Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་མི་འཁྲུགས་པའི་ཆོག་མངོན་དགའི་ཞིང་གི་རྒྱན་མཛེས་བྱད་ལྷན་ཐབས་ཨིནྡྲ་ནཱི་ལའི་ཆུན་འཕྱངས།
   
   
   
   


 
previousབཅོམ་ལྡན་འདས་མི་འཁྲུགས་པའི་ཆོག་མངོན་དགའི་ཞིང་གི་རྒྱན་མཛེས་བྱད་ལྷན་ཐབས་ཨིནྡྲ་ནཱི་ལའི་ཆུན་འཕྱངས།next

བཅོམ་ལྡན་འདས་མི་འཁྲུགས་པའི་ཆོག་མངོན་དགའི་ཞིང་གི་རྒྱན་མཛེས་བྱད་ལྷན་ཐབས་ཨིནྡྲ་ནཱི་ལའི་ཆུན་འཕྱངས།


LT34_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་མི་འཁྲུགས་པའི་ཆོག་མངོན་དགའི་ཞིང་གི་རྒྱན་མཛེས་བྱད་ལྷན་ཐབས་ཨིནྡྲ་ནཱི་ལའི་ཆུན་འཕྱངས་ཞེས་བྱ་བ་བཞུགས་སོ། །


LT34_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་མགོན་པོ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །སྟོབས་བཅུའི་དབང་ཕྱུག་ཁྱོད་མཚན་དྲན་མ་ཐག །བདུད་ཀྱི་དཀྱིལ་འཁོར་རྣམ་པར་དཀྲུགས་པ་དང་། །ལྷན་ཅིག་བྱང་ཆུབ་ལམ་ལས་ཕྱིར་མི་ལྡོག །མཐོང་ཐོས་དོན་དང་ལྡན་ལ་ཕྱག་འཚལ་ལོ། །མུན་ཁུང་།།།ལ་ནི་སྒྲོན་མེ་བཞིན། །ལས་སྒྲིབ་མཚན་ཙམ་གྱིས་སེལ་བ། །གང་དེའི་གཟུངས་མདོ་རྒྱ་གཞུང་གི། །གསལ་བྱེད་གཞན་ལ་ཕན་ཕྱིར་འབྲི། །དེའང་གར་དབང་ཐམས་ཅད་མཁྱེན་པ་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་མི་འཁྲུགས་པའི་སྒྲུབ་ཐབས་འདི་ནི་རྩ་བའི་རྒྱ་གཞུང་དང་ཇོ་བོ་ཆེན་པོའི་དགོངས་པར་


LT34_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ངེས་པའི་ཚིག་ཉུང་དོན་ཟབ་ཡིད་ཆེས་པའི་གནས་སུ་སྣང་ཞིང་། སྤྱིར་ཇོ་བོ་ལུགས་ཀྱི་མི་འཁྲུགས་པ་ལྷ་དགུ་འདི་ཇོ་ནང་རྗེ་བཙུན་ཆེན་པོས་བྱ་རྒྱུད་སྤྱོད་རྒྱུད་དུ་བཀྲལ་བར་བཞེད་པའི་རྗེས་སུ་ཕྱི་མ་རྣམས་འབྲངས་མོད། སྤྱོད་རྒྱུད་རང་ལུགས་ཐུན་མོང་མ་ཡིན་པའི་དབང་དང་ལམ་རིམ་སྦྱོར་དུ་མེད་པས། ནང་གི་ཏིང་ངེ་འཛིན་ཙམ་ལས་དབང་དང་ཡན་ལག་ལྷག་མ་བྱ་རྒྱུད་ལྟར་སྦྱོར་ཞིང་། བྱ་རྒྱུད་དཀྱིལ་འཁོར་བསྡུས་པའི་རིགས་ལ་བྱ་བའང་བསྡུས་པ་མཛད་པ་བརྒྱུད་པའི་ཕྱག་བཞེས་སུ་འབྱུང་བ་ཉིད་སོར་བཞག་སྟེ་གསལ་བྱེད་ལྷན་ཐབས་འགོད་པ་ལ་གསུམ། རང་དོན་བསྙེན་སྒྲུབ་


LT34_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཟིན་བྲིས། གཉིས་དོན་སྦྱིན་སྲེག་གི་ལག་ལེན། གཞན་དོན་ཕན་གདགས་པའི་རིམ་པའོ། །དང་པོ་ལ་བཞི། འཇུག་པའི་སྤྱོད་པ། སྦྱོར་བའི་སྤྱོད་པ། སྒྲུབ་པའི་སྤྱོད་པ། གྲུབ་པའི་སྤྱོད་པའོ། །དང་པོ་ནི། བསྙེན་པ་སོགས་ཀྱིས་དག་པར་བྱས་པའི་བླ་མ་ཡོན་ཏན་དང་ལྡན་པ་ལས། འཇིག་རྟེན་ལས་འདས་པའི་རིགས་གསུམ་གྱི་ཡ་གྱལ་དེ་བཞིན་གཤེགས་པའི་རིགས་བཅོམ་ལྡན་འདས་མི་འཁྲུགས་པའི་དཀྱིལ་འཁོར་དུ་ཞུགས་ཏེ། ཆུ་དང་ཅོད་པན་གྱི་དབང་འཁོར་བཅས་ནོད་ལ། རྒྱུད་སྡེ་ཐམས་ཅད་ཀྱི་རྩ་བའི་དམ་ཚིག་ཆེན་པོ་བཞིར་གྲགས་པ། འཇིག་རྟེན་པའི་ཡང་དག་ལྟ་བ། གསུམ་ལ་སྐྱབས་སུ་འགྲོ་བ། བྱང་ཆུབ་ཏུ་སེམས་བསྐྱེད་པ། དཀྱིལ་འཁོར་དུ་དབང་བསྐུར་བ་རྣམས་དང་། བྱ་རྒྱུད་སྤྱིའི་དམ་ཚིག་བཅུ་བཞི། རང་རིགས་ཁྱད་པར་གྱི་སྤང་བླང་ལ་བརྩོན་པ་སྟེ། མདོར་ན་དབང་དང་དམ་ཚིག་ལེགས་པར་ལྡན་པའི་རྣལ་འབྱོར་པས་བསྙེན་སྒྲུབ་ལ་འཇུག་དགོས་པ་ནི། ལོ་ཏོག་བསྐྱེད་འདོད་པས་ཞིང་ས་དང་ས་བོན་དྲོད་གཤེར་འཛོམ་དགོས་པ་བཞིན་ནོ། །གཉིས་པ་སྦྱོར་བའི་སྤྱོད་པ་ནི་བསྙེན་པ་དངོས་ཏེ། དེ་ལ་གཉིས། ཡན་ལག་དང་། གཙོ་བོའོ། དང་པོ་ནི། དཔུང་བཟང་ལས་


LT34_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བཅུ་དང་ལྡན་པའི་སྒོ་ནས་བསྙེན་པ་བྱ་བར་གསུངས་པ་དེ་རྣམས་དངོས་གྲུབ་ངེས་པར་སྒྲུབ་པའི་དབང་དུ་མཛད་ཅིང་། དཀྱུས་འགྲེ་ཙམ་ལ་གཙོ་བོར་བསྡགས་པ་གནས་དུས་སོགས་ཚོགས་པའི་དབང་དུ་བྱས་ནས། གནས་ཁང་བྱི་དོར་དང་རྣམ་འཇོམས་བཟླས་པའི་གཟུངས་ཆུས་གཙང་བར་བྱས་པའི་ཀུ་ཤ་འོག་ཏུ་བཀྲམ་པའི་མལ་ལེགས་པར་འཆོས་པ་སོགས་བསྙེན་སྒྲུབ་སྤྱི་ལྟར་མཁོ་བའི་ཡོ་བྱད་སྟ་གོན་བྱ། མདུན་གྱི་སྟེགས་བུར་རིང་བསྲེལ་དང་ལྡན་པའི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྟེན། མི་འཁྲུགས་པ་ལྷ་དགུའི་རས་བྲིས་ཡོད་ན་བཀྲམ་པའི་སྤྱན་སྔར་ཁ་ཟས་དཀར་གསུམ་བཟང་དགུ་ལས་བཅོས་པའི་ཟླུམ་གཏོར་པད་འདབ་བཞི་པ། ཆུ་གཉིས་ཉེར་སྤྱོད། མཎྜལ་གྱི་ཡོ་བྱད། ཆ་གསུམ་དང་གཞི་བདག་གཏོར་མ་བཤམ། རང་གི་མདུན་ཏུ་ལས་བུམ་མམ། དུང་ཞལ་གྱི་ཆུར་དྲི་བཟང་སྦྱར་བ་གང་བདེ་རྒྱུན་ཏུ་ཉེ་རེག་ལ་སྤྱོད་བདེ་བར་བཞག །གཞན་ཡང་ཨ་མྲྀ་ཏས་བསྔགས་པའི་མར་དཀར་དང་སྤྲ་རྩི་ལུས་ལ་བདུག་པས་མཚོན་བྱ་རྒྱུད་ཀྱི་གེགས་སེལ་རྫས་ཀྱང་ཆགས་མེད་རི་ཆོས་ལས་འབྱུང་བ་ལྟར་སྔ་ཚག་བྱ་ཞིང་། སྐབས་སུ་སྤྱད་པར་བྱའོ། །


LT34_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་སྐར་ཚེས་དུས་བཟང་པོར་བསྙེན་པ་ལ་འཇུག་པའི་སྔ་ཉིན་གྱི་སྔ་དྲོར་མགོ་ལུས་ལེགས་པར་བཀྲུ། དྲི་ཞིམ་པོའི་སྤོས་ཀྱིས་བདུག །བ་བྱུང་དང་སྦྱར་བའི་དྲི་ཆབ་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཨུཥྞི་ཥཱ་ཡ། ཨོཾ་བི་ཤུདྡྷེ་བཱི་ར་ཛེ་ཤཱི་བ་ཤཱ་ན་ཏི་ཀ་རེ་སྭཱ་ཧཱ། ཞེས་པའི་སྔགས་འདི་བརྒྱ་རྩ་སོགས་ཅི་འགྲུབ་བཟླས་ལ་ཁ་བཤལ་།།།ཁོང་དུ་བཏུང་བས་ཟླ་ཕྱེད་ཕན་ཆད་ཀྱི་ཤ་སོགས་བཟའ་མིན་ཟོས་པའི་ཉེས་པ་བྱང་བར་གསུངས། དེ་ནས་ཕྱག་བསྐོར་མཎྜལ། གསེར་འོད་ལས་འབྱུང་བའི་བཤགས་པ། དེ་བཞིན་གཤེགས་པའི་ཡིག་བརྒྱ་བཟླ་བ་སོགས་ཅི་འགྲུབ་བྱ། ལེགས་གྲུབ་ལས། རྒྱལ་བའི་རིགས་ལ་བོ་དྷེ་ཙེ། །སྔགས་ཀྱི་ནོར་བུ་རབ་ཏུ་བསྒྲགས། །ཞེས་པ་ལྟར། བོ་དྷི་ཙེའི་བགྲང་ཕྲེང་བ་བྱུང་གིས་བཀྲུས་ལ་སྤོས་ཀྱིས་བདུག །ལུང་ཐག་ཀྱང་གྲུབ་ན་ཀོ་ཐིག་མ་ཡིན་པ་རས་བལ་གྱི་སྐུད་པ་ལ་བརྒྱུ་དགོས་པ་ཡིན་ནོ། །ཕྱི་དྲོར་རང་ཉིད་ལྷག་པའི་ལྷའི་ང་རྒྱལ་དང་ལྡན་པས་གཞི་བདག་སྤྱི་གཏོར་གང་བདེ་དང་། ཆ་གསུམ་གཏོར་མ་བྱིན་རླབས་ནས་བརྩམས་ཀུན་རིག་ལྟར་བསྔོས། བདུད་རྩི་འཁྱིལ་བའི་སྔགས་རིང་ཐུང་སོགས་དྲག་སྔགས་ཀུ་གུལ་དུད་བ་ཡུངས་ཐུན་བཅས་པས་


LT34_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་བསྐྲད་ལ་སྲུང་འཁོར་སྤྱི་མཐུན་ཙམ་བསྒོམ། སྒོ་རྩར་ཐོ་དཀར་པོ་འཛུགས་པ་ལ་ཕྱག་རྡོར་དང་རྒྱལ་ཆེན་བཞིའི་སྔགས་བྱང་གཟུག །དེ་ནས་བརྩམས་ཏེ་བསྙེན་པ་གྲུབ་ཀྱི་བར་དམིགས་འོག་ཏུ་མ་ཆུད་པའི་རྒྱུ་འགྲུལ་དང་ཡོ་བྱད་སོགས་ཞུད་སྲུང་ཞིང་། གཙང་སྦྲའི་ཀུན་སྤྱོད་སོགས་དམ་ཚིག་ལ་ལྷག་པར་གནས་པར་བྱའོ། །གཉིས་པ་སྦྱོར་སྤྱོད་གཙོ་བོ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ནི། བསྙེན་པ་ལ་འཇུག་པའི་ཉིན་དང་པོའི་ནངས་མོར་ཡང་སྒྲུབ་པ་པོས་ཡན་ལག་ལྔ་ཁྲུས་དང་། སྤོས་དཀར་གྱིས་བདུག །གོས་གཙང་མ་གྱོན། བྱང་མཆིས་མ་ལན་གསུམ་གྱིས་སེམས་བསྐྱེད། ཐེག་པ་ཆེན་པོའི་གསོ་སྦྱོང་དོན་ཞགས་ལུགས་ལྟར་རབ་དུས་རྒྱུན། འབྲིང་ཉ་སྟོང་བརྒྱད། ཐ་ན་ཉིན་དང་པོ་ཙམ་ལ་ལེན་ནུས་ན་རབ་བྱུང་ཕྱོགས་ལའང་ཐེག་ཆེན་སྡོམ་པ་གསོ་བའི་ཐབས་མཆོག་ཏུ་གྱུར་པ་ཡིན་པས་གསོ་སྦྱོང་ལན་གསུམ་བླངས་ལ་ཚུལ་ཁྲིམས་རྣམ་དག་གི་གཟུངས་ཉེར་གཅིག་བརྗོད། འདི་བླངས་ཕྱིན་ཡན་ལག་བརྒྱད་གཙང་མར་བསྲུང་དགོས་པས་ཕྱི་དྲོའི་ཁ་ཟས་ཀྱང་ངེས་པར་སྤང་། དེ་ནས་སྒྲུབ་ཁང་གི་ཁྱམ་མམ་


LT34_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

སྡོད་གནས་ལས་གཞན་པ་ཞིག་ཏུ་འདུག་ལ། ཁྲུས་ཆབ་དང་། ས་གཙང་མ་ཐེབ་གང་མདུན་ཏུ་བཞག །ལག་གཉིས་རྡོ་རྗེ་བསྡམས་པའི་མཐེའུ་ཆུང་གཤིབས་ཏེ་བསྒྲེངས། མཛུབ་མོ་གཉིས་རྩེ་སྦྱར་ཏེ་བརྐྱང་བའི་གཡས་གཡོན་ཏུ་མཐེ་བོང་གཉིས་སྦྱར་བ་ཁྲོ་བོ་མནོལ་བ་མེད་པའི་ཕྱག་རྒྱ་དེ། སྙིང་ག་དང་། ལྐོག་མ་དང་། སྨིན་མཚམས་དང་། སྤྱི་བོ་རྣམས་སུ་སྔགས་ལན་རེ་རེས་གཏུགས། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཧ་ན་ད་ཧཾ་པ་ཙ། བི་དྷཱ་ན་ས་ཡ། ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། ལན་བཞི། རྡོར་བསྡམས་ལས་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེངས། མཐེ་བོང་གཉིས་དེའི་གཡས་གཡོན་ཏུ་སྦྱར་ལ། ཨོཾ་ནི་ཁ་ན་བ་སུ་དྷེ་སྭཱ་ཧཱ། ལན་བདུན་ལ་སོགས་པ་མང་དུ་བཟླས་ཏེ། ས་དང་ཆུས་བཀྲུས་པར་བསམ། དེ་ནས་ཁྲུས་ཀྱིས་སྲུང་བ་ནི། མཐེ་བོས་མཐེ་ཆུང་གི་སེན་མོ་མནན། སོར་མོ་ལྷག་མ་གསུམ་རྡོ་རྗེ་རྩེ་གསུམ་པའི་ཚུལ་དུ་བྱས། ལག་གཉིས་བསྣོལ་ནས་ཕྱག་རྒྱ་དེ་དཔུང་པ་གཡས་གཡོན་ཏུ་བཞག་ལ། ཡིད་ཙམ་ཨམ་གཙིགས་བསྡམས། ཁྲོ་བོའི་ལྟ་བ་དང་བཅས་པས། ན་མོ་རཏྣ་ཏྲ་ཡཱ་ཡ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། ཏདྱ་ཐཱ། ཨོཾ་


LT34_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བདུད་རྩི་ཐབ་སྦྱོར་གྱི་སྔགས་རྒྱས་བདག་ཉིད་སྲུང་ངོ། །དེ་ནས་བསངས་ཆུ་སྒྲུབ་པ་ནི། སྣོད་བཟང་པོར་ཆུ་གཙང་མ་དྲི་ཞིམ་པོས་སཱགས་པ་ལ་དམིགས་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་་ཡེ། ཨོཾ་ཧཱུྃ་ཧ་ན་ཧ་ན་བཛྲེ་བཛྲེ་་ཧཿབརྒྱ་རྩ་ཙམ་བཟླས། གཡོན་པ་རྡོ་རྗེ་རྩེ་གསུམ་གྱི་རྒྱ་གོང་དུ་སྨོས་པས་བསངས་ཆུ་བླངས་ཏེ། ཨོཾ་ཀི་ལི་ཀི་ལི་བཛྲ་ཧཱུྃ་ཕཊ། ཅེས་ལན་བདུན་བཟླ་ཞིང་། བདག་དང་། གནས་དང་། ཡོ་བྱད་དང་། སའི་གོང་བུ་ལ་བསངས་གཏོར་བྱ། དེ་ནས་ས་བྱིན་གྱིས་བརླབས་ནི། ཨོཾ་བཛྲ་ཧ་ར་ཧཱུྃ། ལན་བདུན་བརྗོད། ཨོཾ་བྷུར་ཛྭ་ལ་ཧཱུྃ་ཕཊ། ལན་བདུན་ལས་མི་ཉུང་བ་བཟླས་ཏེ། ལག་པ་ལས་ས་བྱུག་ཅིང་འཕྱིད་པར་བྱ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ལན་ཉེར་གཅིག་ཙམ་ཡིད་ཀྱིས་བཟླ་ཞིང་། ལུས་དང་གདོང་དང་ལག་པ་རྣམས་ཁྲུས་ཆུས་བཀྲུའོ། །དེ་ནས་ཁང་པར་ཞུགས། ལྷ་རྣམས་མངོན་སུམ་དུ་དམིགས་པ་ལ་ཕྱག་བྱས་ནས། སྒོ་ནང་དུ་ལྷོ་ལ་ཕྱོགས་ཏེ་འདུག་ལ། གནས་སུ་ཞུགས་ཤིང་དམ་ཚིག་ལ་འཇུག་


LT34_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྔགས། ཨོཾ་བི་ར་ཛ་བི་ར་ཛ་མ་ཧཱ་བཛྲཱི་ས་ཏ་ས་ཏ་སཱ་ར་ཏེ་སཱ་ར་ཏེ་ཏྲ་ཡེ་ཏྲ་ཡེ། བི་དྷ་མ་ནི་སམ་བྷཉྫ་ནི་ཏ་ར་མ་ཏི་སིདྡྷ་ཨ་གྲེ་ཏཾ་སྭཱ་ཧཱ། ལན་གསུམ་བརྗོད་ལ་འགྲེངས་བཞིན་ཏུ། བདག་སྲུང་བ་ནི། ཨོཾ་ཥྚོཾ་བནྡྷ་སྭཱ་ཧཱ། ཞེས་པ་དེ་བཞིན་གཤེགས་རིགས་ཀྱི་ལས་ཐམས་ཅད་པ་ལན་ཉེར་གཅིག་དང་། ན་མོ་རཏྣ་སོགས་བདུད་རྩི་ཐབ་སྦྱོར་གྱི་སྔགས་འབྲིང་པོ་ལན་གསུམ་གྱིས་དུང་ཆོས་ལ་སོགས་པ་བསང་ཆུའི་སྣོད་ལག་པ་གཡོན་ཏུ་བཞག །གཡས་པས་རང་གི་ལུས་ལ་གཏོར། སྔགས་དེ་ལན་གསུམ་བཟླ་བཞིན་ཏུ། མཆོད་པ་ལ་འཐོར་ཡབ་ཀྱིས་བསངས་ཆུ་གཏོར། ཡང་ཛི་ན་ཛཾ་ཀ་ཅེས་པ་དེ་བཞིན་གཤེགས་རིགས་ཀྱི་སྙིང་པོ་ལན་བདུན་ལས་མི་ཉུང་བས་ཀྱང་མཆོད་པ་ལ་བསངས་གཏོར་བྱ། དེ་ནས་ལག་གཡོན་པའི་གུང་སྲིན་མཐེ་བོས་མནན། མཛུབ་མོ་དང་མཐེའུ་ཆུང་གཉིས་གདུ་བུའི་ཚུལ་དུ་གུང་སྲིན་གཉིས་ཀྱི་རྒྱབ་ཏུ་སྦྱར། གཡས་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་ཁ་གྱེན་ཏུ་བསྟན་ནས་གཡོན་གྱིས་ཐེབ་མཛུབ་གི་འོག་ནས་བཏོན་ཏེ། གུང་མོ་བཟུང་བ་ལྟར་བྱེད་པ་ནི། གཟི་བྱིན་བསྐྱེད་པའི་ཕྱག་རྒྱ་སྟེ། དེ་ཉིད་མཆོད་པ་རྣམས་ཀྱི་སྟེང་ནས། ལྡིང་སྐོར་དང་


