉིས་མཉམ་བཞག་མཛད་ཕྱག་འཚལ། །བསྟན་པ༴ །བྱང་གི་སྒྲ་མི་སྙན་ན་ནི། །འཕགས་པ་གནས་བརྟན་བ་ཀུ་ལ། །དགྲ་བཅོམ་ཆེན་པོ་དགུ་བརྒྱས་


LT33_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར། །ཕྱག་གཡོན་ནེའུ་ལེ་འཛིན་ཕྱག་འཚལ། །བསྟན་པ༴ །པྲི་ཡང་ཀུ་ཡི་གླིང་ན་ནི། །འཕགས་པ་གནས་བརྟན་སྒྲ་གཅན་འཛིན། །དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར། །རིན་ཆེན་པྲོག་ཞུ་འཛིན་ཕྱག་འཚལ། །བསྟན་པ༴ །བྱ་རྒོད་ཕུང་པོའི་རི་བོ་ལ། །འཕགས་པ་གནས་བརྟན་ལམ་ཕྲན་བརྟན། །དགྲ་བཅོམ་སྟོང་དང་དྲུག་བརྒྱས་བསྐོར། །ཕྱག་གཉིས་མཉམ་བཞག་མཛད་ཕྱག་འཚལ། །བསྟན་པ༴ །ཤར་གྱི་ལུས་འཕགས་གླིང་ན་ནི། །བྷ་ར་དྷྭ་ཛ་བསོད་སྙོམས་ལེན། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །གླེགས་བམ་ལྷུང་བཟེད་འཛིན་ཕྱག་འཚལ། །བསྟན་པ༴ །ལྷ་གནས་སུམ་ཅུ་རྩ་གསུམ་ན། །འཕགས་པ་གནས་བརྟན་ལམ་བརྟན་ནི། །དགྲ་བཅོམ་ཆེན་པོ་དགུ་བརྒྱས་བསྐོར། །གླེགས་བམ་ཆོས་འཆད་མཛད་ཕྱག་འཚལ། །བསྟན་པ༴ །རི་ཡི་རྒྱལ་པོ་ངོས་ཡངས་ལ། །འཕགས་པ་གནས་བརྟན་ཀླུ་ཡི་སྡེ། །དགྲ་བཅོམ་སྟོང་དང་ཉིས་བརྒྱས་བསྐོར། །བུམ་པ་འཁར་གསིལ་འཛིན་ཕྱག་འཚལ། །བསྟན་པ༴ །རི་ཡི་རྒྱལ་པོ་བྷི་ཧུ་ལ། །འཕགས་པ་གནས་བརྟན་སྦེད་བྱེད་ནི། །དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར། །ཕྱག་གཉིས་


LT33_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

གླེགས་བམ་འཛིན་ཕྱག་འཚལ། །བསྟན་པ༴ །རི་ཡི་རྒྱལ་པོ་གངས་ཅན་ལ། །འཕགས་པ་གནས་བརྟན་མི་ཕྱེད་པ། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །བྱང་ཆེན་མཆོད་རྟེན་འཛིན་ཕྱག་འཚལ། །བསྟན་པ༴ །འཕགས་པའི་དགེ་བསྙེན་དྷརྨ་ཏཱ། །རལ་པའི་ཐོད་བཅིངས་གླེགས་བམ་ཁུར། །སྣང་བ་མཐའ་ཡས་མདུན་ན་བཞུགས། །རྔ་གཡབ་བུམ་པ་འཛིན་ཕྱག་འཚལ། །བསྟན་པ༴ །བརྩོན་པས་གོ་བགོས་མཐུ་སྟོབས་ཅན། །སངས་རྒྱས་བསྟན་པ་ལེགས་སྐྱོང་བའི། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ཡི། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་ལོ། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཕྱག་བྱར་འོས་པ་སོགས་ཤློ་ཀ་གཅིག་བརྗོད། མཆོད་པ་ནི། འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཆོད་ཡོན་དང་བྱུག་པ། མེ་ཏོག་དང་བདུག་སྤོས། མར་མེ་དང་ཞལ་ཟས། རོལ་མོ་དང་སིལ་སྙན། གདུགས་དང་བ་དན་ལ་སོགས་པ་དངོས་སུ་ཅི་འབྱོར་བ་འདི་དག་དང་། ཕྱོགས་བཅུ་ན་བདག་པོས་ཡོངས་སུ་མ་བཟུང་བའི་ལྷ་དང་མིའི་རྫས་དམ་པ་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་དང་། གཟུངས་དང་རིག་པའི་མཐུ་དང་མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན་ཕུང་པོ་གསུམ་པའི་མདོ་དང་


LT33_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བ་རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ་ཐམས་ཅད་རྒྱས་པར་བཀང་སྟེ་འབུལ་ལོ། །མཆོད་དོ། །བདག་གིར་བཞེས་པར་མཛད་དུ་གསོལ། །ཞེས་སྤྱིར་ཕུལ་ནས། བྱེ་བྲག་ཏུ། །མཛེས་པའི་མེ་ཏོག་འདི་ཕུལ་བས། །མི་མཛེས་སྐྱོན་ཀུན་དག་གྱུར་ཏེ། །མཚན་དང་དཔེ་བྱད་ཡོངས་རྫོགས་ནས། །བྱང་ཆུབ་ཡན་ལག་རྒྱས་གྱུར་ཅིག །དྲི་ཞིམ་བདུག་སྤོས་འདི་ཕུལ་བས། །འཆལ་བའི་དྲི་མ་དག་གྱུར་ཏེ། །ཟག་མེད་དྲི་དང་ལྡན་གྱུར་ནས། །ཡེ་ཤེས་ཕུང་པོ་ལྔ་ཐོབ་ཤོག། སྣང་གསལ་སྒྲོན་མེ་འདི་ཕུལ་བས། །ཤེས་བྱའི་སྒྲིབ་པ་ཀུན་བྱང་ནས། །ཡེ་ཤེས་སྣང་བའི་རང་བཞིན་གྱིས། །སྤྱན་ལྔ་ཡོངས་སུ་དག་གྱུར་ཅིག །མཆོག་ཏུ་ལེགས་སྦྱར་དྲི་ཕུལ་བས། །འཆལ་པའི་ཤེས་རབ་དག་གྱུར་ཏེ། །ཤེས་བྱ་མ་ལུས་མཁྱེན་པ་ཡི། །ཤེས་རབ་ཕུན་སུམ་ཚོགས་པར་ཤོག །ཞལ་ཟས་རོ་མཆོག་འདི་ཕུལ་བས། །འགྲོ་དྲུག་སྲིད་པ་དག་གྱུར་ཏེ། །བསམ་གཏན་ཏིང་འཛིན་ཟས་མཆོག་ལྡན། །གཉིས་སུ་མེད་པའི་དོན་རྟོགས་ཤོག །མཛེས་པའི་རོལ་མོ་འདི་ཕུལ་བས། །ཆོས་བརྒྱད་འཛིན་པ་དག་གྱུར་


