Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
བཅུ་གཅིག་ཞལ་དཔལ་མོ་ལུགས་དང་འབྲེལ་བར་སྨྱུང་གནས་སྒྲུབ་པའི་ལག་ལེན་གསེར་སྡོང་གཡུའི་ཕྲ་ཚོམ།
   
   
   
   
   
   


 
previousབཅུ་གཅིག་ཞལ་དཔལ་མོ་ལུགས་དང་འབྲེལ་བར་སྨྱུང་གནས་སྒྲུབ་པའི་ལག་ལེན་གསེར་སྡོང་གཡུའི་ཕྲ་ཚོམ།next

བཅུ་གཅིག་ཞལ་དཔལ་མོ་ལུགས་དང་འབྲེལ་བར་སྨྱུང་གནས་སྒྲུབ་པའི་ལག་ལེན་གསེར་སྡོང་གཡུའི་ཕྲ་ཚོམ།


LT34_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཅིག་ཞལ་དཔལ་མོ་ལུགས་དང་འབྲེལ་བར་སྨྱུང་གནས་སྒྲུབ་པའི་ལག་ལེན་གསེར་སྡོང་གཡུའི་ཕྲ་ཚོམ་ཞེས་བྱ་བ་བཞུགས་སོ།། །།


LT34_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་བེ། ཐུགས་རྗེའི་དབང་ཕྱུག་སྤྱན་རས་གཟིགས། །མཚན་ཐོས་ཙམ་གྱིས་འཁོར་བ་དང་། །ངན་སོང་ངན་འགྲོའི་རྒྱུན་གཅོད་ཅིང་། །དངོས་གྲུབ་མཆོག་སྩོལ་དེར་བཏུད་ནས། །གང་གི་སྒྲུབ་ཐབས་རྒྱ་མཚོ་ལས། །དཔལ་མོའི་བཞེད་གཞུང་བདུད་རྩིའི་བཅུད། །མཆོག་དམན་བར་མའི་ཉེར་འཚོའི་གསོས། །ཉམས་ལེན་འདོད་རྣམས་འཇུག་ངོགས་འདིའོ། །དེ་ཡང་གྲུབ་བརྙེས་མ་དཔལ་མོས་མཛད་པའི་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་འདི་ཉིད་བྱ་རྒྱུད་པདྨའི་རིགས་ཀྱི་འཁོར་ལོས་སྒྱུར་བ་ཞལ་བཅུ་གཅིག་པའི་གཟུངས་ལ་བརྟེན་པ་རྒྱ་བོད་མཁས་གྲུབ་རྣམས་ཀྱི་བཞེད་པ་མཐུན་ཅིང་། བྱ་རྒྱུད་ཡིན་ན་བདག་བསྐྱེད་མེད་པས་ཁྱབ་པའང་ཆེན་པོ་ཕལ་གྱི་དགོངས་བཞེད་མཐུན་ཡང་། བོད་ཀྱི་བླ་མ་ཁ་ཅིག་ནས་རྡོ་རྗེ་ཕྲེང་བའི་རིགས་པས་བདག་བསྐྱེད་ཅན་འདི་རིགས་ལྷའི་ངོ་བོ་བྱ་རྒྱུད་ཡིན་ཀྱང་ཆོ་གའི་ཆིངས་བླ་མེད་ཀྱིས་བཀབ་པར་


LT34_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་པ་དང་། ཁ་ཅིག་གིས་བྱ་རྒྱུད་ལ་ཙམ་པོ་བ་དང་ཁྱད་པར་བ་གཉིས་ཡོད་པའི་ཁྱད་པར་བ་ལ་བདག་བསྐྱེད་ཡོད་པའི་ཁུངས་དྲངས་བ་སོགས་བཞེད་པ་འདྲ་མིན་མང་པོའི་ནང་གཙོ་བོ་དེ་གཉིས་མཆིས་པ་ལས། སྔ་མ་ལྟར་ན་ཆོ་གའི་སྲོག་ལྷ་སྔགས་ཀྱི་རྣལ་འབྱོར་བདག་མདུན་སྒྲུབ་པའི་ཆིངས་བླ་མེད་ལྟར་ཆོག་དུས། ཡན་ལག་གཞན་ཡང་དེ་ལྟར་མི་ཆོག་པའི་རྒྱུ་མཚན་མེད་ལ། དེ་ལྟ་ན་ཁྲུས་དང་སྨྱུང་གནས་སོགས་ཀྱང་གཏན་ནས་མི་དགོས་པའམ་བག་ཡངས་སུ་སྤྱོད་ཆོག་བར་འགྱུར་ཞིང་དེ་ནི་ད་ལྟའི་བར་གྱི་ཕྱག་ལེན་གྱི་རྒྱུན་རྣམ་དག་ལ་མི་བྱེད་པས། ལུགས་དེ་སྐབས་འདིར་ནི་མི་ལེགས་སོ། །ཕྱི་མ་ལྟར་ནའང་ཡེ་ཤེས་རྡོ་རྗེ་ཀུན་བཏུས་སོགས་ཀྱི་ལུང་དོན་དང་མི་འབྱོར་བ་དམ་པ་མང་པོས་བཏགས་ཟིན་འཐག་མི་དགོས་ལ། འདིར་ནི་རྗེ་བཙུན་སྒྲོལ་མགོན་ཞབས་དང་། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་སོགས་ཀྱིས་བྱ་རྒྱུད་སྤྱོད་རྒྱུད་


LT34_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཉམས་སུ་ལེན་པའི་ཚུལ་ཡིན་པར་བཞེད་ཅིང་། ལྷ་དྲུག་གི་རྣམ་བཞག་སོགས་ཀྱང་སྤྱོད་རྒྱུད་དང་འབྲེལ་བར་འཆད་དེ། ཕྱིའི་བྱ་བ་གཙང་སྒྲ་ལ་སོགས་པ་དང་ནང་གི་ཏིང་ངེ་འཛིན་ཆ་མཉམ་དུ་སྤྱོད་པ་སྒྲུབ་ཐབས་འདི་ལ་ཡོད་པའི་ཕྱིར་ཕྱོགས་དེ་འཐད་ལྡན་ཡིན་ནོ། །གང་ལྟར་བྱ་བ་ཐུན་མོང་དུ་འགྲོ་བའི་ལས་ཀྱི་རིམ་པ་རྣམས་ངེས་པར་དགོས་པ་རིགས་པས་གྲུབ་མོད། ཕྱག་ལེན་གྱི་རྒྱུན་ལ་མི་གསལ་བ་ནི་བོད་འདིར་ཡུལ་དུས་དབང་གིས་བྱ་སྤྱོད་རང་རྐང་ཚུགས་པའི་ཉམས་ལེན་མཁན་གྱི་སྒྲུབ་པོ་དང་ཆོས་སྡེ་མ་དར་བས་སྲོལ་ཀ་མདོད་པའི་ཁར། ཆོག་ཐན་ཐུན་འདི་རིགས་ཉམས་ལེན་མཛད་མཁན་མཆོག་དམན་ཕལ་མོ་ཆེ་སྔགས་བླ་མེད་ལ་མོས་བས་སྤྱོད་པ་མང་བའི་རྒྱུས་ཅུང་ཟད་ལྷོད་ཡངས་སུ་གྱུར་པ་མངོན་ལ། འོན་ཀྱང་བླ་མེད་ཀྱི་ལུགས་སུ་བསྐྱེད་རྫོགས་གང་ལ་རྣལ་འབྱོར་དུ་བྱེད་ཀྱང་མཉམ་བཞག་གི་ཡེ་ཤེས་རྗེས་ཐོབ་ཏུ་བསྲེ་ནུས་དགོས་ལ། དེ་ལྟར་ལམ་དུ་ཁྱེར་བ་ཡོད་ན་མ་དག་པ་དང་བར་ཆད་སོགས་ཀྱི་མཚན་རྟོག་གི་འཇུག་ཡུལ་སྟོང་པས་ཕྱིའི་བྱ་བ་ཕྲན་བུ་ལ་ལྟོས་པ་མིན་ཀྱང་། ད་ལྟ་འདི་རིགས་ཉམས་སུ་ལེན་ཁུལ་བྱེད་པ་ཡང་རུང་དེ་ལྟའི་དྲན་པ་དང་ཤེས་བཞིན་གྱི་ཏིང་ངེ་འཛིན་རྒྱུན་ཆགས་ཡོད་པ་དཀོན་ཕྱིར་གཉིས་བསྲེས་པས་གཉིས་མིན་ཏུ་འགྱུར་བར་དོགས་པས། བྱ་སྤྱོད་རང་ལུགས་ཇི་ལྟ་བའི་ཉམས་ལེན་བྱེད་པ་མ་འཁྱོངས་རུང་།


LT34_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ནུས་ཅི་ལྕོག་གིས་གཙོ་གང་ཆེ་ཙམ་ཞིག་མི་བསྒྲུབ་པར་བཏང་སྙོམས་བྱེད་པའང་ཤིན་ཏུ་རིགས་པ་མ་ཡིན་པས། བྱ་རྒྱུད་དཀྱིལ་འཁོར་སུམ་སྟོང་ལྔ་བརྒྱའི་གསང་བ་སྤྱིའི་ཆོ་ག་བསྟན་པ་གསང་བ་སྤྱི་རྒྱུད་དང་ལེགས་པར་གྲུབ་པ་སོགས་ལས་ཡུལ་དུས་དང་འཚམས་པ་ཙམ་ཞིག་ལག་ལེན་ཏུ་འདེབས་པར་བྱ་འོས་པས་ཆོ་ག་མི་ཉམས་པར་བཏང་བ་རྣམས་ཀྱི་ཆ་རྐྱེན་ཏུ་འདིར་ཉེར་མཁོ་ཅུང་ཟད་འཆད་པར་འདོད་དོ།། ༈ །།དེ་ལའང་སྤྱིར་ཤེས་པར་བྱ་བ་དང་། བྱེ་བྲག་ལག་ཏུ་ལེན་ཚུལ་གཉིས་འབྱུང་བ་ལས་དང་པོ་ལའང་གནས་དུས་སྒྲུབ་པའི་ཡོ་བྱད་གསུམ། ཐོག་མར་གནས་ལའང་སྤྱི་དང་ཁྱད་པར་རོ། །སྤྱིར་ནི་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། བྱང་ཕྱོགས་ཀྱི་རྒྱུད་དུ་ནི་བྱང་ཆུབ་སེམས་དཔའ་ལག་ན་པདྨོ་འགྲུབ་པར་འགྱུར་རོ། །ཞེས་རང་རེ་བྱང་ཕྱོགས་ཁ་བ་ཅན་པའི་ལྗོངས་འདིར་རིག་སྔགས་ཐམས་ཅད་ལས་འཕགས་པ་སྤྱན་རས་གཟིགས་ཀྱི་རིག་སྔགས་འགྲུབ་ཐག་ཉེ་ཞིང་བསྒྲུབ་པའི་གནས་ཁྱད་པར་དུ་འཕགས་ལ། བྱེ་བྲག་ཏུ་གསང་བ་སྤྱི་རྒྱུད་ལས། པདྨའི་རིགས་ཀྱི་དཀྱིལ་འཁོར་པདྨ་དང་ལྡན་པའི་མཚོ་འགྲམ་དུ་བྱ་བར་གསུངས་ལ། དེ་ལྟར་མ་འཛོམ་ཚེ་རྒྱུད་དེ་ལས། རིང་བསྲེལ་ཅན་གྱི་མཆོད་རྟེན་དྲུང་། །བདེ་བར་གཤེགས་པའི་སྔགས་འགྲུབ་འགྱུར།


LT34_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་རྟེན་རིང་བསྲེལ་ཅན་བཞུགས་པའི་མདུན་ཏུ་གསང་སྔགས་བསྒྲུབ་ན་གེགས་མི་འཇུག་པ་དང་དངོས་གྲུབ་མྱུར་བའི་དགོས་པ་ཡོད་དོ། །གཉིས་པ་དུས་ཀྱང་སྤྱིར་ཡར་ངོའི་ཚེས་གཉིས་བཞི་དྲུག་དགུ་བཅུ་གཉིས་མ་གཏོགས་པའི་ཉི་མ་བཅུ་པོ་རྣམས་དཀྱིལ་འཁོར་སྤྱིའི་བྱ་བ་ལ་དགེ་བར་བཤད་ཅིང་། ཁྱད་པར། ཚེས་ལྔའམ་ཡང་ན་ཚེས་བདུན་ནམ། །ཟླ་བ་ཉ་ལ་ཁྱད་པར་དུ། །ཕྱག་ན་པདྨོའི་དཀྱིལ་འཁོར་གྱི། །ཆོ་ག་རྣམས་ནི་བྱ་བར་ཤིས། །ཞེས་པ་ལྟར་འཕྲལ་གྱི་རྟེན་འབྲེལ་ཡང་གལ་ཆེ་བས་གཟབ་དགོས་ཏེ། ཚེས་གྲངས་ངན་དང་དུས་མིན་དང་། །གནས་མིན་ཆོག་མི་ལྡན་པར། །མཁས་པས་དཀྱིལ་འཁོར་མི་བྲིའོ། །བྲིས་ན་དོགས་པ་མེད་པར་འཆི། །ཞེས་ཚེས་གྲངས་ངན་པ་གཉིས་དང་མར་ངོ་སོགས། དུས་མིན་ལྷོ་བགྲོད་ལ་རྒྱས་པའི་ལས་ལྟ་བུ། གནས་མིན་མི་ནག་གི་གྲོང་དང་དུར་ཁྲོད་ལྟ་བུ། ཆོ་ག་གཞུང་མཐུན་མི་ཤེས་པར་གསང་སྔགས་ཀྱི་དཀྱིལ་འཁོར་བརྩམས་པ་ནི་འདིར་མ་ཟད་རྣམ་པ་ཀུན་ཏུ་སྨད་དོ། །གསུམ་པ་ཡོ་བྱད་ལའང་སྤྱིར་དབང་བསྐུར་བ་དང་། དངོས་གྲུབ་སྒྲུབ་པའི་དཀྱིལ་འཁོར་ལྟ་བུའི་སྐབས་སུ་ནི་དགོས་ཆས་མང་རུང་། བྱེ་བྲག་དཀྱིལ་འཁོར་འདི་ལ་མེད་དུ་མི་རུང་བ་ལག་ཏུ་འབྱོར་ཚོད་སྟ་གོན་ཏུ་