LT34_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་པ་སྟེ་ཅབ་ཅབ་རེག་པའི་ཚུལ་དང་ཐིགས་གཏོར་གྱི་ཚུལ་བྱེད་ལ། ཨོཾ་ཏེ་ཛ་ཏེ་ཛ་སཾ་སིདྡྷི་སཱ་དྷ་ཡ་སྭཱ་ཧཱ། ལན་མང་དུ་བཟླས་ལ་མཆོད་པའི་གཟི་བྱིན་བསྐྱེད། བདུད་རྩི་ཐབ་སྦྱོར་གྱི་སྔགས་འབྲིང་པོ་ཕྱག་རྒྱ་བཅས་གོང་བཞིན་ལན་གསུམ་མམ་བདུན་སོགས་ཀྱིས་མཆོད་པ་བྱིན་རླབས། ཛི་ན་ཛིཀྲ་ལན་གསུམ་ལ་སོགས་པས་བརྟན་པར་བྱ། དེ་ནས་ལག་པ་གཉིས་ཀའི་གུང་སྲིན་གཉིས་གདུ་བུ་ལྟར་བྱས་ཏེ། རང་རང་ཕྱོགས་ཀྱི་སྦེ་ཤ་ལ་བཙུགས། མཐེའུ་ཆུང་དང་མཛུབ་མོ་གཤིབས་ཏེ་བསྒྲེངས། མཐེ་བོང་རྩེ་སྦྱར་ཏེ་བསྒྲེང་བ་ལས་ལག་མགོའི་རྒྱབ་ནང་དུ་ཕྱོགས་པས་རྩེ་མོ་འཐུར་ལ་བསྟན་པ་ནི་ཕུར་བུའི་ཕྱག་རྒྱ་སྟེ། ཨོཾ་ཀཱི་ལི་ཀཱ་ལ་བཛྲེ་བཛྲེ་བྷུར་བྷནྡྷ་ཧཱུྃ་ཕཊ། ལན་གསུམ་བཟླས་པས་བགེགས་ཐམས་ཅད་ལ་ཕུར་བུས་བཏབ་པར་བསམ། ཨོཾ་ཀེ་ལི་ཀཱི་ལ་བཛྲ་ཧཱུྃ་ཕཊ་ཀྱིས་ཀྱང་བསངས་གཏོར་བྱ། རྡོ་རྗེའི་རྭ་གུར་སྲ་ཞིང་མཐུག་ལ་རྩེ་མོ་མཐོན་པོར་གྲུབ་པར་མོས། ཨོཾ་ཀཱི་ལི་ཀཱི་ལ་བཛྲི་བཛྲི་བྷུར་བནྡྷ་ཧཱུྃ་ཕཊ་ཀྱིས་སྔགས་དང་ཕྱག་རྒྱ་ལན་གསུམ་གྱིས་བསྲུང་འཁོར་རྣམས་བྱིན་གྱིས་བརླབས་པར་མོས་ཤིང་། མཐེ་བོས་སོར་མོ་རྣམས་མནན་པའི་ཁུ་ཚུར་བཅིངས་ལ། སྡིག་མཛུབ་བརྐྱང་སྟེ།


LT34_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ནས་རྒྱ་ཇེ་ཆེ་ཇེ་ཆེར་ལན་གསུམ་དུ་བསྐོར་ཞིང་། ན་མཿས་མནྟ་བཛྲ་ཱཾ། ཨོཾ་ཏ་ར་ཏ་ར་ཏུ་རུ་ཏུ་རུ་མ་ཊ་མ་ཊ་བནྡྷ་བནྡྷ། སརྦ་ཏྲ་ཨ་པྲ་ཏི་ཧ་རས་ས་མེ་ས་མཱནྟ་ཀུ་རུ་ཀུ་རུ། ཏ་ར་ཏ་ར། ས་མནྟ་བཛྲེ་ས་མནྟ་བཛྲེ་ཀུ་རུ་ཨ་མ་ལེ་ཀུ་རུ་་མ་ཡེ། ཏུ་ཏ་ཡེ་ཏུ་ཏ་ཡེ། བ་ར་བ་ར་ཀ་ར་ཀ་ར་སུ་མེ་མས་མནྟ་བི་དྷཱ་ན་ས་ཡ་ཛྭ་ལ་ཡ་སྭཱ་ཧཱ། ལན་གསུམ། རྡོ་རྗེའི་རྭ་བའི་ཕྱི་རོལ་དུ་མེ་དཔུང་འབར་བས་བསྐོར་བར་གྱུར། སླར་ཡང་སྤོས་ཆུ་ལག་མཐིལ་དུ་བླུགས་ལ། ཛི་ན་ཛི་ཀ་མང་དུ་བཟླས་ཏེ། རང་གི་སྤྱི་བོ་ནས་བསངས་གཏོར་བྱ། རྩྭ་ཀུ་ཤའི་གདན་སོགས་ལ་འདུག་པར་མོས་ཏེ། ན་མོ་རཏྣ་ནས། ཨ་མྲྀ་ཏེ་ཧཱུྃ་ཕཊ་གྱི་བར་བདུད་རྩི་ཐབ་སྦྱོར་བཟླ་བཞིན་ཏུ། སྙན་ལ་བསངས་གཏོར་བྱས་ཏེ། སྐྱིལ་མོ་ཀྲུང་གིས་འདུག་གོ། །དེ་ནས། བདག་གིས་སེམས་ཅན་སོགས་བྱང་ཆུབ་ཀྱི་སེམས་སྔོན་ཏུ་འགྲོ་བའི་བསོད་ནམས་ཚོགས་བསགས་ནི། རང་སྐད་ཅིག་གིས་བཅོམ་ལྡན་འདས་མི་འཁྲུགས་པ་སྤྲུལ་སྐུའི་རྣམ་པ་ཅན་ཏུ་གསལ་བའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧཱུྃ་སྔོན་པོ་ལས་འོད་ཟེར་ཁ་དོག་ལྔ་ལྡན་འཕྲོས་པས། བླ་མ་མི་བསྐྱོད་པ་ལོངས་སྐུའི་རྣམ་པ་ཅན་གྱིས་དབུ་བརྒྱན་པའི་མི་འཁྲུགས་པ་རིགས་ལྔ་རྒྱལ་བ་སྲས་དང་


LT34_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པས་བསྐོར་བ་སྤྱན་དྲངས་མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་བཞུགས་པ་ལ། རང་ཉིད་ཐ་མལ་པའི་ལུས་གྲངས་མེད་པ་སྤྲུལ་ཏེ་ཕྱག་འཚལ་བར་མོས་ལ་སྔགས་བརྗོད། ཐུགས་ཀའི་ཧཱུྃ་ཡིག་ལས་སྤྲུལ་པའི་ལྷ་མོ་ཉེར་སྤྱོད་ལྔ་དང་། བཀྲ་ཤིས་རྫས་རྟགས་འཛིན་པ་རྣམས་དང་། རིན་ཆེན་རྣམ་བདུན་སོགས་མཆོད་པ་ནམ་མཁའ་གང་བས་མཆོད་པར་མོས་ལ་སྔགས་རྒྱས་མཆོད། སྡིག་པ་བཤགས་ལ་སོགས་ཡན་ལག་ལྷག་མ་དོན་དྲན་བཞིན་པས་ལན་གསུམ་བརྗོད་ལ། སྔགས་རྒྱས་ཚོགས་ཞིང་ཆོས་ཀྱི་དབྱིངས་སུ་གཤེགས་ལ་ཚད་མེད་པ་བཞི་སྤྱི་ལྟར་བསྒོམ། དེ་ནས་ཤཱུ་ནྱ་ཏཱའི་སྔགས་བརྗོད་ཅིང་། སྟོང་པ་ཉིད་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ངའོ་ཞེས་པའི་སྔགས་དོན་དྲན་པ་ནི་ཡེ་ཤེས་ཚོགས་བསགས་ཏེ་སྦྱོར་བའི་ཆོས་གྲུབ་པོ། །གཉིས་པ་དངོས་གཞི་ལ་བཞི། བདག་གི་དེ་ཁོ་ན་ཉིད། ལྷའི་དེ་ཁོ་ན་ཉིད། བཟླས་པའི་དེ་ཁོ་ན་ཉིད། བསམ་གཏན་གྱི་དེ་ཁོ་ན་ཉིད་དོ། །དང་པོ་ནི། ཆོས་རྣམས་ཐམས་ཅད་སོགས་རྐང་པ་གཉིས་ཏེ། ཁམས་གསུམ་པོ་ནི་སེམས་ཙམ། སེམས་དེའང་དམིགས་པ་མེད་པ་ནམ་མཁའ་ལྟ་བུ།


LT34_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་རང་བཞིན་ནི། གཟུང་འཛིན་ལ་སོགས་པའི་རྟོག་པ་མེད་པ། རྣམ་པར་རྟོག་པའི་སྣང་བ་མེད་པ། རྡུལ་ཕྲ་རབ་ཀྱི་གཟུགས་དངོས་པོ་མེད་པ། མཚན་མའི་གཡོ་བ་མེད་པ། དེ་རྣམས་ཀྱིས་སྟོང་པའི་མེད་དགག་ལས་ཀྱང་འདས་པ་འོད་གསལ་བའི་རང་བཞིན། ངོ་བོ་སོ་སོར་རང་གིས་རིག་པ་སྟེ་མཚན་ཉིད་དྲུག་ལྡན་གྱི་གཞི་བདེ་བར་གཤེགས་པའི་སྙིང་པོ་སྤྲོས་པ་དང་བྲལ་པའི་ཡེ་ཤེས་ཀུན་འགྲོ་ཀུན་ལ་ཁྱབ་པའོ་སྙམ་དུ་ཡུན་རིང་མཉམ་པར་བཞག་གོ། །གཉིས་པ་ལྷའི་དེ་ཁོ་ན་ཉིད་ལ་གཉིས། དངོས་དང་། དེ་སྒྲུབ་པའི་ཡན་ལག་གོ། །དང་པོ་ལ་དྲུག །སྟོང་དང་ཡི་གེ་སྒྲ་གཟུགས་དང་། །ཕྱག་རྒྱ་མཚན་མ་དྲུག་ཡིན་ཏེ། །ཞེས་པ་ལྟར་ལས་དང་པོ་སྟོང་པའི་ལྷ་ནི། བདག་གི་དེ་ཁོ་ན་ཉིད་སྤྲོས་བྲལ་འོད་གསལ་བའི་རང་བཞིན་ཡིན་པ་ལྟར་ལྷའི་དེ་ཁོ་ན་ཉིད་ཀྱང་དེ་ལྟར་ཡིན་པས་དེ་གཉིས་དབྱེར་མེད་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་སྟོང་པ་ཉིད་ལ་མཉམ་པར་འཇོག་གོ། །གཉིས་པ་ཡི་གེའི་ལྷ་ནི། དེ་ཡི་ངང་ལས་སོགས་རྐང་པ་ལྔ་སྟེ། སྟོང་ཉིད་དེའི་ངང་ལས་དམིགས་མེད་སྙིང་རྗེའི་རང་རྩལ་རང་སེམས་ཟླ་བར་སྣང་བ་ལ་ཧཱུྃ་སྔོན་པོ་འོད་ཟེར་འབར་བས་མཚན་པར་བསམ། གསུམ་པ་སྒྲའི་ལྷ་ནི།


LT34_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་དེ་ལས་སྔགས་ཀྱི་རང་སྒྲ་སི་ལི་ལི་སྒྲོག་པར་བསམ། བཞི་པ་ཕྱག་རྒྱའི་ལྷ་ནི། ཧཱུྃ་དེ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བར་སྔོན་པོས་མཚན་བར་གྱུར་པ་མོས། དེ་ལས་འོད་འཕྲོས་སོགས་རྐང་པ་དྲུག་གི་དོན་དྲན་བཞིན་ཏུ་གཤེགས་རིགས་ཀྱི་དམ་རྒྱ་ཐལ་མོ་བཀན་པའི་མཛུབ་མོ་གཉིས་ཅུང་ཟད་ནང་དུ་བཀུག་པ་བཅས་ལ་སྔགས་བརྗོད། གཞུང་ལས་རྡོ་རྗེ་རིགས་ཀྱི་དམ་རྒྱ་འཆའ་བར་བཤད་པ་ནི་སྔགས་དང་འགལ་བས་བརྟག་པར་བྱའོ། །ལྔ་པ་གཟུགས་ཀྱི་ལྷ་ནི། དེ་དག་ཡོངས་སུ་གྱུར་པ་སོགས་ཤློ་ཀ་ཕྱེད་གསུམ་གྱིས་བདག་ཉིད་མི་འཁྲུགས་པ་སྤྲུལ་སྐུ་ཆགས་བྲལ་གྱི་རྣམ་པ་གཟུགས་ཡོངས་སུ་རྫོགས་པར་བསྒོམ་པའོ། །དྲུག་པ་མཚན་མའི་ལྷ་ནི་འོག་ནས་འབྱུང་། འདི་རྣམས་རྒྱུད་སྡེ་གཞན་གྱི་མངོན་བྱང་ལྔ་ལ་སོགས་པའི་དོད་ཡིན་ནོ། །གཉིས་པ་ཡན་ལག་ནི། བདག་ཉིད་ལྷར་གསལ་བའི་ཐུགས་ཀར་པད་ཟླ་ལ་ཧཱུྃ་སྔོན་པོ་འོད་ཟེར་འཕྲོ་བ་གསལ་བཏབ། འདིའང་དོན་དུ་ཕྱག་རྒྱའི་ལྷར་འདུའོ། །དེའི་འོད་ཟེར་གྱིས་དབང་ལྷ་སྤྱན་དྲངས། བུམ་པའི་ཆུ་བླུགས་ཤིང་། ཅོད་པན་སྤྱི་བོར་བཞག་པས་དབང་བསྐུར། དབང་རྟགས་སུ་གནས་གསུམ་དུ་ཟླ་བ་ལ་གནས་པའི་འབྲུ་གསུམ་གྱིས་མཚན་ངར་གྱུར།


LT34_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་ཐུགས་སྲོག་འོད་ཀྱིས་མངོན་དགའི་ཞིང་ནས་མི་འཁྲུགས་ཡེ་ཤེས་པ་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པ་ལ་ཆོགས་ཞིང་སྐབས་ལྟར་སྤྲུལ་པའི་ལྷ་མོས་མཆོད། རྒྱ་བཞིས་རང་དམ་ཚིག་པ་ལ་བསྟིམས་པས་ཐུགས་ཀར་པད་ཟླ་ལ། དབུས་སུ་ཡེ་ཤེས་སེམས་དཔའ་མི་འཁྲུགས་པ་རང་དང་འདྲ་བ་དེའི་ཕྱོགས་བཞིར་སངས་རྒྱས་རིགས་བཞི་སྤྲུལ་སྐུའི་རྣམ་པ། གཙོ་བོ་ཡེ་ཤེས་སེམས་དཔའི་ཐུགས་ཀར་པད་ཟླ་ལ་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་སྔོན་པོ་བཻ་ཌཱུརྻའི་མདོག་ལྟ་བུ། འོད་ཟེར་སྣ་ལྔ་འཕྲོ་བའི་མཐར་བཟླ་བྱའི་གཟུངས་སྔགས་ཡིག་ངོ་ནང་བསྟན་གཡས་བསྐོར་དུ་སྤྲུལ་འཁྱིལ་བའི་ཚུལ་གྱིས་མི་གཡོ་བར་གནས་པ་གསལ་གདབ། ཐུགས་ག་ནས་སྤྲོས་པའི་ལྷ་མོ་དཔག་ཏུ་མེད་པས་རང་ལ་མཆོད་ཅིང་བསྟོད་པར་མོས་ལ། མཆོད་བསྟོད་ངག་ཏུ་འདོན། མཐར་ལྷ་མོ་རྣམས་རང་ལ་བསྡུ། དེ་ནས་རང་ལྷར་གསལ་བ་ལ་རྩེ་གཅིག་ཏུ་སེམས་བཟུང་ནས་སྲོལ་རྩོལ་བསྡམས་ཏེ་ཇི་སྲིད་གསལ་སྣང་ཐོབ་པའམ། མི་སྐྱོའི་བར་དུ་མཉམ་པར་བཞག །གལ་ཏེ་དེ་ལས་ལྡང་བར་འདོད་ན་རྗེས་ཤེས་ཐམས་ཅད་དུ་ལྷ་དེའི་རྣམ་པ་ཡང་ནས་ཡང་དུ་དྲན་ཅིང་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་དག་སྣང་དུ་བལྟས་ལ་རང་གི་ལྷའི་གནས་ལུས་


LT34_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་དུ་བསྒོམ་པ་ནི་མཚན་མའི་ལྷའོ། །གསུམ་པ་བཟླས་པའི་དེ་ཁོ་ན་ཉིད་ནི། བསམ་གཏན་ཕྱི་མ་ལས། སྒྲ་དང་སེམས་དང་གཞི་ལ་གཞོལ། །གསང་སྔགས་མི་འགྱུར་གཞི་ལ་གནས། །ཡན་ལག་མ་ཉམས་གསང་སྔགས་བཟླས། །ངལ་ན་བདག་ལ་ངལ་སོས་ཤིག །ཅེས་པས་ཡན་ལག་གསུམ་གྱིས་བཟླས་པའི་གཞི་འཛིན་པ། དངོས་གྲུབ་སྒྲུབ་པའི་བཟླས་པ་ཁྱད་པར་དུ་དབྱེ་བ། བཟླས་པའི་སྐྱོན་སྤངས་ཞིང་གྲངས་ཀྱི་ཚུལ། དུབ་པ་ངལ་གསོ་པ་དང་བཞི། ཞར་བྱུང་བསླབ་བྱའི་གནས་དང་ཕན་ཡོན་བསྟན་པ་བཅས་ལྔའོ། །དང་པོ་ཡན་ལག་གསུམ་ནི། གཞི་དང་སེམས་དང་སྒྲ་སྟེ་གསུམ་ཡོད། གཞི་ལའང་རྣམ་སྣང་མངོན་བྱང་གི་དགོངས་པས་གཉིས་ཀྱི་གཞི་དང་པོ་རང་སེམས་བདེ་བར་གཤེགས་པའི་སྙིང་པོ་གདོད་མའི་སངས་རྒྱས་རང་ཆོས་སུ་བཞུགས་པར་ཤེས་པ། གཞི་གཉིས་པ་ནི་དེ་ཉིད་གཟུགས་སྐུའི་རྣམ་པར་ཤར་བ་རང་ཉིད་རྫོགས་པའི་སངས་རྒྱས་མི་འཁྲུགས་པར་གསལ་བའི་ཐུགས་ཀར། སེམས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། སྒྲ་ཧཱུྃ་ཡིག་སྔགས་ཕྲེང་སྒྲ་གདངས་ཅན་ཏུ་གསལ། འདི་གཉིས་


LT34_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྣམ་སྣང་མངོན་བྱང་དུ་ཡི་གེ་དང་པོ་དང་གཉིས་པའི་ཐ་སྙད་མཛད། དེ་ནས་བགྲང་ཕྲེང་རབ་གནས་སྔགས་ལན་གསུམ་བརྗོད། ཐོག་མར་ལག་པ་གཡས་པའི་གུང་མོ་དང་མཐེའུ་ཆུང་བརྐྱང་། མཛུབ་མོ་གུང་མོའི་རྒྱབ་ཏུ་བཀུག་ཅིང་སྦྱར། མཐེ་བོས་སྲིན་ལག་གི་སྟེང་ནས་སྙིང་གའི་ཐད་དུ་བགྲང་དགོས་ལ། རིམ་པར་ངལ་ན་ལག་པ་གཡོན་པས་སྤྱི་ལྟར་དུ་བགྲང་། ཡུལ་ལ་འཕྲོ་བའི་ཀུན་རྟོག་ཐམས་ཅད་སྤང་སྟེ་ལྷ་སྔགས་སྒྲ་དང་བཅས་པ་ལ་དྲན་འདུན་རྒྱུན་མི་འཆད་པ་ཡང་དང་ཡང་དུ་དྲན་པ་རྩེ་གཅིག་པའི་སེམས་ཀྱིས་མངོན་སུམ་དང་འདྲ་བར་བལྟས་ལ་སྐྱོན་རྣམས་སྤངས་པའི་བཟླས་པ་ལ་གཞོལ། དམིགས་པ་བརྟན་པ་ན། ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས། སེམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། འོད་ཟེར་སླར་འདུས་ཏེ་རང་ལ་ཐིམ་པས་བདག་ཉིད་ཀྱི་ཚེ་རབས་ཐོག་མེད་ནས་བསགས་པའི་ལས་ངན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བསམ། འདིར་སྔགས་ངོ་ནང་དུ་བསྟན་པ་ནི་རྒྱུད་སྡེ་རྣམས་སྤྱིར་བཏང་ཡིན་ཅིང་འཕགས་བོད་མཁས་གྲུབ་སྤྱིའི་བཞེད་པར་མ་ཟད། བོ་དོང་འཇིགས་བྲལ་


LT34_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་སོགས་ཀྱིས་ཡང་ཡང་དམིགས་སུ་བཤད་པའི་རྗེས་སུ་འབྲང་བ་ཡིན་ལ། ལུགས་འདིར་སྔགས་ཕྲེང་འཁོར་རྒྱུ་མེད་ཅིང་། གཞུང་དུ་སྔགས་ཕྲེང་འཁོར་བར་བཤད་པ་ལྟར་ན་སྔགས་ངོའང་ཕྱིར་བསྟན་དགོས་ལ་འདི་ནི་གྲུབ་ཆེན་ཀརྨ་པའི་གདམས་ངག་རྙིང་ལུགས་དང་བསྲེ་འདྲེས་མཛད་པའི་ཀི་ཚང་ལུགས་སྤྱིའི་དབང་དུ་མཛད་པར་མངོན་པས། འདིར་ནི་གོང་སྨོས་ལྟར་རྒྱུད་སྡེ་རང་ལུགས་དང་ཆོས་འདི་གང་ལས་བརྒྱུད་པའི་ཁུངས་བུ་ལུགས་སོགས་དང་མཐུན་ན་ལེགས་པར་སེམས་སོ། །ཡང་། བོ་དོང་ཀུན་མཁྱེན་འཇིགས་མེད་ཞབས་ཀྱིས་རྒྱུད་སྡེ་སྤྱི་རྣམ་བྱ་རྒྱུད་སྐབས་སུ་བཟླས་པ་ལ་སྟོང་པའི་བཟླས་པ་སོགས་ལྷ་དྲུག་དང་སྦྱོར་བར་མཛད་ཅིང་། གཟུགས་ཀྱི་བཟླས་པ་སྤྲོ་བསྡུ་ལ་སྦྱོར་ཏེ། ཟླ་བ་སྔགས་དང་བཅས་པ་ལས་འོད་ཟེར་སྣ་ཚོགས་པ་འཕྲོས་པའི་རྩེ་མོ་ལས་རང་གི་ལྷའི་གཟུགས། སྐུའི་སྤྲིན་མཐའ་ཡས་བས་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ། འཕགས་པ་ཐམས་ཅད་མཆོད་པའི་སྤྲིན་གྱིས་དགྱེས་པར་བྱས་ཤིང་སེམས་ཅན་ཐམས་ཅད་སྔགས་ཀྱི་འོད་ཟེར་གྱི་བདུད་རྩིའི་རྒྱུན་གྱིས་སྡུག་བསྔལ་ཞི་བར་བྱས་ནས། ལྷའི་སྐུ་འོད་ཟེར་དང་བཅས་པ་རྣལ་འབྱོར་པ་རང་གི་གནས་


