Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
ནམ་སྙིང་བཤགས་ཆོག་གི་བརྒྱུད་པའི་གསོལ་འདེབས་ཨིནྡྲ་ནཱི་ལའི་ཕྲེང་བ།
   
   
   
   
   
   
   
   
   
   


 
previousནམ་སྙིང་བཤགས་ཆོག་གི་བརྒྱུད་པའི་གསོལ་འདེབས་ཨིནྡྲ་ནཱི་ལའི་ཕྲེང་བ།next

ནམ་སྙིང་བཤགས་ཆོག་གི་བརྒྱུད་པའི་གསོལ་འདེབས་ཨིནྡྲ་ནཱི་ལའི་ཕྲེང་བ།


LT34_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་སྙིང་བཤགས་ཆོག་གི་བརྒྱུད་པའི་གསོལ་འདེབས་ཨིནྡྲ་ནཱི་ལའི་ཕྲེང་བ་བཞུགས་སོ། །ཡེ་ཤེས་རྒྱ་མཚོ་རྣམ་པར་སྣང་མཛད་དཔལ། །རྣམ་གྲོལ་ལམ་གྱི་ས་མཁན་ཉི་མའི་གཉེན། །ས་བཅུའི་དབང་ཕྱུག་ནམ་མཁའི་སྙིང་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་བྱིན་རླབས་སྩོལ། །རྣལ་འབྱོར་མ་དཔལ་ཤཱ་ཀྱ་རཀྵི་ཏ། །བུདྡྷ་སྭཱ་མཱི་སློབ་དཔོན་ལེགས་སྐྱེས་ཞབས། །སཱ་དྷུཛྙཱ་ན་སཾ་པྲ་ཀཱིརྟི་ལ། །གསོལ་བ་འདེབས་སོ། །བེ་དཱ་བནྡྷུ་དཔའ་བའི་བཤེས་གཉེན་དང་། །པཱུརྞ་བཛྲ་རྗེ་བཙུན་སྒྲོལ་བའི་མགོན། །ཉིད་སྤྲུལ་རྒྱལ་ཚབ་རྒྱ་མཚོ་རྣམ་གཉིས་ལ། །གསོལ་བ་འདེབས་སོ། ཀུན་བཟང་དབང་པོ་ཚེ་དབང་ནོར་བུ་མཆོག །ཕྲིན་ལས་ཤིང་རྟ་ཆོས་ཀྱི་ཉི་མ་དང་། །ཕྲིན་ལས་རྣམ་རྒྱལ་པདྨ་ཉིན་བྱེད་ལ། །གསོལ་བ་འདེབས་སོ། སྨིན་གྲོལ་བདུད་རྩིའི་བཅུད་མཆོག་སྩོལ་མཛད་པ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང་། །སངས་རྒྱས་བྱང་སེམས་འཕགས་པའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ། ཐོག་མེད་ནས་བསགས་ལས་ཉོན་སྡིག་སྒྲིབ་དང་། །ཁྱད་པར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། །གསུངས་པའི་བསླབ་བྱར་འགལ་ཉམས་གང་གྱུར་བ། །མུན་ལ་ཉི་བཞིན་ཡུད་ཀྱིས་བྱང་བར་ཤོག །དངོས་སམ་རྨི་ལམ་ཉིད་དུ་འཕགས་པའི་ཞལ། །དངོས་སུ་མཐོང་ནས་ཐུགས་རྗེའི་


LT34_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བརྐྱང་སྟེ། །སྒྲིབ་པ་ཀུན་བསལ་ལམ་མཆོག་བགྲོད་པའི་ཐབས། །སྟོན་ཅིང་དག་པའི་ས་ལ་དབུགས་དབྱུང་ཤོག །འཐབ་རྩོད་མུ་གེ་མི་ངས་ལ་སོགས་པ། །རྙོགས་ལྡན་ཞིང་གི་རྣམ་འགྱུར་ཀུན་ཞི་ཞིང་། །རིགས་དང་བློ་གྲོས་ཚེ་དང་ལོངས་སྤྱོད་སོགས། །དཔལ་འབྱོར་ཡར་ངོའི་ཟླ་ལྟར་འཕེལ་བར་ཤོག །མཁའ་ཁྱབ་འགྲོ་དྲུག་གནས་སུ་མཚན་གྱི་སྒྲས། །ཁྱབ་ཅིང་ཐུགས་རྗེ་ཅན་ཞལ་མཐོང་བ་ཡི། །སྐལ་པ་བཟང་ལྡན་ཀུན་ཀྱང་རྒྱལ་སྲས་ཆེའི། །རྣམ་ཐར་བསམ་མི་ཁྱབ་ལ་འཇུག་གྱུར་ཅིག །ཅེས་པའང་ལུང་རྟོགས་ཀྱི་བདག་ཉིད་སེར་རྩ་མཆོག་གི་སྤྲུལ་པའི་སྐུས་མདོ་ཆོག་ཉམས་བཞེས་སྐབས་གསུང་བསྐུལ་ངོར་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་གདན་སར་སྦྱར་བ་དགེ་ལེགས་འཕེལ།། །།མངྒ་ལཾ།། །།


previousནམ་སྙིང་བཤགས་ཆོག་གི་བརྒྱུད་པའི་གསོལ་འདེབས་ཨིནྡྲ་ནཱི་ལའི་ཕྲེང་བ།next