LT34_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་ནི། རབ་ཙནྡན་དཀར་པོ་ལས་བྱས་པའི་ཞལ་བཅུ་གཅིག་པའི་སྐུ་བརྙན་རིང་བསྲེལ་ལྡན་པ། མ་འབྱོར་ན་བྲིས་སྐུ་ཚད་ལྡན། རིན་པོ་ཆེའི་མཎྜལ་ཆེ་ལེགས་གས་ཆག་མེད་པ། རྡུལ་ཚོན་སྣ་ལྔ། གསེར་དངུལ་ལམ་ཁྱད་པར་དུ་བསྔགས་པ་ཟངས་བུམ་ཚད་ལྡན་དར་རས་དཀར་པོ་ཁ་ཚར་མཉམས་པའི་མགུལ་ཆིངས། ལོ་མ་དང་འབྲས་བུ་ལྡན་པའི་ཤིང་གི་ཁ་རྒྱན། ཟངས་ལས་བྱས་པའི་པདྨ་དང་མེ་ཏོག་གི་ཕྲེང་བས་བརྒྱན་པ། འབྱོར་ན་བརྒྱད་དམ་བཞི་དགོས་ཀྱང་མ་འབྱོར་ཚེ་གཅིག །ཀུ་ཤའི་ཁ་རྒྱན་ཀྱང་འགལ་བ་མེད་མོད་རྨ་བྱའི་སྒྲོ་ནི་མཚོན་དོན་གྱི་དབང་གིས་བྱ་སྤྱོད་རིགས་ལ་འཛུགས་སྲོལ་མེད་དོ། །བུམ་རྫས་ཀྱང་སྤྱི་རྒྱུད་ལས་གསུངས་པའི་བཅོ་ལྔ་པ་དགོས་སྟེ། དེའང་རིན་པོ་ཆེ་ལྔ་ནི་གསེར། བྱེ་རུ། དུང་། མུ་ཏིག །ནོར་བུ་སྟེ་ཤེལ་རིགས་གང་རྙེད་དགོས་ཀྱང་རྙེད་དཀའ་བས་པད་རཀ་ཕྱོགས་གཏོགས་ནལ་བཅས་དང་། འབྲུ་ལྔ་ནི། འབྲས་མ་གྲུགས་པ་སྟེ་ཤུན་པ་མ་ཕྲལ་བ། སྲན་མཱ་ཥ་སྟེ་སྲན་མ་ཟླུམ་པོ་ཁ་དོག་སྲེ་བོ་ཅན། ནས། གྲོ། ཏིལ་དཀར་བཅས། སྨན་ལྔ་ནི། སྟག་ཚེར། སེང་ཚེར། ཤུ་དག་དཀར་པོ། ཅོ་ག་གླད་སྨན། ཨུཏྤལ་བཅས་གཙང་སྦྲ་ལྡན་པ་དགོས། དྲི་བཟང་ཆུའམ་སྦོས་ཆུས་བཀང་བ་ཞེས་པ་ནི།


LT34_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཙན་དན་ག་བུར་གུར་གུམ་རྣམས་སྦྱར་བའི་ཆུས་བཀང་བའོ། །ལས་བུམ་མགུལ་ཆིངས་དམར་པོ་ཅན། མེ་ལོང་། ཁྲུས་སྣོད། ཁྲུས་རས་དཀར་པོ། གོས་ཟུང་སྣ་ཚོགས་དང་། འབྲས་ཡོས། དྲི་བཟང་། མེ་ཏོག་དཀར་པོ། ཀུ་ཤ །ཏིལ་དཀར། ཆུ་གཙང་བཅས་སྦྱར་བའི་མཆོད་ཡོན་ཏེ་དེའང་། ལེགས་གྲུབ་ལས། མཆོད་ཡོན་ཕྱིར་ནི་ཟངས་ཀྱི་སྣོད། །ལས་རྣམས་ཀུན་ལ་རབ་ཏུ་ཤིས། །ཞེས་གསུངས་པ་ལྟར་ཟངས་སྣོད་རྗེས་སྣ་ལྔ་པོ་བཏབ་ལ། སྤྱན་འདྲེན་དང་བཛྲ་ཨརྒྷཾ་ནམ་བྱུང་ཆུ་བུམ་ནས་ཆུ་གཙང་དེར་སྦྲེང་དགོས་ལ། རྒྱུད་དེ་དག་ལས་མེ་ཏོག་བདུག་སྤོས་དྲི་ཞལ་སོགས་ལ་རིགས་ད་བྱང་སོ་སོའི་ཁྱད་པར་ཤིན་ཏུ་རྒྱས་པར་འབྱུང་ཡང་འབྱོར་དཀའ་བས། སྐབས་འདིར་འཛོམ་ན་ཆུ་སྐྱེས་མེ་ཏོག་དཀར་པོ་དང་དམར་པོ་གང་རྙེད་མ་རྙེད་ན་ཙམ་པ་ཀར་གྲགས་པ་དང་ནས་འབྲས། འཛོམ་ན་ཙན་དན་དང་ཨ་ག་རུ་བསྲེས་པའི་བདུག་སྤོས། སྤོས་སྣོད་རིན་པོ་ཆེའམ་ཁམ་ཕོར་སོ་མ་བཏང་བ་དཀྱིལ་འཁོར་ཕྱོགས་མཚམས་བརྒྱད་དུ་བཞག་པའམ་གང་འབྱོར། མ་འཛོམ་ན་ཆང་དང་གླ་རྩི་སོགས་སྲོག་ཆགས་ཀྱི་ཡན་ལག་མ་འདྲེས་པའི་སྤོས་ཕྱེ་སོགས། རྩི་མར་དང་འབྲུ་མར་གྱི་མར་མེ། ཙན་དན་དཀར་པོ་དང་ག་བུར་སྦྱར་བའི་དྲི་ཆབ་ཤ་ཁྲག་གི་རིགས་མ་འདྲེས་པའི་ཞལ་ཟས། ཏིང་ཤག་ལྟ་བུ་རོལ་མོའི་རིགས་བྱེད། གཞན་ཡང་འཕན་གདུགས་རྒྱལ་མཚན། བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་རྣམ་བདུན་སོགས་མཆོད་པའི་བྱེ་བྲག་འཚམས་ཤིང་འོས་པ་རྣམས་འབྱོར་ན་བརྒྱ་རྩ་


LT34_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་དང་། མ་འབྱོར་རུང་ཅི་ཙམ་འབྱོར་པ་ནུས་པ་མ་བསྲིས་པ་བཤམ་དགོས་ཏེ། སྤྱི་རྒྱུད་ལས། དྲི་དང་མེ་ཏོག་བདུག་སྤོས་དང་། །ལྷ་བཤོས་སྦྱིན་སྲེག་ལས་ཀྱི་རྣམས། །ཕོངས་པར་གྱུར་ཀྱང་མི་དབྲི་སྟེ། །ཕྲིས་ན་ངེས་པར་འཆི་བར་འགྱུར། །ཞེས་སོ། །གཞན་ཡང་མཎྜལ་དང་དཀྱིལ་འཁོར་གྱི་ཆགས་ཆགས་འདེབས་པ་སོགས་དག་བྱེད་ཕལ་མོ་ཆེར་མཁོ་བའི་བ་བྱུང་རྣམ་ལྔར་གྲགས་པ་ནི། བེའུ་ཐོག་མར་སྐྱེས་པའི་བ་སེར་སྐྱ་རབ། མ་རྙེད་ན་དམར་ཟལ་གྱིས་ཀྱང་རུང་། དེ་ལ་གླང་ཆེན་རྩི་ཞེས་བྱ་བའི་སྨན་ཡོན་ཏན་ལྔ་ལྡན་ཡོད་པར་བཤད་དེ། ཇི་སྐད་དུ། གདོན་བགེགས་ཐུབ་དང་འདུས་ནད་སེལ། །དྲི་ཞིམ་འགྲོ་བ་དབང་དུ་འདུ། །ཤིན་ཏུ་གཙང་བའི་ཡོན་ཏན་ཉིད། །ཅེས་པ་ལྟར་ཡོད་པའི་དབང་གིས་ཡིན་གྱི་བ་རྒན་པ་སོགས་གང་རུང་རུང་གིས་མི་ཆོག་ཅིང་། སྦྱར་ཐབས་མེད་པར་རང་གར་བ་ལྕི་སོགས་བསྐུས་པས་ཀྱང་གཙང་བྱེད་དུ་མི་འགྱུར་བ་མ་ཟད་མི་གཙང་བ་གཞན་གྱིས་བྱི་དོར་བྱས་པ་དང་ཆོས་མཚུངས་སུ་འགྱུར་རོ། །སྦྱར་ཐབས་ནི་སློབ་དཔོན་སངས་རྒྱས་གསང་བ་དང་། དགྲ་ལས་རྣམ་རྒྱལ་སོགས་ཀྱིས་བཤད་པ་ལྟར། བ་གསར་སེར་སྐྱ་ས་གཙང་གི་རྩྭ་ཆུ་ལས་བརྔས་པའི་རྩྭ་དང་སྦང་མ་སོགས་མི་གཙང་བ་མ་ཟོས་པའི་ལྕི་བ་ས་ལ་མ་ལྷུང་བ་སྣོད་གཙང་མར་བླངས། གཅིན་ཡང་དེ་བཞིན་


LT34_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

གཟེད་ལ། སྣོད་གཙང་དུ་ལྕི་བར་ཆུ་བླུགས་ནས་བསྐོལ་ཏེ་ཆུ་རྣམས་ཕོལ་ལྕི་བ་ཉི་མར་སྐམ་ནས་ཞིབ་པར་བཏགས། དེ་ལ་བ་གཅིན་བསྲེ་ནས་སླར་སྐམ། དེ་བཞིན་ཏུ་སྐམ་བརྡུད་བསྲེ་བ་ལན་གསུམ་གྲུབ་པའི་ཕྱི་མ་ལ། བའི་མར་ལྕི་བའི་ཉི་ཤུའི་ཆ་ཙམ་དང་། འོ་མ་དང་ཞོ་དག་མར་གྱི་སུམ་འགྱུར་བསྲེས་ལ་ཤིན་ཏུ་གཙང་བས་རིལ་བུ་དྲིལ་ཏེ་གྲིབ་སྐམ་བྱས་བདེ་དགོས་དུས་སུ་དྲི་བཟང་གི་ཆུ་དང་སྦྱར་ལ་ལོངས་སྤྱོད་པ་ཡིན་ཅིང་། དེ་ལྟར་བ་བྱུང་དང་། མཆོད་པའི་མཎྜལ། དེ་བཟུང་བའི་ཚས་རྟེན་ཁེབ་ལྟ་བུ། དྲི་བཟང་ཆུ། ཀུ་ཤའི་ཆུན་པོ། ཀླུ་སྨན། འཐོར་ནས། ཉེ་རེག་སྣོད་སྒྲུབ་པོ་རེ་རེའམ་གཉིས་གཉིས་ཙམ་གྱི་བར་དུང་ཆོས་ལྟ་བུའི་ཆུ་སྣོད་སོགས་དངོས་གཞིའི་སྐབས་སུ་དགོས་པ་རྣམས་སྔ་ཚགས་ཚུད་པར་བྱའོ། །ཁྱད་པར་བགྲང་ཕྲེང་ནི་པདྨའི་རིགས་ལ་ལྷག་པར་བསྔགས་པ་པདྨའི་སྙིང་པོའམ། མ་རྙེད་ན་དུང་ཤེལ་བོ་དྷི་ཙི་སོགས་བ་བྱུང་རྣམ་ལྔས་བཀྲུས། བུ་མོ་མགོ་གཙང་གིས་བཀལ་བའི་སྐུད་པ་སུམ་བསྒྲིལ་ལ་གྲངས་བརྒྱ་རྩ་བརྒྱད་ཚང་བར་བརྒྱུས་ཏེ། ལག་པ་ཐལ་མོ་སྦྱར་བའི་བར་དུ་བཟུང་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏཱྭ་ཡ། ཨོཾ་ཨ་མི་ཏེ་ག་མེ། ཤྲི་ཡེ་ཤྲི་ཡ་ནི་ལི་སྭཱ་ཧཱ། ཞེས་ལན་བདུན་སོགས་བརྗོད་པས་བྱིན་གྱིས་བརླབ་པའི་


LT34_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་དེ་སྔགས་ཀྱི་ནོར་བུ་ཞེས་བྱ་བ་ཡིན་པས་རས་དཀར་སྣོད་དུ་གཞན་གྱིས་མ་རེག་མ་མཐོང་བར་སྦས་ཏེ་འཆང་དགོས་སོ།། ༈ །།གཉིས་པ་བྱེ་བྲག་ལག་ལེན་དངོས་ལའང་། བྱེད་པོ་སྒྲུབ་པ་པོ་དང་། བྱ་བ་ཆོ་གའི་མཚན་ཉིད་དོ། །དང་པོ་སྒྲུབ་པ་པོ་ཡང་དག་པའི་ལྟ་བ་དང་ལྡན་པ། ས་ཐར་དང་བྱང་སྡོམ་ཐོབ་ལ་མ་ཉམས་པ། བྱ་རྒྱུད་རིགས་གསུམ་སྤྱིའམ། པདྨའི་རིགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཐོབ་ཅིང་དམ་ཚིག་དང་ལྡན་པ་དགོས་ལ། དེང་སང་ཁྲོམ་མང་གི་སྨྱུང་གནས་ལྟ་བུར་དེ་ཅི་བཞིན་མི་འབྱུང་མོད། ཚད་ལྡན་བྱེད་ན་སྨྱུང་གནས་སྡོད་པ་པོ་དུ་ཡོད་ལ་ཐོག་མར་སློབ་དཔོན་གྱིས་བཅུ་གཅིག་ཞལ་གྱི་ཆུ་དང་ཅོད་པན་དབང་བསྐུར། བཟླས་ལུང་། སྒྲུབ་ཐབས་ལུང་བཅས་གནང་དགོས་ལ། དེ་ཙམ་མ་གྲུབ་ཀྱང་དཀྱིལ་ཆོག་བཏང་མཁན་རྣམས་ནི་ངེས་པར་དཀྱིལ་འཁོར་དེའི་དབང་ལུང་ཐོབ་པ་དགོས་སོ། །བསྲུང་བྱའི་དམ་ཚིག་ཀྱང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་སྲོག་གི་ཕྱིར་ཡང་མི་སྤོང་བ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། །གསང་སྔགས་རིག་སྔགས་ཀྱི་ལྷ་རྣམས་ལ་མཆོག་དམན་སྤང་བླང་གི་འདུ་ཤེས་མེད་པར་ཐམས་ཅད་ཀྱང་ངོ་མཚར་ཆེན་པོའི་ཚུལ་ལ་དད་གུས་བསྐྱེད་པ་སྟེ་སྤྱིའི་དམ་ཚིག་གསུམ་གཞིར་བཞག་ནས་ཐུན་མིན་དམ་


LT34_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་བཅུ་གསུམ་ནི། རང་གི་བསྒྲུབ་བྱའི་ལྷ་ལ་ཁྱད་པར་དུ་གུས་པ། སྡོམ་ལྡན་གསང་སྔགས་ཀྱི་སྒོར་ཞུགས་པ་རྣམས་ལ་ལུས་ངག་ཡིད་གསུམ་གྱིས་མ་གུས་པ་མི་བྱེད་པ། བསྟན་སྒོར་ཞུགས་ཚད་ལ་སྐྱོན་བརྗོད་ཕྲན་བུ་ཙམ་ཡང་མི་བྱེད་ཅིང་གུས་པ། བླ་མའི་སྐྱོན་ལ་མི་བརྟགས་ཤིང་གུས་པ། ཚུལ་བཞིན་མ་གྲུབ་ཀྱང་ལྷ་ལ་ལོག་ལྟ་མི་བྱེད་པ། དུས་བཟང་རྣམས་སུ་ལྷ་དང་དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོས་མཆོད་པ། ཕྱི་རོལ་པའི་ལྷ་དང་འབྱུང་པ་ལ་མི་མཆོད་པ། གློ་བུར་དུ་འོངས་པ་ལ་གནས་མལ་ཁ་ཟས་སྦྱིན་པ། མི་ནས་སྲོག་ཆགས་ཕྲ་མོ་གྲོག་སྦུར་གྱི་བར་ལ་གནོད་འཚེའི་བསམ་སྦྱོར་སྐད་ཅིག་ཀྱང་སྤངས་ནས་ཕན་སེམས་བསྐྱེད་པ། བཟླས་བརྗོད་དང་སྡོམ་པ་བཟུང་བ་སོགས་བསོད་ནམས་འཕེལ་བའི་ཐབས་ལ་བརྩོན་པ། བཟླས་པའི་སྤྱོད་ལམ་འོག་ཏུ་གསལ་བ་རྣམས་དང་ལྡན་པ། གསང་སྔགས་ཀྱི་དམ་ཚིག་གཞན་རྣམས་ཀྱང་ཡལ་བར་མི་འདོར་བ། དབང་མ་ཐོབ་པ་དང་། དམ་ཚིག་ཉམས་པ་རྣམས་ལ་དཀྱིལ་འཁོར་ལྷ་སྔགས་སོགས་གསང་བ་བཅས་བཅུ་གསུམ་པོ་དེ་རྣམས་མ་ཉམས་པར་བསྲུང་ཞིང་། གལ་ཏེ་ཉམས་ན་བཤགས་པ་སྤྱི་དང་། ཁྱད་པར་རྡོ་རྗེ་མེ་ལྟར་རྨོངས་བྱེད་ཀྱི་གཟུངས་བཟླ་ཞིང་ཞི་བའི་སྦྱིན་སྲེག་དང་དབང་བསྐུར་བསྐྱང་བ་སོགས་གསུངས་སོ། །དེ་དག་ནི་ཅི་ནས་གལ་ཆེ་སྟེ་དབུང་བཟང་ལས། རིག་དང་དམ་ཚིག་མ་ཐོབ་སྙིང་རྗེ་མེད། །དེ་བཞིན་བྱང་ཆུབ་སེམས་ནི་མ་བསྐྱེད་ཅིང་། །སངས་རྒྱས་ལ་དད་ལྷ་གཞན་ལ་བརྟེན་པས། །