LT33_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །ཟབ་མོའི་གདམས་པ་ལ་བརྟེན་ནས། །དུ་མ་རོ་གཅིག་རྟོགས་པར་ཤོག །ཅེས་དང་མཆོད་པའི་སྤྲིན་གྱི་གཟུངས་སྔགས་བརྗོད་ལ་རོལ་མོའི་སྒྲ་བྱའོ། །དེ་ནས་མཎྜལ་སོ་བདུན་མ་དང་། གཞན་ཡང་ཚིགས་བཅད་རྒྱས་བསྡུས་ཇི་ལྟར་རིགས་པས་ཕུལ་ལ་གྲངས་གསོག་པར་སྤྲོ་ན་དང་ས་གཞི་སྤོས་བྱུགས་ལྟ་བུ་ཡང་བྱའོ། །དེ་ནས་བཤགས་པ་སོགས་ཡན་ལག་ལྷག་མ་རྣམས་ནི། བདག་ཅག་རྣམས་ཀྱིས་ཐོག་མ་མ་མཆིས་པ་ནས་འཁོར་བ་ནས་འཁོར་བའི་ཚེ་རབས་ཐམས་ཅད་དུ་སྡིག་པ་མི་དགེ་བའི་ལས་མདོར་ན་མི་བགྱི་བར་འོས་པའི་ལས་ནི་བགྱིས། བགྱི་བར་འོས་པའི་ལས་མ་བགྱིས་པ་ལ་སོགས་པ་དངོས་སྡིག་ཅི་མཆིས་པ་ཐམས་ཅད་ཡང་དག་པར་འཆགས་སོ། །དུས་གསུམ་གྱི་འཕགས་པ་དང་སོ་སོའི་སྐྱེ་བོའི་དགེ་བ་མཐའ་དག་གི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ་ལོ། །འཇིག་རྟེན་གྱི་སྒྲོན་མ་གང་དག་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པ་དེ་དག་ཐམས་ཅད་མྱ་ངན་ལས་མི་འདའ་བར་འཇིག་རྟེན་གྱི་དོན་མཛད་ཅིང་ཡུན་རིང་དུ་བཞུགས་པར་གསོལ་བར་འཚལ་ལོ། །སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། འཕགས་པ་


LT33_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བརྟན་ཆེན་པོ་བཅུ་དྲུག་འཁོར་དང་བཅས་པ་སྤྱན་དྲངས་ཏེ་ཕྱག་འཚལ་བ་དང་། མཆོད་ཅིང་དེ་དག་གི་སྨོན་ལམ་བཏབ་པ་དང་། དེ་དག་གི་སྤྱན་སྔར་སྡིག་པ་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཞིང་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པ་དང་། དེ་དག་གི་མཐུ་དཔལ་དང་བྱིན་བརླབས་ཀྱི་སྟོབས་ཀྱིས་བདག་ཅག་གི་ཐོག་མ་མ་མཆིས་པའི་འཁོར་བ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ལུས་ལ་ནད་མེད་པ་དང་ཚེ་རིང་བར་གྱུར་ཅིག །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་པར་གྱུར་ཅིག །མཐར་ཚོགས་གཉིས་ཡོངས་སུ་རྫོགས་ནས་རྡོ་རྗེའི་སྐུ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་བརྙེས་པར་གྱུར་ཅིག །ཡུལ་ཁམས་ཐམས་ཅད་དུའང་མི་ནད་དང་ཕྱུགས་ནད་དང་ལོ་ཉེས་པ་དང་དགྲའི་གནོད་པ་ལ་སོགས་པ་བཀྲ་མི་ཤིས་པའི་བག་ཅི་ཡང་མི་འབྱུང་བར་གྱུར་ཅིག །ཆར་ཆུ་དུས་སུ་བབས་ཏེ་ལོ་ཕྱུགས་འཕེལ་ཞིང་རྒྱས་པ་དང་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱང་བདེ་བ་


LT33_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་སྡུག་བསྔལ་དང་བྲལ་ཏེ་ཚོགས་གཉིས་རྫོགས་ཏེ་སངས་རྒྱས་པར་གྱུར་ཅིག །ཁྱད་པར་དུ་ཡང་དམ་པའི་ཆོས་ཡུན་རིང་དུ་གནས་ཤིང་རྒྱས་པར་གྱུར་ཅིག །དགེ་འདུན་ཐམས་ཅད་ཀྱང་ཆོས་སྤྱོད་བཅུ་དང་འཁོར་ལོ་གཉིས་ལ་སོགས་པ་སྒོ་གསུམ་དགེ་བའི་བྱ་བ་ཁོ་ན་ལ་ཉིན་མཚན་ཐམས་ཅད་དུ་བརྩོན་པར་གྱུར་ཅིག །དགེ་འདུན་མཐུན་ཞིང་དགེ་འདུན་གྱི་དོན་ཐམས་ཅད་འགྲུབ་པར་གྱུར་ཅིག །འདུས་པ་རྒྱ་མཚོའི་ཚོགས་དབྱར་གྱི་ཆུ་བོ་བཞིན་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །གཉིས་པ་ནི། ཕྱག་འཚལ་ལོ་ཞེས་པའི་དུས་སུ་མགོ་བོ་འདུད། མཆོད་དོ་ཞེས་པའི་དུས་སུ་མེ་ཏོག་འཐོར། །སྐྱབས་སུ་མཆིའོ་ཞེས་པའི་དུས་སུ་ཐལ་མོ་སྦྱར། བྱིན་གྱིས་བརླབ་ཏུ་གསོལ་ཞེས་པའི་དུས་སུ་སོ་སོའི་སྨོན་ལམ་ལས་འབྱུང་བའི་བདེ་ལེགས་ཐམས་ཅད་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་ཤོག་སྙམ་པའི་འདུན་པ་བྱ་བ་སོགས་བསམ་སྦྱོར་ཟུང་དུ་འབྲེལ་བར་བྱས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ༈ །སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དམ་པའི་ཆོས་སྐྱོང་ཞིང་ལྷ་མི་