LT34_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་ཐིམ་པ་ཡང་རྩེ་གཅིག་ཏུ་བསམ་ཞེས་གསུངས་པ་སློབ་དཔོན་བྱང་ཆུབ་མཆོག་གི་དགོངས་པར་ཡང་སྣང་བས་སྐབས་སུ་དམིགས་པའི་རྩལ་སྦྱོང་བྱ་སྟེ། འདི་དག་གི་སྐབས་སུ་ཐོག་མར་སྒྲ་བཅས་དང་རིམ་པར་ཤུབ་བུའི་བཟླས་པ་གོང་བས་ཐོས་ཙམ་དུ་བྱའོ། །གཉིས་པ་དངོས་གྲུབ་སྒྲུབ་པའི་བཟླས་པ་ནི། གཙོ་བོར་མདུན་བསྐྱེད་དང་འབྲེལ་བ་ཡིན་ཀྱང་བདག་བསྐྱེད་ལའང་སྦྱོར་བ་མཛད་པས་དེ་ལྟར་ན། ཐོག་མར་ངག་བཟླས་གྲངས་བསྙེན་ཙམ་སོང་ནས་འདི་ཉིད་གཙོར་བྱ་བ་སྟེ། དམིགས་པའི་གཞི་སྔར་ལྟར་ལ། སྲོག་རྩོལ་བསྡམས་ནས་ཟླ་བ་སྔགས་ཕྲེང་ལ་སེམས་རྩེ་གཅིག་ཏུ་བཞག་སྟེ་ཡིད་བཟླས་བྱ། རླུང་གཏོང་བ་ན་རང་ཉིད་གོང་སྨོས་ལྟར་གཞི་གཉིས་ཀྱི་ང་རྒྱལ་བཟུང་བ་ལ་ཡང་ཡང་བསླབ་པའོ། །གསུམ་པ་སྐྱོན་སྤང་གྲངས་ཚད་དང་བཅས་པ་ནི། དཔུང་བཟང་ལས། བཟླས་བརྗོད་བྱེད་ཚེ་མི་མྱུར་མི་དལ་ཞིང་། །སྒྲ་ཆེར་མི་བྱ་ཧ་ཅང་ཆུང་བ་མིན། །སྨྲ་བཞིན་མ་ཡིན་གཞན་ཏུ་གཡེངས་བཞིན་མིན། །གུག་སྐྱེད་ཀླད་ཀོར་ཚེག་དྲག་ཉམས་པས་མིན། །གུག་སྐྱེད་ཡི་གེ་ལྷག་ཆད་གྱུར་པ་ཡིས། །གསང་སྔགས་དངོས་གྲུབ་རྒྱ་ཆེན་མི་སྟེར་རོ། །ཞེས་དང་། གུག་སྐྱེད་ཀླད་


LT34_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཀོར་ཚེག་ཚང་ཟུར་ཕྱིན་ལ། །གསང་སྔགས་དག་ཅིང་ཤིན་ཏུ་ཆོ་གར་བཅས། །སངས་རྒྱས་བྱང་ཆུབ་སེམས་པས་བསྟན་པ་ཡི། །གནས་སུ་བཟླས་ན་ཡིད་འོང་དངོས་གྲུབ་འཐོབ། །ཅེས་གསུངས་པ་ལྟར་ཡན་ལག་མཉམས་པར་བཟླ་དགོས་སོ། །བཟླས་པའི་ཚད་ནི། དངོས་གྲུབ་སྒྲུབ་པ་ལ་ཚད་མེད་དེ་མ་འགྲུབ་ཀྱི་བར་དུ་བསྐྱར་ནས་བསྒྲུབ་དགོས་ལ། གྲངས་བསྙེན་ཙམ་གྱི་དབང་དུ་བྱས་ན། ལེགས་གྲུབ་ལས་ཡིག་འབྲུ་བཅོ་ལྔ་མན་ཆད་ལ། འབྲུ་འབུམ། སུམ་ཅུ་རྩ་གཉིས་མན་ཆད་ལ་སུམ་འབུམ། དེ་ཡན་ཆད་ལ་ཁྲི་བཟླ་བར་གསུངས་པ་འདི་ལ་བོ་དོང་ཆེན་པོ་སོགས་བཤད་ཚུལ་འདྲ་མིན་འགའ་རེ་སྣང་བ་ལས། དེང་སང་ལག་ལེན་ཏུ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྒྱུད་ལས་གསུངས་པའི་གཟུངས་རིང་འདིའི་དབང་དུ་བྱས་ནས། རབ་འབུམ་ཕྲག་བཞི་ཁ་སྐོང་དང་བཅས་པ། ཐ་མ་འབུམ་ཕྲག་གཅིག་ཁ་སྐོང་བཅས་ཀྱིས་བསྙེན་པ་དང་། མདུན་བསྐྱེད་དང་འབྲེལ་བའི་སྒྲུབ་པ་ལ་ཁྲི་ཙམ་གྱིས་འགྲུབ་པའི་རྩིས་སུ་མཛད་དོ། །བཞི་པ་ངལ་གསོ་བ་ནི། ངག་བཟླས་དང་ཡིད་བཟླས་ལ་སོགས་པས་སྐྱོ་ཞིང་དུབ་པའི་སྐབས་སུ་ཏིང་ངེ་འཛིན་བཏང་ནས་ཡུལ་ལ་གཡེང་བ་མི་བྱ་


LT34_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

པར་བདག་གི་དེ་ཁོ་ན་ཉིད་རྣམ་པར་མི་རྟོག་པའི་ངང་དུ་མཉམ་པར་བཞག་སྟེ་ངལ་གསོ་ཞིང་ཐུན་མཚམས་ལ་འཇུག་པར་བཤད་དོ། །ལྔ་པ་བསླབ་བྱ་ཕན་ཡོན་དང་བཅས་པ་ནི། བསྙེན་སྒྲུབ་ལ་ཞུགས་ནས་མཐར་མ་སོན་གྱི་བར་དུ་རབ་དཀར་གསུམ་ལ་བརྟེན་པའི་གདན་གཅིག །ཐ་མ་གདན་གཉིས་པ་ཞེས་སྔ་དྲོ་དང་ཉིན་གུང་ལ་ལན་གཉིས་ཟ་ཞི་ཕྱི་དྲོ་ཁ་ཟས་སྤང་བར་བཤད་པས་ནུས་ན་ལེགས། གང་ལྟར་ཡང་ཤ་ཆང་སྒོག་བཙོང་ལ་ཕུག་རང་གི་ཁམ་འཕྲོ་ཟ་བ་རྣམས་སྤང་། འཁར་བའི་སྣོད་ལོ་མ་ལག་མཐིལ་རྣམས་སུ་མི་བཟའ། བཟླས་པ་ལ་ཞུགས་ནས་ཐུན་མཚམས་ལ་མ་སླེབ་བར་བཟའ་བཏུང་གཤང་གཅི་འདོར་བ་ལངས་འདུག་སོགས་སྤང་། བཟླས་པའི་གྲངས་ལྟན་ཐོག་གཅིག་ཏུ་སོང་བ་དང་། ལྷ་གཞན་གྱི་སྒོམ་བཟླས་དང་མ་འདྲེས་པ་དང་། བཟླས་པ་ལ་ཞུགས་ནས་སྨྲ་བཅད་དང་། ཉལ་བ་དང་བསྙེས་པ་ལ་སོགས་པས་ལུས་མི་འགྱུར་བ་དང་། རྟོག་པ་འོག་འགྱུ་དང་བྲལ་བ་དང་། ལྷ་ལ་གསོལ་བ་གདབ་པའི་ཚུལ་གྱིས་སུས་པར་བཟླ་བ། ཁྲུས་དང་གཙང་སྦྲ་ལ་གནས་པ་དང་། སྔགས་ཀྱི་ནོར་བུ་ཞེས་བ་ཕྲེང་རྡོག་ཡིན་པས་མདོ་འཛིན་རྫོགས་པ་ཕྲེང་སྐོར་ཅིག་ཟློས་ཀྱི་བར་དུ་སྦྲིད་པ་དང་། ལུད་པ་དང་། ཐུར་སེལ་


LT34_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རླུང་སོགས་བྱུང་ན་དེའི་ཕྲེང་སྐོར་བོར་ནས་ཉེ་རེག་བྱས་ཏེ་ཡིད་ཀྱིས་ཕྱག་བྱས་ནས། སླར་ཡང་མདོ་འཛིན་ནས་བརྩམས་ཏེ་བཟླས་པ་དག་གྲངས་སུ་བགྲང་བར་བྱ་ལ། མདོ་འཛིན་པར་མ་རྫོགས་པའི་བཟླས་པ་བསགས་པས་ཀྱང་གྲངས་ཀྱི་གོ་མི་ཆོད་ཅིང་། བཟླས་པའི་བར་དུ་བགེགས་ཀྱིས་རློམས་པ་དང་། ནད་ཀྱིས་གཟིར་པ་སོགས་བྱུང་ན་གྲངས་ཀྱི་བཟླས་པར་མི་སྦྱར་བ་སོགས་ཀྱི་བླང་དོར་བྱ་བ་གལ་ཆེའོ། །གལ་ཏེ་སྟན་ཐོག་གཅིག་ཏུ་བཟླས་པ་མ་རྫོགས་པ་གློ་བུར་དུ་འགྲོ་དགོས་པ་སོགས་བྱུང་ནས་སླར་བསྙེན་པ་རྫོགས་པར་འདོད་ན། གཞི་ནས་བསྐྱར་ཐུབ་ན་ལེགས། མ་ཐུབ་ན་བསྙེན་ཚད་ཀྱི་སྟེང་དུ་འབུམ་ཕྲག་ཕྱེད་ལྷག་པོར་བཟླས་པས་གོ་ཆོད་པར་བཤད་དེ། ལེགས་གྲུབ་ལས། གནས་གཅིག་ཏུ་ནི་ཕྱེད་བཟླས་ནས། གང་ཞིག་གཞན་ལ་བཟླས་བྱས་པ། །བཟླས་པ་ཐམས་ཅད་རྫོགས་གྱུར་ཀྱང་། །དེ་དག་ཐམས་ཅད་དོན་མེད་འགྱུར། །དེ་ལྟའི་ཀླག་ལ་ཆོ་ག་བཞིན། །ཕྱེད་འབུམ་ལྷག་པར་བཟླས་བརྗོད་བྱ། །བདག་པོ་སྟོང་དུ་བཟླས་པའམ། །ཡང་གཞན་ཏུ་བཟླས་པས། ཡང་ན་བསྙེན་པ་སླར་བརྩམ་མོ། །ཞེས་གསུངས་སོ། །བསྙེན་པ་སྟན་ཐོག་གཅིག་ཏུ་མ་སོང་ན་བསྙེན་ཚད་ཀྱི་སྟེང་དུ་འབུམ་ཕྲག་ཕྱེད་ལྷག་པོར་བཏང་ན་གོ་ཆོད་པས།


LT34_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པའི་ཕན་ཡོན་སྤྱིར། དཔུང་བཟང་གིས་ཞུས་པ་ལས། ཚེ་རབས་གཞན་ཏུ་གང་དང་གང་བྱས་པའི། །སྡིག་པ་མ་ལུས་བཟླས་བརྗོད་བྱས་པས་འབྱང་། །བཟླས་པས་སྡིག་པ་མ་ལུས་བྱང་གྱུར་ན། །དང་པའི་ཡིད་ཀྱིས་དངོས་གྲུབ་འཐོབ་པར་འགྱུར། །དེར་ནི་བཅོམ་ལྡན་རྒྱལ་བའི་དབང་པོ་ཡིས། །ཆོས་འདི་ཀུན་གྱི་རྩ་བ་སེམས་ཞེས་གསུངས། །སེམས་ནི་དང་བས་ལྷ་མིའི་བདེ་བ་དང་། །མཐོ་རིས་དང་ནི་བྱང་གྲོལ་འཐོབ་པར་འགྱུར། །སེམས་ཀྱི་སྐྱོན་གྱིས་དུད་འགྲོར་སྐྱེ་བ་དང་། །སེམས་དམྱལ་གནས་ཤིང་མི་སྡུག་དབུལ་གན་འགྱུར། །སེམས་ནི་རབ་ཏུ་དང་བར་གྱུར་པའི་མིས། །ས་ཆུ་མེ་རླུང་སྐྱེ་རྒ་འཆི་ལ་སོགས། །ཐོག་མ་བར་མཐར་གནོད་པ་ཀུན་བྲལ་བ། །རྣམ་གྲོལ་བདེ་ཞིང་ཞི་བ་འཐོབ་པར་འགྱུར། །གསང་སྔགས་དངོས་གྲུབ་ཀུན་དང་ཐུན་མོང་བ། །བདེ་བ་ཆུང་ཞིང་སྡུག་བསྔལ་བརྒྱ་དང་འབྲལ། །ཉོན་མོངས་དུག་བཅས་རྣམ་པར་འཇིགས་འགྱུར་བ། །དང་བའི་སེམས་ཀྱིས་འཐོབ་པར་འགྱུར་བ་ཡིན། །ཞེས་སོགས་གསུངས་ཤིང་། ཁྱད་པར་ལས་སྒྲིབ་སྦྱོང་བའི་གཟུངས་ཉིད་ཀྱི་ཕན་ཡོན་ནི་གཞུང་དུ་གསལ་བ་ལྟར་རོ། །བཞི་པ་བསམ་གཏན་གྱི་དེ་ཁོ་ན་ཉིད་ལ་གསུམ། བསམ་གཏན་ཕྱི་མ་ལས་


LT34_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་མོ་གནས་དངོས་གྲུབ་སྟེར། །སྒྲ་གནས་རྣལ་འབྱོར་སྟེར་བར་དྲན། །སྒྲ་མཐས་ཐར་པ་སྟེར་བ་ཉིད། །འདི་དག་དེ་ཉིད་གསུམ་པོ་ཡིན། །ཞེས་སྤྱོད་རྒྱུད་ཀྱི་མཚན་མེད་ཏིང་ངེ་འཛིན་བོད་ཀྱི་སློབ་དཔོན་རྣམས་ཀྱིས་བྱ་རྒྱུད་ལ་སྦྱོར་བ་མཛད་པ་སྟེ། དང་པོ་མེ་གནས་ཀྱི་དེ་ཉིད་ནི། རང་ཉིད་ལྷག་པའི་ལྷའི་གཞིའི་ཡན་ལག་ཡོངས་སུ་རྫོགས་པའི་ཐུགས་ཀར་མར་མེའི་ལྕེ་འདྲ་པའི་མེ་འབར་བ། ཚ་རེག་མེད་པ་ཞི་བའི་ནང་དུ། ཟླ་བ་ལ་གནས་པའི་སྔགས་ཀྱི་ཚིག་གི་ཡི་གེའི་འབྲུ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རང་བཞིན་ཅན་བསམ་པ་ལ་རྩེ་གཅིག་ཏུ་དམིགས་ཏེ། སྲོག་བསྡམ་པའི་སྦྱོར་བས་གསལ་མ་ཐོབ་ཀྱི་བར་དུ་བསླབ། འདི་ནི་ཞི་སོགས་ཀྱི་ལས་ཐམས་ཅད་བསྒྲུབ་པའི་གཞིར་གྱུར་པའོ། །གཉིས་པ་སྒྲ་གནས་ཀྱི་དེ་ཉིད་ནི། རང་ལྷའི་ཐུགས་ཀར་ཟླ་བ་ལ་ཞི་བའི་མེ་མར་མེའི་ལྕེ་ལྟ་བུའི་དབུས་སུ་གཟུངས་སྔགས་ཀྱི་ཕྲེང་བ་རབ་ཏུ་གསལ་བར་བསྒོམ། ཅུང་ཟད་ཙམ་ནས་དེའི་རྣམ་པའང་མི་དམིགས་པར་དྲིལ་བུའི་སྒྲ་ལྟ་བུའི་རང་བྱུང་གི་སྔགས་སྒྲའི་དབྱངས་ཙམ་གྲགས་པ་འབའ་ཞིག་བསམས་ནས། སྲོག་བསྡམ་ཞིང་རྩེ་གཅིག་ཏུ་དམིགས་པས་གསལ་སྣང་ཐོབ་ཀྱི་བར་དུ་བསླབ།


LT34_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ཞི་གནས་སྐྱེ་བའི་རྟེན་གཞིར་གྱུར་པའོ། །གསུམ་པ་སྒྲ་མཐའི་དེ་ཉིད་ནི། སྔགས་ཀྱི་སྒྲ་ཙམ་དེ་ཡང་དཔྱད་ཅིང་གཞིག་པས་ངོ་བོ་སྐྱེ་འགག་གནས་གསུམ་དང་བྲལ་བར་ཤེས་ནས་བདག་གི་དེ་ཁོ་ན་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངང་ལ་མཉམ་པར་འཇོག །འདིས་ནི་ལྷག་མཐོང་གི་ཡེ་ཤེས་འཆར་ཞིང་ཐར་པའི་ཉེར་ལེན་དངོས་ཉིད་དུ་འགྱུར་རོ། །སྤྱིར་ལྷ་དྲུག་དང་། བཟླས་བརྗོད་ཡན་ལག་གསུམ། བསམ་གཏན་གསུམ་རྣམས་སྔ་མ་སྔ་མ་ལ་བརྟན་པ་ཐོབ་ནས་ཕྱི་མ་ཕྱི་མར་འཇུག་ཅིང་གཞོལ་དགོས་པ་ཡིན་མོད། ད་ལྟ་གྲངས་བསྙེན་ཙམ་གྱི་སྐབས་སུའང་བཟླས་པ་ཆེ་ལོངས་ཙམ་སོང་ནས་ཐུན་མཐའ་རྣམས་སུ་གསུམ་ཀའམ། ཕྱི་མ་གཉིས་ཀྱི་ཏིང་ངེ་འཛིན་ལ་འབྲེལ་པ་འཇོག་པར་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་གཉིས། ཐུན་དང་ཐུན་མཚམས་ཀྱི་བྱ་བའོ། །དང་པོ་ཐུན་གྲོལ་ཞིང་བཟླས་པ་རྫོགས་པའི་མཐར། ལག་གཉིས་སྲིན་ལག་གི་རྒྱབ་ཏུ་གུང་མོ་སྦྱར། དེ་གཉིས་གཡོན་པའི་མདུན་ཏུ་གཡས་པའི་རྒྱབ་སྦྱར་ཏེ་བསྣོལ། གཡས་ཀྱི་མཛུབ་མོ་གཡོན་གྱི་གུང་སྲིན་དང་། གཡོན་གྱི་མཛུབ་མོ་གཡས་ཀྱི་གུང་སྲིན་ལ་འཁྱུད། མཐེ་བོང་གཉིས་མཛུབ་མོའི་ཚིགས་དབུས་མ་


LT34_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཞག །མཐེའུ་ཆུང་གཉིས་གཤིབས་ཏེ་བསྒྲེང་བ་བུམ་པའི་ཕྱག་རྒྱ་བྱས་ལ་བཟླས་བརྗོད་ཀྱི་ནི་སོགས་བརྗོད་ལ་བཟླས་བརྗོད་ཀྱི་དགེ་བ་འབུལ་ཞིང་འདོད་པའི་དོན་ལ་གསོལ་བ་གདབ་སྟེ་ཕྲེང་བ་རྟེན་གྱི་སྤྱན་སྔར་བཞག །ཐུགས་ཀའི་རིགས་བཞི་ཟླ་བ་སྔགས་ཕྲེང་བཅས་གཙོ་བོ་ལ་བསྡུས་ཏེ་ནམ་མཁར་ཕྱུངས་ནས་མཆོད་བསྟོད་ནོངས་བཤགས་མཐར་རང་ལ་སླར་བསྟིམ། ཡེ་ཤེས་པ་རང་གི་ལུས་ལས་ཕྱུང་ནས་དེ་ལ་མཆོད་བསྟོད་གཤིགས་གསོལ་བྱ་བ་ནི་རྒྱུད་སྡེ་འོག་མའི་བཤད་ཚོད་ནི་ཡིན་མོད། བླ་མེད་ཀྱི་ཉམས་ལེན་ཅན་ལ་དེ་ཤིན་ཏུ་མི་འཐད་ཅེས་བླ་མ་གོང་མ་རྣམས་བཞེད་བས་བདག་གི་དེ་ཁོ་ན་ཉིད་ལ་མཉམ་པར་བཞག །རང་དམ་ཚིག་པའི་གནས་གསུམ་དུ་འབྲུ་གསུམ་དང་། ཁྱད་པར་མགོ་དང་སྙིང་གར་ཟླ་བ་བྷྲཱུྃ་ཡིག་གིས་མཚན་པས་བསྲུང་བར་བསམས་ལ། ཛི་ན་ཛིཀ །ལན་གསུམ་བརྗོད། གཉིས་པ་ནི་སྟན་ལས་ལྡངས་བ་ན། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་སྤྱོད་པ་ལ་འཇུག་གོ་སྙམ་དུ་བསམས་ལ། སྒྲུབ་ཐབས་ལྟར་གཏོར་མ་འབུལ། མངོན་དགའི་ཞིང་གི་སྨོན་ལམ་སོགས་ཐེག་པ་ཆེན་པོའི་སྨོན་ལམ་བསམ་པ་ཐག་པ་ནས་གདབ། ཤེར་ཕྱིན་སོགས་ཐེག་པ་ཆེན་པོའི་མདོ་སྡེ་གང་


LT34_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ཁྲིའུ་གཙང་མ་ལ་བཀུར་བསྟི་དང་བཅས་པས་བཞུགས་སུ་གསོལ་ནས་བཀླག་དགོས་ལ། ཅིས་ཀྱང་མ་གྲུབ་ན་དེ་ལ་ཕྱག་འཚལ་བ་ཙམ་ངེས་པར་དགོས། ཁ་ཟས་ལ་འཇུག་པ་ན། ཨོཾ་ཨོ་ཀ་ཛྭཱ་ལ་བཛྲ་པཱ་ི་ཧཱུྃ་ས་མ་ཡ་མ་ནུ་སྨར་ཧཱུྃ་ཕཊ། སྲུང་བ་བྱ། ན་མཿས་མནྟ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨོཾ་བ་ལི༚་དད་དེ་ཏེ་ཛོ་མཱ་ལི་ནི་སྭཱ་ཧཱ། ཞེས་ལན་བརྒྱད་ཀྱིས་བསྔགས་ཏེ། ཁམ་དང་པོ་ལྷག་པའི་ལྷ་ལ་འབུལ། དེ་ནས་ཟོས་ཏེ་ཁྲུས་བྱའོ། །ཁྲུས་བྱེད་པ་ན་བདུད་རྩི་འཁྱིལ་བའི་སྔགས་བཟླའོ། །ཉལ་པ་ན་སྟོབས་པོ་ཆེའི་སྔགས་ཀྱིས་བསྲུངས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཕྱག་ན་རྡོ་རྗེ་དང་། ཤཱ་རིའི་བུ་རྣམས་ལ་ཕྱག་བྱས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་རློབས་དང་། བླ་ན་མེད་པའི་དངོས་གྲུབ་ཀྱི་མཆོག་སྩོལ་ཞིག །རྣམ་པར་འཚེ་བ་ཐམས་ཅད་རབ་ཏུ་ཞི་བར་མཛད་དུ་གསོལ། ཅེས་གསོལ་བ་བཏབ་ལ། ཆོས་ཀྱི་འདུ་ཤེས་ཀྱིས་ཉལ་ལོ། །དེ་བཞིན་ཏུ་རྗེས་དྲན་དྲུག་དང་། མཎྜལ་དང་། སཱཙྪ་འདེབས་པ་དང་། སྣོད་དག་པར་བྱེད་པ་དང་། གོས་བགོ་བའི་སྔགས་དང་། དངོས་དང་རྨི་ལམ་དུ་འཛག་པ་སྲུང་