LT34_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ང་ཡི་གསང་སྔགས་བཟླས་ན་ཕུང་བར་འགྱུར། ཞེས་སོ། །གཉིས་པ་ཆོ་ག་ནི། རྗེ་རིག་པ་འཛིན་པས་མཛད་པའི་སྨྱུང་ཆོག་དེ་ཉིད་བཅུ་དྲུག་པ་འདི་བྲག་དཀར་སེམས་དཔའ་ཆེན་པོའི་ཕྱག་སྲོལ་ཇོ་ནང་རྗེ་བཙུན་རིན་པོ་ཆེའི་བཞེད་པ་སོར་བཞག་རྒྱས་བསྡུས་འཚམས་པ་ཡིན་པས་ཆོ་ག་དེ་ཉིད་བཏང་བའི་ཚེ། སང་ལྟ་བུ་སྔོན་འགྲོ་གདན་གཅིག་བྱེད་པའི་དེ་རིང་ནས་སྔར་བཤད་པའི་ཡོ་བྱད་རྣམས་ཉེ་བར་བསྡོག །སློབ་དཔོན་སྔོན་ཏུ་དཀར་པོ་ཆ་བརྒྱད་དུ་གྲགས་པའི་བསྙེན་སོང་ཞིག་འཛོམ་ན་རབ། ཅིས་ཀྱང་མ་འཛོམ་ཚེ་སྨྱུང་གནས་ཚད་ལྡན་ཆ་ཤས་ཐོན་པ་ཞིག་གི་མདུན་ཏུ་ལས་བུམ་བཅུད་ལྡན་བཞག་ལ། རང་ཉིད་སྐད་ཅིག་གིས་སྤྱན་རས་གཟིགས་ལོ་ཀ་ནཱ་ཐའི་སྐུར་གྱུར། བསངས་སྦྱངས། སྟོང་ཉིད་ཡེ་ཤེས་རྡོ་རྗེ་ལས། །ལས་ཀྱི་བུམ་པའི་གོ་ས་རུ། །སྣ་ཚོགས་པདྨ་ཉི་མའི་སྟེང་། །ཧཱུྃ་ལས་ཁྲོ་བོ་རྟ་མགྲིན་ནི། །དམར་ཞིང་ཉི་མ་ལྟར་འབར་བ། །སྤྱན་གསུམ་མཆེ་གཙིགས་ཧཱུྃ་སྒྲ་སྒྲོག །སྤྱི་བོར་རྟ་མགོ་ལྗང་གུས་མཚན། །ཕྱག་བཞི་པད་དབྱུག་རྡོ་རྗེ་དང་། །སྡིགས་འཛུབ་པདྨའི་སྡོང་པོ་འཛིན། །གཡོན་བརྐྱངས་ཁྲོ་བོའི་ཆས་ཀྱིས་བརྒྱན། །མེ་དཔུང་འབར་བའི་དབུས་བཞུགས་པའི། །གནས་གསུམ་འབྲུ་གསུམ་ཐུགས་སྟོད་ཧྲཱིཿ །འོད་ཀྱིས་ཡེ་


LT34_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་སྤྱན་དྲངས། །ཛཿཧཱུྃ་བྃ་ཧོཿགཉིས་མེད་གྱུར། །སླར་ཡང་དབང་ལྷས་དབང་བསྐུར་ཏེ། །སྣང་བ་མཐའ་ཡས་དབུ་བརྒྱན་གྱུར། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། བར་སྔགས་དང་ཕྱག་རྒྱ་ཙམ་གྱིས་མཆོད། །ཧཱུྃ་ལས་བྱུང་བའི་རྟ་མགྲིན་རྒྱལ། །དྲག་པོའི་རྟ་སྐད་སྒྲོག་པ་ཡིས། །གདུག་བཅད་རྣམས་འཇོམས་པར་མཛད། །ཁྲོ་བོའི་དབང་པོ་ལ་ཕྱག་འཚལ། སྔགས་བཟླས་པས་ཐུགས་རྒྱུད་བསྐུལ་བ་མོས་ལ། ཨོཾ་ཧ་ཡ་གྲཱི་བ་ཧྲཱིཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཅི་འགྲུབ་བཟླ། མཐར། ཁྲོ་བོའི་དབང་པོ་འོད་དུ་ཞུ། བུམ་ཆུ་ནུས་སྟོབས་ལྡན་པར་གྱུར། ཞེས་ང་ནི་དཀྱིལ་འཁོར་གྱི་ལས་ཐམས་ཅད་ལ་བགེགས་སྲུང་བའི་དོན་ཏུ་གལ་ཆེ་བ་སྟེ། སྤྱི་རྒྱུད་ལས། པདྨའི་རིགས་ལ་རིག་སྔགས་རྒྱལ། །རྟ་མགྲིན་ཡི་གེ་བཅུ་པའོ། །ཞེས་པས་སོ། །དེ་ནས་ཨོཾ་ཧ་ཡ་གྲཱི་བ་སོགས་ཀྱིས་བསངས་སྦྱང་། ཀུན་རིག་ལྟར་ཆ་གསུམ་ཚང་བར་བཏད། བགེགས་གཏོར་སྐབས་བདག་བསྐྱེད་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་མི་བྱ་བར། བདག་ཉིད་སྐད་ཅིག་གིས་དཔལ་རྟ་མཆོག་ཧེ་རུ་ཀར་གསལ་བར་གྱུར། རྗེ་བཙུན་རྩ་བ་སོགས་དང་། བཅོམ་ལྡན་འདས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་ཞེས་ཁ་བསྒྱུར་


LT34_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་སོགས་ཤློ་ཀ་གཅིག་བརྗོད། དེ་ནས་ཟངས་སྣོད་དུ་བ་བྱུང་ལྔ་ཆུར་སྦྱང་། ཤར་དུ་ཁ་བལྟས་ཙོག་པུར་འདུག་ལ། ཨོཾ་ཡ་ཤོ་ཛ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་ལ་བཏུང་སྟེ་དེས་ནི་ཟླ་བ་ཕྱེད་ཚུན་ཆད་ཀྱི་ཤ་ཆང་སོགས་བཟའ་བ་མ་ཡིན་པ་ཟོས་པ་རྣམས་དག་པར་འགྱུར་རོ། །དེའང་ཟླ་བ་ཕྱེད་ཕྱེད་བཞིན་ཞག་གཅིག་སྨྱུང་བར་གནས་ལ་སྲང་གསུམ་གསུམ་འཐུད་དགོས་པར་གསུངས་ཀྱང་འགྲུབ་དཀའ་ལ་འདི་ཙམ་བྱས་ཀྱང་ཕན་ཡོན་ནི་ཡོད་དོ། །དེ་ནས་ལག་མཐིལ་གཡོན་པར་བ་བྱུང་དང་དྲི་བཟང་ཆུ་བླུགས་པ་དང་། ཡུངས་ཀར་ལ། ཨོཾ་ཀཱི་ལི་ཀཱི་ལ། བཛྲཱི་བཛྲཱི་བྷུ་རུ་བནྡྷ་བནྡྷ་ཧཱུྃ་ཕཊ། ཞེས་ལན་བདུན་བཟླས་ལ་དཀྱིལ་འཁོར་གང་དུ་བྱ་བའི་གཞི་སོགས་ཕྱོགས་ཀུན་ཏུ་བསངས་གཏོར་བྱ། ཡུངས་ཀར་གྱིས་བྲབས། །བར་དུ་གཅོད་པའི་བགེགས་ཐམས་ཅད་ཕུར་བུས་བཏབ་པར་མོས། དེ་ནས་གུ་གུལ་དང་ཙནྡན་སོགས་བདུག་ལ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཐོང་བ་དང་ནི་ཐོས་པ་དང་། །རེག་པ་དང་ནི་དྲན་པའང་རུང་། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ནད་


LT34_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀུན་གྱི་གསོས་གྱུར་ཅིག །ཏདྱ་ཐཱ། ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊ། བི་ཀ་ཊ། ཀ་ཊཾ། ཀ་ཊེ་བྷ་ག་བ་ཏི་བི་ཛ་ཡེ་སྭཱ་ཧཱ། ཞེས་སྔགས་ལན་བདུན་ནམ་ཉེར་གཅིག་བརྗོད། །རྡོ་རྗེའི་རྭ་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་སྲུང་འཁོར་ཡངས་ཤིང་བརྟན་པར་གྱུར་པར་མོས་ཏེ། ལེགས་གྲུབ་ལས། དེས་ནི་བདག་དང་ལྷ་ཡང་བསྲུང་། །སྡིག་པ་ཐམས་ཅད་བྱང་བར་འགྱུར། །བགེགས་རྣམས་སྨ་ཡང་འབེབས་པ་དང་། །བསམ་པའི་འབྲས་བུ་མངོན་ཏུ་འགྱུར། །ཞེས་པས་སོ། །སྐབས་འདིར་མཆོད་གཡོག་པས་གཏོར་མ་བཅའ་བ་དང་གཞི་འགོད་པའི་ཚེ། སློབ་དཔོན་པས་ལས་བུམ་དང་ཡུངས་ཐུན་གུ་གུལ་སོགས་ལ་དམིགས་ཏེ་རྣམ་འཇོམས། སྨེ་བརྩེགས། བདུད་རྩི་འཁྱིལ་པ། ཡིག་བརྒྱ་སོགས་དང་། ཁྱད་པར་སྤྱི་རྒྱུད་ལས། ཁྲོ་བོ་བདུད་རྩི་ཐབ་སྦྱོར་ནི། །རིགས་གསུམ་དག་གི་སྤྱི་ལ་ཡང་། །བགེགས་རྣམས་ཐམས་ཅད་གཞོམ་པའི་ཕྱིར། །གསང་བ་པ་ཡི་བདག་པོས་བཤད། ཅེས་དང་། ལེགས་གྲུབ་ལས། ལས་རྣམས་ཀུན་ལ་ཐམས་ཅད་དུ། །བགེགས་ལ་སོགས་པ་བསལ་བ་ལ། །རྣམ་པར་རྟོག་པའི་ཆོ་ག་ཡིས། །བདུད་རྩི་ཐབ་སྦྱོར་རབ་ཏུ་སྦྱར། །ཞེས་དང་། དཔུང་བཟང་


LT34_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱང་རིག་སྔགས་འདི་བརྗོད་པ་ལ་བགེགས་དང་ལོག་འདྲེན་གྱིས་མི་ཚུགས་པར་གསུངས་པས། གཤམ་གསལ་གཟུངས་རིང་དང་། ཡོངས་གྲགས་ཨ་མྲྀ་ཏའི་སྔགས་རིང་ཐུང་གཉིས་བརྒྱ་སྟོང་དུ་བཟླས་པ་དང་། ན་མོ་མ་ཧཱ་ཤྲི་ཡཻ། ཨོཾ་ཤ་མེ་ས་མ་ཡེ་སཽ་མེ་སིངྡྷི་སིངྡྷི་སཱ་དྷ་ཡ་ཤི་བེ་ཤི་བཾ་ཀ་རི། ཨཱ་བ་ཧ་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་པདྨའི་རིགས་ཀྱི་ལས་ཐམས་ཅད་པ་དཔལ་མོའི་སྔགས་ཀྱང་ཅི་འགྲུབ་བཟླས་པས་བསྔགས། ཀུ་ཤའི་ཆུན་པོ་ལ། ཨ་རོ་ལི་ཀྲ། བརྒྱ་རྩ་བཟླས། འདི་སྲིན་ལག་ལ་འཆིང་བའི་ཆོ་ག་ཡིན་ཀྱང་དམ་ཚིག་རྡོ་རྗེ་དང་། ཟེའུ་ཁ་སོགས་ཇི་བཞིན་མི་འཛོམ་པས་ཀུ་ཤ་བྱིན་རླབས་ཙམ་འདིར་བཀོད་པ་སྟེ་དེས་ཀྱང་ཡོ་བྱད་སོགས་སྲུང་བའི་ནུས་པ་དང་ལྡན་ནོ། །བཅས་བཤམ་ནི་གཞུང་གི་དེ་ཉིད་ལྔ་པའི་སྐབས་སུ་གསུངས་པ་བཞིན་བྱ་སྤྱོད་ལ་མཎྜལ་དཀྱིལ་འཁོར་རྡུལ་ཚོན་མེད་ཐབས་མེད་པ་ཡིན་མོད། རྡུལ་ཚོན་ཅིས་ཀྱང་མ་འཛོམ་ཚེ་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་རས་ལ་བྲི་རུང་བ་དམིགས་བསལ་ཏེ། ཕྱག་སྟོང་སྤྱན་སྟོང་ཐོགས་པ་མི་མངའ་བའི་གཟུངས་ལས། དཀྱིལ་འཁོར་གྱི་ཆོ་ག་འདི་ནི་བལ་རས་སམ། བཙོ་རས་ལ་རི་མོར་བྲིས་ཏེ་བགྱི་ནའང་རུང་ལགས་སོ། །ཞེས་གསུངས་


