Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོའི་ཆོ་ག་མན་ངག་ལྟར་བཀོད་པ་ཉེས་པའི་གདུང་སེལ།
   
   
   
   
   
   
   
   


 
previousཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོའི་ཆོ་ག་མན་ངག་ལྟར་བཀོད་པ་ཉེས་པའི་གདུང་སེལ།next

ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོའི་ཆོ་ག་མན་ངག་ལྟར་བཀོད་པ་ཉེས་པའི་གདུང་སེལ།


LT34_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོའི་ཆོ་ག་མན་ངག་ལྟར་བཀོད་པ་ཉེས་པའི་གདུང་སེལ་ཅེས་བྱ་བ་བཞུགས་སོ།། །།


LT34_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤཱ་ཀྱ་མུན་ཡེ། །སྲིད་པའི་གནས་སུ་བརྩེ་བའི་ཐུགས་རྗེ་ཆེས། །འགྲོ་ཀུན་ཞི་བསིལ་བདུད་རྩིས་ཚིམས་མཛད་དང་། །སྐྱེ་དགུ་སྐྱོབ་པའི་གཉེན་གཅིག་ཤཱཀྱའི་རྒྱལ། །སངས་རྒྱས་ཀུན་ལས་རྨད་བྱུང་དེར་བཏུད་ནས། །ཉེས་པས་ཉམས་གྱུར་སྐྱེ་བོ་ལ། །ཆེད་དུ་བཀའ་སྩལ་འགྱོད་ཚང་གི། །ཆོ་གའི་རྒྱལ་པོ་ལག་ལེན་ཚུལ། །མན་ངག་རྗེས་སུ་འབྲང་སྟེངས་གི། གང་ཞིག་མི་ལུས་ཐོབ་ཅིང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ་བ་ནི་དབུལ་པོས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་པ་དང་མཚུངས་ཤིང་། དེ་ལས་ཀྱང་བསྟན་པ་དམ་པའི་ཆོས་ལ་ལག་ལེན་ཏུ་སྐྱེ་དང་ནི་དོན་ཆེ་ལ་ངོ་མཚར་གྱི་ཕུལ་དུ་གྱུར་བ་ཡིན་ཏེ། སྐབས་འདིར་འཕྲལ་དུ་བྱས་ཞིང་ཞུག་ཏུ་སངས་རྒྱས་བདེ་བླག་ཏུ་འགྲུབ་པའི་དོན་ཆེན་པོ་དང་


LT34_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོ་སྡེ་བཀླགས་ཤིང་ཚེ་རབས་ཀྱི་ནོངས་པ་འགྱོད་ཚངས་སུ་བྱ་བའི་ཆོ་གའི་ཚུལ་བཤད་པ་ལ་གསུམ། མདོའི་དངོས་བསྟན་སྤྱིར་བཤད་པ་མན་ངག་གི་ཆོག་བྱེ་བྲག་ཏུ་དབྱེ་བ། ལག་ཏུ་བླང་བའི་ཁྲིགས་ཞིབ་ཏུ་སྨོས་པའོ། །དང་པོ་ནི། རྟེན་གྱི་གང་ཟག་ཁྱིམ་པའམ་རབ་ཏུ་བྱུང་བ་གང་ཡང་རུང་བས། ཁྲུས་དང་གཙང་སྦྲའི་ཀུན་སྤྱོད་ཤིན་ཏུ་དག་ཅིང་དུས་ཁྲིམས་དང་གཏན་ཁྲིམས་ལ་གནས་པས། །གནས་ཁང་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་དྲི་བཟང་གིས་བྱུགས་པའི་སྟེགས་ལ་སྐུ་གསུང་ཐུགས་ཀྱི་རྟེན་དང་མཆོད་པའི་ཡོ་བྱད་ཇི་ལྟར་འབྱོར་བ་བཤམ། སྐྱབས་སེམས་ས་གཞི་བྱིན་རླབས་སྤྱན་འདྲེན་བཞུགས་གསོལ་རྣམས་མདོ་ཆོག་སྤྱི་ལྟར་སྔོན་ཏུ་འགྲོ་བས། མདོ་སྡེ་ཉིད་ཀྱི་


LT34_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་ནས་བརྩམ་མཐར་ཆགས་སུ་བཀླག་སྟེ་ཕྱག་དངོས་སུ་འཚལ། གཟུངས་བརྒྱ་རྩ་བཟླ་ཞིང་བསྐོར་བ་ལན་བདུན་བྱ། བཤགས་པ་མན་ཆད་ཀྱང་དཀྱུས་ལྟར་ཚང་བར་བཀླག་པ་ཉིན་མཚན་ལན་དྲུག་ཏུ་ཡིད་གཞན་ཏུ་མི་གཡེང་བས་བྱ་ཞིང་། དེ་ལྟ་བུའི་ཚུལ་གྱིས་ཞག་བདུན་གྲུབ་ནས་མཐར་བཟང་སྤྱོད་ལྟ་བུའི་ཡན་ལག་བདུན་པ་ཚང་བ་བསྔོ་སྨོན་དང་བཅས་པ་རྒྱས་པར་བྱས་ལ། སྤྱན་དྲངས་པའི་ལྷ་གཤེགས་གསོལ་དང་ཤིས་པ་བརྗོད་པས་འགྲུབ་བོ། །གཉིས་པ་སྔ་འགྱུར་ཀུན་འདུས་རིག་པའི་མདོའི་དགོངས་དོན་རྒྱུད་ཀྱི་ཆུ་བོའི་ཡན་ལག་གི་དཀྱིལ་འཁོར་དང་པོར་བཤད་པ་ཉིད་ཁུངས་སུ་བྱས་ཏེ་མདོ་འདིའི་ཆོ་ག་ཉམས་སུ་བསྟར་བར་འདོད་པས། རྟེན་གྱི་གང་ཟག་ཁྲིམས་དང་གཙང་སྦྲ། གནས་ཁང་རྒྱན་བཀོད་སོགས་གོང་དང་མཚུངས་ཤིང་། སྟེགས་གཙང་མ་བ་བྱུང་དང་དྲི་བཟང་པོས་ཆག་ཆག་བཏབ་པ་ལ། དཀྱིལ་འཁོར་རི་རབ་ཕྱོགས་མདོག་གི་སྟེང་དུ་པདྨ་འདབ་བཞི་ལྟེ་བ་དཀར། འདབ་བཞི་ཕྱོགས་མདོག །རི་རབ་ཀྱི་མཐར་གསེར་རི་བདུན་དང་རོལ་མཚོ་བདུན་སྤེལ་མས་བསྐོར་བ། དེ་རྒྱབ་ཤར་གླིང་གསུམ་ཟླ་གམ་དཀར་པོ། ལྷོ་གླིང་གསུམ་སོག་ཁ་སྔོན་པོ། ནུབ་གླིང་གསུམ་ཟླུམ་པོ་དམར་པོ། བྱང་གླིང་གསུམ་གྲུ་བཞི་སེར་པོ། ཕྱི་ལྕགས་རི་སྔོན་པོས་བསྐོར་བའི་ཕྱི་རོལ་དུ་ཁྱམས་ཟླུམ་པོ་ལ་གཏོད་པའི་སྒོ་བཞི་རྩིགས་པ་ལྗང་གུས་བསྐོར་