LT33_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་བསོད་ནམས་ཀྱི་དཔལ་གྱི་ཞིང་དུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བཀའ་བསྒོས་ཏེ་མྱ་ངན་ལས་མི་འདའ་བར་འཇིག་རྟེན་ན་མངོན་སུམ་དུ་གཟིགས་ཤིང་བཀའ་ལུང་གི་རྗེས་སུ་བསྒྲུབས་པ་འཕགས་པའི་ཚིག་ངེས་པས་ཞལ་གྱིས་བཞེས་པ། ཞེས་པ་ཐམས་ཅད་ཀྱི་མགོར་སྦྱར་ནས། པྲི་ཡང་ཀུའི་གླིང་ན་འཕགས་པའི་གནས་བརྟན་ཆེན་པོ་སྒྲ་གཅན་ཟིན་འཁོར་དགྲ་བཅོམ་པ་སྟོང་ཆིག་བརྒྱས་བསྐོར་བའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། །བྱ་རྒོད་ཕུང་པོའི་རི་ལ་འཕགས་པའི་གནས་བརྟན་ཆེན་པོ་ལམ་ཕྲན་བརྟན་འཁོར་དགྲ་བཅོམ་པ་སྟོང་དྲུག་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས༴ སོགས་ཀུན་ལ་འགྲེའོ། །ཤར་གྱི་ལུས་འཕགས་གླིང་ན་འཕགས་པའི་གནས་བརྟན་ཆེན་པོ་བྷ་ར་དྷྭ་ཛ་བསོད་སྙོམས་ལེན་འཁོར་དགྲ་བཅོམ་པ་སྟོང་གིས་བསྐོར་ཏེ་བཞུགས་པའི་ཞབས་ལ༴ ལྷའི་གནས་སུམ་ཅུ་རྩ་གསུམ་ན་འཕགས་པའི་གནས་བརྟན་ཆེན་པོ་ལམ་བརྟན་འཁོར་དགྲ་བཅོམ་པ་དགུ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ༴ རིའི་རྒྱལ་པོ་ངོས་ཡངས་ལ་འཕགས་པའི་གནས་བརྟན་ཆེན་པོ་ཀླུའི་


LT33_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་འཁོར་དགྲ་བཅོམ་པ་སྟོང་ཉིས་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ༴ རིའི་རྒྱལ་པོ་བྷི་ཧུ་ལ་འཕགས་པའི་གནས་བརྟན་ཆེན་པོ་སྦེད་བྱེད་འཁོར་དགྲ་བཅོམ་པ་སྟོང་བཞི་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ༴། གངས་ཅན་རིའི་རྒྱལ་པོ་ལ་འཕགས་པའི་གནས་བརྟན་ཆེན་པོ་མི་ཕྱེད་པ་འཁོར་དགྲ་བཅོམ་པ་སྟོང་གིས་བསྐོར་ཏེ་བཞུགས་པའི་ཞབས་ལ༴ གངས་རི་ཆེན་པོ་ཏི་སེ་ན་འཕགས་པའི་གནས་བརྟན་ཆེན་པོ་ཡན་ལག་འབྱུང་འཁོར་དགྲ་བཅོམ་པ་སྟོང་སུམ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ༴ དྲང་སྲོང་རིའི་ངོགས་ཤེལ་ནགས་ན་འཕགས་པའི་གནས་བརྟན་ཆེན་པོ་མ་ཕམ་པ་འཁོར་དགྲ་བཅོམ་པ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ༴ རིའི་གནས་ཀྱི་ངོགས་ལོ་མ་བདུན་པ་ཞེས་བྱ་བའི་རི་ཕུག་ན་འཕགས་པའི་གནས་བརྟན་ཆེན་པོ་ནགས་ན་གནས་འཁོར་དགྲ་བཅོམ་པ་སྟོང་བཞི་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ༴ ཟངས་གླིང་ན་འཕགས་པའི་གནས་བརྟན་ཆེན་པོ་དུས་ལྡན་འཁོར་དགྲ་བཅོམ་པ་སྟོང་ཆིག་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ༴ སིང་ག་ལའི་གླིང་ན་འཕགས་པའི་གནས་བརྟན་ཆེན་པོ་རྡོ་རྗེ་མོའི་བུ་འཁོར་དགྲ་བཅོམ་པ་སྟོང་གིས་བསྐོར་ཏེ་བཞུགས་པའི་ཞབས་ལ༴ །ཆུ་བོ་ཡ་


LT33_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ནའི་གླིང་ན་འཕགས་པའི་གནས་བརྟན་ཆེན་པོ་བཟང་པོ་འཁོར་དགྲ་བཅོམ་པ་སྟོང་ཉིས་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ། ཁ་ཆེའི་ཡུལ་ན་འཕགས་པའི་གནས་བརྟན་ཆེན་པོ་གསེར་བེའུ་འཁོར་དགྲ་བཅོམ་པ་ལྔ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ། ནུབ་ཀྱི་བ་ལང་སྤྱོད་ན་འཕགས་པའི་གནས་བརྟན་ཆེན་པོ་བྷ་ར་དྷྭ་ཛ་གསེར་ཆེན་མཆོག་འཁོར་དགྲ་བཅོམ་པ་བདུན་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ །བྱང་གི་སྒྲ་མི་སྙན་ན་འཕགས་པའི་གནས་བརྟན་ཆེན་པོ་བ་ཀུ་ལ་འཁོར་དགྲ་བཅོམ་པ་དགུ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། །འཕགས་པའི་དགེ་བསྙེན་དྷརྨ་ཏཱ་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། །འདི་ནི་གསོལ་འདེབས་ཀྱི་བསྙེན་པ་ཞེས་ཉམས་ལེན་དངོས་གཞི་ཡིན་པས་བརྒྱ་སྟོང་ཁྲི་འབུམ་གང་ལྕོགས་དང་། ཐ་ནའང་བདུན་ནམ་གསུམ་ལ་སོགས་པ་ངེས་པར་བརྗོད་པ་གལ་ཆེའོ། །དེ་ནས་གཟུངས་སྔགས་བཟླ་བར་སྤྲོ་ན། །དཀོན་མཆོག་གསུམ་གྱི་བདེན་པ་དང་། དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་མཐུ་དང་བྱིན་གྱིས་བརླབ་དང་།


LT33_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་དང་། འཕགས་པ་སྐུ་གསུང་ཐུགས་ཀྱི་སྤྱོད་པ་མ་དག་པ་མི་མངའ་བ་རྣམས་ཀྱི་ཐུགས་ངེས་པའི་བདེན་པས། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་གྱི་ཚོགས་དང་བཅས་པ་ཐམས་ཅད་གདན་འཛོམ་པ་ཆེན་པོ་མཛད་དེ། མཆོད་པ་བཞེས་ཤིང་། གཟུངས་སྔགས་བཟླས་པ་ཚུལ་བཞིན་ཏུ་འགྲུབ་པར་བྱིན་གྱིས་རློབ་པར་མཛད་དེ། བདག་སོགས་འགྲོ་བ་མང་པོའི་དོན་དཔག་ཏུ་མེད་པ་མཛད་པར་གྱུར་ཅིག །དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། དེས་འཕགས་པ་ཐམས་ཅད་སེམས་ཅན་གྱི་དོན་ལ་བསྐུལ་ཞིང་། ངན་སོང་གི་གནས་ཐམས་ཅད་སྦྱངས་ཏེ། སེམས་ཅན་ཐམས་ཅད་མཐོ་རིས་དང་ཐར་པའི་གོ་འཕང་ལ་འཇུག་པར་གྱུར་ཅིག །འོད་ཟེར་དེས་བདག་ཅག་རྣམས་ལ་ཁྱབ་པས་འགྲོ་དོན་དཔག་མེད་སྒྲུབ་ནུས་པའི་མཐུ་ཐོབ་སྟེ་དེ་བཞིན་གཤེགས་པ་རྣམས་དང་སྐུ་གསུང་ཐུགས་མཚུངས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་བསྒྲུབ་བྱའི་