LT34_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །གང་ལྟར་གནས་ཁང་ཤིན་ཏུ་གཙང་སྦྲ་དང་བྱི་དོར་བྱས། བླ་བྲེ་འཕན་གདུགས་ཡོལ་བ་སོགས་དང་སྤྲོ་བར་བཀྲམ། སྐུ་གསུང་ཐུགས་ཀྱི་རྟེན་སྤྱི་དང་ཁྱད་པར་སྤྱན་རས་གཟིགས་ཀྱི་ཞལ་ཐང་མདོ་གཟུངས་གླེགས་བམ་སོགས་བཞུགས་པའི་གུད་དུ། སྟེགས་མཐོ་ཞིང་གཙང་བར་མེ་ཏོག་སིལ་མ་བཀྲམ་པའི་དབུས་སུ་མཎྜལ་ལ་བ་བྱུང་དྲི་བཟང་ཙནྡན་དཀར་པོའི་ཕྱེ་མས་བྱུགས་ཏེ་རྡུལ་ཚོན་གྱིས་དཀྱིལ་འཁོར་གཞུང་གསལ་བྲིས་པ་བཞག་པའི་ཁར་རྐང་གསུམ་ལྟ་བུར་འཕགས་པའི་སྐུ་བརྙན་ཙན་དཀར་ལས་གྲུབ་པ་སོགས་གང་འཛོམ་ཞིག་ན་བཟའ་བཅས་བཞུགས་སུ་གསོལ་བའི་མདུན་ཏུ་རིན་པོ་ཆེའི་སྣོད་གཙང་མར་གཙོ་གཏོར་དཀར་ཟླུམ་པད་འདབ་བཞི་ལྡན་པ་རྒྱན་ལྔ་སྒྲོམ་ཉི་ཟླ་ནོར་བུས་མཚན་པ་ཆེ་ལེགས། དེའི་གཡས་སུ་སངས་རྒྱས་བྱང་སེམས་སྤྱི་དང་། གཡོན་ཏུ་ཆོས་སྐྱོང་ལ་བཟོ་དབྱིབས་གོང་མཚུངས་དབུས་མའི་ཕྱེད་ཆ་ཆུང་བ་ཙམ་རེ་བཤམ། འབྱོར་མཁོས་ཡོད་ཅིང་གཞུང་མཐུན་རྒྱས་སྤྲོས་བྱེད་ན་དེ་རྒྱབ་བུམ་པ་བཅུད་ལྡན་ཁ་རྒྱན་བཅས་བརྒྱད། དེ་རྒྱབ་སྤོས་པོར་གསར་པ་བརྒྱད། དེ་རྒྱབ་རྒྱལ་མཚན་རྨ་བྱའི་སྒྲོའི་ཏོག་ཅན་བརྒྱད། མ་འབྱོར་ན་དེ་དག་བཞི་བཞིའང་རུང་། དེ་རྒྱབ་བྱང་དུ་མཆོད་ཡོན་གྱི་སྣོད། ཤར་དུ་དྲི་ཆབ། ལྷོར་ཞལ་ཟས། ནུབ་


LT34_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མར་མེ། ཞབས་བསིལ་ཤར་རམ་ཕྱོགས་བཞི་ཀར། དེ་ལྔ་པོ་རེ་རེའང་ཚར་ལྔ་ལྔ། ཀ་ཊོ་ར་ལྟ་བུར་མེ་ཏོག་དངོས་སམ་གཟུགས་བརྙན་ཅི་རིགས། །མ་འབྱོར་ཚེ་ནས་འབྲས་སྤུངས་བ་མཆོད་པའི་སྐབས་སུ་འཐོར་ཞིང་སྤོས་རྒྱུན་ཏུ་བདུག་པ་དང་། བུམ་པ་རྣམས་གཟུངས་ཐག་གིས་སྦྲེལ་བའི་ཤར་བུམ་ནས་སློབ་དཔོན་ཕྱག་ཏུ་ཕུལ་ཆོག་པ་སོགས་དགོས་ཀྱང་། ད་ལྟའི་ལག་ལེན་དཀྱུས་མ་ལ་དེ་ཙམ་འཛོམ་དཀའ་བས། བུམ་པ་རྒྱུན་འབབས་ཆུ་ཡིས་སུམ་གཉིས་བཀང་བ་དྲི་བཟང་དང་རྫས་བཅུད་ཁ་རྒྱན་མགུལ་ཆིངས་ལྡན་པ་ལ། སློབ་དཔོན་གྱིས་གཟུངས་རིང་བཟླ་བས་བགེགས་བསྐྲད་ལ་མཎྜལ་གྱི་གཡས་དང་། ལས་བུམ་གཡོན་ཏུ་བཀོད། བྱང་དུ་མཆོད་ཡོན་ནས་བརྩམས་ཏེ་མཆོད་པ་རྣམ་བདུན་བསྐོར་བཤམ་བྱ། དེ་རྒྱབ་མདུན་ཏུ་མཆོད་པ་ཕྲེང་ཚར་མགོ་གཡས་ནས་བརྩམས་པ་ཞིག་ཀྱང་བཤམ། མདུན་ལོགས་ཅུད་དམའ་བར་མཆོད་པའི་མཎྜལ་དང་ཁྲུས་ཀྱི་ཆས་བཀོད། དེའི་ཡང་མདུན་དམའ་བར་སྣོད་གཙང་མར་ཀླུ་གཏོར་དཀར་བཤོས་བ་དམར་སེར་གྱི་འོ་མ་དང་ཀླུ་སྨན་བཏབ་པ། གཞི་བདག་དཀར་གཏོར། ཆ་གསུམ་གཏོར་མ་བཅས་བཤམ། ཡང་ཚར་སྔ་མ་གཉིས་ལ་འབུལ་རྒྱུའི་དཀར་གཏོར་གཉིས་དང་། གཏོར་མ་


LT34_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གསོ་བའི་ཐེབས་ཀྱུ་འབྲུ་སྣ་སོགས་འདུ་བྱ། ཐམས་ཅད་གཙང་སྦྲ་ཤིན་ཏུ་ཆེ་བས་དུས་རྒྱུན་བག་ཡོད་དང་ལྡན་པ་གལ་ཆེ་ལ། དེ་དག་གི་ཉེ་ལོགས་གར་བདེར་དུང་ཆོས་སུ་ལས་བུམ་གྱི་ཆུ་བླུགས་པ་དང་། ཀུ་ཤའི་འཐོར་གཡབ་བཞག །འཛོམ་ན་བཀྲ་ཤིས་རྫས་རྟགས་སོགས་མཆོད་པའི་རྣམ་གྲངས་རུང་མཐུན་འབྱོར་ཚད་ཅི་ལྟར་འོས་ཤིང་མཛེས་པར་བཀྲམ་ལ། མཆོད་གཏོར་རྣམས་དང་མཉམ་དུ་དཀར་མངར་ཤིང་ཏོག་སོགས་ཀྱང་བླུགས་པར་བྱའོ། །འདིར་མཆོད་ཡོན་བྱང་དུ་བཞག་དགོས་པའི་རྒྱུ་མཚན་སྤྱི་རྒྱུད་དུ། པདྨ་འཛིན་ལ་བྱང་ཕྱོགས་སུ། །ཞེས་བྱ་རྒྱུད་རིགས་གསུམ་སོ་སོར་མཆོད་པ་འབུལ་བའི་དུས་དང་ཕྱོགས་སོགས་མི་འདྲ་བས་སོ། །བཅས་བཤམས་ཟིན་མ་ཐག་སློབ་དཔོན་གྱིས་རྟ་མགྲིན་ཡིག་བཅུ་དང་། བདུད་རྩི་ཐབ་སྦྱོར་གྱི་སྔགས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩ་ཎྜ་བཛྲ་པཱ་་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། ཏདྱ་ཐཱ། ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཨ་མྲྀ་ཏེ་ཧཱུྃ་ཕཊ། ཞེས་དང་། །ཨ་མྲྀ་ཏ་ཀུཎྜ་ལཱི་དང་། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཞེས་དང་། ཨ་རོ་ལི་ཀྲ། །ཞེས་དང་། གོང་གི་དཔལ་མོ་ལས་ཐམས་ཅད་པ་བཅས་གྲངས་མང་བཟླ་བཞིན་ཏུ་མཆོད་རྫས་རྣམས་ལ་དུད་


LT34_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཀུ་ཤས་བྲན། ཡུངས་ཐུན་བྲབས། གུ་གུལ་བདུགས། སྔོན་ཏུ་རྫས་འཛོམ་ཞིང་བསྙེན་པ་ཐེམས་ན་ཆགས་མེད་རི་ཆོས་ནས་འབྱུང་བའི་མཆོད་པའི་གེགས་སེལ་སོགས་སྐབས་འདིར་བྱ་བ་གཅེས་ཏེ། དེར་དམིགས་བསལ་མ་གསུངས་ཀྱང་གེགས་སེལ་འདི་ནི་བྱ་སྤྱོད་ཀྱི་དཀྱིལ་འཁོར་ལ་མེད་ཀ་མེད་ཀྱི་འཇུག་པ་ཆེ་བ་ཡིན་གྱི། སྔགས་བླ་མེད་ཀྱི་དཀྱིལ་འཁོར་ལ་ནི་འདི་རིགས་མི་དགོས་ཏེ་དེར་བགེགས་བསྐྲད་སྲུང་འཁོར་བྱིན་བརླབས་སོགས་ཏིང་ངེ་འཛིན་དང་བྱ་བ་ཁྱད་པར་བ་དུ་མ་ཡོད་པ་དེ་དག་ཉམས་འོག་ཏུ་ཆུད་དགོས་པར་དགོངས་བས་སོ། །གེགས་སེལ་དེའི་ཕན་ཡོན་དགོས་ཆེད་དུ་མ་དཔུང་བཟང་སོགས་ལས་གསུངས་ཤིང་། ལོག་འདྲེན་སའི་གཙུག་ཕུད་ལ་སོགས་པའི་བགེགས་དེ་རྣམས་ཕལ་ཆེར་རྒྱུད་སྡེ་འོག་མའི་རྣལ་འབྱོར་པ་ལ་འཚེ་བ་ཡིན་ཏེ་དཔེར་ན་རྣམ་སྲས་པའི་སྒབ་འདྲེ་བཞིན་ནོ། །དེ་ནས་འདི་མན་ཆད་བྱིན་རླབས་ཀྱི་སྔགས་ཐམས་ཅད་ཀྱི་ཐོག་མར། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྻཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ ཨརྷ།།།ཿ སམྱཀྶཾ་བུདྡྷེ་བྷྱཿ ན་མ་ཨཱརྻ་


LT34_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏཱྭ་ཡ། མ་ཧཱ་སཏཱྭ་ཡ། མ་ཧཱ་ཀཱ་རུ་ི་ཀཱ་ཡ། ཞེས་པ་འདི་ཚར་རེ་སྦྱར་ནས་སོ་སོའི་བྱིན་རླབས་སྔགས་ནི། བདུག་སྤོས་ཐམས་ཅད་ལ། ཏདྱ་ཐཱ། དྷུ་རུ་དྷུ་རུ། ཧ་ཧ་ཧ་ཧ་སྭཱ་ཧཱ། ལན་བདུན། མར་མེ་ལའང་སྔགས་དེ་ལན་བདུན་བརྗོད་དེ་གྲུབ་ན་མར་མེའི་རྒྱུ་མར་ལ་དང་པོ་བྱིན་བརླབ་བྱ། གཟོད་མར་མེ་བཅའ་འོ། །སྤྱན་འདྲེན་དུས་བདུག་རྒྱུའི་སྤོས་ལ་གོང་གི་དཔལ་མོ་ལས་ཐམས་ཅད་པས་བསྔགས་ཏེ་ཟུར་དུ་འཇོག །མེ་ཏོག་དང་དྲི་ཆབ་ལ། ཏདྱ་ཐཱ། སི་རི་སི་རི། དྷི་རི་དྷི་རི། སི་རི་དྷི་རི་སྭཱ་ཧཱ། ལན་བདུན། མེ་ཏོག་ལ་ནི་ཁྱད་པར་དུ་པུཥྤེ་ཀི་ཏུའི་སྔགས་ལན་བདུན་གྱིས་བྱིན་གྱིས་བརླབ་བོ། །ཞལ་ཟས་དཀར་མངར་ཤིང་ཏོག་སོགས་ལ། ཏདྱ་ཐཱ། ཨ་ཏེ་ས་ཏེ། སི་ཏི་སི་ཏི། སུ་དྷུ་སུ་དྷུ་སྭཱ་ཧཱ། ལན་ཉེར་གཅིག་བརྗོད། བྱིན་བརླབས་རིགས་ཐམས་ཅད་ལ་སྔགས་བརྗོད་ཅིང་ཕུས་གདབ་པ་སོགས་ནི་མི་རུང་གི། ཆབ་ལ་ཀུ་ཤས་རེག་ཅིང་གཞན་རྣམས་ལག་པ་གཡས་པས་རེག་བཞིན་ཏུ་སྔགས་བཟླའོ། །སླར་ཡང་བདུད་རྩི་ཐབ་སྦྱོར་དང་། །ཨཱ་རོ་ལིཀྲ་བཟླས་ལ་མཆོད་པའི་གཟི་བྱིན་བསྐྱེད་ཅིང་བགེགས་བསྲུང་། དེ་དག་ཟིན་ནས་མཚམས་བཅིང་བ་ནི། གོང་གི་སྔགས་རིང་ལན་


LT34_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་དང་། ཏདྱ་ཐཱ། ཨི་ལི་མི་ལི། པི་ལི་ཏི་ལི། ཙི་ལི་ཧི་ལི་སྭཱ་ཧཱ། ཞེས་པ་ཆུ་དང་ཡུངས་ཀར་ལ་ལན་བདུན་བཏབ་སྟེ་ཕྱོགས་བཞིར་གཏོར་བས་སྟ་གོན་གྱི་བྱ་བ་འགྲུབ་བོ། །ཞལ་ཏ་པས་ཆོས་འཆད་པའི་སློབ་དཔོན་ལ་ཧ་ཅང་མཐོ་བ་མ་ཡིན་པའི་ཁྲིད་དང་། དགེ་སློང་རྣམས་ལ་གདན་དམར་པོ། ཁྱིམ་པའི་རིགས་ལ་དཀར་པོ་སོགས་འོས་འཚམས་བཏིང་ལ་ཀུ་ཤས་བྱབས་པའི་ཚུལ་དང་ལས་བུམ་ཆུས་བྲན། འདི་ཉིན་སྨྱུང་གནས་སྡོད་མཁན་རྣམས་ལས་བུམ་གྱི་གཟུངས་ཆུ་བསྲེས་པའི་ཆུས་མགོ་ལུས་ཚང་མ་བཀྲུ། ཟས་སྒྲིབ་དག་བྱེད་བ་བྱུང་ལ་སྔགས་བཏབ་པའང་འདི་ཉིན་དང་སྨྱུང་གནས་སྔོན་འགྲོའི་ཉིན་ལན་གསུམ་བླུད། བསླབ་བྱ་རྒྱས་པར་བྱའོ།། ༈ །།ཉིན་དང་པོའི་ནང་མོ་སྔ་བར་སློབ་དཔོན་པས་དུང་ཞལ་ཆུ་ལ་གོང་གི་སྔགས་རིང་ལན་གཅིག་དང་། ཏདྱ་ཐཱ། ཧ་ཧ་ཧ་ཧ། ཨི་ལི་མི་ལི། ཙི་ལི་སི་ལི། ཁི་ལི་ཧི་ལི་སྭཱ་ཧཱ། ཞེས་ལན་བདུན་བཏབ་པ་དང་། ལས་བུམ་ཆུ་བསྲེས་པའི་ཆུས་ཕྱི་རོལ་དུ་དཔོན་སློབ་ཚང་མས་ཨ་མྲྀ་ཏེ་སོགས་བཟླ་བཞིན་པས་ཡན་ལག་ལྔ་ཁྲུས་བྱ། ཁ་བཤལ། བ་བྱུང་སྔགས་བཏབ་བླུད། དུང་ཆུའི་སྔགས་དེ་ཉིད་ལན་བདུན་བརྗོད་པས་གོས་སོགས་གྱོན་པ་ཐམས་ཅད་ལ་ཕུས་