LT34_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་རྟ་བབས་སྤངས་བ། སྒོའི་ནང་ཁྱམས་སྔོན་པོ་མགོ་མེད་རིས་དང་། ཕྱིའི་ཁོར་ཡུག་དཀར་པོ། རྩིགས་པའི་ཕྱི་ནས་འདོད་སྣམ་ཕན་ཆད་སྤྱི་དང་འདྲ་བ། མདའ་ཡབ་ཀྱི་ཕྱི་རོལ་རིན་པོ་ཆེའི་ས་གཞིའི་འཁོར་ཡུག་ལ་ལྗོན་ཤིང་དང་ཁྲུས་རྫིང་ལ་སོགས་པས་བརྒྱན་པའི་མཐར་རྡོ་རྭ་དང་འོད་ཟེར་གིས་བསྐོར་བ་རྡུལ་ཚོན་ནམ་རས་བྲིས་གང་བདེ་བཀྲམ། པདྨ་འདབ་བཞིའི་དབུས་དང་འདབ་མ་བཞིར་སངས་རྒྱས་ལྔའི་སྐུ་རྟེན། མ་འཛོམ་ན་དབུས་སུ་ཐུབ་སྐུ། གསུང་རྟེན་གསུང་རབ་ཀྱི་གླེགས་བམ། ཐུགས་རྟེན་སཱཙྪ་དཀར་པོ་མི་གྲངས་སམ་སོ་སོའི་ལོ་གྲངས་ཀྱིས་དཀྱིལ་འཁོར་གྱི་མཐའ་བསྐོར་བའི་ཕྱི་རོལ་དུ་མཆོད་ཡོན་ཞབས་བསིལ་གྱི་སྣོད་དང་། མེ་ཏོག་ལ་སོགས་པ་འབྱོར་ན་བརྒྱ་རྩ་བརྒྱད་རེ་སོགས་ཇི་ཙམ་འཛོམ་པ་གཙང་ཞིང་དག་པས་བསྐོར། མདུན་དུ་གཙང་ཞིང་བསོད་པའི་བཟའ་བཅས་བརྒྱན་པའི་འདས་གཏོར་དང་ཆ་གསུམ་ཀྱང་བཤམ། རང་གི་མདུན་ཏུ་རྡོར་དྲིལ་སྤོས་སྣོད་འཐོར་ནས་སོགས་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། དེ་ནས་ཆོ་ག་དངོས་ལ། ཐོག་མར་གཟུངས་སྔགས་བཟླས་པའི་ཆུས་ཁྲུས་བྱ། ཁྱིམ་པ་ཡིན་ན་དོན་ཞགས་ལས་འབྱུང་བའི་ཐེག་ཆེན་གསོ་སྦྱོང་བླང་། རབ་བྱུང་ཡིན་ཀྱང་དེ་ནི་ལེགས་པའི་ཡན་ལག་ཏུ་འགྱུར་རོ། །དེ་ནས་ཕྱོགས་བཅུའི་འཕགས་པ་ཐམས་ཅད་མངོན་སུམ་པ་ལྟ་བུར་དམིགས་ཏེ། སེམས་


LT34_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་ལ་བརྩེ་བ་ཅན། །སོགས་མདོ་རྒྱན་ལས་འབྱུང་བའམ། ཚིགས་བཅད་གཅིག་བཞི་ལྟ་བུའི་བདེ་གཤེགས་སྤྱི་ཕྲུག་ཞིག་སྔོན་ཞུ་བཏང་སྟེ་ཕྱག་བྱས་ནས་སྟན་ལ་འདུག །བདག་དང་། གང་ཟག་དང་། སེམས་ཅན་ཏུ་ལྟ་བ་ལ་སོགས་པས་གདོད་ནས་སྟོང་པའི་ཆོས་ཐམས་ཅད་སྤྲོས་པ་ལ་ནམ་མཁའ་ལྟ་བུའི་དོན་ལ་མཉམ་པར་བཞག་སྟེ། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པ་སྟེ། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཅེས་བརྗོད། སྐྱབས་སེམས་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ། ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་ཐམས་


LT34_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ཅེས་ལན་གསུམ། དེ་ནས་དཀྱིལ་འཁོར་བསྐྱེད་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ལྷ་དང་མི་བདེན་ཚིག་གྲུབ་པ་རྣམས་ཀྱི་བདེན་པ་དང་། བདག་ཅག་ལ་སོགས་པ་མི་དང་ལྷ་རྣམས་ཀྱི་སྨོན་ལམ་དང་། མོས་པ་དང་། བསོད་ནམས་ཀྱི་སྟོབས་ཀྱིས། དེང་འདིར་དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་དང་། ལྷ་ཆེན་པོ་བཞི་དང་། རྒྱལ་པོ་ཆེན་པོ་བཞི་ལ་སོགས་ཏེ་གཙང་རིགས་ཀྱི་མགོན་པོ་ཐུགས་དམ་ཅན་ཐམས་ཅད་ལ་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་བཀོད་པ་མཐའ་ཡས་པའི་ཡོན་ཏན་དང་ལྡན་པར་གྱུར་ཏེ། ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལག་མཐིལ་ལྟར་མཉམ་པ། རེག་ན་འཇམ་ཞིང་ཡངས་པ་ཐ་གྲུ་ཆེ་བའི་