LT34_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བ་སོགས་ཀྱང་བྱ་སྤྱོད་སྤྱི་ལྟར་གང་ཤེས་བྱ། སྐབས་སྐབས་སུ་གོང་སྨོས་བཟའ་བ་མིན་པའི་ཉེས་པ་འདག་པའི་སྔགས་བཟླ་ཞིང་བའི་རྣམ་ལྔ་བཏུང་བ་སོགས་ཀྱང་བྱའོ། །དེ་ལྟ་བུའི་ཚུལ་གྱིས་ཐུན་བཞིའམ་གསུམ་རེ་བཅད་ཅིང་བསྙེན་པའི་གྲངས་རྫོགས་པར་བྱེད་དགོས་པ་ལས། ཐུགས་རྗེས་མ་རྣམས་ཀྱི་འགོར། བདུད་རྩི་འཁྱིལ་པའི་སྔགས་རིང་ཐུང་གིས་སྲུང་བ་དང་བསངས་གཏོར་བྱ། མཆོད་ཁ་གསོ་ཞིང་གཟི་སྐྱེད་བྱིན་རླབས་བརྟན་པ་ཙམ་བྱས་ཏེ། གཞུང་གི་སེམས་བསྐྱེད་ནས། གཏོར་འབུལ་སྨོན་ལམ་གྱི་བར་དུ་འགྲེས་སུ་འཁོར་རོ། །བསྙེན་པ་རྫོགས་པ་ན་བསྙེན་པ་ཇི་ཙམ་གྲུབ་པའི་བཅུ་ཆ་ཞི་པའི་སྲེག་བླུགས་སྐབས་འདིར་ངེས་པར་བྱ་དགོས་ཤིང་། སྦྱིན་སྲེག་ཅིས་ཀྱང་མི་འགྲུབ་པ་དག་གིས་སཱཙྪ་གྲངས་དེ་ཙམ་བཏབ་པས་ལྷག་ཆད་ཀྱི་ཁ་སྐོང་འགྱུར་བ་ཡིན་ནོ། །གསུམ་པ་སྒྲུབ་པའི་སྤྱོད་པ་ནི། དཔུང་བཟང་ལས། ཆོ་ག་བཞིན་ཏུ་དང་པོར་འབུམ་བཟླས་ནས། །དེ་ནས་གསང་སྔགས་སྒྲུབ་ལ་འཇུག་པར་བྱ། །དེ་ལས་མྱུར་དུ་དངོས་གྲུབ་འཐོབ་འགྱུར་ལ། །གསང་སྔགས་ཆོ་གས་ཡུན་རིང་ཉོན་མི་མོངས། །ཞེས་གསུངས་པ་ལྟར་གོང་དུ་བརྗོད་པའི་


LT34_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པའི་ཡན་ལག་མ་ཚང་བ་མེད་པ་རྣམས་ཀྱིས་ལྷ་བསྟེན་པས་ཉེ་བའི་མཚན་མ་མཐོང་བ་ན་སྒྲུབ་པ་ལ་འཇུག་སྟེ། དེའི་དགོངས་པ་དངོས་ནི་རལ་གྲི་མིག་སྨན་སོགས་ལ་བརྟེན་ནས་འདོད་གཟུགས་ཀྱི་རིག་འཛིན་བསྒྲུབས་ནས་ཕུ་ཡང་སོགས་དབང་ཕྱུག་གི་ཡོན་ཏན་བརྒྱད་མངོན་ཏུ་བྱས་ཏེ་མཁའ་སྤྱོད་དུ་འགྲོ་བ་ཡིན་ཀྱང་། ད་ལྟ་མཆོག་གི་དངོས་གྲུབ་སྒྲུབ་པ་ལ་དམིགས་ནས་སྒྲུབ་བའི་ས་བཅད་ཙམ་ནི། བསྙེན་པ་རྫོགས་པའི་རྗེས་སུ། ས་ཆོག་གྲུབ་ན་ཀུན་རིག་ལྷར་བྱ། སྒྲུབ་གནས་རྙིང་པར་མ་གྲུབ་ཀྱང་ཧ་ཅང་འགལ་བ་མེད་པས་སྐུ་རྟེན་གྱི་སྤྱན་སྔར་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའི་དབུས་སུ་བུམ་པ་དང་། སྲུང་འཁོར་གཟུངས་བསྒྲིལ། ཕུར་པ་ཚོན་སྐུད་གྱི་དྲྭ་བ། མཆོད་པའི་ཡོ་བྱད་སོགས་གཞུང་ལས་འབྱུང་བ་ལྟར་བཀོད་ལ་ཐུན་རེ་རེ་བཞིན་བདག་མདུན་བུམ་པའི་བཟླས་པ་གྲུབ་མཐར། རྗེས་ཀྱི་ཆོ་ག་རྣམས་ཕྱག་ལེན་བཞིན་བྱ། མདུན་བསྐྱེད་བཟླས་པའི་སྐབས་སུ་ཐུན་མོང་གི་བཟླས་དམིགས་བསྟེན་པ་དང་མཚུངས། ཁྱད་པར་གྱི་བཟླས་པའི་སྐབས་ཐོག་མར་བཟླས་པའི་གཞི་གསལ་ཐེབས་པ་ན། སྲོག་བསྡམས་པས་མདུན་བསྐྱེད་ཐུགས་ཀ་ནས་ཟླ་བ་སྔགས་ཕྲེང་


LT34_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་གཉིས་པ་བཀུག་སྟེ་བྱོན། རང་གི་སྙིང་གའི་ཟླ་བ་སྔགས་ཕྲེང་ལ་ཐིམ་པས་སངས་རྒྱས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་བར་གྱུར་པར་མོས་ལ་སེམས་བཟུང་། དབུགས་གཏོང་བ་ན་འོད་ཟེར་སྤྲོས་ཏེ་མདུན་གྱི་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཐིམ་པས་ཐུགས་རྒྱུད་བསྐུལ་བར་མོས་ནས་མདུན་བསྐྱེད་ལ་སེམས་གཏད། སླར་སྲོག་བསྡམས་ཤིང་དམིགས་པ་སྔ་མ་ལྟར་བར་མ་ཆད་པར་བྱ། གྲུབ་པའི་སྐབས་འདིར་ཁྲུས་དང་གཙང་སྦྲ་མཆོད་པ་དང་། གཏོར་མའི་ཆོ་ག་སོགས་རྒྱས་ལ་མ་ཆགས་པ་གནང་ཆེ་ཞིང་། སྒྲུབ་པ་གྲུབ་པའི་མཇུག་བརྒྱད་དམ་བཅོ་ལྔ་ལྟ་བུ་ཞིག་ལ་ཁེལ་བར་བྱས་ཏེ། གསོ་སྦྱོང་ལེགས་པར་བླངས། ཉིན་མོ་བདག་མདུན་བུམ་བཟླས་བདག་འཇུག་བཅས་གྲུབ་པའི་རྗེས་སུ་སྦྱིན་སྲེག་ཅི་འགྲུབ་དང་མཆོད་བསྟོད་བྱ། རྒྱས་པར་མི་ནུས་པས་ཀྱང་མདོར་བསྡུས་ཙམ་ངེས་པར་བསྒྲུབ་དགོས། དེ་ནས་ལྷུང་བཟེད་ནང་དུ་དཀར་གསུམ་མངར་གསུམ་དང་སྦྱར་བའི་ཞོ་ཟན་གྱི་རིལ་བུ་བླུགས། དར་ཚོན་གྱིས་ཁ་བཀབ་པའི་སྟེང་དམ་ཚིག་གི་རྡོ་རྗེར་མོས་པའི་རྡོ་རྗེ་བཞག་ལ་རང་དང་དཀྱིལ་འཁོར་གྱི་མདུན་བར་དུ་བཀོད། བརྩོན་པས་ལྕོགས་ན་དེ་ནས་རྒྱུན་མ་ཆད་པར་མཚན་ཐོག་


LT34_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཐག །ཕྱིར་ནང་ནམ་མ་ལངས་བར་བཟླས་བརྗོད་མ་ཆད་པར་བྱ་དགོས་པས་ཐུན་མཚམས་བཟའ་བཏུང་ལ་སོགས་པའི་ཚེ་ནའང་ཡིད་འདོན་བྱ། དེ་ལྟར་མི་ལྕོགས་ན་ཉིན་མོ་བཟླས་པ་གཏོར་ཆོག་སོགས་ལ་བརྩོན་པར་བྱས་ཏེ། སད་ཐོ་རངས་སྔ་བའི་ཆར་ལངས་ལ་བདག་མདུན་བུམ་བཟླས་སྦྱིན་སྲེག་རྗེས་གནང་མཆོད་བསྟོད་ཀྱི་བར་གཞུང་ལྟར་གྲུབ་རྗེས་ལྷུང་བཟེད་ལག་གཡོན་ཏུ་བཞག །གཡས་པས་ཁ་བཀབ་ལ་བཟླས་པ་བྱས་པས། མདུན་བསྐྱེད་ཀྱི་ཐུགས་ཁ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རང་བཞིན་འོད་ཟེར་ཁ་དོག་སྣ་ལྔ་དཔག་ཏུ་མེད་པ་བྱོན་ཏེ་རིལ་བུ་ལ་ཐིམ་པས་དངོས་གྲུབ་ཀྱི་དབྱིག་ཆེན་པོར་འཁྱིལ་བར་བསྒོམས་ལ་བཟླས་པ་ཅི་ཙམ་ནུས་པ་བྱས་ལ་ལྷུང་བཟེད་མདུན་ཏུ་བཞག་གོ། །གལ་ཏེ་མཚན་ལ་བཟླ་ནའང་སྒྲུབ་མཆོད་ཚར་གཅིག་ཙམ་གྱིས་ཆོག་པས་དངོས་གྲུབ་བླང་བའི་བཟླས་དམིགས་དེ་ཉིད་མ་ཆད་པར་བྱ། སྒྲ་འོད་ལ་སོགས་པའི་རྟགས་འབྱུང་བར་བཤད་ཀྱང་དེང་སང་འགྲུབ་རྟགས་དཀོན་པས། ནམ་ལངས་པ་དང་བཟླས་པའི་འཕྲོ་བརྟུལ། མཆོད་པ་གསར་པ་བཤམ། དཀྱིལ་ཆོག་ལྟར་ཕུལ་བའི་མཐར། བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པའི་ལྷ་ཚོགས་


LT34_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་རང་རང་གི་སྐལ་པ་དང་འཚམས་པའི་ཕྲིན་ལས་རྣམ་པ་གསུམ་དང་དངོས་གྲུབ་རྣམ་པ་གསུམ་དང་བྱང་ཆུབ་རྣམ་པ་གསུམ་གྱི་བཀའ་དྲིན་སྩལ་ནས། མཐར་ཐུག་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་ས་ལ་འཇོག་པར་མཛད་དུ་གསོལ། གནས་སྐབས་སུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་ངན་འགྲོའི་འགྲོ་བ་དང་། སྡུག་བསྔལ་ཐམས་ཅད་རྒྱུན་ཆད་པ་དང་། སྡིག་པའི་ལས་དང་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བ་དང་། འདོད་པའམ་བསམ་གཏན་གྱི་བདེ་བ་ཁ་ན་མ་ཐོ་བ་མེད་པས་ཕྱོགས་ཀུན་ཏུ་ཁྱབ་ཅིང་རྒྱས་པ་དང་། རྣམ་དཀར་དགེ་བ་ཆོས་ཀྱི་དགའ་སྟོན་བླ་ན་མེད་པ་ཐོབ་པར་མཛད་དུ་གསོལ། གཞན་ཡང་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། ནད་དང་འཁྲུགས་པ་དང་མུ་གེ་ལ་སོགས་པ་འཇིགས་པ་དང་ཉམ་ང་བ་ཐམས་ཅད་ཞི་ནས། འགྲོ་བ་ཐམས་ཅད་བདེ་ཞིང་སྐྱིད་པ་དང་། བདག་


LT34_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་དཀྱིལ་འཁོར་ཆེན་པོ་འདི་ལ་ཡོངས་སུ་བརྟེན་བར་བགྱིད་པ་རྣམས་མཁན་པོ་དང་། སློབ་དཔོན་དང་། ཕ་མ་དང་། གྲོགས་དང་། འཁོར་དང་། ཡོན་བདག་དང་བཅས་པ་རྣམས་ལ་ཚེ་དང་འབྱོར་པ་དང་དབང་ཕྱུག་ཕུན་སུམ་ཚོགས་པ་དང་། ལས་ཀྱི་རྒྱུད་རབ་འབྱམས་འགྲུབ་པ་དང་། རང་རང་གི་སྐལ་པ་དང་མཚམ་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ཚོགས་ཐམས་ཅད་སྩལ་དུ་གསོལ། བརྩེ་བས་བཟུང་དུ་གསོལ། བྱིན་གྱིས་བརླབ་ཏུ་གསོལ། བདག་ཅག་རྣམས་ཀྱི་དོན་གྱི་མཆོག་ཐམས་ཅད་འགྲུབ་པར་གྱུར་ཅིག །ཅེས་ལན་གསུམ་གསོལ་བ་བཏབ་ཅིང་རྫས་ལ་ལོངས་སྤྱོད་བས་ཚེ་རིང་བ་དང་ནད་ཉུང་བ་དང་འབྲེལ་ཚད་དོན་ལྡན་གྱི་དངོས་གྲུབ་ཐོབ་པའི་རྟེན་འབྲེལ་འགྲིགས་པར་འགྱུར་རོ། །དེ་ནས་ནོངས་བཤགས། འདོད་གསོལ། གཤེགས་བསྡུ། བདག་བསྐྱེད་བསྡུ་བ། རྒྱུན་སྤྱོད་སོགས་དཀྱུས་ལྟར་བྱས་ལ། མི་མཉམ་པའི་ཡན་ལག་གི་ཕྱག་རྒྱ་ཞེས་བྱ་བ། གཡོན་པའི་ཐལ་མོ་གན་རྐྱལ་གྱི་སྟེང་དུ་གཡས་བའི་རྒྱབ་སྦྱར། སོར་མོ་རྣམས་བསྣོལ་བའི་རྩེ་མོ་བཀུག་སྟེ། རྩ་བའི་ཕྱོགས་སུ་བསྟན་པ་གཡོན་ཏུ་བསྐོར་ཏེ། ཨོཾ་ཧུ་ལུ་ཧུ་ལུ་ཙཎྜ་ལི་མ་ཏི་གི་སྭཱ་ཧཱ། ཅེས་གཞན་གྱིས་


LT34_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཐུབ་མའི་རིག་པས་རྭཾ་བ་ལ་སོགས་པ་དགྲོལ་བར་བྱའོ། །མེ་ཏོག་འཐོར་ལ་བཀྲ་ཤིས་རྒྱ་ཆེར་བརྗོད། གྲུབ་ན་དེའི་རྗེས་སུའང་ཞི་བའི་སྦྱིན་སྲེག་གིས་ཉེས་པ་སོར་གཞུག་ཅིང་། འདིར་མ་གྲུབ་ཀྱང་སྔ་མ་དག་ནི་ངེས་པར་དགོས་ཀྱི་སྔ་མའི་གོ་ཆུ་རུབ་འདིར་བྱས་པས་གོ་མི་ཆོད་དོ། །བཞི་པ་གྲུབ་པའི་སྤྱོད་པ་ལ་གཉིས། དངོས་དང་། མཚོན་བྱེད་དོ། །དང་པོ་ནི། ཐུན་མོང་བ་རྫས་ལུས་ལོངས་སྤྱོད་ཀྱི་མཁའ་སྤྱོད་ལ་བརྟེན་ནས་དཀའ་བ་མེད་པ་ཡིད་ལ་གང་བསམ་འགྲུབ་པས་དོན་གཉིས་བྱེད་ལ། ཐུན་མོང་མ་ཡིན་པ་སེམས་བསྐྱེད་ཆུང་ན་ཉན་རང་དང་། ལྷག་པའི་བསམ་པ་དང་ལྡན་ན་མཁའ་སྤྱོད་ཀྱི་བརྟེན་ལས་སྔགས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་སྤྱད་པས་འབྲས་བུའང་སྐུ་གསུམ་གྱི་གོ་འཕང་མངོན་ཏུ་འགྱུར་རོ། །གཉིས་པ་ནི། བྱ་སྤྱོད་དག་གི་དངོས་གྲུབ་སྒྲུབ་པ་མཚན་ཉིད་པ་དེང་སང་ལག་ཏུ་མི་ལོན་པས་སྒྲུབ་པའི་སྤྱོད་པ་ས་བཅད་ཙམ་ཞིག་ལག་ཏུ་བཀལ་བ་ལྟར། གྲུབ་པའི་སྤྱོད་པའང་རྒྱུན་གྱི་རྣལ་འབྱོར་ཙམ་ལ་གཏད་སོ་འཆའ་དགོས་ཤིང་། དེའང་དེ་བཞིན་གཤེགས་པའི་ཐུགས་རྒྱུད་བསྐུལ་བས་བསྙེན་པའི་རྒྱུན་དེ་ཉིད་མི་ཉམས་པར་བྱ་བའི་ཕྱིར་ཉིན་རེ་བཞིན་


LT34_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་འགྲོ་སེམས་བསྐྱེད་སྔོན་ཏུ་འགྲོ་བས། བདག་བསྐྱེད་བཟླས་པའི་རྣལ་འབྱོར་མཐར་བསྔོ་བ་སྨོན་ལམ་གྱི་བར་དུ་ཆགས་མེད་ཚུལ་གྱིས་ཉམས་སུ་བླངས་བས། ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་བྱང་བར་འགྱུར་བ་དང་། མཚམས་མེད་པ་ལྔ་ལ་སོགས་པ་ལས་ཀྱི་སྒྲིབ་པ་མ་ལུས་པར་ཟད་པར་འགྱུར་བ་སོགས་ཕན་ཡོན་དཔག་ཏུ་མེད་པ་མདོ་ལས་གསུངས་སོ། །གཉིས་པ་རང་གཞན་གཉིས་ཀའི་དོན་ཏུ་བྱ་བ་སྦྱིན་སྲེག་གི་རིམ་པ་ནི། བསྙེན་པ་ཡོངས་སུ་རྫོགས་ནས། སྔགས་ཀྱི་ནུས་པ་དབྱུང་ཞིང་ལྷག་ཆད་ཁ་སྐོང་བའི་ཕྱིར་ཞི་བའི་སྦྱིན་སྲེག་བྱ་བའི་ཕྱག་ལེན་ལ། སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ནི། ལུགས་འདིར་རྒྱས་བ་ཤར་དང་ཞི་བ་བྱང་དུ་ཕྱོགས་དགོས་པས་བསྙེན་རྐྱང་ལ་དེ་ལྟར་དང་། དཀྱིལ་འཁོར་དང་འབྲེལ་ན་ཞི་བའི་ཐབ་ཁུང་དཀྱིལ་འཁོར་གྱི་བྱང་དུ་ཐབ་ཀྱི་ལྷ་རྣམས་ཞལ་དཀྱིལ་འཁོར་ཕྱོགས་ལ་སྟོན། སྦྱིན་སྲེག་བྱེད་པ་པོ་ཐབ་ཁུང་དང་དཀྱིལ་འཁོར་གྱི་བར་དུ་འདུག་སྟེ། དཀྱིལ་འཁོར་ལ་རྒྱབ་བརྟེན་ཅིང་ཐབ་ལ་མངོན་ཏུ་ཕྱོགས་པས་བྱ། ཐབ་སྟེགས་སུ་དང་པོ་ཚངས་ཟུར་གྱི་ཐིག་གདབ། ཚངས་ཐིག་དབུས་ནས་སོར་བཅུ་གཉིས་ཀྱི་ཚད་ཀྱིས་ཟླུམ་པོར་


LT34_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར། དེ་ནས་སོར་བཞི་བཀྱེད་ནས་ཟླུམ་པོར་བསྐོར་བ་མུ་རན། ཡང་སོར་བཞི་བཀྱེད་ནས་བསྐོར་བ་ཁ་ཁྱེར། དེའི་སྟེང་དུ་ལོགས་ཐིག་གྲུ་བཞིར་གདབ་སྟེ། དེའི་གྲ་བཞིར་རྡོ་རྗེ། ཁ་ཁྱེར་ལ་པདྨ་འདབ་བརྒྱད་ཕྱི་ཕྲེང་བ། ནང་གི་ཟླུམ་པོའི་ཁོང་པར་པདྨའི་གཅུས་ཐིག་གདབ། དེ་ཡང་ལྟེ་བ་གསུམ་ཆ། འདབ་མ་གསུམ་གཉིས་སུ་བྱས་པའི་ལྟེ་བ་དང་འདབ་མ་བརྒྱད་ལ་ལྷའི་ཁ་དོག་དང་མཐུན་པའི་ཐིག་ལེ་བཀོད། ནགས་ཀྱི་ལྕི་སྐམ་སྲོག་ཆགས་མེད་པས་ཐབ་ཀྱི་ཟླུམ་བསྐོར་དང་མཐུན་པར་རྒྱ་ཁྲུ་གང་། ཟབས་སུ་ཁྲུ་ཕྱེད་དེའི་ཤར་ལྷོར་མེ་ཚང་འཆའ། ཀུ་ཤ་མཚོན་བྱེད་རྩ་ཡི་གདན་ལ་གཡས་སུ་མེ་ལྷ་དང་། དཀྱིལ་འཁོར་ལྷའི་བསྲེག་རྫས་ཏེ་བསྲེག་རྫས་ཚར་གཉིས་འགོད་དེ། དེའང་བྱ་རྒྱུད་སྤྱིར་ཞི་བ་ལ་སྦྲང་རྩི་འོ་མ་མར་འོ་ཐུག་ནས་འབྲས་ཏིལ་དང་དཱུརྦ་ལོ་མ་དང་བཅས་པ་ལ་སོགས་པའོ། །རྒྱས་པ་ལ་ཡང་འོ་མ་དང་འོ་ཐུག་དང་ཞོ་དང་ལག་པན་དང་ནས་ཆན་དང་ཏིལ་དཀར་ནག་དང་སྒྲོན་ཤིང་གི་དུམ་བུ་དང་ནཱ་ག་པུཥྤ་དང་ཤུ་ཏི་དང་ཉེ་ཤིང་དང་བིལ་བ་དང་གྲོ་དང་སྲན་མ་ལ་སོགས་པ་དགོས་པར་གསུངས་ཤིང་གཅིག་ལ་མེད་ཅིང་དགོས་པ་རྣམས་གཅིག་གིས་ཁ་སྐོང་བྱ་བར་ཡང་བཤད་