LT34_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་ཅིང་རེག །པདྨོ་ཥྞཱི་ཥའི་གཟུངས་ཀྱིས་བསྔགས་པའི་སྤོས་འདུག་གིས་ཀྱང་ལུས་དང་གོས་ལ་བདུག །དགེ་སློང་ཐམས་ཅད་ཆོས་གོས་རྣམ་གསུམ། གདེང་བ། ལྷུང་བཟེད་སྤྱི་བླུགས་སོགས་ལྡན་པ་དང་། ཁྱིམ་པ་ཕོ་མོ་རྣམས་ཀྱང་སྐེ་རྒྱན། རྣ་ལོང་། རྒྱན་ཕྲེང་། རྐེད་གྲི་སོགས་དོར། ཀུན་གྱིས་མཆིལ་ལྷམ་ཕུད། གཅོང་ནད་ཡོད་མཁན་ལྟ་བུ་མ་གཏོགས་གྱོན་པ་ཤ་འབྱར་གྱི་རིགས་ཀྱང་སྤངས་ནས་སྣམ་ཐེར་སོགས་གསར་པ་གཙང་མ་གྱོན། བཏུང་བའི་རིགས་ལ་ཧ་ཅང་དགག་པ་མེད་མོད། ཁ་ཟས་མ་ཟོས་གོང་ཐེག་ཆེན་གསོ་སྦྱོང་གྲུབ་དགོས་པས་ནམ་ལངས་མ་ཐག་འཚོགས་གྲུབ་པར་བྱས་ལ་པདྨའི་སྐྱིལ་ཀྲུང་གིས་འདུག །ཐོག་མར་ཐུབ་བསྟོད་གང་རུང་ཞིག་བཏོན། ཆོས་སྒྱོད་སྣ་སྣེ་གཞན་འདོན་པར་སྤྲོ་ན་ཉུང་ཙམ་བྱས་ཀྱང་ཆོག །ཕལ་ཆེར་མི་དགོས། དེ་ནས་གཞུང་གསལ་པདྨའི་རིགས་ཀྱི་དམ་ཚིག་གི་སྔགས་རྒྱ་བྱ་སྟེ། དེའང་སྤྱི་རྒྱུད་ལས། ཐལ་མོ་ལེགས་པར་སྦྱར་བ་ལས། སོར་མོ་དབུས་མ་གསུམ་འགྱེད་པ། །འདི་ནི་པདྨོའི་ཕྱག་རྒྱ་སྟེ། །པདྨ་ཁ་བྱེའི་མཚན་ཉིད་དོ། །ཞེས་པ་ལྟ་བུའོ། །དེ་ནས་གོང་གསལ་ལས་བུམ་བསྒྲུབ། སྔགས་བརྒྱ་རྩ་བཟླ། འོད་ཞུ་ཟིན་ནས་མཆོད་གཡོག་པས་ལས་


LT34_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་གྱི་ཆུ་ཆོ་ག་མཁན་པོ་རྣམས་ཀྱི་མདུན་དུང་ཆོས་སོགས་ཆུ་སྣོད་དུ་ཆུ་བཞག་པ་ལ་ཐིགས་རེ་བསྲེ། ཆུ་སྣོད་གཞན་ཆེ་བ་ཞིག་ཏུའང་ལས་བུམ་ཆུ་བསྲེས་ནས་ཆུ་དེ་སྨྱུང་གནས་སྡོད་མཁན་ཐམས་ཅད་ལ་བཀྱེ། དཔོན་སློབ་ཚང་མས་པདྨ་སཏྭ་ལན་གསུམ་བརྗོད་པའི་ཚེ་མགོ་ལུས་ལ་བསངས་གཏོར་དང་ཁ་བཤལ། ཁོང་དུ་བཏུང་། སྡོད་གནས་ལྷ་ཁང་ལྟ་བུ་ཡིན་ན་འདི་སོགས་སྔ་ཕྱི་ཀུན་ཏུ་ཁ་བཤལ་གྱི་ཆུ་སོགས་གང་ཡིན་ཕོས་ན་དམྱལ་བའི་རྒྱུ་སོག་པས་བཤལ་ཆུ་ཕོ་སྣོད་གཟེད་ཞལ་ལྟ་བུ་གཉིས་གསུམ་རེ་ལ་སྤྱིར་བཞག་ནས་དེར་ཕོ། ཡང་ན་ཞལ་ཏ་པས་སྣོད་ཅིག་འགྲིམས། གཞན་ཡང་སྣབས། ལུད་པ། འཐུང་ལྷག་སོགས་དགེ་འདུན་གྱི་ཀུན་དགའ་ར་བར་དོར་ན་རྩིགས་པ་ལྟ་བུའི་དམྱལ་བ་སོགས་སྐྱེ་བར་གསུངས་པས་སྐབས་འདིར་མ་ཟད་དུས་རྒྱུན་བག་ཡོད་བྱའོ། །དེ་ནས་ལག་པ་གཉིས་རྡོ་རྗེ་བསྡམས་པ་ལས་མཐེའུ་ཆུང་གཉིས་གཤིབས། མཛུབ་མོ་གཉིས་རྩེ་སྤྲད་པའི་ངོས་ཐེ་བོང་གཉིས་སྙིང་གར་བཙུག་ལ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བི་དྷྭནྶ་ཨུཙྪུཥྨ་ཀྲོ་དྷ་ཧཱུྃ་ཕཊ། ཞེས་ཁྲོ་བོ་མནོལ་བ་མེད་པའི་སྔགས་རྒྱ་འདི་སྐབས་འདི་དང་། གུང་ཚིགས། འཆགས་པ་ཆེ་ཆུང་སོགས་ཀྱིས་ཕྱི་རོལ་དུ་འགྲོ་བའི་


LT34_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཐོག་མཐའ་གཉིས་ཀར་བྱས་པས་བགེགས་དང་མི་གཙང་བ་ཐམས་ཅད་ལས་བསྲུང་ཞིང་སྤྱིར་ཁྲོ་བོ་སྟོབས་པོ་ཆེའི་སྔགས་ཡིན་པས་ཕན་ཡོན་རབ་ཏུ་མང་ངོ། །དེ་ནས་ཐལ་མོ་སྦྱར་ལ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨོཾ་བི་ར་ཛ་པི་ར་ཛ། མ་ཧཱ་བཛྲི། ས་ཏ་ས་ཏ། སཱ་ར་ཏེ་སཱ་ར་ཏེ། ཏྲ་ཡི་ཏྲ་ཡི། བི་དྷ་མ་ནི། སཾ་བཉྫ་ནི། སིདྡྷ་ཨ་གྲེ་ཏེ་སྭཱ་ཧཱ། ཞེས་བརྗོད་པས་སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་ཞུགས་པར་འགྱུར་རོ། །དེ་ནས་ཐལ་མོ་དམ་དུ་སྦྱར་བ་པདྨའི་ཚུལ་དང་མཛུབ་མོ་ནོར་བུའི་ཚུལ་བྱས། གུང་མོ་ཅུང་ཟད་བཀུག་པའི་ཕྱག་རྒྱ་སྤྱི་བོར་བཞག་ལ། ཨོཾ་སྟྲཻ་ཡ་དྷྭཱ་ནུ་ག །ཨ་བྷི་ཥིཉྩ་ཏུ། སརྦ་སྟྲཻ་ཡ་དྷྭ། ཨ་བྷི་ཥེ་ཀཻཿཔདྨ་མ་ི་སུ་པདྨེ། ཨ་མོ་གྷེ། སརྦ་ཏ་ཐཱ་ག་ཏ། ཨ་དྷིཥྛི་ཏེ་ཧཱུྃ། དེས་སངས་རྒྱས་ཐམས་ཅད་དང་ཁྱད་པར་སྤྱན་རས་གཟིགས་ཀྱི་ཕྱག་གིས་དབང་བསྐུར་བར་འགྱུར་རོ། །འདི་ནི་གཞུང་འདིར་དམིགས་བསལ་དུ་མ་གསུངས་ཀྱང་དོན་ཞགས་ཆོ་ག་ཞིབ་མོ་སོགས་ལས་གསུངས་པ་བླ་མེད་ཀྱི་བདག་འཇུག་བཞིན་སྔགས་སྡོམ་གསོ་བའི་ཡན་ལག་ཏུའང་འགྱུར་བས་དགོས་པ་ཕན་ཡོན་ཆེའོ། །དེ་ནས་མཎྜལ་དེ་ཉིད་ཀྱི་ཐོག་མའི་གསོལ་འདེབས་དབྱངས་བཅས་འདོན། མཎྜལ་ཕུལ་སྐབས་


LT34_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་བྱིན་རླབས་བྱས་པའི་མེ་ཏོག་བཀྱེ། མཆོད་གཡོག་པས་ཕྲག་གཡོན་དང་དཔུང་པར་རྟེན་ཁེབས་བཀབ་ལ་མཎྜལ་ཐོགས། གཡས་པས་རྡུལ་གཡས་བསྐོར་དུ་ལན་གསུམ་ཕྱི། བཛྲ་བྷཱུ་མིའི་སྐབས་དྲི་བཟང་ཆུའི་ཆགས་ཆགས་གདབ། བཛྲ་རེ་ཁེའི་སྐབས་སྲིན་མཛུབ་ཀྱིིས་མཎྜལ་མཐའ་གཡོན་ཏུ་སྐོར་ཚུལ་བྱ། དབུས་སུ་ཧཱུྃ་ཞེས་པའི་སྐབས་མཐེབ་སྲིན་གྱིས་མེ་ཏོག་སྲུང་བའི་ཚུལ་དུ་མཎྜལ་དབུས་སུ་བཞག །རིའི་རྒྱལ་པོ་སོགས་ཚོམ་བུ་སོ་བདུན་མ་བགོད་ཚུལ་སྤྱི་ལྟར་རོ། །བཤགས་པའི་སྐབས་བླ་མ་རྡོར་འཛིན་གསུམ། ལྟུང་བཤགས་ལན་གསུམ་བརྗོད། སྐུ་གསུང་ཐུགས་རྟེན་ཡོད་ན་སྐྱབས་ཡུལ་སྐབས་འདིར་བསྡུ་ཆོག །མེད་ན་གསོ་སྦྱོང་བླང་རྗེས་སྐྱབས་ཡུལ་བསྡུ་དགོས། གང་ལྟར་ཐོག་མར་གནས་ལྔ་ས་ལ་འདུད་པའི་ཕྱག་གསུམ་གཟུངས་བཅས་བྱ། ཙོག་པུ་འདུད་རྒྱ་བཅས། ཕྱོགས་བཅུ་ན་བཞུགས་པའི་སོགས་དགོངས་གསོལ་སྔོན་ཏུ་འགྲོ་བས་ཐེག་ཆེན་གསོ་སྦྱོང་གི་ཚིག་བརྗོད་པ་ཚར་གསུམ་བྱས་ནས་ཕྱག་གསུམ་ཕུལ། གྲལ་དུ་བཞུགས་ནས་ཚུལ་ཁྲིམས་རྣམ་དག་གཟུངས་བརྒྱ་རྩ་བརྒྱད། དོན་ཞགས་སྙིང་པོ་ཉེར་གཅིག་ཡིད་བཟླས་སམ་གོང་བས་ཐོས་ཙམ་བཟླས་ནས་


LT34_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་བཏབ། ཉིན་དང་པོ་སྔོན་འགྲོ་ལ་སྐབས་འདིར་ཆོས་འདིའི་དགོས་པ་ཕན་ཡོན་གཙོ་བོར་གྱུར་པའི་ཆོས་བཤད་གོ་སླ་ལ་འབྲེལ་ཆགས་པར་བྱ། མི་ཤེས་ན་རྗེ་བླ་མས་མཛད་པའི་ཕན་ཡོན་སྐལ་ལྡན་ངལ་གསོ་ལས་ཇི་ལྟར་འཚམས་པའམ། དེའང་མི་ནུས་ཚེ་གཞུང་གསལ་གྱི་ཚིག་དོན་བརྡ་སྤྲོད་པའམ་གསལ་ལ་དག་པར་འདོན། ཁྱད་པར་དེ་རིང་དང་སང་འདི་ལྟར་ཞེས་པའི་བསླབ་བྱ་ཞིབ་ཅིང་རྒྱས་པ་གོ་བརྡ་འཕྲོད་ངེས་བྱ། དེ་ནས་སྐྱབས་སེམས་ལན་གསུམ་རེ། གནས་ཡོ་བྱིན་བརླབས་མཐར་ཐལ་མོ་ཁོང་སྟོང་སྦྱར་ལ་སྔགས་ཚན་དང་པོ་གཉིས་གསུམ་གསུམ། ཞི་རོལ་ཟིན་ནས་དྲིལ་གསིལ་བཅས་མཆོད་པའི་སྤྲིན་གྱི་གཟུངས་ཚར་གསུམ་བརྗོད། ཚོགས་ཞིང་བསྐྱེད། སྤོས་གཏུལ། ལས་རྡོར་གྱིས་ཆུ་བུམ་ཐལ་མོ་སྦྱར་བའི་བར་དུ་བཟུང་། བྱང་སྒོའི་གཟེད་ཞལ་རྫས་ལྡན་ཏུ་མགྲིན་པའི་ཐད་ནས་ཆུ་སྦྲེང་ལ་སྤྱན་འདྲེན་དང་། བཞུགས་གསོལ་བྱ། གཟུངས་བཅས་ཕྱག་གསུམ་དང་། གང་གི་དྲིན་གྱིས་སོགས་ལ་ཤློ་ཀ་རེ་རེ་བཞིན་ཕྱག་བྱ། བརྒྱུད་པའི་ཕྱག་འཚལ་སྐབས་གདན་ལ་བཞུགས་ནས་ཐལ་སྦྱར་བཅས་གསུང་ན་ལེགས་ཤིང་། དེའང་ཚར་དང་པོ་ལ། དུས་གསུམ་རྒྱལ་བའི་སོགས་


LT34_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཚར་གཉིས་པ་ལ་གཤམ་གྱི་ན་མོ་ལོ་ཀེ་ཤཱ་རཱ་རིང་བ་དང་། གསུམ་པ་ལ་དེའི་གཤམ་གྱི་ན་མོ་ལོ་ཀེ་ཐུང་བ་བཅས་འདོན་རེས་བྱ། དེ་མཚམས་ཡན་ལག་བདུན་པའང་ཚར་དང་པོ་ལ་ཇི་སྙེད་སུ་དག །གཉིས་པ་ལ་འཕགས་པ་སྤྱན་རས་གཟིགས་དབང་སོགས། གསུམ་པ་ལ་རྒྱུན་བཤགས་སེམས་ཅན་ཐམས་ཅད་སོགས་བཅས་གསུམ་པོའང་རེས་མོས་བྱ། ཚད་མེད་བཞི་བསྒོམ། བདག་བསྐྱེད་གཙོ་རྐྱང་གཞུང་ལྟར་ལ་དབང་བསྐུར་སྐབས་མཆོད་པ་ལྔ་ཕུལ་ཞེས་པ་ནི། ཨོཾ་བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། །ནཻ་བི་དྱ་ཨཱཿཧཱུྃ་སྭཱ་ཧཱ། །ཞེས་པའི་སྔགས་རྒྱས་མཆོད། །བཟླས་པའི་ཐོག་མར་ཕྲེང་བ་སྙིམ་པར་བཅུག་ནས། ཨོཾ་བ་སུ་མ་ཏི་ཤྲི་ཡེ་སྭཱ་ཧཱ། ཞེས་ལན་ཉེར་གཅིག་བཏབ་ལ་སྙིང་གར་ལག་པ་གཡོན་པའི་ཐེབ་སྲིན་གྱིས་བགྲང་བར་བཤད་དོ། །བསྙེན་དམིགས་གཞུང་གསལ་ལྟར་ལ་གཟུངས་རིང་ཚར་གཅིག་གིས་སྣ་དྲངས་པའི་གཟུངས་ཐུང་བརྒྱ་བརྒྱད་ཡན་ཅི་ལྕོགས་དང་། ཡིག་དྲུག་སྟོང་རྩ་སོགས་བཟླ། ལུགས་འདིར་མེད་ཀ་མེད་ཀྱི་དགོས་གལ་ཆེ་བ་མིན་ཀྱང་ཕན་ཡོན་བསྐྱེད་པའི་ཕྱིར་མགྲིན་སྔོན་ཅན་གྱི་གཟུངས་རིང་ཚར་གསུམ། ཡིད་བཞིན་འཁོར་ལོའི་