LT34_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ལ། རིན་པོ་ཆེ་སྣ་ཚོགས་ཀྱི་ཕ་གུས་ཟླུམ་པོར་བརྩིགས་པ། ཕྱོགས་བཞིར་སྒོ་བཞི་དོད་པ། རྩིག་པའི་སྟེང་དུ་ཕ་གུ་དྲྭ་བ་དྲྭ་ཕྱེད་ཤར་བུ་མདའ་ཡབ་དང་། རྩ་བར་འདོད་པའི་སྣམ་བུ་དམར་པོས་བསྐོར་བ། དེའི་ནང་དུ་བཻ་ཌཱུརྻའི་རང་བཞིན་གྱི་ཁམས་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ། རིན་པོ་ཆེ་སྣ་བཞིའི་རང་བཞིན་ལས་གྲུབ་པའི་ལྷུན་པོ། རྩ་བར་གསེར་གྱི་རི་བདུན་དང་། རོལ་པའི་མཚོ་བདུན། ཕྱོགས་བཞི་ན་རྒྱ་མཚོ་ཆེན་པོ་བཞི་དང་། གླིང་བཞི་གླིང་ཕྲན་བརྒྱད། ཁོར་ཡུག་དང་བཅས་པས་ཡོངས་སུ་བསྐོར་བའི་དབུས་ན། རིན་པོ་ཆེ་པདྨའི་རྒྱལ་པོ་འདབ་མ་བཞི་པ་ཡངས་ཤིང་རྒྱ་ཆེ་བ་ཤིན་ཏུ་མཛེས་པར་གྱུར་བ་ལ། འཕགས་པའི་ཚོགས་འཁོར་དང་བཅས་པ་རྣམས་གདན་འཛོམ་པ་ཆེན་པོ་མཛད་པའི་སྟན་སོ་སོའི་སྨོན་ལམ་དང་བསོད་ནམས་ཁྱད་པར་ཅན་གྱི་མངའ་ཐང་དང་འཚམས་པར་གྲུབ་པ་མཛེས་པ་ཤ་སྟག་འབྱུང་བར་གྱུར་ཅིག །ཅེས་ལན་གསུམ་བརྗོད། མཆོད་པ་བྱིན་གྱིས་རློབ་པ་ནི། ཕྱི་ནང་ཀུན་ཏུ་ཆ་རིགས་དང་འཚམས་པར་ལྷ་དང་མིའི་ཡོ་བྱད་དམ་པ། ཁ་དོག་དང་། དྲི་དང་། རོ་དང་། རེག་པ་དང་ལྡན་པ་ཡིད་དུ་འོང་བ། གྱ་ནོམ་པའི་


LT34_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཟས་དང་། ན་བཟའ་དང་། རྒྱན་དང་། རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་པ་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་བཀང་ཞིང་རྒྱན་ཀླུབས་པ་དང་ལྡན་པར་གྱུར་ཅིག །འཕགས་པའི་ཚོགས་འཁོར་དང་བཅས་པ་ཐམས་ཅད་གདན་འཛོམ་ནས། དེ་བཞིན་དུ་བྱིན་གྱིས་རླབས་ཤིང་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག །ཅེས་ལན་གསུམ་དང་། མཆོད་སྤྲིན་གྱི་གཟུངས། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱཀྶཾ་བུདྡྷཱ་ཡ་ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲམ་་བཛྲེ་སརྦ་ཀརྨ་ཨཱ་ཝར་་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་པའང་བརྗོད། དེ་ནས་སྤྱན་དྲངས་པ་ནི། སྟན་ལས་ལངས་ཏེ། ལག་གཡས་སྤོས་སྣོད་ཐོགས་ཤིང་གཡོན་དྲིལ་དུ་བསིལ་བ་དང་བཅས་འདུན་པ་རྩེ་གཅིག་པས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པ་ཕྱོགས་བཅུ་ན་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། དེ་དག་གིས་ལེགས་པར་


LT34_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ། ལེགས་པར་བསྒྲུབས་པ། ལེགས་པར་ཐུགས་སུ་ཆུད་པ་དམ་པའི་ཆོས་ཐམས་ཅད་དང་། ཐུགས་ཀྱི་སྲས་སུ་གྱུར་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། གསུང་གི་སྲས་ཉན་རང་འཕགས་པའི་ཚོགས་དང་བཅས་པ་ཐམས་ཅད་དགོངས་སུ་གསོལ། ཐུགས་རྗེ་ཆེན་པོ་དང་། བྱིན་གྱིས་བརླབས་པ་བསམ་གྱིས་མི་ཁྱབ་པ་མངའ་ཞིང་། འགྲོ་བའི་དོན་དུ་སྨོན་ལམ་ཁྱད་པར་ཅན་མཛད་པ་ལས་གླེངས་ཏེ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ཉེས་ལྟུང་གི་དྲི་མ་སྦྱང་ཞིང་བསོད་ནམས་སྤེལ་བའི་སླད་དུ། དེང་སྤྱན་འདྲེན་ཞིང་མཆི་ན། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གྱི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ། བྱིན་གྱིས་རློབ་པར་ཅི་གནང་། ན་མོ་ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ན། །རྒྱལ་བ་ཇི་སྙེད་བཞུགས་པ་ཀུན། །སྐུ་གསུམ་མཆོག་ལ་མངའ་བརྙེས་ཤིང་། །གསུང་མཆོག་ཆོས་ཀྱིས་ཉོན་མོངས་སྐྱོབས། །ཉན་ཐོས་རང་རྒྱལ་བྱང་སེམས་ཏེ། །འདས་དང་མ་བྱོན་ད་ལྟར་བཞུགས། །ངག་རྣམས་ཀུན་ལས་བཅུ་གཉིས་འཕགས། །


LT34_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་དོན་ཕྱིར་ལམ་ལ་ཞུགས། །ཉོན་མོངས་སྐྱོབ་པའི་ཚོགས་རྣམས་ཀུན། །བདག་སོགས་སེམས་ཅན་མོས་ཕྱིར་དང་། །ཡོན་མཆོད་ཀུན་ལ་བརྩེ་བའི་ཕྱིར། །དད་པའི་ཤུགས་ཀྱིས་སྤྱན་འདྲེན་ན། །ཐུགས་རྗེའི་སྟོབས་ཀྱིས་གཤེགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨེ་ཧྱེ་ཧི་བྷ་ག་ཝཱ་ན་མ་ཧཱ་ཀཱ་རུ་ི་ཀཱ་བཛྲ་དྷཱ་ཏུ་ས་རི་ཛཿཛཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟཾྭ། ཞེས་པས་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས། དེ་ནས་ལྷ་ཆེན་པོ་འཁོར་བཅས་སྤྱན་དྲང་བ་ནི། ལྷའི་འཇིག་རྟེན་མཐོ་རིས་ན་འཕགས་པ་གང་ཡང་དག་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་ཤིང་གཟིགས་པ་དང་ལྡན་པས་ཉོན་མོངས་པའི་སྒྲིབ་པ་བསལ་བ་དང་། བསམ་གཏན་དང་། རྣམ་ཐར་དང་། སྙོམས་འཇུག་དང་། གཟུངས་དང་། ཏིང་ངེ་འཛིན་ལ་དབང་དུ་གྱུར་པ། ཐབས་མཁས་པའི་སྤྱོད་པ་དང་ལྡན་པས་ལྷའི་རྒྱལ་པོའི་ཆ་ལུགས་ཀྱིས་ལྷ་མང་པོ་དག་ལ་དགེ་བའི་བཤེས་གཉེན་མཛད་ཅིང་བཞུགས་པ། ལྷ་མང་པོ་གཞན་དག་ཀྱང་དེ་བཞིན་དུ་བདེན་པ་རྟོགས་པ། ཐམས་ཅད་ཀྱང་སྔོན་སྟོན་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོ་སོ་ནས་