LT34_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

མོད། འདིར་ཛེ་ཏཱ་རིའི་རྒྱ་གཞུང་ལས། མར་དང་གྲོ་ནས་སྲན་མ་དང་། །ཞོ་དང་སྨན་དང་དཱུརྦ་དང་། །ཀུ་ཤ་ཡམས་ཤིང་མེ་ཏོག་དང་། །ཏིལ་དང་ཉུང་ཀར་ལ་སོགས་བསྲེགས། །ཅེས་པ་ལྟར་ཏིལ་ལ་སོགས་པ་དེ་རྣམས་ཚོགས་པར་བྱ། དེ་ཉིད་ལས། ཁྱད་པར་ལས་སུ་བྱ་བ་ནི། །ཏིལ་དང་ཉུངས་ཀར་དག་ལ་ནི། །བརྒྱའམ་སྟོང་ངམ་ཁྲི་རུ་བསྲེག །སྡིག་སྒྲིབ་སྦྱོང་བའི་ལས་སུ། །ཅེས་པ་བསྙེན་པའི་ཁ་སྐོང་སོགས་སྡིག་པ་དང་སྡུག་བསྔལ་ཞི་བྱེད་ཀྱི་སྐབས། ཏིལ་དང་ཡུངས་ཀར་སྔགས་གྲངས་དང་བསྟུན་འདོད་ངེས་དང་། དེ་མཉམ་དཀྱིལ་འཁོར་ལྷའི་བསྲེག་རྫས་ཏེ་བསྲེག་རྫས་ཚར་གཉིས། བསངས་ཆུའམ། དཀྱིལ་འཁོར་དང་འབྲེལ་བའི་ཚེ། ལས་བུམ་དངོས་སམ་བུམ་ཆུ་དུང་ཕོར་སོགས་སུ་བླུགས་པས་ཀྱང་རུང་སྟེ་དེ་རྣམས་བཤམས། གཡོན་ཏུ་རིགས་སྔགས་ཀྱི་གཟི་བྱིན་བསྐྱེད་པའི་དྲི་ཆབ་གཅིག་དང་། རྩ་བའི་མཆོད་ཡོན་སྣོད་གཙང་མར་སྤོས་ཆུ་མེ་ཏོག་དཀར་པོས་བཀང་བ། ཡང་སྣོད་གཙང་མར་ཁྱད་པར་མཆོད་ཡོན་འོ་མ་འབྲས་ཡོས་བཅས་པའི་མཆོད་ཡོན་རྩྭ་ཀུ་ཤ་བཅས་པ། ཉེར་སྤྱོད་ཚར་གཉིས་མེ་ལྷའི་འབུལ་གཏོར་རྣམས་བཤམ། སྲེག་བླུགས་བྱེད་པ་པོའི་མདུན་ཏུ་མེ་ཡོལ།


LT34_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

རྩིགས་པའི་ནང་དུ་རྡོ་རྗེ་དྲིལ་བུའི་བར་དུ་དགང་བླུགས་ཁ་སྦྱར་བ་དང་། དེ་དང་ཉེ་བ་ལེན་སྟབས་བདེ་བའི་ཕྱོགས་གང་ཡང་འོས་པར་མར་ཁུ་དང་། ཡམས་ཤིང་ནི་འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཆ་ལས་བྱུང་བ། སྦོམས་སུ་མཐེ་བོང་ངམ་མཐེའུ་ཆུང་གི་ཚད། སྲིད་དུ་ཁྲུ་གང་ངམ་ཁུ་ཚུར་གཉིས་བཅངས་བའི་ཚད། ཕན་ཚུན་རིང་ཐུང་མཉམ་པ། གས་ཆག་དང་རྨ་མེད་པ། རྒྱུ་མ་རུལ་བ། ངོ་བོ་མ་འཁྱོགས་པ། དེའི་རྩེ་མོ་གཉིས་མར་རམ། སྦྲང་ངམ། འོ་མ་ལ་སོགས་པས་ལེགས་པར་བྱུགས་བ་གྲངས་མང་། རླུང་གཡབ་དང་། འཕྲལ་ལ་བསོ་བའི་བུད་ཤིང་དང་། ཀུ་ཤའི་ཆུན་པོ་བརྒྱད་དང་བཅས་པ་ལེགས་པར་བཤམ། དེ་ནས་སྒྲུབ་པ་པོ་རྒྱན་དཀར་པོས་བརྒྱན་པ། ཞི་བའི་བསམ་པས་གདན་ནང་ཚང་ཅན་གྱི་སྟེང་དུ་ཞི་བ་ལ་པདྨའི་སྐྱིལ་ཀྲུང་དང་། རྒྱས་པ་ལ་བཀྲ་ཤིས་སྐྱིལ་ཀྲུང་སྟེ་བཟང་པོའི་སྟབས་ཀྱིས་ཁ་ཤར་ཕྱོགས་སུ་ཕྱོགས་པས་འདུག་སྟེ། བསྙེན་པའི་སྐབས་བདག་བསྐྱེད་དང་བཟླས་པ་བསྡུ་ལྡངས་བར་བྱས། སྐབས་འདིར་རྒྱ་གཞུང་ལས། ལས་དུས་རྗེས་ཀྱི་བཅོམ་ལྡན་ནི། །ཁྲུས་དང་སྦྱིན་སྲེག་ལ་སོགས་དཀར། །ཞེས་སོགས་དང་། དེ་ལྟར་བྱས་ན་ལས་


LT34_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འགྲུབ། །ཅེས་འབྱུང་བས། བདག་ཉིད་བཅོམ་ལྡན་མི་འཁྲུགས་པ། །སྐུ་མདོག་དཀར་པོ་མཚན་དཔེར་ལྡན། །ཞེས་བསྒྱུར་ཞིང་། སྦྱིན་སྲེག་དངོས་གཞིའི་སྐབས་སུའང་དེ་ལྟར་བསྒྱུར་དགོས། དཀྱིལ་འཁོར་དང་འབྲེལ་ན་ཆུ་དང་ཅོད་པན་གྱི་དབང་ལེན་དགོས་པས་བདག་འཇུག་ཡན་རྫོགས་པར་བྱའོ། །གཉིས་པ་དངོས་གཞི་ལ་བཞི། ཡོ་བྱད་སྒྲུབ་པ། འཇིག་རྟེན་པ་མཆོད་པ། དཀྱིལ་འཁོར་པ་མཆོད་པ། མཇུག་སྡུད་པའོ། །དང་པོ་ནི། བསངས་ཆུའམ་ལས་བུམ་གྱི་ཆུ་ལ་དམིགས་ཏེ། སྟོང་པའི་ངང་ལས་ཤཾ་ལས་བྱུང་བའི་དུང་ཕོར་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། ཧཱུྃ་ལས་བྱུང་བའི་བསང་བའི་ཆུ་དྭངས་ཤིང་ཐོགས་པ་མེད་པ། རྫས་ཐམས་ཅད་ཀྱི་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་གྱུར། བདུད་རྩི་ཐབ་སྦྱོར་རྩ་སྔགས་འབྲིང་པོ་ལན་བདུན་དང་། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླས་པའི་མཐར་ཧཱུྃ་རིང་པོ་བདུན་ནམ་ཉེར་གཅིག་བརྗོད། གཟི་བྱིན་བསྐྱེད་པའི་དྲི་ཆབ་ལ་དམིགས་ཏེ། ན་མོ་ལོ་ཀ་ཌྷྲྀ་ཏཱ་ཡ། ཨོཾ་ཤང་ཀ་རེ། ཤནྟི་ཀ་རེ། གྷུྚ་གྷུྚ་གྷུྚ་ནི་གྷཱ་ཏ་ཡ་གྷུྚི་ནི་སྭཱ་ཧཱ། ཨོཾ་ཀུ་ལནྡྷ་རི་བནྡྷ་བནྡྷ་ཧཱུྃ་ཕཊ། ཅེས་མཱ་མ་ཀཱིའི་རིགས་སྔགས་དང་།


LT34_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་གཉིས་ཉེར་གཅིག །ཛྭ་ལ་ཛྭ་ལ་ཡ་ཕཊ། སིདྡྷི་སཱ་དྷ་ཡ་ཕཊ། དི་བེ་དི་བཱ་ཡ་ཕཊ། ཅེས་པ་རྣམས་ཀྱང་ཅི་རིགས་པར་བཟླས། དྲི་ཆབ་དེས་མཆོད་རྫས་བསྲེག་རྫས་ཐམས་ཅད་ལ་བསངས་གཏོར་བྱས་ཏེ། བདུད་རྩི་ཐབ་སྦྱོར་དང་སྔགས་བཤད་མ་ཐག་པ་དེ་རྣམས་ལན་གཅིག་གི་མཐར། ཨོཾ་གཟི་བརྗིད་ལྡན་པས་རྫས་ནང་དུ། །ཕྱི་བཤོལ་མ་མཛད་བཞུགས་ནས་སུ། །ཀུན་གྱི་གཟི་བརྗིད་སྤེལ་བ་དང་། །བྱིན་རླབས་ཅན་ཏུ་མཛད་དུ་གསོལ། །ཨོཾ་བཛྲ་ཧཱུྃ་དྷ། ཅེས་དང་། ཛི་ན་ཛིཀྲ་མང་དུ་བརྗོད། དཔལ་འབར་ཐོགས་ལ། ཨ་མྲྀ་ཏེ་དང་ཛི་ན་ཛིཀ་བཟླ་བཞིན་ཏུ་མེ་སྦར། མར་ཁུ་བླུགས་གཟར་གྱིས་ཅུང་ཟད་བཅུས་ཏེ་བླུགས་ལ། གདངས་རིང་པོས་སྭཱ་ཧཱ་དང་ཧཱ་ཡིག་རིང་པོ་ལན་མང་དུ་བརྗོད་ཅིང་བསྒྱིངས་པ་དང་བཅས་པར་བྱའོ། །ཨོཾ་དང་བྷྲཱུྃ་མང་དུ་བརྗོད། རླུང་ཡབ་ཀྱིས་གཡབས། ཀུ་ཤ་ལ་སོགས་པའི་རྩ་སྔོན་པོའི་བམ་པོ་ཐོགས་ལ། ཨོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ། །ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་ཏེ། །ཚངས་པ་ཡི་ཡང་དག་བྱེད་ཡིན། །འདིས་བདག་ཅག་འཁོར་དང་བཅས་པ་ལ་གེགས་མེད་ཅིང་ལས་ཀྱི་དངོས་གྲུབ་ཀྱང་སྩལ་དུ་གསོལ་ཞེས་


LT34_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། དེ་ནས་རང་གི་མདུན་ནས་གཡས་སྐོར་གྱི་རིམ་པས་ཐབས་ཀྱི་ཕྱོགས་མཚམས་བརྒྱབ་དུ་སྔ་མ་སྔ་མའི་རྩེ་མོ་ཕྱི་མ་ཕྱི་མའི་རྩ་བས་ནོན་པར་བཀྲམ་མོ། །ཐབ་ལཾ་བསངས་ཆུ་འཐོར། །སྟོང་པའི་ངང་ལས་ཞི་བའི་ཐབས་ཁུང་དཀར་པོ་ཟླུམ་པོ། །རྒྱར་ཁྲུ་གང་བ། ཟབས་སུ་ཁྲུ་ཕྱེད་བ། མུ་རན་དང་ཁ་ཁྱེར་སོར་བཞི་པ་ལ་པདྨའི་ཕྲེང་བས་བསྐོར་བ། ཕྱི་རོལ་གྱི་སྟེགས་བུ་གྲུ་བཞི་པའི་གྲྭ་བཞིར་རྡོ་རྗེ་རེ་རེས་མཚན་པ། དྭངས་ཤིང་ཐོགས་པ་མེད་པའི་ནང་ཞི་བའི་མེ་དཀར་ལ་བསིལ་བར་འབར་བའི་དབུས་སུ་པདྨ་དང་ཟླ་བའི་གདན་གྲུབ་པར་གྱུར། གཉིས་པ་ནི། ལག་གཉིས་ཁུ་ཚུར་ལས་གུང་མོ་སྒྲེང་བའི་ཚིགས་གསུམ་པར་མཛུམ་མོའི་རྩེ་མོ་སྦྱར། གཡས་སྙིང་གར་ཕྱིར་བསྟན་གཡོན་དཀུར་བཞག །མཐེ་བོང་ནང་དུ་གཡབ་ལ། ཨོཾ། ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བ་བ་ཧཱ་ནཱ་ཡ་སྭཱ་ཧཱ། ཞེས་མེ་ལྷའི་སྔགས་ཐུང་བས་སྤྱན་དྲངས། བདུད་རྩིའི་སྔགས་དང་བསང་ཆུ་འཐོར། མེ་ལྷའི་སྔགས་ཐུང་གིས་མར་ཁུ་དགང་བླུགས་གསུམ་འབུལ། ཐབ་ཀྱི་དབུས་སུ་དྲང་སྲོང་


LT34_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་མེ་ལྷ་སྐུ་མདོག་དཀར་པོ། ཕྱག་གཡས་གཉིས་ཀྱིས་མཆོག་སྦྱིན་དང་བགྲང་ཕྲེང་། གཡོན་གཉིས་ཀྱིས་དབྱིག་པ་དང་རིལ་བ་སྤྱི་བླུགས་འཛིན་པ། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་གནས་པ། འཁོར་དྲང་སྲོང་གི་ཚོགས་ཐམས་ཅད་ཀྱིས་བསྐོར་ཏེ་བཞུགས་པར་གྱུར། ཨོཾ་བཛྲ་ཀི་ལི་ཀཱི་ལ་བཛྲ་བྷི་མ་རོ་དྲིས་མི་ཏྲ་མ་ཧཱ་ཀྲོདྷཱ་ཡ་བི་ཛ་ཡ་ནི་ཀྲིནྟ་ཧཱུྃ་ཕཊ། བནྡྷ་བནྡྷ་སྭཱ་ཧཱ། ཞེས་བགེགས་བསངས། སྤྱན་འདྲེན་པའི་ཕྱག་རྒྱ་ལས་མཐེ་བོང་མཛུབ་མོའི་གློར་བཞག་པ་དང་མེ་ལྷའི་སྔགས་ཐུང་བརྗོད་པས་དམ་ལ་བཞག །ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ་བཱ་ཧ་ན་ཨཱ་དི་བྱ་ཨཱ་དི་བྱ་ལ་སྭཱ་ཧཱ། ཅེས་མེ་ལྷའི་སྔགས་རིང་པས་མར་ཁུ་དང་ཡམས་ཤིང་འབུལ། ཨོཾ་ཏིཥྛ་ཧ་རི་སིངྒ་ལ་ལོ་ཧིཏ་ཨཀྵ་དེ་ཧི་ད་དཱ་པ་ཡ་ཧཱུྃ་ཕཊ་ཕཊ། སརྦ་བི།།།ན་ནཱ་ཤ་ཡ་སྭཱ་ཧཱ། ཞེས་པའི་སྔགས་འདི་ཁོ་ནས་དཀར་གསུམ་དང་འབྲུ་སྣ་ལ་སོགས་པ་མེ་ལྷ་ཉིད་ཀྱི་བསྲེག་རྫས་རྣམས་ཇི་ཙམ་འོས་པ་རིམ་གྱིས་འབུལ། ཡང་གོང་བཞིན་ཨོཾ་ཨགྣ་ཡེ་སོགས་སྔགས་ཐུང་བས་དགང་བླུགས་ལན་གསུམ་ལ་སོགས་པ་ཇི་ཙམ་འོས་པ་འབུལ། སྐབས་དེ་དག་ཏུ་མ་བཀྲ་ངན་པ་དག་བྱུང་ན། བདུད་རྩི་ཐབས་སྦྱོར་


LT34_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྔགས་ཀྱིས་བསངས་ཆུ་གཏོར་བས་བཟློག་པར་འགྱུར་རོ། །མཐར། བདག་གི་སྦྱིན་སྲེག་གི་ལས་འདི་གེགས་མེད་ཅིང་འབྲས་བུའི་མཆོག་དང་ལྡན་པར་མཛད་དུ་གསོལ། །ཅེས་གསོལ་བ་ལན་གསུམ་གདབ། མེ་ལྷ་ཐས་ཀྱི་ཟུང་ན་ཅི་བདེར་བཞུགས་པར་གྱུར། ཞེས་མོས། སྐབས་འདིར་འོག་ཏུ་འཆད་པར་འགྱུར་བའི་མེ་ལྷ་ལ་མཆོད་ཡོན་ཉར་སྤྱོད་གཏོར་མ་དགང་བླུགས་བསྟོད་པ་རྣམས་གྲུབ་ནས་གཤེགས་གསོལ་བྱས་ན་བྱ་རྒྱུད་རང་ལུགས་ཡིན་པས་ཆོ་གའི་རིམ་པ་འདི་ལྟར་བཟང་མོད། སྤྱི་འགྲོས་ཀྱི་རིགས་པ་འདི་ལའང་འགལ་བ་མེད་པས་ཐོས་ཆུང་མགུ་བྱེད་དུ་བགྱིས་པའོ། །གསུམ་པ་ནི། བུད་ཤིང་གསོ། ན་མ༔སརྦ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཐ་ཨུངྒ་ཏེ་སྦར་་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ་གྱིས་ལྷའི་གདན་གྲུབ་པར་གྱུར། མཆོད་ཡོན་སྤོས་ཀྱིས་བདུག །བྷྲཱུྃ་བདུན་དང་། ཛི་ན་ཛིཀྲ་བདུན། ཨོཾ་ཥྚྃ་བྷནྡྷ་སྭཱ་ཧཱ། ཇི་ལྟར་རིགས་པས་བྱིན་གྱིས་བརླབས་ལ་རྩ་བའི་མཆོད་ཡོན་མདུན་གྱི་དབུས་སུ་བཞག །གཡོན་ཏུ་ཁྱད་པར་གྱི་མཆོད་ཡོན་དང་། གཡས་སུ་བདུག་སྤོས་རྣམས་བཤམས་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། ཞེས་ལན་གསུམ་གྱིས་ཕྱག་འཚལ།


LT34_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཐལ་མོ་ཁ་ཕྱེ་ལ། མཛུབ་མོ་གཉིས་རྩེ་མོ་སྦྱར་ཏེ་བསྒྲེངས། མཐེ་བོང་གཡབ་ཅིང་། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདིར། །བདག་གི་མཆོད་ཡོན་འདི་བཞེས་ལ། །མཆོད་པས་བདག་ལ་དགེས་པར་མཛོད། །བྷྲཱུྃ་ཛི་ན་ཛིཀྲ ཨཀྵོ་བྷྱ་ཨེ་ཧྱེ་ཧི། ཞེས་ལན་གསུམ་ལ་སོགས་པར་གསོལ་བ་འདེབས་པས་ནན་ཏན་གྱིས་སྤྱན་དྲངས། དེ་ཡང་ཕྱག་རྒྱ་སྤྱི་བོའི་ཐད་དུ་བྱས་ཏེ། ལན་དང་པོ་ཕྱག་རྒྱ་ཁོ་ན་བྱ། གཉིས་པ་ལ་ཕྱག་རྒྱ་དེས་མཆོད་ཡོན་གཙང་མ་ཐོགས་ཏེ། སྤྱི་བོའི་ཐད་ནས་བཟེད་ཞལ་དུ་འབུལ། གསུམ་པ་ལ་རྫས་སྦྱར་བའི་མཆོད་ཡོན་ཐོགས་ཏེ་འབུལ། རྫས་རྣམས་དངོས་སུ་མེད་ན། ཆུ་གཙང་ངམ་མེ་ཏོག་ཙམ་དང་བཅས་པ་འབུལ་ཞིང་། ལྷག་མ་དམིགས་པ་ཁོ་ནས་འགྲུབ་བོ། །དེ་ནས་ཕྱག་རྒྱ་པདྨ་ཁ་ཕྱེ་བའི་ཚུལ་ཅན་གྱིས། །བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཨོཾ་ཀ་མ་ལཱ་ཡ་སྭཱ་ཧཱ། ཡང་ཕྱག་རྒྱ་དེ་དང་འདྲ་བ་ལས་གུང་མཛུབ་སྲིན་གསུམ་རྡོ་རྗེ་རྩེ་ལྔ་ལྟ་བུར་བྱས་ལ།


LT34_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་རྗེས་ཐུགས་དཔག་མཛད་དུ་གསོལ། །ཨོཾ་བཛྲ་ཨཱ་པ་ནི་ཧཱུྃ་ཕཊ། པདྨ་ཁ་ཕྱེ་ལས། སོར་མོ་དབུས་མ་གཉིས་གཤིབས་ཏེ་བསྒྲེངས་བ་དང་། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་བཛྲ་ཀ་ཧཱུྃ་ཕཊ། ཡེ་ཤེས་ཀྱི་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་སོ་སོ་རང་རང་གི་གདན་ལ་བཞུགས་བར་གྱུར་པ་ནི། དབུས་སུ་བཅོམ་ལྡན་མི་འཁྲུགས་པ། །སྐུ་མདོག་དཀར་པོ་སོགས་ནས། བཀྲ་ཤིས་ལྷ་མོ་བརྒྱད་བསྐྱེད་ཚིག་རྒྱས་བསྡུས་གང་རིགས་ཏེ། བསྡུས་པ་ལྟར་ན། དར་དང་རིན་ཆེན་རྒྱན་ལྡན་གསལ། །ཞེས་པའི་བར་གྱིས་གསལ་གདབ། དཀྱིལ་འཁོར་དང་འབྲེལ་ན་འདིར་མེ་ཏོག་ལེན་པ་དང་། རྗེས་གཤེགས་པ་སོགས་བོད་རྙིང་པའི་ཕྱག་བཞེས་ལྟར་སྤྲོ་ན་བྱར་རུང་། སྐབས་འདིར་སྒྲུབ་མཆོད་དང་མ་འབྲེལ་ན་གཤེགས་རིགས་ཀྱི་དམ་རྒྱ་བཅས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏོདྦྷ་བ་སྭཱ་ཧཱ། ཞེས་བརྗོད། གང་ལྟར་


LT34_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྒྲུབ་མཆོད་སྐབས་ལྟར། མཆོད་པ་བྱིན་རླབས། འཇིག་རྟེན་ཁམས་ནི་སོགས་ཀྱིས་མཆོད། རྒྱལ་བ་ཟླ་བས་བསྟོད། དེ་ནས་མར་གྱི་དགང་བླུགས་སྔོན་ཏུ་འགྲོ་བའི། ཡམས་ཤིང་ནས་བརྩམས་བསྲེག་རྫས་ཐམས་ཅད་རིམ་བཞིན་འབུལ་ཏེ། སྔགས་ནི་རྒྱ་གཞུང་ལས། ཐམས་ཅད་རྒྱུན་གཅོད་སྔགས་ཀྱིས་བྱ། །ཞེས་པས་གཟུངས་རིང་ཁོ་ནས་འབུལ། བོད་སྐད་ཀྱི་སྤེལ་ཚིག་སྦྱར་བ་སྤྲོ་ན། བསྲེག་རྫས་ཚན་རེའི་མཚམས་སུ། བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟི༚་ཀུ་རུ་ཡེ་སྭཱ་ཧཱ་ཞེས་བརྗོད། བསྙེན་པའི་ཁ་སྐོང་ལ་མར་ཁུའི་དགང་བླུགས་བརྒྱ་ཕྲག་མན་གང་འགྲུབ་དང་། བསྲེག་རྫས་གཞན་ཆ་སྙོམས་པའི་གྲངས་ཉེར་གཅིག་ཡན་གང་འགྲུབ་སོང་མཚམས། ཏིལ་དང་ཡུངས་ཀར་ཁོ་ན་ལ་གྲངས་བཟུང་། གཟུངས་སྔགས་ཁོ་ན་གྲངས་ཚད་འགྲུབ་པར་དཀའ་ན། གཤེགས་རིགས་ཀྱི་རིགས་པའི་རྒྱལ་པོ་དང་། རིགས་ཀྱི་སྙིང་པོ་ཡིན་པས། བྷྲཱུྃ་ཛི་ན་ཛིཀྲ །ཅེས་པའི་ཡི་གེ་ལྔ་པོས་ཁ་སྐོང་བར་བྱས་ཀྱང་རུང་བར་མངོན། མཐར་གཟུངས་སྔགས་བདུན་དང་།