LT34_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་རིང་ཉེར་གཅིག །སྙིང་པོ་བརྒྱ་རྩ། པདྨོཥྞཱི་ཥ་བརྒྱ་རྩ། སྒོ་མཐའ་ཡས་པའི་གཟུངས་ཚར་གཅིག་བཅས་བརྗོད་ལ་ཐུན་འཇོག་པ་ན། དབྱངས་གསལ། ཡིག་བརྒྱ། རྟེན་སྙིང་རྣམས་ལན་གསུམ་གསུམ་བརྗོད། རང་གི་ལུས་ལས་ཡེ་ཤེས་པ། །ཕྱུངས་ནས་ནམ་མཁར་བཞུགས་པ་ལ། ཨོཾ་བཛྲ་པུཥྤེ༴ ནས། ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། དཀྱིལ་འཁོར་ཀུན་ཏུ་སོགས་ནས། བསྟོད་པར་འོས་པ་སོགས་ཀྱི་བར་མཆོད་བསྟོད་ཤློ་ཀ་དྲུག་བརྗོད། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་སོགས་དགེ་བ་བསྔོ། ཡེ་ཤེས་སེམས་དཔའ་རང་ལ་ཐིམ། ཞེས་བརྗོད། རྒྱུད་སྡེ་འོག་མའི་རང་ལུགས་ལ་ལྷ་དང་ཞག་ཏུ་འགྲོགས་བ་ལྟུང་བ་ཡིན་པས་ཡེ་ཤེས་པ་མཆོད་བསྟོད་ཟིན་ནས་རྒྱ་གཞུང་ལས་གསུངས་པ་ལྟར་ཛ་ཧི་ལན་གསུམ་གྱིས་གཤེགས་སུ་གསོལ་དགོས་ཀྱང་། འདིར་སྔགས་བླ་མེད་ཀྱི་རྣལ་འབྱོར་པས་འདི་ཉིད་ཉམས་སུ་ལེན་པའི་དབང་དུ་མཛད་ནས་ཕྱག་རྒྱ་སྒོ་བཅད་ཀྱི་སྒྲུབ་ཚུལ་དུ་གསུངས་པར་སྣང་ངོ་། །དེ་ནས་མདུན་སྐྱེད་ནི། ཧ་ཡ་གྲཱི་ཝས་བསངས། སྭ་བྷཱ་བས་སྦྱང་། དོན་འགྲིགས་འབྱིན་འཇུག་གཞུང་གསལ་ལྟར་ལ། བསྙེན་པའི་སྐབས་གཟུངས་རིང་


LT34_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་གཙོ་བོ་དང་། ཡིག་དྲུག་ཀྱང་ཅི་ལྕོགས་བཟླ། གོང་གསལ་གཞན་རྣམས་སྤྲོ་ཞིང་ལོངས་ཁྱབ་ཡོད་ན་བཟླས་པས་ཆོག་མོད། །མ་གྲུབ་ཀྱང་མི་དགོས་སོ། །སྐབས་འདིར་དཔལ་མོའི་རྒྱ་གཞུང་ལས། འདིར་གང་དག་དེ་སྙེད་ཀྱི་ཕྱག་རྒྱ་དག་དམིགས་པར་མི་ནུས་པས་ཕྱག་བརྒྱད་པའམ། ཞལ་གཅིག་ཕྱག་བཞི་པའམ། །ཞལ་གཅིག་ཕྱག་གཉིས་པ་ཡང་བསམ་ཞིང་ཕྱག་གཉིས་པ་པདྨ་དང་མཆོག་སྦྱིན་པར་བལྟའོ། །ཞེས་གསུངས་པ་ལྟར་བློ་གྲོས་དམན་པས་དམིགས་པ་ཟིན་དཀའ་ན་དེ་དག་གང་རུང་བསྒོམ་པས་ཆོག་ཅིང་། རྒྱས་པར་བསྒོམ་ཚེའང་བདག་མདུན་གྱི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཁ་སརྤ་ི་པོ་བསྟོད་ལས་འབྱུང་བ་ལྟ་བུ་དམིགས་རྣམ་འཆར་བདེ་བས་ལེགས་ལ། རྒྱས་བསྡུས་གང་བསྒོམ་ཡང་བཟླ་བྱའི་སྔགས་ནི་གཟུངས་རིང་ཐུང་དང་ཡིག་དྲུག་ཁོ་ན་གཙོ་བོར་དགོས་པ་ཁྱད་མེད། མཐར་དབྱངས་གསལ་རྟེན་སྙིང་ཡེ་དྷར་ལན་གསུམ་བརྗོད་ནས་བསྟོད་ཕྱག་གི་དེ་ཉིད་ལ་འཇུག་གོ། །བཟླས་པའི་སྐབས་སུ་ཤེས་པར་བྱ་བའི་གནད་གལ་པོ་ཆེ་དཔུང་བཟང་དང་ལེགས་གྲུབ་སོགས་ལས་གསུངས་པ་མདོར་བསྡུ་ན་ལུས་ངག་ཡིད་ཀྱི་བྱ་བ་གསུམ་སྟེ། ལུས་གནད་


LT34_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པས་ཐོག་མར་གཟུངས་རིང་ཚར་གཅིག་ལ་ཐལ་མོ་སྦྱར་ཏེ་དད་པའི་མིག་གིས་སྐུ་གཟུགས་ལ་བལྟ་བཞིན་པས་བརྗོད། བཟླས་པའི་འགོ་བརྩམས་ནས་བཟུང་མཇུག་མ་རྫོགས་པར་གཉིད། །གླལ་བ། སྤྲིད་པ། ལུད་པ་འདོར་བ། འོག་རླུང་། གཤང་གཅི་ལ་སོགས་པ་དང་བཟའ་བཏུང་། སྣ་ཐ་འཐེན་པ་སོགས་མི་རུང་ཞིང་དེ་ལྟར་དབང་མེད་དུ་བྱུང་ན་དེའི་སྐབས་ཀྱི་ཕྲེང་བའི་ནང་ཇི་ཙམ་སོང་བ་དེ་རྣམས་གྲངས་ལ་མི་བརྩི་བར་ཕྲེང་བ་བཞག་ནས་དུང་ཆོས་ཀྱི་ཆུས་ཉེ་རེག་བྱ་སྟེ། དེའི་ཚུལ་ཡང་དཔུང་བཟང་ལས། ཆུ་ཡིས་ལག་པ་རྐང་པ་བཀྲུས་ནས་སུ། །པུས་མོ་ཕྱི་རོལ་དུ་ནི་བསྟན་བྱས་ཏེ། །བར་དུ་ལག་བཞག་ཙོག་ཙོག་པོར་འདུག་ནས། །སྒྲ་མེད་ལྦུ་བ་མེད་པས་ཉེ་རེག་བྱ། །ལན་གསུམ་པར་དུ་ཆུ་ནི་འཐུངས་ནས་ཀྱང་། །མཆུ་ལ་ལན་གཉིས་ཡོངས་སུ་ཕྱི་བར་བྱ། །ཞེས་པ་ལྟར་རྐང་ལག་ལ་ཆབ་གཏོར། ཙོག་པུར་འདུག །པུས་མོའི་སྟེང་དུ་ཆུ་སྣོད་བཟུང་ནས་མི་སྨྲ་བར་ལན་གསུམ་འཐུངས། མཆུ་ལ་ལན་གཉིས་བྱབས་པར་བྱའོ། །ངག་གིས་མི་ཚིག་དང་མ་འདྲེས་པར་མི་མྱུར་མི་དལ་གུག་བཀྱེད་ཀླད་ཀོར་ཚེག་དྲག་རིང་ཐུང་སོགས་མ་ཉམས་པར་མདོར་ན་ཤིན་ཏུ་དག་པར་ལྕེ་རྩེ་མི་བསྐྱོད་པར་ཡིད་ཁོ་ནས་བཟླས་པ་རྡོ་རྗེའི་


LT34_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་བཟླས་སུ་གྲགས་པ་བྱུང་ན་མཆོག་ཡིན་ཀྱང་། བློ་གྲོས་དམན་པས་ཆད་ལྷག་ཤོར་བར་དོགས་ན་ཤུབ་བུའི་བཟླས་པར་གྲགས་པ་རང་ཉིད་ཀྱིས་ཐོས་ཤིང་དྲུང་ན་ཡོད་པ་རྣམས་ཀྱིས་མཐོས་ཙམ་དུ་བཟླ་སྟེ་དྲག་ཤུལ་སྤྱོད་པ་མ་གཏོགས་སྐད་ཆེར་བཟླ་བ་ནི་ཤིན་ཏུ་སྤང་། ཡེངས་ནས་གསང་སྔགས་གཞན་བཟླས་ནའང་ཡིད་ཀྱིས་འགྱོད་ཅིང་གསོལ་བ་བཏབ་ནས་བཟླས་བརྗོད་ཕྲེང་བའི་མདོ་འཛིན་ནས་བསྐྱར། ཡིད་ཀྱིས་ཆགས་སྡང་རྨོངས་གསུམ་ཞུམ་པ་དང་ང་རྒྱལ། འཇིགས་སྐྲག་སེར་སྣ། ཡུལ་ལ་རྟོག་དཔྱོད་སོགས་མི་དགེ་བ་དང་ལུང་མ་བསྟན་མཐའ་དག་སྤང་བ་ལྟ་ཅི་སྨོས། ལྷ་གཞན་གྱི་སྐུ་དང་སྔགས་དང་ཆོས་ཀྱི་དོན་སོགས་སེམས་པའི་རྣམ་རྟོག་འཕྲོ་འདུའང་སྤངས་ནས་སྟོང་ཉིད་སྙིང་རྗེ་མོས་གུས་གསུམ་གྱིས་གཞི་བཟུང་། དམིགས་པའི་རྣམ་པ་དང་སྔགས་ཀྱི་སྒྲ་གཟུགས་དང་འདི་ཉིད་ཀྱི་ལྷ་སྔགས་ཁོ་ན་ལ་སེམས་རྩེ་གཅིག་ཏུ་གཏོད་པ་དགོས་ཏེ། ལེགས་གྲུབ་ལས། ཡིད་ཀྱིས་གསང་སྔགས་ལྷ་རྣམས་ནི། །ཡང་དང་ཡང་དུ་མངོན་བསམ་སྟེ། །རྟོག་པ་ངན་པ་རྣམ་བསལ་ནས། །མཁས་པས་བཟླས་བརྗོད་བརྩམ་པར་བྱ། །ཞེས་དང་། ཟློས་པ་བཟླས་བརྗོད་བྱེད་པའི་ཚེ། །རིག་སྔགས་ལྷ་ནི་མ་གཏོགས་པ། །


LT34_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་མཆོག་ཏུ་གྱུར་པ་ཡང་། །རྣམ་རྟོག་བཟུང་ནས་མི་བསམ་མོ། །ཞེས་པ་ལྟར་རོ། །མདུན་བསྐྱེད་བཟླས་པ་གྲུབ་པའི་སྐབས་སྤྲོ་ན་ཐལ་སྦྱར་བར་དུ་ཕྲེང་བ་ཐོགས་ལ། །བཟླས་བརྗོད་ཀྱི་ནི་དགེ་བ་གང་། །འགྲོ་ཀུན་བྱང་ཆུབ་ཆེ་ཐོབ་པའི། །མཆོག་གི་དངོས་གྲུབ་རྒྱུ་རུ་ནི། །སྤྱན་རས་གཟིགས་ལ་དབུལ་བར་བགྱི། །ཞེས་བརྗོད། ཚིག་མི་སྤྲོ་ན་དོན་དྲན་ཙམ་བྱ། དཀའ་ཐུབ་དང་བཟླས་པའི་ཕན་ཡོན་སྤྱིར་དཔུང་བཟང་ལས། སོ་ཀའི་ནགས་མེ་མཆེད་པའི་མེ་ལྕེ་ཡིས། །མ་བསྒྲིམས་བཞིན་ཏུ་ཚང་ཚིང་ཀུན་བསྲེགས་ལྟར། །བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གིས་སྦར། །བརྩོན་འགྲུས་ཆེན་པོའི་མེ་ལྕེས་སྡིག་པ་བསྲེགས། །ཇི་ལྟར་གངས་ལ་ཉི་མའི་འོད་ཟེར་གྱིས། །གདུང་ན་གཟི་བརྗིད་མི་བཟོད་འཇུ་བ་བཞིན། །ཚུལ་ཁྲིམས་ཉི་མའི་འོད་ཟེར་གཟི་བརྗིད་ཀྱིས། །གདུད་ན་སྡིག་པ་གང་ཡང་ཟད་པར་འགྱུར། །མུན་ནག་སྨག་ལ་མར་མེ་ཕྱུངས་པ་ཡིས། །མུན་ནག་མ་ལུས་སེལ་བར་བྱེད་པ་ལྟར། །ཚེ་རབས་སྟོང་ནས་བསགས་པའི་སྡིག་པའི་མུན། །བཟླས་བརྗོད་མར་མེས་མྱུར་དུ་སེལ་བར་བྱེད། །ཅེས་སོགས་གསུངས་ཤིང་། བྱེ་བྲག་གཟུངས་རིང་ཐུང་དང་ཡིག་དྲུག་སོགས་


LT34_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕན་ཡོན་མཐའ་ཡས་པ་ནི་ཕན་ཡོན་ཆེན་མོ་དང་མདོ་གཟུངས་སོགས་ལས་རྟོགས་པར་བྱའོ། །དེ་ནས་མགྲོན་ཐབས་ཀྱི་ལྷ་སྤྱན་འདྲེན་ཞིང་། གཟུངས་བཅས་ཕྱག་འཚལ་བཞིན་པས་ཕྱག་འཚལ་རྣམས་གྲུབ་ནས་བཞུགས། མཆོད་པ་སོགས་ཡན་ལག་བདུན་པ་ཚང་བར་བཏང་། མཎྜལ་ཚར་གསུམ་ཀར་སོ་བདུན་མ་མཎྜལ་དེ་ཉིད་ནས་འབྱུང་བ་ལྟར་རྒྱས་པར་འབུལ། བདེ་གཤེགས་སྤྱི་བསྟོད་ལ་དངོས་སུ་ཕྱག་མི་འཚལ་བར་དྲིལ་གསིལ་བཅས་འདོན་པ་ལེགས། དེའང་ཚར་དང་པོ་ལ་སེམས་བརྩེ་མ། གཉིས་པར་མཉམ་མེད་མི་གཡོ། གསུམ་པར་རྒྱལ་བཟླ་བ་བཏང་། གཤམ་དུ་རོལ་མོ་བསྒྲགས། སངས་རྒྱས་བྱང་ཆུབ་སེམས་དཔའི་འཁོར་གྱིས་དཀྱིལ་འཁོར་དུ་བསྟོད་དབྱངས་རྒྱ་མཚོ་འབྱུང་བའི་སྔགས་འདི་ལན་བརྒྱད་བརྗོད། །ན་མཿསརྦ་བུདྡྷ་བོ་དྷི་སཏཱྭ་ནཱཾ། སརྦ་ཏྲ་སཾ་ཀུ་སུ་མི་ཏཱ་ཨ་བྷིཛྙཱ་རཱ་ཤི་ནི་ན་མཿསྟུ་ཏེ་སྭཱ་ཧཱ། ཞེས་སོ། །དེ་ནས་པོ་བསྟོད་དམིགས་པ་དང་ཕྱག་འཚལ་བའི་གཟུངས་ཕྱག་གསུམ་བཅས་སྔོན་ཏུ་འགྲོ་བས་ཚིག་བཞི་རེའི་མཚམས་ཕྱག་འཚལ་བཞིན་པས་ཚར་ཉེར་གཅིག་རེ་ངེས་པར་བརྗོད་དགོས་ཀྱང་འགྲུབ་དཀའ་ན་ཚར་རེ་ལ་བདུན་རེ་སྟེ་ཁྱོན་ཚར་གསུམ་ལ་ཉེར་