LT34_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་ངག་རྟག་པས་ཞལ་གྱིས་བཞེས་པའི་ཐུགས་དམ་ལས་མ་གཡེལ་བར། དེང་རྒྱལ་བ་སྲས་བཅས་སྤྱན་དྲང་པའི་གནས་འདིར་གཤེགས་སུ་གསོལ། ཧཱུྃ། ཚངས་དང་ལྷ་དབང་སྲེད་མེད་བུ། །དབང་ཕྱུག་རྒྱལ་ཆེན་སྡེ་བཞི་པོ། །ལྷ་དང་ཀླུ་དང་ལྷ་མ་ཡིན། །མིའམ་ཅི་ཡི་དབང་པོ་དང་། །ཕྱོགས་སྐྱོང་བཅུ་སོགས་འཁོར་དང་བཅས། །མི་ཕྱེད་རབ་དད་ལྡན་པ་ཀུན། །དེ་རིང་སྙན་གསན་དུས་ཀྱི་ཕྱིར། །མཆོད་གཏོར་བཟང་པོ་བཞེས་པ་དང་། །བསྟན་པ་རྒྱས་སླད་གཤེགས་སུ་གསོལ། །ཨོཾ་བྲཧྨ། ཨིནྡྲ། བིཥྞུ། ཨཱི་ཤྭར། དྷྲྀཥྚ་རཱཥྚ། བཻ་རཱུ་ཌྷ་ཀ །བི་རཱུ་པཱ་ཀྵ། བཻ་ཤྲ་བ་་ས་པཱ་རི་ཝཱ་ར་ཛཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཧོཿས་མ་ཡ་སྟྭཾཾ། ཞེས་སྤྱན་དྲངས་བས། དཀོན་མཆོག་གསུམ་དང་། ལྷའི་རྒྱལ་པོ་རྣམས་སོ་སོའི་ཞིང་ཁམས་ནས། རང་རང་གི་འཁོར་དང་བཅས་པ་རྫུ་འཕྲུལ་གྱི་མཐུས་བྱོན་ནས་རང་རང་གི་གནས་སུ་བཞུགས་པ་ནི། དཀྱིལ་འཁོར་གྱི་དབུས་ཀྱི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ། ཞལ་བཞི་པ། བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ། དར་དང་


LT34_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། འདབ་མ་བཞིའི་ཤར་དུ་ཞིང་སྦྱོང་བའི་ལྷ་རྡོ་རྗེ་མི་འཁྲུགས་པ་སྔོན་པོ། གཡས་ས་གནོན་དང་གཡོན་མཉམ་བཞག་སྟེང་ན་རྡོ་རྗེ། ལྷོར་སྟོང་གི་ལྷ་སྟོན་པ་ཤཱཀྱ་ཐུབ་པ་སེར་པོ་གཡས་ས་གནོན་དང་གཡོན་མཉམ་བཞག་སྟེང་ན་ལྷུང་བཟེད། ནུབ་ཏུ་ཉའི་ལྷ་འོད་དཔག་མེད་དམར་པོ་ཕྱག་གཉིས་མཉམ་བཞག་གི་སྟེང་ན་ཚེ་བུམ། བྱང་དུ་ཚེས་བརྒྱད་ཀྱི་ལྷ་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོ་མཐིང་ག །གཡས་མཆོག་སྦྱིན་ཨ་རུ་དང་གཡོན་མཉམ་བཞག་བདུད་རྩིའི་ལྷུང་བཟེད་ཀྱིས་མཚན་པ། དེ་བཞི་ཀ་མཆོག་གི་སྤྲུལ་སྐུ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེ་རྣམས་ཀྱི་མཐའ་བསྐོར་དུ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དཀོན་མཆོག་ཐམས་ཅད་དང་། ཆོས་དཀོན་མཆོག་གི་ངོ་བོ་ཡུམ་ཆེན་མོ། དགེ་འདུན་དཀོན་མཆོག་ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་རང་གི་ཚོགས་མ་ལུས་པ་ཐམས་ཅད་སྤྲིན་གཏིབས་པ་ལྟར་བཞུགས་པ། ཤར་གླིང་དབུས་མར་བརྒྱ་བྱིན་དཀར་པོ་དབང་མོ་དང་


LT34_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ། ལྷོ་གླིང་དབུས་མར་ཚངས་པ་སེར་པོ་ཚངས་མ་དང་བཅས་པ། ནུབ་གླིང་དབུས་མར་ཁྱབ་འཇུག་སྔོ་ནག་དཔལ་མོ་དཔལ་ཅེས་པ། བྱང་གླིང་དབུས་མར་དབང་ཕྱུག་དམར་པོ་ཨུ་མ་དང་བཅས་པ། གཡས་གླིང་བཞི་རུ་སོ་སོའི་མངགས་གཞུག་པ་བཞི་དང་། གཡོན་གླིང་བཞི་རུ་ཕོ་ཉ་བ་བཞི། དེ་ཐམས་ཅད་ཀྱང་ལྷའི་ཆ་བྱད་ཅན་དར་དང་རིན་པོ་ཆེས་བརྒྱན་པའོ། །སྒོ་བཞིའི་ཤར་དུ་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ། ལྷོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི། ནུབ་ཏུ་མིག་མི་བཟང་དམར་པོ་སྦྲུལ་ཞགས་དང་མཆོད་རྟེན། བྱང་དུ་རྣམ་ཐོས་སྲས་སེར་པོ་རྒྱལ་མཚན་དང་ནེའུ་ལེ་འཛིན་པ། སྒོའི་ནང་གི་ཁྱམས་དང་ཕྱིའི་འཁོར་ཡུག་ལ་འཁོར་དུ་གཏོགས་པའི་ཁམས་གསུམ་གྱི་ལྷ་དང་མི་མཐའ་ཡས་པ། །ཐམས་ཅད་ཀྱང་རང་རང་གི་རྒྱན་དང་ཆ་ལུགས་རྣམ་འཕྲུལ་སྣ་ཚོགས་པའི་རོལ་པས་བཞུགས་པར་བསམ་ལ། བཞུགས་སུ་གསོལ་བ་ནི། མྱ་ངན་མི་འདའ་ཐུགས་རྗེའི་དང་། །ཉོན་མོངས་མི་སྤོང་གོས་པ་མེད། །མ་ཆགས་རང་བཞིན་དག་པས་ན། །པདྨའི་སྟན་ལ་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་སྟཾ། དེ་ནས་མདོ་བཀླག་པ་དང་སྦྲེལ་ཏེ་བསགས་སྦྱོང་བྱ་བའི་རིམ་པ་ལ།