LT33_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དང་འཁོར་དང་ཡོ་བྱད་ལ་ཁྱབ་སྟེ། ནད་དང་གནོད་པ་ཐམས་ཅད་ནི་བསལ། ལུས་སེམས་ཀྱི་སྐྱོན་ཐམས་ཅད་དང་ནི་བྲལ་ཏེ་ཆོས་ཀྱི་སྣོད་རུང་དུ་གྱུར་ཅིག །བདག་ཅག་རྣམས་ཀྱིས་འཕགས་པ་རྣམས་མངོན་སུམ་པ་ལྟ་བུར་དམིགས་ནས་གཟུངས་བཟླས་པས་དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་སྒོ་སྣ་ཚོགས་དང་ཚིག་འབྲུ་མཐའ་ཡས་པ་རྟོགས་ཤིང་རྣམ་པར་དག་པར་བྱིན་གྱིས་རློབས་པར་གྱུར་ཅིག །ཅེས་བདེན་ཚིག་གིས་བསྔོས་ནས། འཕགས་པ་རྣམས་ཀྱིས་གནང་ཞིང་ཕྲིན་ལས་མཛད་པར་ངེས་ཤེས་བསྐྱེད་དེ། ཇི་ལྟར་བསྔོས་པ་བཞིན་དུ་གྱུར་པར་དམིགས་ནས། ཨོཾ་ན་མོ་བྷ་ག་བ་ཏེ་ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། །ཞེས་གཟུངས་རིང་ཉེར་གཅིག་གམ་བདུན་དང་གསུམ་ལ་སོགས་པས་སྣ་དྲངས་ནས་མུ་ནི་གང་འགྲུབ་དང་། མུ་ན་ཡེའི་མཐར། སརྦ་སངྒྷ་པ་རི་པཱུ་ར་ཀ་སྭཱ་ཧཱ། །ཞེས་དགེ་འདུན་འཕེལ་བའི་ཤམ་བུའང་སྤྲོ་ན་ཅི་རིགས་གདགས་ལ་བཟླ། གསུམ་པ་ལ་གཉིས། སྨོན་ལམ་དངོས་དང་། འཕྲོས་དོན་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་དཔལ་རྒྱལ་བ་


LT33_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱ་ཐུབ་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཐུགས་བརྩེ་བ་ཆེན་པོས་དགོངས་སུ་གསོལ། ཁྱེད་ཀྱིས་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་མུན་པར་ཆུད་པའི་སེམས་ཅན་སྐྱོབ་པ་མ་མཆིས་པ། སྐྱབས་མ་མཆིས་པ། དཔུང་གཉེན་མ་མཆིས་པ། སྡུག་བསྔལ་གྱི་སྣོད་དུ་གྱུར་པའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བས་དགོངས་ཏེ། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་དྲུང་དུ་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་ཅིང་བྱང་ཆུབ་ཏུ་དམ་བཅའ་བར་མཛད་པ་དེའི་ཚེ་སྟོན་པ་འཁོར་དང་བཅས་པས་ཀྱང་སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་ཀྱིས་སྨོན་ལམ་བཏབ་པ་ལེགས་སོ་ལགས་སོ། །ཞེས་སོགས་བསྔགས་པ་བརྗོད་ཅིང་ཁྱོད་ནི་མ་འོངས་པའི་དུས་ན་འཇིག་རྟེན་གྱི་ཁམས་མི་མཇེད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ལོ་བཞི་བཅུ་རྩ་ལྔས་སངས་རྒྱས་ཀྱི་མཛད་པ་དེ་ལྟ་བུ་མང་པོ་དག་བྱེད་པར་འགྱུར་རོ། །ཁྱོད་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ལོ་སྟོང་དུ་གནས་པར་འགྱུར་རོ། །དམ་པའི་ཆོས་ནུབ་


LT33_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང་སྐུ་གདུང་རྣམས་ཀྱིས་སྨོན་ལམ་བཏབ་པ་དེ་ལྟར་འགྱུར་ཏེ་ཇི་སྐད་སྨོས་པ་བཞིན་ཏུ་ཡུན་རིང་པོར་སེམས་ཅན་རྣམས་འདུལ་བར་འགྱུར་རོ། །ཞེས་ལུང་བསྟན་པ་དེ་བཞིན་ཏུ་དེང་འདིར་ཡང་མཚན་ནས་བརྗོད་དེ་ཕྱག་འཚལ་ཞིང་མཆོད་པ་འབུལ་ན། བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱང་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་སྨིན་པར་བགྱིད་པའི་སླད་དུ། དགའ་ལྡན་གྱི་གནས་ནས་བབས་ཏེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རིགས་སུ་བཙུན་མོ་དམ་པའི་མངལ་ན་གནས་པ་ཉེ་བར་འཛིན་པ་ལ་སོགས་པ་མགོན་པོ་ཁྱོད་ཀྱིས་བཏབ་པའི་སྨོན་ལམ་ཆེན་པོ་ཐམས་ཅད་འགྲུབ་པར་གྱུར་ཅིག །ཅེས་པ་དང་། འཕགས་པ་སྒྲ་གཅན་འཛིན་ལ་སོགས་པ་གནས་བརྟན་ཆེན་པོ་བཅུ་དྲུག་པོ་རེ་རེ་ལ་དགྲ་བཅོམ་པ་དུ་མས་ཀུན་ནས་བསྐོར་ཏེ་འཚོ་ཞིང་གཞེས་པ་དགོངས་སུ་གསོལ། དུས་ངན་པའི་སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ་མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ་ངན་སོང་ནས་ངན་འགྲོར་འོག་ནས་འོག་ཏུ་ལྟུང་བར་འགྱུར་བའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བར་དགོངས་ཏེ། སྔོན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྤྱན་སྔར་མྱ་


LT33_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལས་མི་འདའ་བར་འཇིག་རྟེན་ཏུ་མངོན་སུམ་བཞུགས་ཤིང་བཀའ་ལུང་གི་རྗེས་སུ་བསྒྲུབ་པར་འཕགས་པའི་ཚིག་བདེན་པས་ངེས་པར་ཞལ་གྱིས་བཞེས་པ་དམ་པའི་ཆོས་སྐྱོང་ཞིང་འགྲོ་བ་ཀུན་གྱི་བསོད་ནམས་ཀྱི་དཔལ་གྱི་ཞིང་དུ་གྱུར་པ་འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་འཁོར་དང་བཅས་པའི་མཐུ་དང་བྱིན་གྱི་རླབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གསུངས་པའི་དམ་པའི་ཆོས་མཐའ་དག་འཇིག་རྟེན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག །གླེགས་བམ་ལ་བྲིས་ཏེ་འཆང་བ་དང་མཆོད་པ་དང་བཀུར་སྟི་བགྱིས་པ་དང་འཛིན་པ་དང་ཀློག་པ་དང་ཁ་ཏོན་བགྱིད་པ་དང་གཞན་དག་ལའང་རྒྱ་ཆེར་སྟོན་པར་གྱུར་ཅིག །ཉན་ཐོས་དང་ཐེག་པ་ཆེན་པོའི་གང་ཟག་ཐམས་ཅད་ཀྱང་རང་རང་གི་མཛད་པ་ཕྲིན་ལས་རྒྱས་པར་གྱུར་ཅིག །རྟག་ཏུ་སྡེ་སྣོད་དུ་མཉན་པ་དང་འཆད་པ་དང་རྩེ་གཅིག་ཏུ་མོས་པ་དང་འཇིག་རྟེན་ཐམས་ཅད་དུ་བཀྲ་ཤིས་པ་དང་གཟི་བྱིན་ཆགས་པ་དང་བདེ་བ་དང་ལེགས་པ་ཐམས་ཅད་འབྱུང་བ་དང་ཅི་བསམ་པའི་དོན་ཐམས་ཅད་འགྲུབ་པར་གྱུར་ཅིག །ངན་སོང་དང་ངན་འགྲོ་ལས་གྲོལ་ཏེ་རབ་ཏུ་དགའ་བ་རྒྱས་པར་འགྱུར་བ་དང་རིག་པའི་ཡེ་ཤེས་རྒྱས་པར་གྱུར་ཅིག །ནམ་མཁའ་རྣམ་