LT34_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་འགྲོ་བར་བྱའོ། །དེ་ནས་བཞུགས་ལ་ཐལ་སྦྱར་བཅས་གསོལ་བ་གདབ། བསངས་སྦྱང་ལ་འདས་གཏོར་འབུལ། དེ་མཚམས་ཚར་སྔ་མ་གཉིས་ལ་ཆོས་སྐྱོང་དང་འཇིག་རྟེན་པའི་གཏོར་འབུལ་གཞུང་གསལ་ཁོ་ནས་འཐུས། ཚར་རྗེས་མའི་སྐབས་འདས་གཏོར་གྲུབ་མཚམས། གཞུང་གི་གཏོར་འབུལ་གཅིག་ཤོས་བསྒྱུར་ལ་ཟུར་གསལ་ཆོས་སྐྱོང་། ཀླུ་གཏོར། །གཞི་བདག་གཏོར་འབུལ་མཐར་ཆ་གསུམ་གོང་སྨོས་ལྟར་བཏང་། དེའང་འདས་གཏོར་གཉིས་ཆོས་སྐྱོང་གཏོར་འབུལ་བཅས་གསུམ་པོ་ཉིན་སྔ་ཕྱི་གསུམ་ཀར་ཁ་གསོ་བ་ཁོ་ནས་འཐུས། ཀླུ་དང་གཞི་བདག་ཀྱང་ཚར་སྔ་མ་གཉིས་ལ་གསོ་ཞིང་དཀར་གཏོར་ཟུར་པ་རེ་བཤམ་ལ་འབུལ། རྗེས་མ་ལ་ཀླུ་གཏོར་ཆུ་མིག་དང་གཞི་བདག་སོགས་གཙང་སར་གཤེགས་ལ་གསར་པ་སླར་བཤམ་མོ། །དེ་ནས་མཆོད་ཁ་གསོས་ལ་མཆོད་བསྟོད་ཚར་སྔ་མ་གཉིས་ལ། ཨོཾ་ན་མོ་བྷ་ག་བ་ཏེ་བཛྲ་སཱ་ར་སོགས་སྔགས་ཀྱིས་བྱིན་བརླབ། དཀྱིལ་འཁོར་ཀུན་ཏུ་སོགས་ནས། བསྟོད་པར་འོས་པའི་བར་བཏང་། ཚར་རྗེས་མ་ལ་མདུན་བསྐྱེད་སྐབས་ལྟར་མཆོད་པ་བྱིན་རླབས་དང་། མཆོད་ཡོན་ཕལ་ཆེར་སོགས་ཀྱིས་མཆོད། པོ་བསྟོད་ཚར་གཅིག་གིས་བསྟོད། དེ་ནས་སྨོན་ལམ་བྱ། ཁྲུས་


LT34_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཚར་སྔ་མ་གཉིས་ལ་འགྲོ་བའི་སྒྲོན་མེ་ཁོ་ན་དབྱངས་བཅས་བཏོན་ལ་མཆོད་གཡོག་པས་རྣམ་རྒྱལ་བུམ་པས་ལྷ་ཁྲུས་གསོལ་བའི་ཆུ་འདུས་པ་རྣམས་ཀྱི་དུང་ཞལ་དུ་བཀྱེ། ཚར་རྗེས་མ་ལ་ཁྲུས་ཁང་བསྐྱེད་པ་ནས་བཟུང་ཁྲུས་གསོལ། སྐུ་ཕྱི། ནབ་བཟའ་འབུལ་བའི་བར་སྤྱི་ལྟར་རྒྱས་པར་བྱ་ཞིང་ཁྲུས་གསོལ་སྐབས། གཞུང་གི་འགྲོ་བའི་སྒྲོན་མེ་སོགས་ཤློ་ཀའང་བཙུད། དེ་ནས་བཟོད་གསོལ་དང་པདྨ་ས་ཏྭ་ཚར་སྔ་མ་གཉིས་ལ་ལན་གསུམ། རྗེས་མ་ལ་ལན་བདུན་བརྗོད། ཁྲུས་ཆུའི་བྱིན་རླབས་ལེན་སྐབས་སྔར་གྱི་གཟུངས་སྒྲུབ་ཁྲུས་ཆུས་ཁ་གདོང་ལན་གསུམ་བཀྲུ། ལན་གསུམ་འཐུང་དགོས་པ་གཞུང་ལྟར་ལ་དངོས་གཞི་སྨྱུང་གནས་ཉིན་ཁྲུས་བྱ་བ་ལས་འཐུང་མི་རུང་། ཁྲུས་ཆོག་འདི་ནི་འདི་ཉིད་ཀྱི་ལས་ཚོགས་ཤིན་ཏུ་གལ་པོ་ཆེ་སྟེ་ཞལ་བཅུ་གཅིག་པའི་གཟུངས་ལས། ཆབ་ལ་ལན་བརྒྱ་རྩ་བརྒྱད་སྔགས་ཀྱིས་བཏབ་སྟེ་རང་ཉིད་ཀྱི་ལུས་ལ་གཏོར་ན། སྒྲིབ་པ་དང་བགེགས་རྣམས་ཐམས་ཅད་རང་གི་ངང་གིས་ཞུ་བྱང་ནས་སྨོན་པ་རྣམས་ཡིད་བཞིན་ཏུ་འགྲུབ་པར་འགྱུར་ལགས་སོ། །ཞེས་གསུངས་སོ། །གཞན་ཡང་གཟུངས་རིང་ཐུང་གིས་ས་གཙང་མ་དང་མར་ལ་བསྔགས་ནས་ནད་གདོན་ལ་ཁོང་དུ་བཏང་


LT34_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བྱུགས་པས་དེ་ལས་གྲོལ་བ་དང་། སྐུད་པ་དཀར་པོ་ལ་མདུད་པ་བཏབ་སྟེ་སྔགས་བཏབ་ནས་བཏགས་ན་བསྲུང་བར་འགྱུར་བ་དང་། ཙན་དན་སོགས་ལ་བསྔགས་ནས་བདུག་ན་སྒྲིབ་པ་སེལ་བ་དང་། བྱེ་མ་ལ་བསྔགས་ནས་དུར་ཁྲོད་དང་རུས་པ་ལ་གཏོར་ན་སེམས་ཅན་དེ་བདེ་འགྲོར་སྐྱེ་བ་སོགས་ལས་ཚོགས་མང་པོ་མདོ་གཟུངས་ཀྱི་དངོས་དང་ཤུགས་བསྟན་ལས་འབྱུང་བའང་ཞར་འཕྲོས་སོ། །དེ་མཚམས་གཞུང་ལྟར་གཤེགས་གསོལ་བརྗོད་ལ་རྡུལ་ཚོན་གྱི་ལྷ་ཚོགས་རྣམས་བྲིས་སྐུ་སོགས་ལ་བསྟིམས་ཏེ་ཡེ་དྷར་དང་སུ་པྲ་ཏིཥྛ་བརྗོད། བདག་བསྐྱེད་བསྡུ་ལྡང་བྱ། མདུན་བསྐྱེད་བརྟན་བཞུགས་སྐབས་ཀྱང་ཐོག་མར་གཤེགས་གསོལ་གྱི་ཚིག་འདི་ངེས་པར་བརྗོད་དགོས་ཏེ་རྒྱུད་སྡེ་འདི་རིགས་ཀྱི་ཁྱད་པར་རོ། །དེ་ནས་བསྔོ་བ་གཞུང་ལྟར་ལ། འཇམ་དཔལ་དཔའ་བོ་སོགས་བསྐྱུར་ནས་བཟང་སྤྱོད་ཚར་རེ་ངེས་པར་གལ་ཆེ། ཚར་རྗེས་མའི་སྐབས་བདེ་སྨོན་སོགས་བཏོན་ཐུབ་ནའང་ལེགས་པ་སྨོས་མ་དགོས། དེ་མཚམས་བཀྲ་ཤིས་ནི་ཚར་དང་པོ་ལ་ཕུན་སུམ་ཚོགས་པ་མངའ་བ་སོགས། །གཉིས་པ་ལ་སྟོན་མཆོག་དམ་པ། གསུམ་པ་ལ་ཆེ་བའི་ཆེ་མཆོག་སོགས་བརྗོད་ཅིང་གྲོལ། དེ་ལྟར་ཉིན་དང་པོ་ལ་ཆོ་ག་ཚར་གསུམ་བཏང་བའི་ཁྱད་པར་


LT34_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲན་བུ་བཤད་མ་ཐག་པ་ལྟར་ལ། ཚར་རྗེས་མ་གཉིས་སྐྱབས་སེམས་ནས་འགོ་བཟུང་། བཀྲ་ཤིས་བར་ཚང་བར་བཏང་། ཉིན་གཉིས་པ་དངོས་གཞི་ལའང་ཆོ་གའི་འགྲོས་དང་ཚར་གྲངས་སོགས་དེ་དང་ཁྱད་པར་མེད་ལ། སློབ་དཔོན་ཀྱང་ངག་བཅད་ཡིན་སྟབས་ཆོས་བཤད་མི་དགོས། གྲོལ་ཉིན་སྔ་དྲོ་ཚར་གཅིག་ལ་གསོ་སྦྱོང་གི་སྐོར་བསྐྱུར་ལ་ཆོ་ག་གཞན་རྒྱས་པ་ཚར་གཅིག་དང་། རྗེས་ཀྱི་བསྔོ་སྨོན་དང་བཀྲ་ཤིས་ཀྱང་ཞལ་ནས་གསུངས་པའི་རིགས་གང་ཤེས་རྒྱས་པར་བྱའོ། །ཉིན་སྔ་ཕྱི་དེ་དག་གི་སྐབས་སུ་སྤྱོད་ལམ་འགའ་ཞིག་ནི་བཟླས་པའི་སྐབས་སུ་བསྟན་པ་བཞིན་དང་། རྒྱས་པར་ལེགས་གྲུབ་ལས་འབྱུང་བའི་དོན་བསྡུ་ན། ལུས་ཀྱི་ལས་སུ་སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད། གླུ་གར་རྩེད་འཇོ་རྒྱན་ཕྲེང་ཁ་དོག་བྱུགས་པ་མཆོངས་རྒྱུག་རྩབ་ཧྲལ། ལྟད་མོ་ལྟ་བ། ཆས་གོས་ཧ་ཅང་བཟང་བ་དང་ཧ་ཅང་ངན་ཞིང་དྲི་མ་ཅན་བགོ་བ། རྟ་དང་ཤིང་རྟ་སོགས་བཞོན་པ། མེ་ཏོག་ལྡུམ་བུ་གསར་པ་བརྫི་བཅད། མཆོད་རོ་འགོངས་པ། ཞྭ་ལྷྭམ་རྐེད་གྲི། ལག་པས་ལག་པ་དང་། རྐང་པས་རྐང་པ་འཕུར་བ། གཤང་གཅི་ཆུ་ལ་འདོར་བ། རྩྭ་ཤིང་གཅོག་པ། གན་


LT34_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱལ་ཁ་སྦུབས་མི་གཙང་སར་ཉལ་བ། རྐང་བརྐྱང་། མགོ་བསྒྲིལ། ཧ་བགད་ཐལ་རྡེབ། གོས་ཕུད་ནས་སྟོད་གཅེར་བ། ཧ་ཅང་བརྗེས་ནས་འདོམ་སྣང་བ། མུ་སྟིགས་དང་ལྷ་མིན་གྱི་ཆ་ལུགས་འཆང་བ། སྲུང་བ་ཕྱིར་ཟློག་སོགས་སྤང་། ངག་གི་ལས་སུ་བརྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ། དོན་མེད་ལོངས་གཏམ། མུ་སྟེགས་ཀྱི་ཚིག །ཕན་ཚུན་རྩོད་པ། ཤན་པ་ལ་སོགས་རིགས་ངན་དང་མཉམ་དུ་སྔགས་བཟླ་བ། བདག་བསྟོད་གཞན་སྨོད། ཆོ་ག་དང་བསྙེན་པའི་འཕྲོ་དུས་མིན་ཏུ་འཇོག་པ། དེ་དག་གི་བར་དུ་འདོན་ཟློས་གཞན་བྱེད་པ། ཉམས་མཚར་འགྲན་འདོད་སོགས་ཀྱིས་ཆོ་ག་དང་སྔགས་བཟླ་བ། སྔགས་ལ་འཕྱས་གདགས་པ་སོགས་སྤང་། ཡིད་ཀྱི་ལས་སུ་བརྣབ་སེམས་གནོད་སེམས་ལོག་ལྟ། དུག་ལྔའི་རྣམ་རྟོག །རྒྱལ་པོའི་མངའ་ཐང་། བུད་མེད་ཀྱི་འདོད་ཡོན། དམག་དང་རྒྱན་པོ། སོ་ནམ་ཚོང་ཁེ། རྙེད་བཀུར་བཟའ་བཏུང་། མུ་སྟེགས་ཀླ་ཀློའི་ཆོས་ལུགས་སོགས་མདོར་ན་དོན་མེད་ཀྱི་རྣམ་པར་རྟོག་པའི་རིགས་སུ་གྱུར་ཚད་དང་། རང་ལ་ང་རྒྱལ་བ། ཡང་ན་སེམས་ཞུམ་པ། དཀའ་སྤྱད་སྔགས་བཟླས་ལ་སྐྱོ་བ་སོགས་སྤང་། མདོར་ན་ལུས་ངག་ཡིད་གསུམ་གྱི་ཁ་


LT34_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཐོ་བའི་རིགས་སུ་གྱུར་ཚད་ཅི་ནུས་སུ་སྤང་ཞིང་། འཛོམ་ན་ཉིན་རེ་ཁྲུས་ལན་གསུམ་བྱ། གོས་ལན་གསུམ་བརྗེ་དགོས་ལ། དེ་ལྟར་མ་གྲུབ་ཀྱང་གོང་དུ་སྨོས་པ་ལྟར་གཙང་སྦྲ་ཆེན་པོ་དང་ལྡན་པ་ཤིན་ཏུ་གལ་ཆེ་སྟེ། དཔུང་བཟང་ལས། མི་ནི་ཚུལ་ཁྲིམས་གཙང་སྦྲ་མི་ལྡན་ཀྱང་། །གསང་སྔགས་ལྷ་ནི་དེ་ལ་གནོད་མི་མཛད། །ལྷ་ཡི་འཁོར་དུ་གྱུར་པ་གང་ཡིན་རྣམས། །མི་ཡི་གླགས་མཐོང་ནས་ནི་ཕུང་བར་བྱེད། །ཅེས་སོ། བཟའ་བཏུང་གི་ཁྱད་པར་ཡང་། ཤ་ཆང་། སྒོག་གཙོང་། ལ་ཕུག །ཏིལ། བྲ་སྲན་གྱི་རིགས། །གཡོས་སྣ་ཚོགས་སྦྱར་བ། ལ་དུ། ཚྭ་རིགས། རང་དང་གཞན་གྱི་ཁ་འཕྲོ། ལྷའི་མཆོད་རོ། །གཞན་གྱིས་འབགས་འཕྲོ་སོགས་སྤང་། རྒྱུད་ལས་ཞོ་དང་འོ་མ་འབྲས་ཆན་ཏེ་དཀར་གསུམ་ཁོ་ན་བཟའ་བར་གསུངས་ཀྱང་ཡུལ་ལུགས་དང་སྦྱར་བའི་ཇའི་བཏུང་བ་རྩམ་ཐལ་སོགས་ཀྱིས་ཧ་ཅང་སྐ་བ་མ་ཡིན་པ་དང་། ཞོ་དང་། འོ་མ། ཀ་ར་བུ་རམ། མར་གསར་སོགས་བྱིན་བརླབས་བྱས་པའི་རུང་ཆུས་བྲན་པ་བཅས་ནམ་ལངས་ནས་མུན་རུག་བར་སྔ་ཕྱི་དྲོ་ནམ་དུའང་སྤྱད་ཆོག་ཅིང་། ནས་དང་གྲོའི་བཤོས། འབྲས་ཆན། གྲོ་མ། ཐུད་སོགས་