LT34_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་གནས་ལྔ་ས་ལ་འདུད་པའི་ཕྱག་དང་བཅས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུ་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས། དཀོན་མཆོག་བླ་ན་མེད་པ་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དེ་དག་གིས་ལེགས་པར་གསུངས་པ། ལེགས་པར་བསྒྲུབས་པ། ལེག་པས་ཐུགས་སུ་ཆུད་པ། དམ་པའི་ཆོས་དཀོན་མཆོག་བླ་ན་མེད་པ་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཐུགས་ཀྱི་སྲས་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་དང་། སྟོན་པ་བདེ་བར་གཤེགས་པ་དེ་དག་གི་གསུང་གི་སྲས་འཕགས་པ་རང་རྒྱལ་དང་། །


LT34_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཉན་ཐོས་ཀྱི་དགེ་འདུན་ཏེ། ཚོགས་ཀྱི་མཆོག་བླ་ན་མེད་པ་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །ཚངས་པ་དང་བརྒྱ་བྱིན་ལ་སོགས་ཏེ་འཕགས་པ་དམ་པའི་ཆོས་སྐྱོང་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚུལ་དུ་བཞུགས་པ་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །ཞེས་པ་ཙམ་སྔོན་དུ་བཏང་ནས། ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོའི་དབུ་ནས་བརྩམས་ཏེ། འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་པར་མཐོང་ངོ། །ཞེས་པའི་བར་བཀླག །ཕྱག་གི་སྐབས་ཕྱག་དངོས་སུ་ལྕོགས་ན་མཆོག་ཏུ་འགྱུར་ཞིང་མི་ནུས་ན་ཐལ་མོ་སྦྱར་ལ་རྩེ་གཅིག་གུས་པས་ཡིད་ཀྱིས་ཕྱག་བྱ། གལ་ཏེ་རྟོག་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོ་ལྟར་ན་ངག་ནས་བརྩམས། བྱང་ཆུབ་ཀྱི་སྙིང་པོར་མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་པའི་བར་བརྗོད། དེ་ནས་མཆོད་ཅིང་བསྟོད་པ་ནི། སྤྱོད་འཇུག་ལས་འབྱུང་བའི། རིན་ཆེན་སེམས་དེ་སོགས། སླན་ཆད་མི་བགྱིད་དོ། །ཁྲུས་ཀྱི་ཁང་པ་སོགས། དེ་བཞིན་གཤེགས་དང་དེ་ཡི་སྲས་སོགས་ཤློ་ཀ་རེ་རེ། དེ་དག་སྐུ་ལ་སོགས། དེ་ནས་དེ་ལ་སོགས། བརྒྱན་པར་བགྱི། སྟོང་གསུམ་ཀུན་ཏུ་དྲི་ངད་སོགས་ནས། ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །བར་བརྗོད། དེ་ནས་


LT34_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་སྔགས་བཟླ་ཞིང་བསྐོར་བ་བྱ་བ་ནི། ཐར་མདོ་ལྟར་ན། དེ་ནས་ཚོགས་ཀྱི་ནད་ནས་སོགས་བརྗོད་ཅིང་གཟུངས་སྔགས་ལན་བརྒྱ་རྩ་བརྒྱད་བཀླས་པའི་མཇུག་ཏུ་དཀོན་མཆོག་གསུམ་པོ་རེ་རེ་ལ་བསྐོར་བ་བདུན་རེ་སྟེ་ཉེར་གཅིག་བྱ། དེའི་ཚེ་རྒྱལ་བ་སྲས་དང་བཅས་པའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང་། བདག་སོགས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བ་མོ་ལ་ཉི་མས་རེག་པ་ལྟར་སར་གིས་དག་པར་མོས་ལ། སྔགས་འདི་དུས་གཅིག་ལ་སོགས་ནས་མཇུག་ཡོངས་སུ་རྫོགས་ཀྱི་བར་མཐར་ཆགས་སུ་བཀླག །རྟོག་པ་ཆེན་པོ་ལའང་། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སོགས་བརྗོད་ཅིང་གཟུངས་བཟླ་བ་དང་བསྐོར་བ་སོགས་སྔ་མ་ལྟར་བྱའོ། །སླར་ཡང་མདོའི་དབུ་ནས་བརྩམས་ཏེ་ཕྱག་འཚལ། མཆོད་པ། གཟུངས་སྔགས། བསྐོར་བ། བཤགས་པ་མཇུག་གྲུབ་ཀྱི་བར་ལན་གཉིས་སུ་བསྐྱར་ཞིང་ཡོངས་བསྡམས་ལན་གསུམ་གྲུབ་པའི་མཐར། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་སྔོན་ཏུ་འགྲོ་བའི་བཟང་པོ་སྤྱོད་པའི་སྨོན་ལམ་ཚང་བར་གདབ། འདས་གཏོར། ཨོཾ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་གཏོར་གཞོང་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་ཨོཾ་ཡིག་