LT34_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་བརྒྱད་ཀྱི་མཚན་སྔགས་གསུམ་རེས་དགངས་བླུགས་འབུལ། མཆོད་བསྟོད་བཟོད་གསོལ་དཀྱིལ་ཆོག་ལྟར་བྱས་པའི་རྗེས་སུ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་ཀྵྱོ་བྷྱཱ་ཡ་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། དེས་འགྲེས་ཏེ་ལྷ་མོ་བརྒྱད་ཀྱི་སྔགས་མཐར་ཨརྒྷཾ་སོགས་སྦྱར་བས་མཆོད་ཡོན་འབུལ། དཀྱིལ་འཁོར་དང་འབྲེལ་ན་སྔར་གྱི་མེ་ཏོག་ཅུང་ཟད་ཙམ་དཀྱིལ་འཁོར་ལ་གཏོར། མེ་ནང་དུ་བཞུགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སླར་ཕྱིར་ལ་གཤེགས་ལ། དཀྱིལ་འཁོར་ཆེན་པོའི་གནས་སུ་རང་རང་གི་གདན་ལ་བཞུགས་པར་གྱུར། ཞེས་བརྗོད། དཀྱིལ་འཁོར་དང་མ་འབྲེལ་བའི་སྐབས་སྤྱན་འདྲེན་པའི་ཕྱག་རྒྱ་ལས། མཐེ་བོང་གཉིས་ཕྱིར་བསྐྱེད། གཤེགས་གསོལ་གྱི་ཚིག་སྤྱི་འགྲོའི་མཐར། གདོན་མི་ཟ་བར་བདག་ལ་ཡང་། །རྗེས་སུ་བརྩེ་བར་དགོངས་ནས་ཀྱང་། །རྒྱལ་བ་སྲས་དང་བཅས་པ་རྣམས། །ཅི་བདེ་བར་ནི་གཤེགས་སུ་གསོལ། །དང་པོར་བཅིངས་པའི་དེ་བཞིན་གཤེགས་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་དེ་མགོ་བོའི་སྟེང་དུ་བཅས། རྩེ་མོ་གྱེན་ཏུ་བསྟན། སོར་མོ་བསྐྱེད་ཅིང་དཀྲོལ་ཏེ། སེ་གོལ་ཏོག་པ་ལན་གསུམ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏོ་དྦྷ་ཝཱ་ཡ་སྭཱ་ཧཱ། ཅེས་ལན་


LT34_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་ལྷ་རྣམས་གཞལ་ཡས་ཁང་དང་བཅས་པ་གཤེགས་སུ་གསོལ། བཞི་པ་ནི། བསྲེག་རྫས་ལྷག་མ་རྣམས་གོང་སྨོས་ཏིཥྛ་ཧ་རིའི་སྔགས་ཀྱིས་གྲངས་ཇི་ཙམ་འོས་པ་ཕུལ་མཐར། སྔགས་དེའི་སྭཱ་ཧཱའི་གོང་དུ་ཨརྒྷཾ་སོགས་སྦྱར་བས་མཆོད་ཡོན་ཉེར་སྤྱོད་རྣམས་དང་། བ་ལི༚་སྦྱར་བ་ལན་གསུམ་གྱིས་གཏོར་མ་ཕུལ། སླར་ཡང་མེ་ལྷའི་སྔགས་རིང་བས་དགང་བླུགས་ལན་བདུན་གྱི་མཐར། ཚངས་དབང་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེ་སྤྲུལ་པའི་སྐུ་སྤྲུལ་པ། །རིགས་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་ཆིབས། །རིགས་སྔགས་གསུང་གི་བགྲང་ཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གྷུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་འདས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་


LT34_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ། །ཞེས་བརྗོད། སྤྱན་འདྲེན་པའི་ཕྱག་རྒྱ་ལས་མཐེ་བོང་ཕྱིར་བསྐྱེད། ཨོཾ་ཨགྣ་ཡེ་སོགས་སྔགས་ཐུང་བའི་མཐར། གཙྪ་གཙྪ་ཞེས་བརྗོད་པས་གཤེགས་སུ་གསོལ། །བཞུད་ཅིག་ཅེས་ནི་བདག་པོའི་བཀའ། །བཟློས་པས་རབ་ཏུ་བསྒྲགས་ནས་བཞུད། །སྤྱན་ཡང་དྲངས་མ་ཐག་ཏུ་ནི། །གསང་སྔགས་དགྱེས་ནས་འབྱོན་པར་མཛོད། །ཅེས་པའང་སྤྲོ་ན་བརྗོད། མཐར་སྨོན་ལམ་དང་ཤིས་བརྗོད་རྒྱས་པར་བྱ། གསུམ་པ་རྗེས་ཀྱི་བྱ་བ་ནི། མེ་མ་ཤི་བར་དུ་གཞན་རེག་ཏུ་མི་འཇུག་ཅིང་མི་དཀྲུག །ལོངས་ཡོད་ན་འོ་མའི་ཆུས་བཀྲུས་ལ་ཐལ་བ་སྣོད་གཙང་མར་བསྡུས་ཏེ། ཆུའི་ནང་ན་གནས་པའི་སྲོག་ཆགས་མང་པོ་ལ་ཕན་གདགས་པའི་ཕྱིར་རྒྱ་མཚོ་ཆེན་པོར་འབབ་པའི་ཆུར་དོར། ཐབས་ཀྱི་ཉེ་འཁོར་དྲི་ཞིམ་པོའི་ཆུས་བྱུགས་ཏེ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །སྒྲུབ་པའི་དངོས་གྲུབ་ལེན་པའི་གོང་དུའང་ཞི་བའི་སྦྱིན་སྲེག་གིས་འཐུས་མོད་ཀྱིས། རྒྱས་པ་བྱ་བར་འདོད་ན་ཐབ་སྤྱི་མཚུངས་དང་། གཞན་འདི་ཉིད་ལ་ཁ་བསྒྱུར་བར་ཆོག་གོ། །སྤྱོད་རྒྱུད་ལུགས་ཀྱི་སྦྱིན་སྲེག་ཅུང་བྱ་དཀའ་བ་དང་། འདིར་ཡན་ལག་ཐམས་ཅད་བྱ་རྒྱུད་ལུགས་གཞིར་བཞག་པ་མ་ཟད་


LT34_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གཞུང་ལས་ཚུལ་འདི་གསལ་བར་བཤད་པས་བྱ་རྒྱུད་རང་ལུགས་སུ་བཀོད་པའོ། །གསུམ་པ་གཞན་ལ་ཕན་གདགས་པའི་རིམ་པ་ལ་གཉིས། གསོན་པོ་ལ་ཕན་གདགས་པ་དང་། གཤིན་པོ་ལ་ཕན་གདགས་པའོ། །དང་པོ་ལ་གསུམ། སྲུང་བ་གདགས་པ། སྲུང་དམིགས་བྱ་བ། བཀྲུ་བྱ་བསྲུང་གསུམ་བྱ་བའོ། །དང་པོ་ལ་གཉིས་ལས་འཁོར་ལོ་གདགས་པར་འདོད་ན། དར་རས་གྲོ་ཤོག་གང་རུང་ལ་འཁོར་ལོ་རྩིབས་བཞི་པའམ་བརྒྱད་པ་བྲིས་ལ། ལྟེ་བར་ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི་བྲི། རྩིབས་བཞི་པར་བྱེད་ན་ཤར་གྱི་རྩིབས་ལ་རོ་ཙ་ནི་རོ་ཙ་ནི་བྲི། ལྷག་མ་འགྲེ། བརྒྱད་བྱེད་ན་སྔགས་ཚན་ཕྲལ་ཏེ་ཤར་རྩིབས་ལ་རོ་ཙ་ནི་གོང་མ་བྲི། ལྷག་མ་འགྲེ། མུ་ཁྱུད་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ཆེ་གེ་མོའི་སརྦ་ཀརྨ་པ་རཾ་པ་ར་ི་མེ་རཀྵ་རཀྵ་སྭཱ་ཧཱ། ཞེས་ཡིག་འགོ་ཐམས་ཅད་ཕྱིར་བསྟན་གཡོན་སྐོར་དུ་བྲི། ཚོན་ཐོབ་ནི། ལྟེ་བ་དཀར། རྩིབས་སེར། གཞི་སྔོ། མུ་ཁྱུད་དམར། དེའི་ཕྱི་རོལ་རྭ་བ་སེར་པོ་བྱ། ཡང་། ལུགས་གཅིག་ལ། པད་འདབ་དགུ་བྲིས་པའི་ལྟེ་བར་ཧཱུྃ་གི་མཐར་ཆེ་གེ་མོ་ལ་སྲུངས་ཤིག་རཀྵ་རཀྵ། ནུབ་ཀྱི་


LT34_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་མ་ལ་ན་མོ་རཏྣ་ཏྲ་ཡཱ་ཡ། ནུབ་བྱང་གི་འདབ་མ་ལ་ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི་བྲིའོ། །ལྷག་མ་འགྲེ་གསུང་། ལག་ལེན་ཏུ་སྔ་མ་མཛད། གླེགས་བམ་སྟེ་ཤོག་དྲིལ་གདགས་པར་འདོད་ན། རྒྱ་ཤོག་ལ་ཕེ་ལ་གི་ཝང་དང་གུར་གུམ། མོ་ལ་རྒྱ་སྐྱེགས་ཀྱི་ཁུ་བས་གཟུངས་སྔགས་ཚར་གསུམ་མམ་བདུན་བྲི། སརྦ་ཀརྨའི་གོང་དུ་བསྲུང་བྱའི་མིང་གཞུག །མཐར་རཀྵ་རཀྵ་སྭཱ་ཧཱ། གཉིས་ཀ་ལ་རབ་གནས་བྱ་བ་ནི། སྟེགས་གཙང་མར་རིན་པོ་ཆེའི་སྣོད་འབྲུ་ཡིས་བཀང་པ་ལ་བཀྲམ། བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་ཏུ་འགྲོ་བས་ཞི་དྲག་གི་སྦྱོང་བ་དང་། བདུད་རྩི་འཁྱིལ་པའི་སྔགས་བཟླས་པའི་བུམ་ཆུས་ཁྲུས་གསོལ། མདུན་ཏུ་མཆོད་པ་བཤམ། རང་མི་འཁྲུགས་པར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས་བཅོམ་ལྡན་འདས་མི་བསྐྱོད་བ་རྒྱལ་བ་སྲས་དང་བཅས་པས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་གྱུར། སྤོས་འཐུལ་ལ། ཧཱུྃ་དད་པ་དང་ནི་སོགས་ཀྱིས་སྤྱན་དྲངས། པདྨ་ཀ་མ་ལཱ་ཡ་སྟྭཾཾ། ཞེས་བཞུགས་སུ་གསོལ། མཆོད་པ་རྣམས་བྱིན་གྱིས་བརླབས་ལ་


LT34_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བསྟོད་བྱ། འོག་སྲུང་དམིགས་སྐབས་ལྟར་ཚིག་ལྷུག་གི་ཕྱག་འཚལ་བདེན་པ་བསྐུལ་པའི་མཐར། བྱིན་གྱིས་བརླབས་ཀྱིས་བསྲུང་བྱ་ངན་སོང་གསུམ་དང་མི་ཁོམས་པའི་གནས་རྣམས་སུ་སྐྱེ་བའི་ལས་ཐམས་ཅད་དང་། དགེ་བའི་བར་དུ་གཅོད་པ་མི་དང་མི་མ་ཡིན་པའི་གནོད་པ་མཐའ་དག་དང་། རྨི་ལམ་མཚན་ལྟས་ངན་པ་འཇིགས་པ་བརྒྱད་དང་བཅུ་དྲུག་སོགས་དུས་མ་ཡིན་པའི་འཆི་བ། ནད་གདོན་བགེགས་དང་བར་དུ་གཅོད་པ་མཐའ་དག་ཞི་བ་དང་སྲུང་བ་ཆེན་པོ་མཛད་དུ་གསོལ། ཞེས་ལན་གསུམ། གསོལ་བ་གདབ་པས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཡིག་འབྲུའི་རྣམ་པར་ཞུ་ནས་ཙ་ཀྲའམ་གླེགས་བམ་ལ་ཐིམ་པས་ལྷའི་རང་བཞིན་སྲུང་བའི་ནུས་པ་དང་ལྡན་པར་གྱུར། རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བཟླས་པའི་མེ་ཏོག་ལན་ཉེར་གཅིག་གམ་བདུན་འཐོར་ལ་ཡེ་དྷར་དང་སུ་པྲ་ཏཱིཥྛ་སྦྲེལ་མ་བརྗོད། འདི་ཁོ་ན་ཆེ་གེ་མོའི་སྲུང་བའི་གོ་ཆ་ཆེན་པོ་གཞོམ་གཞིག་དང་བྲལ་བར་གྱུར་ཅིག །ཅེས་བརྗོད་ལ། འཁོར་ལོ་ལྟེ་བ་ཆིངས་སྤྱི་འགྲེ་དང་། ཤོག་དྲིལ་འགོ་ནས་ཡིག་ངོ་ནང་བསྟན་ཏུ་དྲིལ། བཀྲ་ཤིས་རྒྱས་པར་བརྗོད། ལ་ཆས་


LT34_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བཏུམས་པའམ་གཡོགས་ལེགས་པར་བྱས་ལ་བཏགས་པའི་ཕན་ཡོན་སྤྱིར་ཚད་མེད་ཅིང་། ཁྱད་པར་གཟུངས་ལས། ལུས་ལ་འཆང་ངམ། གླེགས་བམ་ལ་བྲིས་ནས་མགུལ་དུ་ཐོགས་ཏེ་འཆང་ན། དེ་ལ་དུས་མ་ཡིན་པའི་འཆི་བ་རྣམས་གཏན་ཏུ་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་སྲུང་དམིགས་ནི། མདོའི་དགོངས་པ་དང་གཏེར་མའི་མན་ངག་གྲུབ་ཆེན་ཆགས་མེད་རིན་པོ་ཆེས་བཀྲལ་བ་སྟེ། རང་ཉིད་ཡི་དམ་སྐུར་གསལ་ཐུགས་ཀ་ཡི། །ས་བོན་འོད་ཟེར་ཤར་གྱི་ཕྱོགས་སུ་འཕྲོས། །ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ན། །བཅོམ་ལྡན་མི་འཁྲུགས་རྒྱལ་བའི་ཐུགས་ཀར་ཕོག །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་སུ་དྲན། །སྐུ་ལས་འོད་ཟེར་མཐིང་ག་འཕྲོས་པ་ཡིས། །ནད་དང་སྡུག་བསྔལ་འཇིགས་སྐྲག་གནོད་པ་ཀུན། །མུན་ལ་ཉི་ཤར་བཞིན་ཏུ་བསལ་བར་གྱུར། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མི་འཁྲུགས་པས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བདེན་པ་དང་


LT34_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པའི་ཚིག་གང་གིས་དམ་བཅས་པ་དང་། ཚིག་བརྗོད་པ་གང་ཡིན་པའི་དམ་བཅས་པ་དང་། ཚིག་བརྗོད་པ་དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིང་དམ་བཅས་པ་དང་། ཚིག་བརྗོད་པ་དེ་དག་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པའི་བདེན་པ་དང་། བདེན་པའི་ཚིག་དེས་བདག་ཅག་དཔོན་སློབ་བམ། བསྲུང་བྱ་འདི་ལ་འཇིགས་པའམ། གདོན་ནམ། རིམས་ནད་ཀྱི་བར་དུ་གཅོད་པ་སོགས་ཁ་སྒྱུར་ལ། འདི་དག་ད་ལྟ་ཉིད་དུ་ཞི་ཞིང་ནུབ་པར་གྱུར་ཅིག གཟུངས་རིང་ལན་ཁ་ཤས་དང་། ཨོཾ་ཨཀྵོ་བྷྱཿཛཿ བི།།།ནྟ་ཀྲྀ་ཏྲ་ཧཱུྃ་ཕཊ། འཇིགས་པ་དང་གནོད་པ་ཐམས་ཅད་ཤཱནྟི༚་ཀུ་རུ་སྭཱ་ཧཱ། ཞེས་བརྒྱ་རྩ་སོགས་གལ་ཆེ་ཆུང་ལོངས་སྐབས་དང་སྦྱར་བའི་བཟླས་དམིགས་མཐར། ཤིས་བརྗོད་བྱས་པས་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པའི་གནོད་པ་ཐམས་ཅད་དེ་མ་ཐག་ཏུ་ཞི་བར་འགྱུར་བ་གསུངས་ཤིང་། དོན་ལའང་སྐྱོབ་སྲུང་གཞན་གང་ལས་ཀྱང་ཟབ་ངེས་པའི་ཉམས་མྱོང་ཅན་ཡིན་སྙིགས་དུས་སུ་ཆོས་སྒྲུབ་པ་ལ་བདུད་ཀྱིས་ལྷག་པར་བར་དུ་གཅོད་པར་བྱེད་ཅིང་། མི་འཁྲུགས་པའི་མཚན་གཟུང་བ་ཙམ་གྱིས་ཀྱང་བདུད་ཀྱི་གནས་ཐམས་ཅད་དཀྲུགས་ཤིང་བདུད་ཀྱི་


LT34_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཡུལ་ལས་རབ་ཏུ་འདའ་བར་གསུངས་པས། རང་གི་རྒྱུན་གྱི་ཉམས་ལེན་ཏུའང་ཤིན་ཏུ་ཟབ་པར་གོ་ཞིང་། དེ་ལྟ་ན། བྱིན་གྱིས་རླབས་ཀྱིས། ཞེས་པའི་མཇུག་ཏུ། དམ་པའི་ཆོས་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་མྱུར་དུ་ཞི་ཞིང་ནུབ་པར་གྱུར་ཅིག །ཅེས་བསྒྱུར་རོ། །གསུམ་པ་བཀྲུ་བྱབ་སྲུང་གསུམ་བྱ་བ་ནི། དེའང་གཟུངས་ལས། ལན་གཅིག་བཟླས་བརྗོད་བྱས་ན། ལྟས་ངན་པ་དང་། རྨི་ལམ་ངན་པ་དང་། བཀྲ་མི་ཤིས་པ་རྣམས་མེད་པར་འགྱུར་རོ། །ཅེས་དང་། ཛེ་ཏཱ་རིའི་རྒྱ་གཞུང་དུ། ངན་པ་བཟློག་ལ་ལས་འདི་བྱ། །ཅེས་གསུངས་པ་ལྟར། རྨིས་ལྟས་ངན་པ་དང་། མོ་ངན་པ་དང་། ཆག་ཆེ་བ། ལོ་ཟླའི་སྐག །གཞན་གྱི་སྦྱོར་ངན། དམོད་པ་སོགས་ཞི་བར་འདོད་ན། བདག་བསྐྱེད་བཟླས་པ་བཅས་སྔོན་ཏུ་འགྲོ་བས། དཀྱིལ་ཆོག་ལྟར་མདུན་བུམ་བསྒྲུབ་པ་དང་། ཆ་གསུམ་བཏང་། བསྲུང་བྱ་མདུན་ཏུ་འཁོད། རྒྱས་པར་སྤྲོ་ན་ཀུན་རིག་ལྟར་ཞི་སྐྱོང་ཕྱེད་མ་དྲག་སྦྱོང་ཏིལ་སྦྱོང་བཅས་བྱ། བསྡུ་ན་མི་དགོས། བུམ་ལྷ་ནམ་མཁར་ཡིད་ཀྱིས་བཏེགས་ལ། ལྷ་ཁྲུས་སྤྱི་ལྟར་བྱས་པའི་ཁྲུས་ཆུ་སླར་ཡང་རྣམ་བུམ་དུ་བླུགས་པས་བསྒྲུབ་


LT34_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བྱར་ཁྲུས་བྱ་ཞིང་། འདི་ནི་སྦྱིན་པའི་རང་བཞིན་སོགས་ཚིགས་བཅད་དང་། གཟུངས་ཀྱི་མཐར། ཆེ་གེ་མོའི་སྡིག་པ་སྒྲིབ་པ་ཐམས་ཅད་ཤཱནྟི༚་ཀུ་རུ་སྭཱ་ཧཱ། དེ་བཞིན་ཏུ་གཟུངས་ཚར་རེའི་མཐར། བགེགས་ཐམས་ཅད། ནད་ཐམས་ཅད༴ གདོན་ཐམས་ཅད༴ གདུགས་པ་ཅན་ཐམས་ཅད༴ རིམས་ཐམས་ཅད༴ ནད་འགོ་བ་ཐམས་ཅད༴ ཉེ་བར་འཚེ་བ་ཐམས་ཅད༴ དུས་མ་ཡིན་པར་འཆི་བ་ཐམས་ཅད༴ རྨི་ལམ་ངན་པ་ཐམས་ཅད༴ ལྟས་ངན་པ་ཐམས་ཅད༴ སེམས་ཀྱི་གཡེང་བ་ཐམས་ཅད་ཤཱནྟི༚་ཀུ་རུ་སྭཱ་ཧཱ། ཅེས་བརྗོད་ཅིང་བཀྲུ། བྱབ་པ་ནི། རྒྱ་གཞུང་ལས། ཨ་པཱ་ན་ཡས་བྱབ་པར་བྱ། ཅེས་པ་ལྟར། །བར་བུམ་ཆུ་ཅུང་ཟད་བཟུང་དུ་གཞུག་ལ། རྨ་བྱའི་སྒྲོའི་དབུས་སུ་ཟླ་བ་ལ་གནས་པའི་ཧཱུྃ་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཟེར་ཀྱིས་ཁྱེད་རང་རྣམས་ཀྱི་ནད་རིམས་གདོན་བགེགས་ཐམས་ཅད་རྡོ་ཁབ་ལེན་གྱི་ལྕགས་ལེན་པ་ལྟར་བླངས་ནས་ཕྱིར་དོར་བའི་མོས་པ་གྱིས། གཟུངས་ཀྱི་མཐར། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨ་བཱ་ན་ཡ་སྭཱ་ཧཱ། སོགས་གོང་ལྟར་མཐའ་བསྒྱུར་བ་བརྗོད་ཅིང་རྡོ་རྗེ་དང་བཅས་པའི་སྒྲོས་ཕྱི་ཚུལ་བྱ། ནད་གདོན་