LT34_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་གུང་སྔ་ཐལ་ཕྱི་ཐལ་མ་ཡིན་པར་གུང་ཚིགས་གདན་གཅིག་ཏུ་སྤྱོད་ཅིང་། སྐབས་དེར་ཡང་དཀོན་མཆོག་རྗེས་དྲན་སྔོན་ཏུ་འགྲོ་བས་ཟས་ཀྱི་ཕུད་དཀོན་མཆོག་ལ་མཆོད་ཅིང་ཕུད་ལ་དབང་པའི་འབྱུང་པོ་ལ་ཆངས་བུ་སྟེར། བཟའ་བཏུང་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབ། རང་ཐུགས་རྗེ་ཆེན་པོར་གསལ་བས་ལོངས་སྤྱོད། ལྷག་མ་འཕྲོག་མམ་བུ་དང་ལྷག་མ་ཟ་བ་རྣམས་ལ་སྦྱིན། ཡོན་སྤྱོད་གཟུངས་དང་མདོ་བསྔོ་སོགས་མཐོང་བརྒྱུད་ལྟར་བྱ། བཟའ་བའི་སྣོད་ཀྱང་དགེ་སློང་རྣམས་ནས་ལྷུང་བཟེད་དང་། བཏུང་བའི་སྣོད་རིན་པོ་ཆེས་སྤྲས་པ་མིན་པའི་ཕོར་པ་ལ་བྱ། ཐམས་ཅད་ཀྱིས་རིན་པོ་ཆེའི་ཕོར་པ། ཐོད་ཕོར། ཟངས་རག་འཁར་བའི་སྣོད། ལོ་མའི་རྒྱབ། སྙིམས་པ་དང་ལག་མཐིལ་ཁོ་ནར་བཟའ་བཏུང་བྱེད་པ་སྤང་། །བཟའ་བའི་ཚེ་ཁམ་ཧ་ཅང་ཆེ་བ། ཧ་ཅང་ཆུང་བ། སྒྲ་དང་བཅས་ཟ་བ། གཏམ་དགོད་ཀྱི་ཞོར་དུ་ཟ་བ། ཕན་ཚུན་ཡེངས་པ། མདོམས་ཀྱང་ཚུལ་འཆོས་ནས་མི་ཟ་བ། །འགྲང་བཞིན་ཏུ་ལྷག་པར་ཟ་བ་སོགས་སྤངས་ཏེ། རན་ཞིང་འོས་པར་སྤྱད། དེའང་སྔོན་འགྲོ་དང་རྗེས་ཆོག་བཅས་ཉིན་གཉིས་པོ་ལ་དེ་ལྟར་བྱ་ཡི། །དངོས་གཞི་སྨྱུང་གནས་ཉིན་མོ་ནི་ནམ་ལངས་ནས་སང་


LT34_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ལངས་ཀྱི་བར་ཆུ་ཐིགས་གཅིག་གམ། ནས་འབྲུ་གཅིག་ཙམ་ཡང་སྤང་ལ། མཆིལ་མ་ཡང་ཕྱིར་ཕོ་བ་དང་མི་ཕོ་བའི་ཕྱག་ལེན་གཉིས་སྣང་བ་རང་ཉིད་གང་ནུས་པ་དེ་ལྟར་བྱ་ཆོག་གི་ངེས་དཀྲིག་མི་དགོས། ངག་སྨྲ་བ་བཅད་དེ་ཆོ་གའང་ཡིད་ཀྱིས་འདོན་ཏེ་སྒྲ་བཅས་མི་བྱ་བ་ཡིན་ཀྱང་ཇི་བཞིན་མི་ཀློག་པ་དང་། ཆད་ལྷག་གི་སྐྱོན་འབྱུང་བར་ཉེན་སྐད་གདངས་དམའ་ཞིང་དལ་བུས་འདོན་པ་ལེགས། འདི་ཉིན་ཕྱག་སོགས་ཀྱང་དངོས་སུ་མི་བྱ་བར་ཡིད་ཀྱིས་དམིགས་པ་ཡིན་ཀྱང་ཕྱག་སྐོར་ནུས་ན་ཧ་ཅང་བཀག་པ་མེད་ཅིང་དེའང་དལ་བུས་བྱེད། ཡིད་ཀྱང་རྣམ་རྟོག་གི་འཕྲོ་འདུ་མཐའ་དག་སྤང་སྟེ་ལྷ་སྔགས་ལ་སེམས་རྩེ་གཅིག་ཏུ་བཟུང་། གཉིད་ཡུར་བ། ལྟོག་སྐོམ་སོགས་ཀྱི་བར་ཆད་གདུང་བ་བྱུང་ན་དྲན་ཤེས་དང་གཉེན་པོ་དྲག་ཏུ་བསྟེན་ལ། འཇིག་རྟེན་ཁྱིམ་པ་རྣམས་ངན་སོང་གི་རྒྱུ་གསོག་པ་ལ་ལྷོག་སྐོམ་ངལ་དུབ་ཉིན་ཞག་མང་པོར་ཁྱད་དུ་གསོད་དེ་བརྩོན་པ་ཆེན་པོས་ཉིན་མཚན་གར་སོང་མི་ཚོར་བ་འབད་ནུས་ན། །སྨྱུང་གནས་ཚད་ལྡན་ཚར་གཅིག་འགྲུབ་ཀྱང་མི་དེ་ངན་སོང་དུ་མི་བཏང་ཞིང་མཐར་བདེ་བ་ཅན་ཏུ་ཁྲིད་པ་འཕགས་པས་དབུ་བསྙུང་བཞེས་པས། ཟབ་ཆོས་འདི་ལྟ་བུ་སྔོན་ཚོགས་ཆེན་བསགས་


LT34_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འབྲས་བུས་ད་རེས་ཁོ་ན་ཙམ་ཞིག་སྤྱོད་དུ་ཡོད་པ་ཉིན་ཞག་གཅིག་ཁོ་ནར་བསྒྲུབ་མི་ནུས་པ་སྐལ་པ་ངན་པའི་སྐྱོན་ཏུ་ཤེས་པར་བྱས་ལ་དམ་བཅའ་དང་བརྩོན་འགྲུས་དྲག་པོ་བྱ། མདོར་ན་སྒོ་གསུམ་སྙོམས་ལས་སུ་མ་ལུས་པ་ཅི་ནས་གལ་ཆེ། ཉལ་བ་དང་ཆོས་གོས་གྱོན་པའི་སྐབས་སུའང་སངས་རྒྱས་ཀྱི་རྗེས་སུ་སློབ་བོ་སྙམ་པའི་འདུན་པ་མེད་ན་ལྟུང་བ་འོང་བར་གསུངས་པས་དེ་བཞིན་དང་། ལྷག་པར་ཉལ་བའི་སྐབས་ལེགས་གྲུབ་སོགས་ལས་གསུངས་པའི་བྱང་སེམས་སྲུང་བ་དང་། བདུད་རྩི་ཐབ་སྦྱོར་སོགས་བགེགས་སྲུང་བའི་སྔགས་དམིགས་བསྟེན་ཞིང་ཉལ་བའི་རྣལ་འབྱོར་གང་རུང་དང་ལྡན་པས་བག་ཡོད་པར་ཉལ། དངོས་གཞིའི་ཕྱིར་ནང་ནམ་ལངས་རྒྱབ་ལུས་ཀྱི་སྲིན་བུ་རྣམས་ཀྱི་བཀྲེས་པ་སེལ་བའི་ཕྱིར་ཆུ་ཐང་སླ་མོ་བཞིན་རས་འཆར་བ་ཕོར་པ་གང་འཐུང་། སྨྱུང་གནས་ཀྱི་སྡོམ་པ་ལྷག་པའི་ལྷ་ལ་འབུལ་བའི་མོས་པས་མཎྜལ་ཕུལ་ཞིང་། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བརྗོད་པས་ཆད་ལྷག་སྐོང་བའི་ཕྱག་སྲོལ་ཡང་ཁ་ཅིག་ལ་འདུག་མོད། གཞུང་ནས་གསུངས་པ་ནི་མིན་པས་ཅི་བདེར་ཆོག །གྲོལ་ཉིན་ཀྱང་བག་དང་ལྡན་པས་ལེགས་པར་སྡོམ་པ་ལ་གནས་ཤིང་། ཕྱིན་ཆད་


LT34_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགེ་བ་ལ་ཁྲེལ་འཛེམ་གྱིས་བསྡམ་པར་བྱས་ཚེ་སྔར་བསགས་ཀྱི་ཉེས་ལྟུང་བྱང་ཞིང་ངེས་པར་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་ལ་རེག་པར་འགྱུར་རོ། །རྗེས་ཆོག་ཆོ་ག་ཚར་གཅིག་གྲུབ་སྐབས། སློབ་དཔོན་གྱིས་སྔར་བཅིངས་པའི་བགེགས་རྣམས་ཡིད་ཀྱིས་བཀྲོལ་ཞིང་སྲུང་འཁོར་ཡང་བསྡུ། མཆོད་གཡོག་པས་ཀྱང་གཙང་སྦྲ་ཤིན་ཏུ་ཐོན་པར་བྱ་ཞིང་། བདུན་ཚར་སོགས་མཆོད་པའི་སྣོད་ཐམས་ཅད་ཕྱི་བདར་དང་། མེ་ཏོག་སོགས་མཆོད་པ་རྙིང་པ་རྣམས་འཕྲལ་དུ་བརྗེ་ཞིང་གསར་པ་བཤམ། མཆོད་རོ་ཐམས་ཅད་མི་བྱིས་མི་འགོང་བའི་གཙང་སར་གཤེགས། སྤྲང་ལོངས་ལྟ་བུ་ལ་ཅིས་ཀྱང་སྦྱིན་དགོས་ན་གཞུང་གསལ་སྔགས་བཏབ་ལ་སྦྱིན། རང་གིས་ནི་རྣམ་པ་ཀུན་ཏུ་སྤྱད་པར་མི་བྱ། རྡུལ་ཚོན་དང་གཟུངས་ཆུ་སྤྱོད་ཚུལ་གཞུང་གསལ་དེ་ཅི་ནས་གལ་ཆེ་བས་ལག་ལེན་ཏུ་གདབ། འཛོམ་ཞིང་སྤྲོ་ན་སྨྱུང་གནས་སྡོད་པའི་ཉིན་སྔ་ཕྱིར་ཁ་ཅིག་ལ་བརྒྱད་སྟོང་པ་སོགས་ཤེར་ཕྱིན་དང་། སཱཙྪ་འདེབས་པ། ཆུ་གཏོར་བཏང་བ། ཞི་བའི་སྲེག་བླུགས་སོགས་བྱ་བཅུག་པས་བར་གཅོད་ཞི་བ་དང་། ཚོགས་རྫོགས་ཤིང་ལྷ་མྱུར་དུ་འགྲུབ་པའི་དགོས་པ་ཁྱད་པར་ཅན་ཡོད་ལ། འོན་ཀྱང་མི་སྤྲོ་


LT34_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྨྱུང་གནས་ཁོ་ན་རྩེ་གཅིག་ཏུ་བསྒྲུབ་ནུས་ན་དེ་ཉིད་ཀུན་གོ་གཅིག་ཆོད་དུ་འགྱུར་རོ། །ཅུང་ཟད་ངལ་བས་བསྐལ་མང་སྡིག་ལྟུང་སྤྱོད། །ཞག་གཅིག་འབྲུས་པས་གཏན་འདུན་བདེ་བླག་བྱེད། །འབྲེལ་ཐོགས་ཁོ་ནས་སྲིད་པའི་འཆིང་བ་ཀློད། །ཐབས་འདི་སྟོན་པ་ཐུགས་རྗེ་ཅན་དེས་བསྟན། །སྐྱེ་བོ་རྨོངས་པས་སྐྱོན་ཡོན་དོན་མ་གོ། །རབ་བྱུང་རྣམས་ཀྱང་བསྟན་ལ་གུས་པ་ལྷོད། །དམ་པ་ཕལ་ཆེར་ཇི་མི་སྙམ་གྱིས་འདའ། །འདི་འདྲས་གཞན་ལ་ཕན་པར་འགྱུར་དཀའ་ཡང་། །སློབ་ན་འཆད་ལ་རྒོལ་ངན་རྩོད་པས་འཇོམས། །མ་བཤད་བཤད་ལ་རྩོམ་པས་མགྲིན་རྒྱན་པ། །རྒྱལ་བསྟན་འཛིན་མཆོག་རྣམས་ཀྱི་ལམ་སྲོལ་དུ། །འཇུག་པར་སྤྲོ་དང་སྐལ་མཉམ་དགའ་སྐྱེད་ཕྱིར། །རྒྱུད་སྡེ་མ་འདྲེས་སྤྱོད་པའི་སྐལ་དམན་པས། །དུས་དང་གཞན་གྱི་འདོད་མཐུན་ཟིན་ཆུང་འདི། །ཉི་མའི་རྗེས་སུ་མེ་ཁྱེར་སྤྱོད་པ་ལྟར། །བསྟན་པ་ཁོ་ན་ཡིད་ལ་བཞག་ནས་བྲིས། །ཉེས་ཆོགས་བཤགས་ཤིང་དགེ་བས་མཁའ་ཁྱབ་འགྲོ། །འཕགས་པ་དགྱེས་པའི་ཀུན་བཟང་སྤྱོད་ལ་ཞུགས། །བརྩེ་ཆེན་ཕྱག་གིས་སྙིང་པོར་དབུགས་ཕྱུང་ནས། །སྐུ་གསུམ་སྤྲིན་གྱིས་ཆོས་དབྱིངས་ཡོངས་ཁྱབ་ཤོག །


LT34_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པའང་ཐུགས་རྗེའི་དབང་ཕྱུག་ཀརྨ་ངེས་དོན་བསྟན་པ་རབ་རྒྱས་སོགས་དམ་པ་མང་པོའི་ཐུགས་བཞེད་སྐོང་སླད། འཇིག་རྟེན་དབང་ཕྱུག་ཀརྨ་པའི་རྗེས་འཇུག་མ་ི་བ་ཡོན་ཏན་རྒྱ་མཚོས། འོག་མིན་བླ་མའི་གདན་ས་དཔལ་སྤུངས་ཡང་ཁྲོད་དུ་དབོ་ཟླ་བའི་ཡར་ཚེས་བཅོ་ལྔར་གྲུབ་པ་བགྱིས་པས་གཞན་ཕན་མཐའ་ཡས་འབྱུང་བར་གྱུར་ཅིག །དགེ་ལེགས་འཕེལ།། །།


previousབཅུ་གཅིག་ཞལ་དཔལ་མོ་ལུགས་དང་འབྲེལ་བར་སྨྱུང་གནས་སྒྲུབ་པའི་ལག་ལེན་གསེར་སྡོང་གཡུའི་ཕྲ་ཚོམ།next