LT34_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་བ་ལས་བྱུང་བའི་གཏོར་རྫས་འདོད་ཡོན་གྱི་རྣམ་པ་མཆོད་པའི་སྤྲིན་ཕུང་མཐའ་ཡས་པ་སྤྲོ་བར་གྱུར། ཨོཾ་ཨཱཿཧཱུྃ། གསུམ་གྱིས་བྱིན་བརླབ། ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་ཕུལ་ལ། མི་མཉམ་མཉམ་པའི་ལྟ་ཁྱོད་རྟག་ཏུ་བདག་ལ་ནི། །ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིང་རྒྱུན་དུ་འགྲོ་བའི་དཔལ། །བྱང་ཆུབ་མཆོག་གི་སྤྱོད་པ་བསྒྲུབ་བར་དམ་བཅས་པའི། །བདག་གི་རེ་བའི་འབྲས་བུ་འདི་ཡང་མཆིས་པར་མཛོད། །གཏི་མུག་མུན་པ་འདྲ་བས་ལྡོངས་གྱུར་ན། །བྱམས་མགོན་ཅི་སླད་བདག་ལ་ཐུགས་མི་བརྩེ། །ཁྱོད་ཀྱི་མཁྱེན་རབ་བསྐལ་པའི་མེ་འདྲ་བས། །སེམས་ཀྱི་མུན་སེལ་སྒྲོན་མེ་བདག་ལ་སྩོལ། །མགོན་པོ་ཐུགས་རྗེ་ཆེ་དང་ལྡན་གྱུར་པས། སེམས་ཅན་དོན་ལ་བསྐུལ་བ་མི་འཚལ་ཡང་། །སྡུག་བསྔལ་རང་བཞིན་དབང་དུ་བདག་གྱུར་བས། །སྐྱོབ་པའི་སྤྱན་སྔར་གདུང་བས་གསོལ་བ་འདེབས། །གང་ཞིག་པ་དང་མས་ནི་སྐྱོབ་པ་ལ། །ཤིན་ཏུ་སྐྱོ་ངལ་མེད་པ་དེ་བཞིན་དུ། །འགྲོ་བའི་དོན་བརྩོན་མཛད་པ་ཁྱེད་ལགས་ཀྱིས། །ཚེ་རབས་ཀུན་ཏུ་བདག་གི་སྐྱབས་མཛོད་ཅིག། མཆོད་


LT34_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་སོགས་ཀྱིས་འདོད་དོན་གསོལ། དེ་ནས་ཆ་གསུམ་སྤྱི་ལྟར་བཏང་། ཉིན་གྲངས་མང་པོ་ལྟ་བུར་ཆ་གསུམ་མི་ལྕོགས་ན་འདས་གཏོར་སྔར་ལྟར་ལ། གཏོར་མ་གཅིག་གོང་བཞིན་བྱིན་རླབས། ཨོཾ་སརྦ་ལོ་ཀ་པཱ་ལ་བྷཱུ་ཏ་བི།།།ན་ན་མཿསརྦ་སོགས་ནས། གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས། འཇིག་རྟེན་སྐྱོང་བ་གྲགས་ལྡན་པ། །གཙང་རིས་དཔལ་མགོན་བདུན་ཅུ་ལྔ། །འཁོར་དུ་གཏོགས་པའི་སྡེ་བརྒྱད་སོགས། །མི་དང་མི་མིན་འབྱུང་པོའི་ཚོགས། །བདག་གི་རྣམ་ལྔའི་མཆོད་པ་དང་། །མཆོད་སྦྱིན་གཏོར་མ་བླང་བར་མཛོད། །དེ་དག་རྣམས་ཀྱི་བརྩོན་འགྲུས་དང་། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང་། །མི་ཤིས་པ་ཀུན་འཇོམས་གྱུར་ཅིག །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། ཞེས་སོགས་ཀྱིས་གཙང་སར་དབུལ་ལོ། །དེ་ནས་མཆོད་པ་ཁ་གསོས་ལ་རྗེས་ཆོག་ནི། མཆོད་པ་དྲི་མེད་ཡོངས་དག་པ། །རྣམ་མང་རྒྱ་ཆེ་ཐམས་ཅད་དང་། །སོ་སོའི་མངའ་ཐང་རྒྱ་ཆེན་དུ། །འོས་པ་བདེ་བར་སྦྱར་ཏེ་འབུལ། །ཞེས་པས་མཆོད་ནས། མ་འབྱོར་པ་དང་སོགས་ཀྱིས་ནོངས་


LT34_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཤགས། རས་བྲིས་དང་རྟེན་ལ་བརྟན་བཞུགས་སྤྱི་ལྟར་བྱས་ཀྱང་ཆོག །རྡུལ་ཚོན་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་གཤེགས། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་བདག་གིས་མཆོད་པས། སེམས་ཅན་མ་ལུས་པ་ཐམས་ཅད་ས་བཅུ་ལ་གནས་པར་བགྱིས་ཏེ། ཀུན་གྱིས་དེ་བཞིན་གཤེགས་པའི་ཡང་དག་པ་ཉིད་ཐུགས་སུ་ཆུད་པ་དང་ལྡན་པ་བགྱིད་པར་གྱུར་ཅིག །ཅེས་དགེ་བ་བསྔོ། དེ་ནས་བཀྲ་ཤིས་བརྗོད་པ་ནི། མེ་ཏོག་འཐོར་ལ། ཕུན་སུམ་ཚོགས་པ་སོགས་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་གང་ཡང་རུང་བ་ཞིག་བརྗོད་དོ། །སླར་མཆོད་པ་གསོ་ཞིང་གཙང་སྦྲ་དང་བཅས་པས་མཚན་མོའི་ཐུན་དང་པོ་ལ། བདེ་གཤེགས་སྤྱི་ཕྱག་ནས་བརྩམས་ཏེ་ཤིས་བརྗོད་ཀྱི་བར་ཆོ་གས་ཁོག་དབུབ་པའི་མདོ་ལན་གསུམ་དུ་བཀླག་པར་བྱའོ། །གསུམ་པ་ཆོ་གའི་ཚུལ་དེ་གཉིས་གང་གི་ཚེ་ནའང་། དུས་རྒྱལ་བའི་དུས་ཆེན་བཞི་པོ་ལྟ་བུར་གྲིགས་ན་འགྱུར་ཆེ་བས་ལེགས། གནས་ཁང་དབེན་ལ་གཙང་མ་བྱི་དོར་བྱས་ཤིང་གདུགས་དང་རྒྱལ་མཚན་བ་དན་སོགས་ཅི་འབྱོར་པས་བརྒྱན་ཅིང་དཀོན་མཆོག་གསུམ་གྱི་རྟེན་དང་མཆོད་པ་གོང་སྨོས་ལྟར་བཀྲམ་པའི་དཀྱིལ་འཁོར་ཁང་པའི་དབུས་སུ་བསྐོར་བ་འགྲོ་བདེ་བར་བཀོད། ཙནྡན་ཨ་ག་རུ་སོགས་གཙོ་བོར་གྱུར་པའི་དྲི་བཟང་པོའི་བདུག་སྤོས་མང་དུ་བསྡོགས་ལ་ཆོ་གའི་སྐབས་སུ་བདུག་