LT33_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་པ་ལྟར་དཀར་པོའི་ཡོན་ཏན་ཐམས་ཅད་རྒྱས་པར་གྱུར་ཅིག །རིག་པའི་གནས་ལྔ་ལ་མཁས་པར་གྱུར་ཅིག །བདག་དང་སེམས་ཅན་ཐམས་ཅད་བསླབ་པ་གསུམ་གྱིས་མཛེས་པར་གྱུར་ཅིག །ཁྱད་པར་དུའང་རང་རྒྱུད་ཀྱི་ཉོན་མོངས་པ་ཐམས་ཅད་ཞི་བར་གྱུར་ཅིག །ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་སྣ་ཚོགས་དཔག་ཏུ་མེད་པས་མཆོད་པར་གྱུར་ཅིག །ལྷག་པར་ཡང་གནས་བརྟན་ཆེན་པོ་སོ་སོ་རང་རང་གི་བདེན་པའི་སྟོབས་ཀྱི་བྱིན་གྱིས་བརླབས་པ་རྣམས་དང་། སོ་སོའི་བྱིན་རླབས་ཀྱི་ཁྱད་པར་གྱིས་སྡིག་པ་དང་སྡུག་བསྔལ་ཞི་ཞིང་དགེ་བ་དང་བདེ་ལེགས་འཕེལ་བའི་ཕན་ཡོན་ཇི་སྐད་གསུངས་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་དང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། སྤྱན་མི་བཟང་དང་རྣམ་ཐོས་སྲས་ལ་སོགས་པ་དམ་པའི་ཆོས་སྐྱོང་བ་ལྷའི་དགེ་བསྙེན་འཁོར་དང་བཅས་པ་དགོངས་སུ་གསོལ། །སྔོན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྤྱན་སྔར་ལྷའི་ཚིག་བདེན་པས་ཛམ་བུའི་གླིང་སོགས་ཡུལ་རྣམས་དང་། གྲོང་དང་ལྷ་དང་མི་དང་


LT33_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བོའི་ཚོགས་དང་། ཆོས་དང་ཆོས་སྨྲ་བ་དང་བཅས་པའི་སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་སྐྱོང་བར་ཞལ་གྱིས་བཞེས་པ་བཞིན་ཏུ་ཕན་ཡོན་ཇི་སྐད་གསུངས་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པའི་མཐར། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་དང་། འཕགས་པ་སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་མ་དག་པ་མི་མངའ་བ་རྣམས་ཀྱི་ཐུགས་དམ་ངེས་པས་དེ་བཞིན་ཏུ་གྱུར་ཅིག །ཅེས་བརྗོད་ཅིང་མེ་ཏོག་འཐོར་རོ། །ཆོ་ག་དཀྱུས་མ་ལ་འདི་ནས་རྗེས་ཀྱི་གཏོར་འབུལ་ལ་འཇུག་གོ། །གཉིས་པ་ནི། སོ་སོའི་དམིགས་བསལ་གྱི་དགོས་པ་དང་བསྟུན་ནས་གསོལ་འདེབས་དང་དམིགས་པའི་ཁ་བསྒྱུར་མང་དུ་གསུངས་པ་ལས་གལ་ཆེ་བ་རང་གཞན་གྱི་སྡིག་པ་སྦྱོང་བའི་གསོལ་བ་གདབ་པར་འདོད་ན། གནས་བརྟན་ཆེན་པོ་དགྲ་བཅོམ་པ་དཔག་ཏུ་མེད་པའི་ཚོགས་དང་བཅས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དགྲ་བཅོམ་པའི་རྣམ་པར་བྱོན་ཏེ། ཕྱག་ན་རིན་པོ་ཆེའི་བུམ་པ་བདུད་རྩིའི་


LT33_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཆུས་གང་བ་བསྣམས་ནས་བདག་ལ་སོགས་པར་ཁྲུས་གསོལ་བར་གྱུར་པར་བསམ་ལ་གོང་དུ་སྨོས་པའི་གསོལ་འདེབས་ཀྱི་བསྙེན་པ་བྱ་ཞིང་། མཐར་གསོལ་བ་གདབ་པ་ནི། རྒྱལ་བ་གང་དག་ཡོན་ཏན་གྱིས་གྲུབ་པ་དཔག་ཏུ་མེད་པར་གྱུར་པ། ཉོན་མོངས་པའི་ཆུ་བོའི་འདམ་རྫབ་ལས་ཡང་དག་པར་བརྒལ་བ། གཏོང་བ་དང་ལྡན་ཞིང་ཚུལ་ཁྲིམས་རྣམ་པར་དག་པ་བཟོད་པ་ཆེན་པོའི་མཆོག་དང་ལྡན་པ། བརྩོན་འགྲུས་སྦྱངས་ཤིང་གཡོ་བ་མི་མངའ་བའི་བསམ་གཏན་ཆེན་པོ་དང་ལྡན་པ་མཁྱེན་རབ་རྣོ་བ་ཐོགས་པ་མེད་པ་དང་ལྡན་པ། འཇིག་རྟེན་ཐམས་ཅད་ལ་ཐུགས་བརྩེ་བ། དེ་ལ་མངོན་པར་བརྩོན་པ། བྱམས་པའི་ཐུགས་ཀྱི་བདག་ཉིད་ཅན་རྣམས་ལ་བདག་གི་ལུས་དང་ངག་དང་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །རྒྱལ་བ་དེ་དག་གི་བདག་སྡིག་པ་ཐམས་ཅད་ལས་རྣམ་པ་ཐམས་ཅད་དུ་བསྐྱབ་ཏུ་གསོལ། །སྡུག་བསྔལ་དུ་མས་གདུང་བའི་སེམས་ཅན་ཐམས་ཅད་ཀྱང་རབ་ཏུ་བརྩོན་པས་དྲང་དུ་གསོལ། །ཐུགས་རྗེ་ཆེན་པོ་དང་ལྡན་པས་བདག་ངན་འགྲོ་ལས་སྒྲོལ་ཞིང་བྱང་ཆུབ་ཆེན་པོ་ལ་མྱུར་དུ་བཞག་ཏུ་གསོལ། །བདག་སྲས་གཅིག་དང་འདྲ་བར་ཐུགས་བརྩེ་བས་དགོངས་སུ་གསོལ། །བདག་སློབ་མ་སྡུག་པ་དང་འདྲ་