LT34_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱུགས་པར་བསམ་ལ་ཁའི་ཆུ་སྣོད་དུ་ཕོ། །སྲུང་བ་ནི། རྒྱ་གཞུང་ལས། རཀྵ་ཞེས་པས་བསྲུང་བར་བྱ། །ཅེས་པ་ལྟར། ཁྱེད་རང་རྣམས་ཀྱི་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་རྡོ་རྗེས་རེག་པ་ལ་བརྟེན་དེ་ལས་དེ་འདྲ་བའི་རྡོ་རྗེ་བསམ་གྱིས་མི་ཁྱབ་པ་བྱུང་བས་ལུས་ལ་རྡོ་རྗེའི་གོ་གྱོན་ཏེ་བར་དུ་གཅོད་པ་གང་གིས་ཀྱང་གླགས་མི་རྙེད་པར་བྱས་སྙམ་དུ་མོས་པ་མཛོད། གཟུངས་ཀྱི་མཐར། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ལས་རཀྵ་རཀྵ། སོགས་བརྗོད། སྤྱི་བོ། མདུན། རྒྱབ། དཔུང་མགོ་གཉིས། པུས་མོ་གཉིས་ཏེ་གནས་བདུན། རྡོ་རྗེ་རྒྱ་གྲམ་དུ་བཞག་པས་སྲུང་ངོ། །དེ་ནས་རྒྱ་གཞུང་དུ། གསོན་པོར་བཀྲ་ཤིས་རྫས་བརྒྱད་སྦྱིན། །ཞེས་པ་ལྟར་ཤིས་པའི་སླད་དུ་བཀྲ་ཤིས་རྫས་རྣམས་ལ་བུམ་ཆུ་གཏོར་ཏེ། བསངས་སྦྱང་། སྟོང་པའི་ངང་ལས་མཾ་ལས་བྱུང་བའི་བཀྲ་ཤིས་རྫས་བརྒྱད་ཆེ་གེ་མོའི། ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས་པར་བྱེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་མངྒ་ལཾ་ཨཥྚ་དྲ་བྱ་ཧཱུྃ། ཞེས་བྱིན་བརླབས་ལ། རྫས་བརྒྱད་སྦྱིན་པའི་ཚིག་རྒྱས་བསྡུས་གང་རུང་བརྗོད་པའི་མཐར། བསྲུང་བྱ་རྣམས་སྤང་བྱ་མི་མཐུན་པའི་


LT34_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཅེས་དང་། ཞལ་ནས་གསུངས་པའི་ཤིས་བརྗོད་བྱ། རྗེས་ཆོག་སོགས་གཞུང་ལྟར་གྱིས་འགྲུབ་པོ། །གལ་ཏེ་དབང་བསྐུར་དང་སྦྲེལ་བར་སྤྲོ་ན་བདག་མདུན་བུམ་པ་ཆ་གསུམ་བདག་འཇུག་བཅས་གྲུབ་པའི་རྗེས་སུ་སྦྱོར་བ་སྔོན་ཏུ་འགྲོ་བའི་དབང་བསྐུར་རྟགས་བརྒྱད་སྦྱིན་པ་ཡན་གྲུབ་མཚམས། ལྷ་ཁྲུས་ནས་བརྩམས། བཀྲུ་བྱབ་སྲུང་གསུམ་རྫས་བརྒྱད་སྦྱིན་པ་ཡན་གྲུབ་ནས། སྲུང་སྔགས་ཀྱིས་ཙཀྲ་སྦྱིན་ལ། རྗེས་དམ་ཚིག་མན་མཐར་དབྱུང་ངོ་། །གཉིས་པ་གཤིན་པོ་ལ་ཕན་གདགས་པའི་རིམ་པ་ལ་ལྔ། མེ་ཆོག །རུས་ཆོག །ཆུ་ཆོག །སྦ་སྐྱེལ། སཱཙྪའི་ཆོ་གའོ། །དང་པོ་མེ་ལ་བརྟེན་པའི་ཆོ་ག་སྦྱིན་སྲེག་ནི། ལག་ལེན་རྒྱས་པ་གཞན་ཏུ་ཤེས། མདོར་ན་ཐོག་མར་ས་བཙལ། རྙེད་ནས་ས་སློང་བ་དང་སྦྱོང་བ་བྱས་ལ། ལས་ཐམས་ཅད་པའི་སྔགས་བཟླ་བཞིན་ཏུ་ཐབ་བརྩིགས། དབུས་སུ་ལྷ་མཚན་པདྨ་འདབ་བརྒྱད་སོགས་ཞི་བའི་ཐབ་ཁུང་སྤྱི་དང་མཚུངས། གཟུངས་སྔགས་དང་ངན་སོང་སྦྱོང་བའི་སྔགས་བཏབ་པའི་བུད་ཤིང་བརྩིགས།


LT34_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེག་རྫས་བུད་ཤིང་སོགས་ལའང་ཡུངས་ཀར་ལ་ལས་སྔགས་བཟླས་པས་བྲབས། རས་སམ་ཤོག་གུར་པདྨ་འདབ་བརྒྱད་ཁྲུ་གང་པའི་ལྟེ་བར་འཁོར་ལོས་མཚན་པ་བྲིས་ཤིང་ཞུན་མར་གྱིས་བགོས་པ་རོའི་གདན་ཏུ་བཏིང་། བདག་མདུན་བུམ་ཆོག་བདག་འཇུག་བཅས་ཟིན་པའི་རྗེས་སུ། རོ་ལ་གཟུངས་ཆོག་གི་བསྒྲུབས་པའི་བུམ་ཆུས་བཀྲུ། སྣམ་རས་ཀྱིས་ཕྱི། དེ་དག་དངོས་སུ་མ་འབྱོར་ནའང་མཚོན་བྱེད་བྱ། གནས་ཡིག་རྒྱས་པ། གཞན་ཡང་གྲུབ་ན་ལེགས་ཤིང་། དམིགས་བསལ་སྤྱི་བོར་ཨོཾ་དང་གཟུངས་རིང་པྲ་ཏི་ཧ་ནའི་མཐར། ཆེ་གེ་མོའི་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་དང་བཅས་པ་སརྦ་ཀརྨ་སོགས་དང་། མགྲིན་པར་ཨཱཿདང་། གཟུངས་རིང་གཤམ། ཆེ་གེ་མོའི་ངག་གི་སྒོ་ནས་སོགས། སྙིང་གར་ཧཱུྃ་དང་གཟུངས་རིང་གཤམ། ཆེ་གེ་མོའི་ཡིད་ཀྱི་སྒོ་ནས་ཞེས་སོགས་ཀྱི་ཤམ་བུ་སྦྱར་བ་མཐིང་ཤོག་ལ་གསེར་དངུལ་ལམ། མ་འབྱོར་ན་རྒྱ་ཤོག་ལ་དྲི་བཟང་བསྲེས་པའི་མཚལ་གྱིས་བྲིས་ཏེ་གནས་སོ་སོར་ཡིག་ངོ་ནང་བསྟན་ཏུ་དགྲིས་ཏེ་སྦྱར། དེ་དག་ལས་འོད་ཟེར་འཕྲོས་རྟེན་དེའི་སྡིག་སྒྲིབ་སྦྱོང་བར་བསམས་ལ་གཟུངས་སྔགས་ཤམ་བུ་ཅན་དེ་མང་དུ་


LT34_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ལ་སྔགས་བཟླ་བཞིན་ཏུ་རབ་བྱུང་ཡིན་ན་ཆོས་གོས། ཁྱིམ་པ་ལ་རས་སྣམ་ཀྱིས་དཀྲིས་ཏེ་སྔགས་ཀྱིས་བཏབ་པའི་བདུག་པས་བདུག །དཀྱིལ་འཁོར་ལྷོ་སྒོར་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་བཞག་ལ་རྟེན་བསྐྱེད་འགུགས་པ་སྦྱོང་བ་རྣམ་གསུམ་ཏིལ་སྦྱོང་བྲབས་པ་བཀྲུབ་དུག་སྦྱོང་སྐྱབས་འགྲོ་དབང་བསྐུར་རྫོགས་པར་བྱས་བའི་རྗེས་སུ་ལམ་སྦྱོང་བསྟན་བྱས། སླར་ཡང་སྐད་ཅིག་གིས་ཕུང་པོ་ལྷར་གསལ། གནས་གསུམ་བྱིན་གྱིས་བརླབས་ལ་མཆོད་པ་ལྔས་མཆོད། སློབ་དཔོན་རྡོར་དྲིལ་ཐོགས་ཤིང་གཟུངས་སྔགས་བརྗོད་པས་སྣ་དྲངས་ཏེ་བསྲེག་ཁང་དུ་མགོ་སློབ་དཔོན་ལ་བསྟན་ནས། དཀྲིས་ཕུང་དེ་ལྟག་པའི་ཕྱོགས་སུ་བཞག །ཞི་བའི་སྲེག་བླུགས་དཀྱུས་བཞིན་བྱ་བ་ལས། མེ་སྦར་སྐབས། གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ་སོགས་བརྗོད། བསྲེག་རྫས་རྣམས་བྱིན་གྱིས་བརླབ་བའི་ཚེ། ཚེ་ལས་འདས་པའི་ཕུང་ཁམས་སྐྱེ་མཆེད་དང་། བསྲེག་རྫས་རྣམས་ཐ་མི་དད་པ་དྭངས་ཤིང་ཐོགས་པ་མེད་པ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ངན་སྡིག་སྒྲིབ་ཐམས་ཅད་ཡོངས་སུ་སྦྱོང་བའི་ནུས་པ་དང་ལྡན་པར་མོས། འཇིག་རྟེན་པའི་


LT34_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

དགངས་བླུགས་བདུན་སོང་མཚམས། མེ་ལྷ་རྡོ་རྗེ་ལས་ཀྱི་གཙོ། །ཚེ་འདས་སེམས་ཅན་སྒྱོང་བ་དང་། །ལྷ་རྣམས་ཆམས་པར་བྱ་བའི་ཕྱིར། །འདི་ཉིད་དུ་ནི་ཕྲིན་ལས་མཛོད། །ཅེས་གསོལ་བ་བཏབ་པས་མེ་ལྷའི་ཐུགས་ཀའི་འོད་ཟེར་གྱི་ལྕགས་ཀྱུས་ཚེ་འདས་ཀྱི་སྡུག་བསྔལ་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དྲངས་ཏེ་རོ་དང་བསྲེག་རྫས་རྣམས་དང་གཉིས་སུ་མེད་པ་བདུད་རྩིའི་དྭངས་མར་བྱས་ཏེ་བཞེས་པར་བསམ། བསྲེག་རྫས་སྔགས་ཤམ་དུ། ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་ཤཱནྟི༚་ཀུ་རུ་སྭཱ་ཧཱ། ཞེས་སྦྱར། དཀྱིལ་འཁོར་པའི་བསྟོད་པ་རྒྱལ་བ་ཟླ་བའི་རྗེས་སུ། ནམ་མཁའི་མདངས་ལྡན་ཀུན་ནས་གསལ་བའི་སྐུ། །མཚན་དཔེས་རབ་མཛེས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །རྡོ་རྗེ་དང་བཅས་བདུད་འདུལ་མཉམ་གཞག་མཛད། །མགོན་པོ་མི་འཁྲུགས་སྐུ་ལ་ཕྱག་འཚལ་ལོ། །ཆེ་གེ་ཞེས་བྱ་བའི་ཚེ་འདས་རིགས་ཀྱི་བུའི། །ཐོག་མེད་ནས་བསགས་སྲོག་གཅོད་ལ་སོགས་པའི། །ལུས་ཀྱི་སྒྲིབ་པ་མ་ལུས་དག་གྱུར་ནས། །མི་འགྱུར་རྡོ་རྗེ་སྐུ་ཡི་དངོས་གྲུབ་སྩོལ། །ལྷ་ཡི་རྔ་བོ་ཆེ་ལྟར་རྣམ་ཀུན་ཏུ། །རྣམ་པར་རྟོགས་མེད་ལེགས་བཤད་སེང་གེའི་སྒྲ། །ཡན་ལག་དྲུག་ཅུའི་བརྒྱན་པ་ལེགས་སྒྲོགས་པ། །


LT34_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་མི་འཁྲུགས་གསུང་ལ་ཕྱག་འཚལ་ལོ། །ཆེ་གེ་ཞེས་བྱའི་ཚེ་འདས་རིགས་ཀྱི་བུའི། །ཐོག་མེད་ནས་བསགས་རྫུན་ཚིག་ལ་སོགས་བ། །ངག་གི་སྒྲིབ་པ་མ་ལུས་དག་གྱུར་ནས། །ཡན་ལག་དྲུག་ཅུ་གསུང་གི་དངོས་གྲུབ་སྩོལ། །ཡེ་ཤེས་རྒྱ་མཚོ་ཡོན་ཏན་ནོར་བུས་བརྒྱན། །ཆོ་འཕྲུལ་རྣམ་པར་འཕྲུལ་བའི་རྦ་རླབས་ཅན། །སྲིད་ཞིའི་རླུང་གིས་རྣམ་པར་མི་གཡོ་བ། །མི་འཁྲུགས་རྒྱལ་པོའི་ཐུགས་ལ་ཕྱག་འཚལ་ལོ། །ཆེ་གེ་ཞེས་བྱའི་ཚེ་འདས་རིགས་ཀྱི་བུའི། །ཐོག་མེད་ནས་བསགས་བརྣབ་སེམས་ལ་སོགས་པའི། །ཡིད་ཀྱི་དྲི་མ་མ་ལུས་དག་གྱུར་ནས། །ཡེ་ཤེས་ལྔ་ལྡན་ཐུགས་ཀྱི་དངོས་གྲུབ་སྩོལ། །གཙོ་བོ་དཀྱིལ་འཁོར་ལྷ་ཚོགས་དང་བཅས་ཀྱིས། །ཚེ་འདས་ཆེ་གེ་ལ་སོགས་འགྲོ་རྣམས་ལ། །སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་ལེགས་གཟིགས་ནས། །བརྩེ་བའི་ཐུགས་རྗེ་ཆེན་པོས་ལེགས་གཟུང་ལ། །སྔོན་ཆད་བསགས་པའི་སྒྲིབ་བ་གང་མཆིས་དང་། །བག་ཆགས་དང་བཅས་སྒྲིབ་པ་སོལ་མཛོད་ལ། །སྲིད་དང་རྣམ་གྲོལ་བདེ་བ་གང་ལགས་པ། །དངོས་གྲུབ་བདེ་ཆེན་མྱུར་དུ་བསྩལ་དུ་གསོལ། །ཞེས་གསོལ་བ་གདབ་བོ། །


LT34_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལྟུང་བ་སློང་བའི་སྔགས་རྒྱས་ངན་སོང་གསུམ་ཚེ་འདས་དང་བཅས་པ་གཙོ་བོའི་མདུན་ཏུ་བཀུག་པར་བསམ། འདོད་པའི་རྒྱལ་པོའི་ཕྱག་རྒྱ་དང་། སྡིག་པ་དགུགས་པའི་སྔགས་ཀྱིས་ཚེ་ལས་འདས་པ་དེའི་སྡིག་པ་ཐམས་ཅད་ཀྱང་བཀུག་པར་བསམ། སྡིག་པ་སྦྱོང་བའི་སྔགས་དང་། སྡིག་པ་བྲལ་བའི་སྔགས་རྒྱས་ཚེ་ལས་འདས་པའི་སྡིག་པ་ཐམས་ཅད་བཀུག་ཅིང་དྲལ་ཏེ། རོ་དང་བསྲེག་རྫས་རྣམས་ལ་ཐིམ་སྟེ། ཡེ་ཤེས་ཀྱི་མེས་གསོལ་བར་བསམ། བསྲེག་རྫས་རྣམས་ཕུལ་ལ། གཟུངས་སྔགས་ཀྱི་མཐར། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་ཆེ་གེ་མོའི་པཱ་པཾ་ནི་ད་ཧ་སྭཱ་ཧཱ། ཞེས་བཏགས་ཏེ་ཕུལ་བས། ལྷ་ཐམས་ཅད་ཀྱིས་ཚེ་ལས་འདས་པ་དེའི་ལུས་ལ་དབང་བསྐུར་ཞིང་སྡིག་སྒྲིབ་དང་ངན་སོང་གི་སྡུག་བསྔལ་ལ་སོགས་པ་ཞི་བར་བྱས་པར་བསམ། རྫས་ཚན་རེའི་མཐར། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཐུགས་རྗེའི་བདག་པོ་མི་འཁྲུགས་པའི་ལྷ་ཚོགས་འཁོར་དང་བཅས་པས་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བའི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཡོངས་སུ་སྦྱོང་བ་དང་། མྱུར་དུ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་འདོན་པའི་ཕྲིན་ལས་


LT34_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ཅིག །ཅེས་སྦྱར། བསྲེག་རྫས་རྫོགས་པའི་མཐར། ཚེ་འདས་ཧཱུྃ་གི་ས་བོན་ལས་སྐྱེས་པའི་གཙོ་བོའི་སྐུ་རྡོ་རྗེ་ལྟ་བུར་བསམས་ལ། ཨོཾ་བཛྲ་རཀྵ་ཧཾ་གིས་བསྲུང་བ་བྱ། ལྷ་རྣམས་ཀྱི་འོད་ཟེར་གྱིས་དབང་བསྐུར་བར་བསམས་ལ། མཇུག་ཏུ་ལམ་སྦྱང་བསྟན་རྣམས་བྱས་ལ། སྦྱིན་སྲེག་དང་དཀྱིལ་འཁོར་རྗེས་ཀྱི་བྱ་བ་གཞུང་ལྟར་བགྱིད་པ་ནི་ཕལ་པའི་རོ་མཆོད་རྫས་ཀྱི་ཚུལ་དུ་སྦྱོང་བའོ།། ༈ །།གང་ཟག་མཆོག་གམ་རང་གི་རྩ་བའི་བླ་མ་ལྟ་བུ་ཡིན་ན། བཀྲུ་ཞིང་གནས་ཡིག་གདགས་པ་ཡན་སྔར་དང་འདྲ། སྐུ་ཆས་ལེགས་པར་བྱས་ལ་བསངས་སྦྱང་སྔོན་ཏུ་འགྲོ་བས་གཙོ་བོར་བསྐྱེད། ཡེ་ཤེས་པ་དགུག་གཞུག་ལ་སོགས་པ་ནས་མཆོད་བསྟོད་ཀྱི་བར་རྒྱས་པར་བྱས་ལ་གཟུངས་ཅི་ནུས་བཟླ། ཁྲུས་གསོལ་གོས་ཟུང་འབུལ་བ་ལྷ་ཁྲུས་ལྟར་གྲུབ་ནས་མཆོད་བསྟོད་མདོར་བསྡུས་རྗེས་བསྲེག་ཐབ་ཏུ་རོལ་མོ་མཆོད་པ་དང་བཅས་པས་སྤུར་གདན་དྲངས་ཏེ། དེའི་ཐུགས་ཀར་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྐྱེད་ནས། དེ་དང་སྤུར་གྱི་ཡེ་ཤེས་པ་གཅིག་ཏུ་བསྲེས་ཕ་ལ་མཆོད་བསྟོད་སྔོན་ཏུ་འགྲོ་བས། ཨོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་


LT34_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། །ཅེས་སོགས་ཀྱིས་ཡེ་ཤེས་པ་གཤེགས་སུ་གསོལ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མེ་སྦར་བར་བསམ་ཤིང་ཆོས་འབྲེལ་མེད་པའི་མི་ཞིག་བོས་ཏེ་ཐབ་ཏུ་མེ་སྤོར་དུ་གཞུག །དེ་ལ། གསོན་ཅིག་དགོངས་ཤིག་སོགས་ཀྱི་ཚབ་ཏུ། དཔལ་ལྡན་བླ་མ་དགོངས་སུ་གསོལ། །ཞེས་འདོན་པ་སྤོས་ལ་བརྗོད། མེ་སྦར་བས་སྔར་སྤུར་ལྷར་བསྐྱེད་པ་དེ་གསལ་བར་བསྒོམས་ལ། འཇིག་རྟེན་པའི་མེ་ལྷའི་སྦྱིན་སྲེག་སྔར་དང་འདྲ་བར་བྱ། འདས་པའི་མེ་ལྷ་མཆོད་པའི་སྐབས་སུ་དཀྱིལ་འཁོར་གྱི་གཙོ་བོ་དང་བླ་མ་དབྱེར་མེད་དུ་མོས། ཞི་བའི་སྲེག་བླུགས་དཀྱུས་སུ་བསྟན་པ་དེ་ཉིད་ལས་ཕལ་པའི་རོ་སྲེག་ལ་སྨོས་པའི་ཁ་འགེངས་དེ་རིགས་མི་དགོས། སྦེལ་ཚིག་ཏུ། དཔལ་ཀུན་བླ་མ་དམ་པ་སངས་རྒྱས་ཀྱི་ཞིང་ཁམས་གང་ན་བཞུགས་བའི་སྐུ་གསུང་ཐུགས་ཀྱི་བར་ཆད་དང་། གདུལ་བྱར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་ལས་ངན་སྡིག་སྒྲིབ་ཐམས་ཅད་ཤཱནྟི༚་ཀུ་རུ་སྭཱ་ཧཱ། ཞེས་སྦྱར་རོ། །རྗེས་གདུང་ཁང་བཅས་ལ་ཞག་གསུམ་མམ་བདུན་ཏུ་མཆོད་པ་བྱ་བ་སོགས་སྤྱི་ལྟར་རོ། །གཉིས་པ་རུས་ཆོག་ནི། ཆོ་གས་བསྲེགས་པའི་རུས་བུ་རྣམས་དེ་བཞིན་


LT34_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་རང་བཞིན་འོད་ཟེར་གྱི་རྡུལ་ཕྲ་རབ་རུས་པ་ལ་ཐིམ་པས་སྡིག་སྒྲིབ་སྦྱོང་ཞིང་བྱིན་གྱིས་བརླབས་པར་བསམས་ལ། སློབ་དཔོན་གྱིས་རྡོ་རྗེ་བསྡུ་པའི་རྒྱ་དང་། བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ སཾ་ཧ་ར་་ཧཱུྃ། ཞེས་ལན་མང་དུ་བརྗོད་པས་བསྡུས་ལ། མེ་ཏོག་དཀར་པོ་དཀྲམ་པའི་ཁར་པདྨ་འདབ་བརྒྱད་བྲིས་པའི་ལྟེ་བར་རིན་པོ་ཆེའི་སྣོད་དམ་ཁམ་ཕོར་དུ་བཞག །བདག་བུམ་སྒྲུབ་བཟླས་སྔོན་ཏུ་འགྲོ་བས། རུས་བུ་རྣམས་ཀྱི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཨ་དཀར་པོ། དེ་ལས་བདུད་རྩིའི་རྒྱུན་སྐྱ་ཆི་ལི་ལི་བབ་བས་ཚེ་འདས་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་སངས་ཀྱིས་དག་པར་གྱུར་པར་མོས་ལ། འདི་ནི་སྦྱིན་པའི་རང་བཞིན་སོགས་ཕྱིན་དྲུག་དུག་སྦྱོང་བའི་ཚིགས་བཅད་ཡོངས་རྫོགས་བརྗོད་ཅིང་བར་རྣམས་སུ། གཟུངས་སྔགས་ཤམ་བུ་ཅན་བརྗོད་པས་བཀྲུ། མཐར་ཡང་གཟུངས་སྔགས་ཤམ་ཅན་དང་། ཨོཾ་བཛྲ་པྲ་མརྡྷ་ན་པྲ་མརྡྷ་ན་སྭཱ་ཧཱ། ཅི་འགྲུབ་བཟླ་བཞིན་པས་བཀྲུ། གང་སེར་མས་ཤིས་པ་བརྗོད། ཉེ་དུ་མ་ཡིན་པས་ཞིབ་པར་བཏགས་ལ་དྲི་བཟང་དང་བསྲེས་པའི་འཇིམ་པ་མདུན་ཏུ་བཞག །དེའི་སྟེང་དུ་སྐད་ཅིག་གིས་མི་འཁྲུགས་