LT34_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་ཡན་ལག་ལྔ་ཁྲུས་ཤིན་ཏུ་དག་པར་བྱས་ལ། བཟའ་བཏུང་དང་གཤང་གཅིའི་རྗེས་སུའང་ལྕོགས་ན་ཁྲུས་དང་། མི་ལྕོགས་ན་ཆབ་ལེན་པའམ་ཁྲུས་ཆུས་འཐོར། གོས་གསར་པ་གཙང་མ་བགོ། འདོན་རྒྱུའི་གླེགས་བམ་ཡང་སྟེགས་ཁེབ་བཟང་པོས་བཀབ་པའི་ཁྲིའུ་ལ་བཀོད་དེ། གུས་པ་དང་བཅས་པས་བཀླག་པ་ལས། ཞར་བྱུང་དུ་སྒྲེན་མོར་འཇོག་པ་དང་། ལགས་ཟས་སོགས་མི་གཙང་བས་འབགས་པས་རེག་པ་ནམ་ཡང་མི་བྱ། མི་གཅིག་གམ་ཉི་ཤུ་མན་ཆད་ལྷན་ཅིག་ཏུ་འཚོགས་རུང་ཞིང་། ཐམས་ཅད་ཀྱང་དད་གུས་ལྷག་པའི་བསམ་པ་རྣམ་པར་དག་པས་སེམས་གཞན་ཏུ་མི་གཡེང་བར་སྤྱོད་ལམ་མཐུན་ཅིང་འདུམ་པར་བྱ་བ་ལས། མི་མཐུན་པ་དང་རྩོད་ཅིང་ཁོང་ཁྲོ་བར་བྱེད་ན་འགྱོད་ཚངས་སུ་མི་འགྱུར་བར་གསུངས་པས་རྟག་ཅུ་བག་ཡོད་པར་གནས་པ་དང་། ཁ་ཟས་ཀྱང་ཤ་ཆང་སྒོག་བཙོང་སྤང་བའི་དཀར་གསུམ་གྱི་གཟའ་བཏུང་གུང་ཚིགས་སོགས་ཚུལ་དང་མཐུན་པར་སྤྱོད། །གཙོ་བོར་ཉིན་ཞག་བདུན་ཏུ་གཉིད་སྤངས་སེམས་ཐག་པ་ནས་སངས་རྒྱས་དང་ཆོས་དང་དགེ་འདུན་དང་ཚུལ་ཁྲིམས་གཏོད་བ་དོན་དམ་པའི་ལྷ་རྗེས་སུ་དྲན་ཅིང་སྡིག་པ་དང་ཉོན་མོངས་པ་ཡིད་ལ་མི་བྱེད་པར། དད་པ་དང་དགའ་བ་ཆེན་པོས་མི་ནོར་མི་གཡེང་མི་འཁྲུགས་པར་ཉིན་རབས་ཉིན་རེ་འགྲུས་པའི་སྙིང་རུས་བསྐྱེད་དེ་མདོ་བཀླག་པ་དང་། ཕྱག་མཆོད་གཟུངས་སྔགས་བསྐོར་བ་


LT34_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

མཐོལ་བཤགས་རྣམས་རྒྱུན་མི་འཆད་པར་གཟའ་ཅིང་བྱས་ལ། ཞག་དྲུག་ལོན་ནས་བདུན་པ་ལ་བབ་པའི་ནངས་མོར་སླར་ཡང་དཀྱིལ་འཁོར་ལ་དྲི་བཟང་གི་ཆུས་ཆགས་ཆགས་བསྐྱར་ནས་བཏབ། འབྱོར་ན་མཆོད་པ་གསར་དུ་བརྗེ། ལུས་ཀྱང་སྤོས་ཆུས་བཀྲུས་ཤིང་བདུག་སྤོས་རྒྱུན་མ་ཆད་པར་བཏུལ་ཏེ་ཆོ་ག་ལ་འཇུག །དེ་ལྟར་གཉིད་སོགས་ཀྱིས་བར་དུ་མཆོད་པར་ཞག་བདུན་ལེགས་པར་གྲུབ་པ་ན། ཚེ་རབས་ཀྱི་སྡིག་ལྟུང་ཐམས་ཅད་བྱང་བའི་ལྟས་རྨི་ལམ་རྣམ་པ་ལྔ་གཞུང་གསལ་གང་ཡང་རུང་བ་ཞིག་དོན་མི་ཟ་བར་འབྱུང་བར་འགྱུར་ཏེ། དེ་ལྟར་ཞག་བདུན་ཙམ་ཞིག་ངལ་བ་བྱས་པས་སྔོན་བསགས་ཀྱི་སྡིག་སྒྲིབ་མ་ལུས་པ་བྱང་ཞིང་ངན་སོང་གསུམ་གྱི་སྐྱེ་སྒོ་བཅད་དེ་གཏན་གྱི་དོན་ཆེན་པོ་བདེ་བླག་ཏུ་འགྲུབ་ངེས་པ་འདི་ལ་སྐལ་བཟང་སྙིང་རུས་དང་ལྡན་པ་རྣམས་ཀྱིས་གཡར་དམ་དུ་བྱ་བར་རིགས་སོ། །འོན་ཀྱང་བཤགས་པ་བྱས་རློམས་དང་བྱེད་པར་ཆོག་པའི་འདུ་ཤེས་ཀྱིས་ཕྱིན་ཆད་སྡིག་ལྟུང་གི་འཕྲོ་མི་གཅོད་ན་སྔར་བྱས་འགྱོད་ཚངས་ཀྱི་ཆོ་གདོན་མེད་པར་འགྱུར་བས་སླད་ནས་ཉེས་པ་བསྡམ་པའི་ཡི་དམ་བརྟན་པར་བྱ་བ་རང་གཅེས་སོ། །དེང་སང་བསྟན་པ་རིན་པོ་ཆེ་འཇིག་ལ་ཉེ་བའི་སྔ་ལྟས་གལ་ཆུང་ཆོས་ལ་བྱེད་པའི་དུས་ངན་ཤར་བའི་དབང་གིས་ཞག་བདུན་གྱི་ངལ་བ་ཙམ་ཡང་ཁྱད་དུ་གསོད་མི་ནུས་པ་རྒྱུ་མཚན་དུ་བྱས་ནས།