LT33_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསླབ་ཏུ་གསོལ། །ཐུགས་རྗེ་ཆེན་པོའི་ཆབ་ཀྱིས་བདག་བཀྲུ་བར་གསོལ། །ངོ་ཚ་མཁྱེན་པའི་ན་བཟའ་བདག་ལ་དགབ་ཏུ་གསོལ། །བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་རྣམས་ཀྱིས་བདག་ལ་གཏོར་དུ་གསོལ། །རྒྱལ་བ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། །སེང་གེའི་སྒྲ་ཆེན་པོས་བདག་ལ་ལུང་བསྟན་དུ་གསོལ། །བདག་རྒྱལ་བ་སྲས་དང་བཅས་པའི་དྲུང་དུ་གཞོན་ནུ་རབ་ཏུ་བྱུང་བ་དང་། །ལྐོག་མ་ཡིན་པའི་རབ་ཏུ་བྱུང་བ་དང་། །ཡང་དག་པའི་རབ་ཏུ་བྱུང་བ་དང་། དེ་ཁོ་ནའི་རབ་ཏུ་བྱུང་བས་རབ་ཏུ་འབྱུང་བར་གྱུར་ཅིག །དེ་ཡང་འཇིག་རྟེན་ལས་ཁྱད་པར་དུ་འཕགས་པའི་སྐྱོན་མེད་པ། །མ་འདྲེས་པ་རྙོག་པ་མེད་པ། །ལྷ་དང་མི་དག་མངོན་པར་དགའ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྔགས་པ། སེམས་ཅན་ལ་སྨན་པའི་སླད་དུ་བདག་རབ་ཏུ་འབྱུང་བར་གྱུར་ཅིག །བདག་གི་ཉོན་མོངས་ལས་རྣམས་ཀྱི། །དྲི་མ་དེ་བཞིན་གཤེགས་པས་སོལ། །སངས་རྒྱས་རྣམས་ཀྱིས་བདག་ལ་ནི། །ཐུགས་རྗེའི་ཆུ་ཡིས་བཀྲུ་བར་གསོལ། །ཞེས་གསོལ་བ་གདབ་བོ། །འཇིག་རྟེན་ཏུ་ཆོས་ཀྱི་འཆད་ཉན་དང་སངས་རྒྱས་ཀྱི་བསྟན་པ་དར་བར་གསོལ་བ་གདབ་པར་འདོད་པས། འཕགས་པའི་ཉན་ཐོས་དགྲ་


LT33_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པ་སྤྱི་དང་། བྱེ་བྲག་གནས་བརྟན་ཆེན་པོ་རྣམས་དང་། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དགྲ་བཅོམ་པའི་རྣམ་པར་མདུན་གྱི་ནམ་མཁའ་འམ་རང་གི་གནས་ཁང་དུ་བྱོན་ནས་ཕྱག་ན་སྡེ་སྣོད་ཀྱི་གླེགས་བམ་བསྣམས་ཤིང་། ཆོས་འཆད་ཀྱི་ཕྱག་རྒྱ་བཅས་པས་བཞུགས་པ་རྣམས་ཀྱིས་ཆོས་ཀྱི་སྒྲ་སྒྲོགས་པར་བསམ་ལ་གསོལ་འདེབས་ཀྱི་བསྙེན་པའི་མཐར། །འགྲོ་བའི་མུན་སེལ་བསྟན་པའི་སྒྲོན་མེ་འཛིན། །ཁྱེད་ཀྱིས་བདུད་རྩིའི་གྲོང་ཁྱེར་སྒོ་དབྱེར་གསོལ། །ཆོས་ཀྱི་རྔ་ཆེན་དམ་པ་བརྡུང་དུ་གསོལ། །ཆོས་ཀྱི་དུང་གི་མཆོག་ཀྱང་འབུད་དུ་གསོལ། །ཆོས་ཀྱི་སྒྲོན་མེ་མཆོག་ཀྱང་སྦར་དུ་གསོལ། །ཆོས་ཀྱི་ཆར་པ་དམ་པ་དབབ་ཏུ་གསོལ། །ཆོས་ཀྱི་རྒྱལ་མཚན་དམ་པ་སྒྲེང་དུ་གསོལ། །ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་དུ་གསོལ། །ཉོན་མོངས་དགྲ་ཚོགས་རྣམས་ལས་རྒྱལ་བར་མཛོད། །སྲིད་པའི་མཚོ་ལས་སེམས་ཅན་རབ་ཏུ་སྒྲོལ། །ངན་སོང་གསུམ་གྱི་ལམ་རྣམས་དགག་ཏུ་གསོལ། །སྲོག་ཆགས་ཉོན་མོངས་མེས་གདུངས་ཞི་མཛད་པ། །ཡེ་ཤེས་རལ་གྲིས་ཉོན་མོངས་རྒྱ་དབྲལ་གསོལ། །ཆོས་ཀྱི་བདུད་རྩིས་སེམས་ཅན་ཚིམ་མཛད་གསོལ། །བྱང་ཆུབ་ཡོན་ཏན་རྒྱ་མཚོས་


LT33_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ངོམས་མཛད་གསོལ། །སེམས་ཅན་སྡུག་བསྔལ་མཚོ་ལས་ཐར་མཛད་གསོལ། །བདེ་བ་ཀུན་གྱི་རྒྱ་མཚོ་ཐོབ་མཛད་གསོལ། །སྔོན་ཆད་སུས་ཀྱང་མ་བསྐོར་བའི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ཞེས་གསོལ་བ་གདབ་བོ། །རང་གི་རྒྱུད་ལ་བསླབ་གསུམ་རྣམ་པར་དག་པར་སྐྱེ་བར་འདོད་ན། གནས་བརྟན་ཆེན་པོ་རྣམས་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དགྲ་བཅོམ་པའི་རྣམ་པར་རང་གི་མདུན་ན་སྐྱིལ་ཀྲུང་དང་མཉམ་བཞག་ཏུ་བཞུགས་ཏེ་བདག་བྱིན་གྱིས་རློབ་པར་བསམ་ལ་གསོལ་འདེབས་ཀྱི་བསྙེན་པའི་མཐར། །སངས་རྒྱས་སྤྲུལ་པའི་དགྲ་བཅོམ་པ། །འཕགས་པའི་གནས་བརྟན་དགེ་སྦྱོང་ཆེ། །དཀོན་མཆོག་རིན་ཆེན་གསུམ་གྱི་དངོས། །ཉན་ཐོས་ཆེན་པོ་སྤྲུལ་པའི་སྐུ། །ཐུགས་རྗེའི་བདག་ཉིད་ཅན་རྣམས་དང་། །འཕགས་པའི་དགེ་སློང་དགྲ་བཅོམ་པ། །ཁྲི་དང་དྲུག་སྟོང་བཞི་བརྒྱ་རྣམས། །དགྲ་བཅོམ་ཟག་ཟད་ཉོན་མོངས་མེད། །བྱ་བ་བྱས་ཤིང་བྱེད་པ་བྱས། །སེམས་དང་ཤེས་རབ་རྣམ་པར་གྲོལ། །ཅང་ཤེས་རྟ་དང་གླང་ཆེན་བཞིན། །ཁུར་བོར་རང་དོན་རབ་ཏུ་ཐོབ། །སྲིད་པར་ཀུན་སྦྱོར་ཡོངས་ཟད་པ། །སེམས་ཀྱི་དབང་རྣམས་མཆོག་ཐོབ་པ། །མངོན་ཤེས་རྫུ་འཕྲུལ་ཡོན་ཏན་དང་། །ཡོན་ཏན་