LT34_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་འདི་ཉིད་ལག་ཏུ་ལེན་པ་ཉིན་མོའི་སྐར་མ་ལྟར་དཀོན་པར་མཐོང་བས། ཅིས་ཀྱང་ཞག་གྲངས་ལ་གཉིད་སྤང་པ་སོགས་མི་ནུས་ན་ཞག་གཅིག་ལ་རྣམ་པར་དག་པའི་དགེ་སློང་བདུན་གྱིས་ཉིན་མཚན་ལན་དྲུག་ཏུ་ཆོ་ག་ཚད་ལྡན་བགྱིད་དུ་བཅུག་ནའང་ཕན་ཡོན་རྗེས་མཐུན་པ་ཐོབ་ཅིང་། དེར་མ་ཟད་ཞག་གྲངས་བཞི་བཅུ་ཞེ་དགུར་ཉིན་མོ་ལན་གསུམ་གྱི་ཆོ་ག་རང་ངམ་གཤིན་པོའི་དོན་ཏུ་བརྩམ་པའམ། ཞག་བདུན་ནམ། ཐ་ན་ཉིན་གཅིག་ལ་གུས་པའི་སེམས་ཀྱིས་ཆོ་ག་དང་མདོ་བཀླག་པ་བགྱིས་ཀྱང་དེའི་འབྲས་བུ་ཆུད་མི་ཟ་བར་བརྩོན་པ་དང་ལྷག་བསམ་གྱི་ཚོད་དང་སྦྱར་བའི་ཕན་ཡོན་ཐོང་སྟེ། མདོ་ཉིད་ལས། མྱ་ངན་ལས་འདས་པའི་འོག་ཏུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་ཉིན་གཅིག་གམ། དུས་གཅིག་གམ། མཚན་གཅིག་གམ། སྐད་ཅིག་མ་གཅིག་ལ་ཕྱོགས་བཅུ་དུས་གསུམ་དུ་གཤེགས་པའི་སངས་རྒྱས་དང་། མདོ་སྡེ་བཅུ་གཉིས་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་རྣམས་ལ་ཕྱག་འཚལ་ཞིང་ཐེག་པ་ཆེན་པོ་ཚུལ་བཞིན་ཏུ་ཡིད་ལ་བྱེད་པ་དང་། དོན་དམ་པའི་བདེན་པ་ལ་བསམས་ན་གང་ཟག་དེ་ནི་སྐད་ཅིག་མ་སེ་གོལ་གཏོགས་པ་ཙམ་གྱིས་མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་དང་། མཉམ་པ་ཉིད་ལ་སྐུར་བ་དང་། ཀུན་ནས་ཉོན་མོངས་པའི་


LT34_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐམས་ཅད་ཡོངས་སུ་མ་ལུས་པ་འབྱང་བར་འགྱུར་རོ། །གལ་ཏེ་དགེ་སློང་ངམ། དགེ་སློང་མའམ། བྱང་ཆུབ་སེམས་དཔའམ། དགེ་སྦྱོང་ངམ། དགེ་སྦྱོང་མས་སེམས་ཀྱི་རང་བཞིན་སྟོང་ནས་རྩ་བ་བཞི་དང་། སྡོམ་པ་བརྒྱད་ཉམས་པ་དང་། མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་བྱས་པ་དང་། མཉམ་པ་ཉིད་ལ་སྐུར་པ་རྣམས་ཕྱོགས་བཅུ་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཀྱི་མཚན་ལ་དད་པ་བསྐྱེད་དེ་ཕྱག་འཚལ་ན་འདི་ལྟ་བུའི་ལས་ངན་པ་ཀུན་མ་ལུས་པར་འབྱང་བར་འགྱུར་རོ། །ཞེས་རྫོགས་པའི་སངས་རྒྱས་གཉིས་སུ་མི་གསུང་བ་ཚད་མའི་བཀའ་ལ་རྣམ་ཀུན་ཡིད་ཆེས་པ་དེ་ལ་ནང་པའི་གང་ཟག་ཅེས་བྱ་བ་ཡིན་ནོ། །བསྟན་ཞབས་ཆུ་ལྷའི་ཕངས་པར་ཕྱོགས་པའི་དུས། །ནོངས་བ་རྒྱལ་མཚན་བཞིན་དུ་ཕྱར་བ་ཡི། །ཙོ་བྲེག་སྡིག་ཅན་བདག་འདྲར་འགྱོད་པའི་སེམས། །རྙེད་ནས་འགྱོད་ཚངས་བཀའ་བཞིན་བགྱིད་ནུས་ཤོག །ཚེ་རབས་སྡིག་ལྟུང་ཀུན་བྱང་སྟེ། །ངན་པར་འགྲོ་བའི་ལམ་རྒྱུན་ཆད། །ཞི་བ་ཐར་མཆོག་སྒོ་མོ་རུ། །བདག་སོགས་སྐྱེ་ཀུན་འཇུག་གྱུར་ཅིག །ཅེས་པའི་ཟིན་ཐུན་ཙམ་འབྲི་བར་སྔར་ནས་འདུན་པའི་ཐོག་འཕགས་བོད་ཀྱི་གཞུང་ལུགས་མང་དུ་གཡན་པའི་མཁྱེན་དཔྱོད་རྣམ་པར་ཡངས་པ་སྒྲུབ་བླ་མ་ཀརྨ་བཀྲ་ཤིས་འོད་ཟེར་ནས་


LT34_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་བཞེས་ཚུལ་བཞིན་མཛད་པ་ལ་ཉེ་བར་མཁོ་བས་ཡང་ཡང་བསྐུལ་བ་དང་། མཁན་ཆེན་བླ་མ་ཟླ་བཟང་རིན་པོ་ཆེ་ནས་ཀྱང་གསུང་གི་གནང་བ་སྩལ་བས་མཚམས་སྦྱར་ཏེ། ཤཱཀྱའི་རྗེས་འཇུག་རྟགས་ཙམ་འཛིན་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་དཔལ་སྤུངས་ཡང་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ།། །།གསུང་རབ་མཆོག་འདི་ཉམས་སུ་ལེན་པའི་ཚུལ། །གང་འདི་སྒྲུབ་བླ་རྒྱལ་རོང་ཁྲོ་ཆུ་པ། ཤེས་རབ་ཅེས་པས་སྤར་བསྒྲུབས་བསོད་ནམས་དེས། བསྟན་དང་བསྟན་འཛིན་འཕེལ་རྒྱས་བདག་གཞན་འགྲོའི། །དོན་གཉིས་ལྷུན་གྱིས་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལམ།། །།


previousཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོའི་ཆོ་ག་མན་ངག་ལྟར་བཀོད་པ་ཉེས་པའི་གདུང་སེལ།next