LT33_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོའི་ཕ་རོལ་བྱོན། །འཕགས་པའི་གནས་བརྟན་ཁྱོད་རྣམས་ནི། །སེམས་ཅན་རྣམས་ལ་ཐུགས་བརྩེ་བས། །མ་དུལ་བ་ནི་དུལ་བར་མཛད། །མ་དག་དག་པར་མཛད་པ་པོ། །མགོན་སྐྱབས་མེད་ལ་མགོན་སྐྱབས་མཛད། །མ་གྲོལ་གྲོལ་བར་མཛད་པ་པོ། །མ་ཞི་བ་རྣམས་ཞི་བར་མཛད། །སྨན་ཆེན་སྨན་པའི་རྒྱལ་པོ་ལྟར། །སེམས་ཅན་རྣམས་ཀྱི་གསོས་གྱུར་པ། །རིག་དང་ཞབས་སུ་ལྡན་པ་ཡི། །སྦྱིན་གནས་དུལ་ཞིང་དགེ་འདུན་ཆེ། །ཞུགས་པ་རྣམ་པ་བཞི་དང་ནི། །འབྲས་ལ་གནས་པ་རྣམ་བཞི་ལ། །བདག་ཅག་གུས་པས་ཕྱག་འཚལ་ལོ། །བྱིན་རླབས་ཆེན་པོ་མཛད་དུ་གསོལ། །དད་ལྡན་བསོད་ནམས་གང་འདོད་པ། །རྫས་ལས་བྱུང་བའི་བསོད་ནམས་ནི། །རྟག་ཏུ་བྱེད་པ་རྣམས་ཀྱི་ཞིང་། །གང་ལ་ཕུལ་ན་འབྲས་ཆེ་བ། །དེ་ལ་གུས་པས་ཕྱག་འཚལ་ལོ། །བདག་རྒྱུད་ཞི་དང་དུལ་བ་ཡི། །ཐུགས་རྗེ་ཐུགས་བརྩེ་མཛད་པར་གསོལ། །ཞེས་རང་གི་བླ་མ་དགེ་བའི་བཤེས་གཉེན་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། འཕགས་པ་དགྲ་བཅོམ་པ་ཆེན་པོ་རྣམས་ལ་གསོལ་བ་བཏབ་པས་དེ་རྣམས་ཀྱི་ཐུགས་དགོངས་པ་གཅིག་པས་བྱིན་གྱིས་བརླབས་པར་བསམ་ན། རང་གི་བློ་སྣ་བཟང་པོ་གོང་ནས་གོང་དུ་


LT33_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བར་འགྱུར་རོ། །ཞེས་གསུངས་སོ། །ནོར་འདོད་ན་ཐམས་ཅད་ཀྱི་ཕྱག་ན་ནེའུ་ལེ་བསྣམས་པར་བསམ། ཉམས་མྱོང་འཕེལ་བར་འདོད་ན་ཐམས་ཅད་མཉམ་བཞག་ཏུ་བསམ། བཀྲ་ཤིས་པར་འདོད་ན་ཐམས་ཅད་གཟི་བྱིན་དང་ལྡན་པ་ཕྱག་ན་ཟས་བཟང་པོས་བཀང་བའི་ལྷུང་བཟེད་བསྣམས་པར་བསམ། གསོལ་འདེབས་ཐམས་ཅད་ལ་ཁ་ཙམ་ཚིག་ཙམ་མ་ཡིན་པར་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བརྩེ་གཅིག་ཏུ་འདེབས་པ་གལ་ཆེ་ཞིང་། དགེ་སློང་སོགས་ཚུལ་ཁྲིམས་རྣམ་པར་དག་པ་མང་པོས་མགྲིན་གཅིག་ཏུ་གསོལ་བ་བཏབ་ན་བྱིན་རླབས་ལྷག་པར་མྱུར་རོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་དང་པོ་གཏོར་མ་འབུལ་བ་ནི། གཏོར་མ་ཨ་མྲྀ་ཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བྷྲཱུྃ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་དང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་ནས་ ཁཾ་སྭཱ་ཧཱ། ཞེས་ལན་གསུམ་གྱི་བྱིན་གྱིས་བརླབས་ལ། །རྩ་བརྒྱུད་བླ་མ་མ་ལུས་དང་། །གང་དག་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་དང་། །ཚངས་པ་དང་ནི་བརྒྱ་བྱིན་དང་། །འཇིག་རྟེན་སྐྱོང་བ་དབང་ཕྱུག་ཆེ། །གནོད་སྦྱིན་སྡེ་དཔོན་སྟོབས་ཆེན་དང་། །འཕྲོག་མ་བུ་དང་བཅས་རྣམས་དང་། །གང་དག་བར་


LT33_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྤྱོད་པ་རྣམས། །མེ་ཏོག་ལ་སོགས་མཆོད་པ་རྣམས། །སེམས་ཅན་དོན་ཏུ་རྣམ་ཀུན་གྱིས། །རྟག་ཏུ་བརྩེ་བས་བཞེས་སུ་གསོལ། །ཞེས་དཀོན་མཆོག་དང་ཆོས་སྐྱོང་བའི་དགེ་བསྙེན་རྣམས་ལ་སྤྱིར་འབུལ། བྱེ་བྲག་ཏུ། ཨོཾ་དྷྲྀཥྚ་རཥྚཱ་ཡ། བཻ་རུ་ཌྷ་ཀཱ་ཡ། བི་རཱུ་པཀྵཱ་ཡ། བཻ་ཤྲ་བ་ཱ་ཡ་ཨི་དཾ་བ་ལི༚་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་གྱིས་ཕུལ་ནས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱིས་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཞེས་པས་རྒྱལ་ཆེན་གཏོར་མ་གཙང་སར་ཕུལ་ལོ། །ཆོ་ག་རྒྱས་པའི་སྐབས་རིགས་དྲུག་གཞི་བདག་གཏོར་མ་དང་ཆ་


LT33_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བཅས་སྤྱི་ལྟར་སྐབས་འདིར་སྦྱར་རོ། །མཆོད་བསྟོད་ནི། །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །བཟོད་གསོལ་ནི། བདག་ཅག་དུས་ངན་པའི་སེམས་ཅན་སྤྱོད་པ་དམན་ཞིང་མ་དག་པས་མ་འཚལ་བ་དང་། ལུས་ངག་ཡིད་གསུམ་ཉོན་མོངས་པ་དང་འདྲེས་པ་དང་། མཆོད་པའི་དངོས་པོ་ཆུང་ཞིང་དམན་པ་དང་། གཙང་སྦྲས་མ་ཕྱེད་པ་དང་། མདོ་ལས་བྱུང་བའི་ཆོ་ག་བཞིན་ཏུ་མ་ལྕོགས་པ་ལ་སོགས་པ་འཁྲུལ་ཞིང་ནོངས་པ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་བཟོད་པར་གསོལ་ཞིང་མཆིས་ན། ཐུགས་བརྩེ་བར་དགོངས་ཏེ་བཟོད་པར་བཞེས་ཤིང་འཕྲལ་དང་ཡུན་ཏུ་བདག་ཅག་གི་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། །གཤེགས་གསོལ་ནི། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ཀྱིས་བདག་ཅག་དང་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ལགས་ཀྱི་སོ་སོའི་ཞིང་ཁམས་སུ་འཁོར་དང་བཅས་པ་གཤེགས་སུ་གསོལ་ལ། །


LT33_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་སེམས་ཅན་དོན་ལ་ཐུགས་རྗེས་འབྱོན་པར་ཞུ། །ཞེས་སམ། རྟེན་ཡོད་ན་བརྟན་བཞུགས་སྤྱི་མཐུན་བྱས་ཀྱང་ཆོག །བསྔོ་བ་ནི། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །སྨོན་ལམ་ནི། སངས་རྒྱས་སྤྲུལ་པ་དགྲ་བཅོམ་འཕགས་པའི་ཚོགས། །འགྲོ་བའི་དོན་ཏུ་བསྟན་པ་སྐྱོང་མཛད་པའི། །དཀོན་མཆོག་གསུམ་དངོས་གནས་བརྟན་བཅུ་དྲུག་གིས། །བསྟན་པ་ཡུན་རིང་གནས་པར་བྱིན་གྱིས་རློབས། །ཐུགས་རྗེའི་བདག་ཉིད་གནས་བརྟན་བཅུ་དྲུག་གི། འཁོར་ཚོགས་སྲིད་མཚོ་ལས་བརྒལ་ཉོན་མོངས་མེད། །ཁྲི་དང་དྲུག་སྟོང་བཞི་བརྒྱའི་ཚོགས་རྣམས་ཀྱིས། །བསྟན་པ་ཡུན་རིང་གནས་པར་བྱིན་གྱིས་རློབས། །བསོད་ནམས་རྒྱ་མཚོ་ཡོངས་སུ་རྫོགས་བྱེད་ཅིང་། །ཡེ་ཤེས་རྒྱ་མཚོ་རྣམ་པར་དག་གྱུར་ཏེ། །ཡོན་ཏན་རྒྱ་མཚོ་མ་ལུས་ཀུན་རྫོགས་ནས། །འཇིག་རྟེན་ཀུན་ལས་ཁྱད་པར་འཕགས་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་


LT33_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །བདེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །དེ་ནས་བཀྲ་ཤིས་ནི། ཞལ་ནས་གསུངས་པའི་ཚིགས་སུ་བཅད་པས་ཐོག་དྲངས་ཏེ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་མཆོག་གི་བཀྲ་ཤིས་ཤོག །དུས་གསུམ་རྒྱལ་བ་རྒྱལ་སྲས་ཐུགས་རྗེ་ཡིས། །ཉན་ཐོས་ཚུལ་བཟུང་སྲིད་པ་ཇི་སྲིད་བར། །བསྟན་པ་སྐྱོང་ཞིང་འགྲོ་བའི་དོན་མཛད་པ། །གནས་བརྟན་ཆེན་པོ་རྣམས་ཀྱི་བཀྲ་ཤིས་ཤོག །ཟབ་ཅིང་རྒྱ་ཆེན་གཟིགས་པ་པོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རྒྱལ་ཆེན་བཞི་ཡི་བཀྲ་ཤིས་ཤོག །ཅེས་བརྗོད་ཅིང་རོལ་མོ་ལྡིར་ལ་དགེ་ལེགས་ཀྱི་མེ་ཏོག་ཆར་དུ་བསྙིལ་བར་བྱའོ། །ཐུགས་བསྐྱེད་སྟོབས་ཀྱིས་དམ་ཆོས་སྐྱོང་བཞིན་ཏུ། །ཞིང་འདིར་མངོན་བཞུགས་འཕགས་པའི་མཆོག་འདི་རྣམས། །ཐུབ་བསྟན་ལང་ཚོ་སྙིགས་མས་བཅོམ་པའི་དུས། །ལྷག་པར་མཆོད་ཅིང་ཐུགས་དམ་བསྐུལ་བྱ་ཡིན། །དེ་ཕྱིར་


LT33_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

གསར་རྙིང་ཡིག་ཆས་མི་ཕོངས་ཀྱང་། །སྐལ་མཉམ་འཇུག་བདེའི་ལྷག་བསམ་ས་བོན་འདིར། །བསགས་སྦྱོང་ལོ་འདབ་རྒྱ་ཆེར་འཁྲུངས་ནས་ཀྱང་། །ལུང་རྟོགས་འབྲས་བུས་ལྕི་བའི་འདོད་འཇོ་ཤོག །བྱིན་རླབས་དགོས་པ་ཕན་ཡོན་ཚད་མེད་པའི་ཆོ་ག་འདི་ཅུང་ཟད་རེ་ལག་ལེན་བྱེད་པ་བྱུང་ན་སྙམ་པའི་འདུན་པས་ཁྱེར་བདེ་གཙོ་བོར་བཟུང་སྟེ། དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་འཕགས་པ་རྣམས་ཀྱི་བྱིན་རླབས་ཀྱི་མཚན་མ་ཅུང་ཟད་ཐོབ་པའི་ཀུ་སཱ་ལི་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་རྒྱལ་གྱི་ཉ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པར་སྦྱར་བའི། ཡི་གེ་བ་ནི་སྡོམ་བརྩོན་སྡེ་སྣོད་འཛིན་པ་མཁན་ཆེན་བླ་མ་ཀརྨ་བཀྲ་ཤིས་འོད་ཟེར་རབ་ཏུ་རྒྱས་པའི་སྡེས་མཛད་པ་དགེ་ལེགས་འཕེལ། །


LT33_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]


previousསྟོན་པ་གནས་བརྟན་ཆེན་པོ་འཁོར་དང་བཅས་པ་མཆོད་ཅིང་གསོལ་བ་འདེབས་པའི་ཆོ་ག་སྙིང་པོར་དྲིལ་བ་འཕགས་པ་དགྱེས་པའི་ལམ་འཇུགno next