LT34_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསལ། མཆོད་བསྟོད་མདོར་བསྡུས་བྱས། བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པས་ཚེ་ལས་འདས་པའི་སྒྲིབ་གཉིས་བྱང་ཚོགས་གཉིས་རྫོགས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་མཛད་དུ་གསོལ། །ཞེས་ལན་གསུམ། ཐུགས་ཀ་ནས་འོད་འཕྲོས། ཚེ་འདས་ཀྱི་སྒྲིབ་པ་སྦྱངས། ཚུར་འདུས་ཏེ་བཅོམ་ལྡན་འདས་འོད་དུ་ཞུ་ནས་རུས་པ་ལ་ཐིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའི་རིན་པོ་ཆེའི་ཕུང་པོར་གྱུར། ཞེས་མོས་ལ་སཱཙྪའི་ཆོ་ག་གཞན་ནས་འབྱུང་བ་ལྟར་རམ། ལུགས་འདི་ལ་གཙོ་བོར་རུས་པ་བརྡུང་བ་ནས། སཱཙྪ་གྲུབ་ཀྱི་བར་གཟུངས་སྔགས་ཁོ་ནས་ལས་ཐམས་ཅད་བྱེད་པ་ཡིན་པས་དེ་ཉིད་བཟླ་པར་བྱ། ནང་གཞུག་གཟུངས་ཀྱི་ཤོག་དྲིལ་འཇུག །རབ་གནས་འཆད་འགྱུར་ལྟར་བྱས་གྲུབ་ནས་བསྐོར་ལམ་དུ་བཞག་ཀྱང་ཧ་ཅང་འགལ་བ་མེད་རུང་། བློ་ཆུང་ཉེས་པ་དགག་པའི་ཕྱིར་དབེན་པར་མགོ་མཇུག་མ་ལོག་པ་གྲལ་བསྒྲིགས་ལ་བཞག །དེའང་མི་བདེ་ན་ཕྱིས་ཆུར་བབ་པར་འགྱུར་བའི་བདེ་ལམ་མམ། ཆུ་ཀླུང་དུ་བསྒྲིག་པའི་ཚུལ་གྱིས་གཤེགས་ན་ཕན་ཡོན་ཆེའོ། །འདི་ནི་ཕལ་པ་ལ་བྱ་བའི་ཚུལ་ཏེ་མཆོག་


LT34_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རུས་པ་བཀྲུ་བ་སོགས་མི་དགོས་པས། སཱཙྪའི་ཆོ་ག་ཁོ་ན་བྱ་བ་ཡིན་ནོ། །གསུམ་པ་ཆུ་ཆོག་ཏུ་གྲགས་པའི་ལག་ལེན་ནི། སྦྱོང་རྒྱུད་ལས། རོལ་སྔགས་ཀྱིས་བཏབ་ནས་ཀྱང་། །ཆུ་ཆོག་གིས་ནི་བཀྲུ་བར་བྱ། །ཞེས་དང་། རྒྱ་མཚོར་འབབ་པའི་ཆུ་ཀླུང་དོར། །དེ་ལྟར་ཡང་ནི་སྡིག་ཅན་ཡང་། །ངན་སོང་ལས་ནི་ཐར་གྱུར་ན། །འཇིག་རྟེན་བསོད་ནམས་ལྟ་ཅི་སྨོས། །ཞེས་སྡིག་སྦྱོང་སྒོ་དགུའི་ཡ་གྱལ་དུ་གསུངས་པའི་རུང་མཐུན་སྦྱོར་བ་འདི་བྱ་སླ་ཕན་ཡོན་ཆེ་བཀྲ་ཤིས་པ་ཡིན་པས། བདག་མདུན་བུམ་སྒྲུབ། རོ་བཀྲུ་ཕྱི། གནས་ཡིག་གདགས་ནས་དཀྲིས་དང་བདུག་པ་རྣམས་དང་། རྟེན་བསྐྱེད་ནས་སྐྱབས་འགྲོའི་བར་ཡང་སྦྱིན་སྲེག་དང་ཁྱད་པར་མེད་པ་ལས། དེ་ནས་གང་དུ་དོར་བའི་ཆུ་བཀྲ་ལེགས་པའི་ཁར་གནས་བདག་ལ་དཀར་གཏོར་གསེར་སྐྱེམས་འབུལ། ཆུ་བོ་བསངས་སྦྱང་། སྟོང་པའི་ངང་ལས་བྃ་ཡིག་ལས་བྱུང་བའི་ཆུ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ཆེན་པོར་གྱུར། ཨོཾ་ཏཔྟེ་དཔྟེ་མ་ཧཱ་ཏཔྟེ་སྭཱ་ཧཱ། ལན་གསུམ། ལྷའི་ཆུ་བོ་གངྒཱ་བཀུག་ནས་ཐིམ་པས་དག་བྱེད་ཀྱི་རང་བཞིན་ཅན་ཏུ་གྱུར། ཨོཾ་ན་མ་སྟྲཻ་ཡ་དྷིྭ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་


LT34_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

གརྦྷེ། ཛྭ་ལ་དྷརྨ་དྷཱ་ཏུ་གརྦྷེ། སྃ་ཧ་ར་་ཨཱ་ཡུཿསྃ་ཤོ་དྷ་ཡ། པཱ་བྃ་སརྦ་ཏ་ཐཱ་ག་ཏ་ས་མནྟ། བི་མ་ལ་ཨུཥྞི་ཥ་བི་ཤུདྡྷེ། མ་ཧཱ་བི་ར་ཛེ་ར་གམྦྷཱི་ར་སི། དྷརྨ་དྷཱ་ཏུ་བི་བི་སཱ་ར་ཨ་མ་མཱ་ཀི་སྭཱ་ཧཱ། ཆུ་བོ་དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་ཏུ་གྱུར། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་བསྐུལ། བྱིན་རླབས་འོད་ཟེར་གྱི་རྣམ་པར་བྱོན་ནས་སྐུའི་རྡུལ་རྣམས་ལས་བདུད་རྩིའི་རྒྱུན་བབས། རེག་ཚད་ཀྱི་འགྲོ་བ་འབད་མེད་དུ་གྲོལ་བའི་ནུས་པ་དང་ལྡན་པ་དེ་ཉིད་ཀྱིས་ཚེ་འདས་ཀྱི་སྒོ་གསུམ་གྱི་སྡིག་སྒྲིབ་བཀྲུ་བར་གྱུར། ཕུང་པོ་རྡོ་དང་སྒྲགས་ཏེ་ཆུའི་གཏིང་དུ་དོར་བའི་ཁར་རྣམ་རྒྱལ་བུམ་པའི་ཆུ་བསྒྲེངས་ལ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སོགས་ཁྲུས་ཀྱི་ཚིགས་རྣམས་དང་མཚམས་སུ་གཟུངས་སྔགས་ཤམ་བུ་བཅས་བརྗོད། ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་ཚེ་འདས་ཀྱི་ལུས་བཀྲུས་སྒོ་གསུམ་གྱི་སྒྲིབ་པ་སྦྱངས་ལམ་ལྔས་བཅུ་རིམ་གྱིས་བགྲོད་པར་གྱུར། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་


LT34_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ལམ། །མཐོང་པའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་བྱང་ནས། །འཕགས་པའི་ལམ་དེར་འགྲོ་བར་ཤོག །ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ་རཏྣ་སམྦྷ་ཝེ། རཏྣ་ཀཱི་ར་ེ་རཏྣ་མཱ་ལ་བི་ཤུདྡྷེ་ཤོདྷ་ཡ་སརྦ་པཱ་པྃ་ཧཱུྃ་ཏྲཊ། ཅེས་བརྗོད། ཚེ་འདས་ཀྱི་རྣམ་ཤེས་ཨ་དཀར་པོ་དྲི་མ་མེད་པའི་རྣམ་པ་ཅན་དེ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ན་བཞུགས་པའི་བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པའི་ཐུགས་ཀར་ཐིམ་པར་གྱུར། འདི་ནས་ཉིང་མཚམས་སྦྱར་མ་ཐག །དག་པའི་ཞིང་ཁམས་མངོན་དགའ་རུ། །པདྨའི་སྙིང་པོ་དམ་པ་ལ། །རྫུས་ཏེ་སྐྱེ་བ་ལེན་པར་ཤོག །ཅེས་དང་། མངོན་དགའི་ཞིང་སོགས། ཐེག་པ་ཆེན་པོའི་སྨོན་ལམ་དང་བཀྲ་ཤིས་རྒྱས་པར་བརྗོད། ཆོ་གའི་རྗེས་ཀྱི་རིམ་པ་རྣམས་བྱའོ། །བཞི་པ་ནི། གལ་ཏེ་ཁང་པའི་ཕྱོགས་གཅིག་གམ། དུར་རམ། མཆད་པར་འཇོག་པར་འདོད་ན་བཀྲུ་ཕྱི་གནས་ཡིག །དཀྲིས་བདུག་སྔར་ལྟར་ལ། དེའི་ཡི་དམ་དམིགས་བསལ་ཡོད་ན་དེའི་སྙིང་པོ་གསེར་གྱིས་བྲིས་


LT34_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྙིང་གར་བླན། རྟེན་བསྐྱེད་ནས་དབང་བསྐུར་ཚང་བར་བྱས་ཏེ། བཞག་སྣོད་རབ་བྱུང་ལ་མཆོད་རྟེན་གྱི་དབྱིབས་དཀར་པོ། དག་བསྙན་ལ་པདྨ་དམར་པོ་ཁ་སྦྱར་གྱི་གཟུགས། རྒྱལ་པོ་ལ་སྔོན་པོ་གཙུག་ཏོར་ལྟ་བུ། བློན་པོ་ལ་དམར་སྐྱ་ཟ་མ་ཏོག་ལྟ་བུ། ཐ་མལ་པ་ཕོ་ལ་སེར་སྐྱ་གདན་ཁྲི་ལྟ་བུ། མོ་ལ་སྔོ་སྐྱ་བིལ་བའི་འབྲས་བུ་ལྟ་བུ། བྱིས་པ་ལ་དམར་སེར་ལྷུང་བཟེད་ལྟ་བུ། འཇམ་ཞིང་དབྱིབས་ལེགས་པར་བཟོ་བྱས་ནས། དེའི་ནང་དུ་སྟན་གྱི་སྟེང་དུ་རོ་ཁ་ལྷོར་བསྟན། མགོ་ནུབ་ཏུ་བསྟན་ལ་ཅུང་ཟད་བསླང་སྟེ་ལག་པ་ཐལ་མོ་སྦྱར་བ་སྤྱི་བོར་བཞག །དེའི་སྤྱི་བོའམ་སྙིང་ག་ནས་སྲ་དགུ་དམར་བ་ཞིག་བཏགས་ལ། སྣོད་དེའི་སྤྱི་བོར་བཏོན་ཏེ་ནུབ་ཕྱོགས་སུ་དྲངས་ཏེ་ཐོག་ལ་གདགས་སོ། །སྣོད་དེའི་སྟེང་དུ་གདུགས་ཁྲ་བོ་གཅིག་ཕུབ། སྣོད་དེའི་ཕྱོགས་བཞིར་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་གཟུགས་བྱ། གཞན་ཡང་མཆོད་རྫས་དང་བཟའ་བཏུང་སྣ་ཚོགས་ཀྱིས་བསྐོར་ལ། རོ་དེ་ལྷར་བསྐྱེད་པ་ན། གཟུངས་བཟླ་ཞིང་མཆོད་བསྟོད་བར་མདུན་བསྐྱེད་ལྟར་བྱ་ཞིང་ཤིས་པའི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད། ཁྱིམ་དུ་བཞག་ན་རྒྱུན་ཏུའང་མཆོད་པར་བྱའོ། །རི་ལ་སྐྱེལ་ནའང་གནས་ཡིག་སྦྱོང་ཁྲུས་དབང་བསྐུར་སོགས་དེ་


LT34_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གྲུབ་ན་ལེགས་ལ། ཕུང་པོ་གཏོར་རན་པ་དང་གནས་ཡིག་རྣམས་རྙིང་མའི་བཏགས་གྲོལ་གྱི་ཕྱག་ལེན་ལྟར་རང་ཉིད་མི་བསྐྱོད་པའི་ཐུགས་ཀའི་འོད་ཟེར་དང་སྔགས་ཀྱི་སྒྲས་ཁམས་གསུམ་ཐམས་ཅད་སྣང་བར་བྱས། ངན་སོང་རྣམས་སྦྱངས། དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་དྲངས་པར་བསམས་ལ། གཟུངས་སྔགས་བཟླ་བཞིན་ཏུ་མེ་སྒྲོན་གྱིས་བསྲེགས་པའི་ཐལ་བའང་གནས་སོ་སོར་བྱུག །ཕུང་པོ་ཟག་མེད་བདུད་རྩི་མྱང་གྲོལ་གྱི་རང་བཞིན་རྣམ་པ་ཤ་ཁྲག་སོགས་གང་འདོད་ཀྱི་ལོངས་སྤྱོད་སྦྱིན་ཡུལ་བྱག་ཅན་རང་བྱུང་ལྷའི་འཁོར་ལོར་ཤེས་པའི་མཆོད་སྦྱིན་གཞན་ནས་འབྱུང་བ་ལྟར་བྱ་ཞིང་མཐར་སྦྱིན་འབྲས་དམིགས་མེད་དུ་བསྔོ། །ལྔ་པ་སཱཙྪ་ཆོ་ག་ལ་གསུམ། འདེབས་བའི་ཚུལ། རབ་གནས། གཤེགས་པའམ་བཞུགས་པའི་ཚུལ་ལོ། །དང་པོ་ནི། ས་སློང་ཐུན་མིན་གྲུབ་ན་ལེགས། མ་གྲུབ་ན་གསེར་སྐྱེམས་ཙམ་ཕུལ་ཏེ་སྲོག་ཆགས་མེད་པའི་ས་གཙང་མ་ལ་རིན་ཆེན་སྨན་སྤོས་སོགས་བསྲེས་ཏེ་ཆོ་ག་སྤྱི་ལྟར་རམ། གཟུངས་སྔགས་ཁོ་ན་བཟླ་བཞིན་ཏུ་སཱཙྪ་འབུམ་ཕྲག་གཅིག་གདབ། ནང་


LT34_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཚེ་འདས་ཀྱི་མིང་སརྦ་ཀརྨའི་གོང་དུ་བྲིས་པའི་གཟུངས་གཞུག་འཇོག་དགོས་པས། མིང་སྤེལ་ཤེས་ན་ལེགས་སྦྱར་དང་མ་ཤེས་ན་བོད་སྐད་དེ་སྦྱོར་ལུགས་དཔེར་ན། པྲ་ཏི་ཧ་ན་ཕྱི་མའི་རྗེས་སུ། ཁྱིམ་བདག་ལེགས་སྐྱེས་ཀྱིས་རྒ་ཀརྨ་པ་རམྤ་རཱ་ི་སརྦ་པཱ་པཾ་ཀྵ་ཡཾ་ཀ་རི་སྭཱ་ཧཱ་ཞེས་སྦྱོར། མེ་སརྦ་སཏྭཱ་ནཉྩ་སྦྱོར་མི་དགོས། སཱཙྪ་རྣམས་གདུགས་མཚོན་བྱེད་སྣ་ཚོགས་པའི་དར་གྱི་ཅོད་པན་རེ་རྩེར་སྦྱར་གྲུབ་ན་ལེགས་སོ། །གཉིས་པ། དེ་རྣམས་ལེགས་པར་བསྒྲིགས་ལ་རབ་གནས་ཀྱི་ཆོ་ག་རྒྱས་བསྡུས་གང་འགྲུབ་བྱ་དགོས་ཀྱང་མི་འགྲུབ་ན། བདག་བསྐྱེད་རྫོགས་པར་བྱ། ལས་བུམ་དུ་འཁྱིལ་པ་བཟླ། དེའི་སྔགས་རིང་ཐུང་རྣམས་ཀྱིས་ཡུངས་ཀར་དང་། ན་མོ་བུདྡྷ་སོགས་སྦྲེལ་བའི་རྟེན་འབྲེལ་སྙིང་པོས་འཐོར་ནས་བྱིན་བརླབ། སྦྱོང་བ་གསུམ་དང་། བགེགས་བསྐྲད། ལྷ་ཁྲུས་གསོལ་བ་དང་ཤིས་བརྗོད་བཅས་རྒྱས་པར་བྱ། བུམ་པ་དང་ལྷ་མོ་བཅས་ཀྱི་བསྐྱེད་ཚིག་དོར་བའི་ལྷག་མ་མདུན་བསྐྱེད་ལྟར་གྱི་བསྐྱེད་བཟླས་མཆོད་བསྟོད་རྒྱས་པ་དང་། ལྷག་པར་མཆོད་པའི་རྗེས་སུ་གདུགས་དང་རྒྱལ་མཚན་བ་དན་དང་མེ་ཏོག་གི་ཕྲེང་བ་སོགས་གང་འབྱོར་དངོས་


LT34_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྟར། ཐ་ན་ཙ་ཀ་ལི་ཙམ་ཐོགས། མ་འབྱོར་པ་ཡིད་ཀྱིས་སྤྲུལ་ཏེ། མེ་ཏོག་དམ་པ་སོགས་ཤློ་ཀ་གསུམ་དང་མཆོད་པའི་སྤྲིན་གྱི་གཟུངས་སྔགས་ཀྱི་རྗེས་སུ། དེ་བཞིན་གཤེགས་པའི་རྟེན་འདི་རྣམས་ལ་རིན་པོ་ཆེའི་གདུགས་ནམ་མཁའ་དང་མཉམ་པ་ཕུལ་བས་ཞལ་དྲོ་ཞིང་བྱིན་ཆེ་བ་འགྲོ་བ་སྐྱོབ་ནུས་པའི་དབང་དང་ལྡན་པར་གྱུར་ཅིག །ཅེས་རྒྱལ་མཚན་སོགས་ལའང་རིགས་འགྲེས་ཏེ་བརྗོད། ཕྱོགས་བཅུ་ན་བཞུགས་པའི་སོགས་ཀྱིས་གསོལ་བ་བཏབ་པས། བཅོམ་ལྡན་འདས་འོད་དུ་ཞུ་བ་སཱཙྪའི་རྣམ་པར་གྱུར། རྟེན་སྙིང་བཟླ་བཞིན་ཏུ་མེ་ཏོག་འཐོར། སླར་ཡང་ཡན་ལག་བདུན་པ་བཟང་སྤྱོད་ལས་འབྱུང་བ་ཙམ་བྱ་ཞིང་བཀྲ་ཤིས་བརྗོད་ལ་ཆོ་གའི་རྗེས་རྣམས་བྱ། དེ་ཙམ་ཡང་མི་ནུས་ན། གདུགས་སོགས་ཡིད་ཀྱིས་ཕུལ་བར་མོས། གོ་མྱོང་ལྡན་པ་ཞིག་གིས་རྟེན་འབྲེལ་སྙིང་པོས་མེ་ཏོག་འཐོར་བས་ཀྱང་རུང་མཐུན་ཏུ་བརྩི་དགོས་སོ། །གསུམ་པ་ལ་གཤེགས་བཞུགས་གཉིས་ལས། སཱཙྪ་ཆུར་གཤེགས་ན། ས་དཔྱད་ཆུ་བཀྲ་ལེགས་པའི་གནས་སུ་བདག་བསྐྱེད་སྔོན་ཏུ་འགྲོ་བས། མཆོད་པའི་ཡོ་བྱད་


LT34_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

གསར་དུ་བཤམ། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རང་བཞིན་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་འདིར་འཁོར་ཡུག་གི་ས་གཞི་འདི་དག་བཅོམ་ལྡན་འདས་འོད་དཔག་མེད་གྱི་ཞིང་གི་བཀོད་པའི་ཡོན་ཏན་ལྟ་བུ་དང་ལྡན་པར་གྱུར་པའི་ཕྱོགས་ཀུན་ཏུ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ། རྒྱུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལས་གྲུབ་པ། ངོ་བོ་བཟང་ཞིང་གཙང་བ། ཡུལ་ནམ་མཁའི་མཐའ་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་མི་འཆད་པར་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཅེས་དང་། ཨོཾ་ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡ་ན་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ། སམྱཀྶ་མྦུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་བིདྱཱ་བཛྲ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ེ་སརྦ་ཀརྨ་ཨཱ་བ་ར་་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་མཆོད་


LT34_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྲིན་གྱི་གཟུངས་ལན་གསུམ་བརྗོད། འདུན་པ་རྩེ་གཅིག་པས། སཱཙྪ་རྣམས་དེ་བཞིན་གཤེགས་པའི་ཆོས་སྐུའི་རྟེན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རང་བཞིན་རྡུལ་ཕྲ་རབ་རེ་རེ་བཞིན་ཡང་བཅོམ་ལྡན་འདས་རྣམ་པ་སྣང་མཛད་ཆེན་པོའི་སྐུར་བསམས་ལ། ཡན་ལག་བདུན་པ་ཉིད་ལན་གསུམ་བྱ། སྨོན་ལམ་མཐར་དབྱུང་། སྤྲོ་ན་སྐབས་འདིར་རྡུལ་ཚོན་ཆུར་གཤེགས་པའི་སྐབས་ལྟར། ཀླུ་ཆོག་བྱས་ལ། རྡུལ་ཚོན་ཆུར་གཤེགས་ཚབ་ཏུ་འདིར་འཇུག །ཀླུའི་རྒྱལ་པོ་ཁྱེད་རྣམས་ཀྱིས་དེ་བཞིན་གཤེགས་པའི་རྟེན་བྱིན་རླབས་ཅན་འདི་རྣམས་རྒྱ་མཚོ་ཆེན་པོར་སྤྱན་དྲངས་ལ་སྤྱིར་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བ་དང་། འཇིག་རྟེན་གྱི་ཁམས་སུ་ལོ་ཕྱུག་རྟག་ཏུ་ལེགས་པ་དང་། ཁྱད་པར་བདག་དང་སྦྱིན་པའི་བདག་པོའི་ནད་གདོན་སྡིག་སྒྲིབ་ཚེའི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བ་དང་། ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཐུན་རྐྱེན་ཐམས་ཅད་ཡིད་བཞིན་ཏུ་འགྲུབ་པའི་ཕྲིན་ལས་རྒྱ་ཆེན་པོ་མཛད་དུ་གསོལ། ཁྱད་པར་ཚེ་ལས་འདས་པ་འདི་ཞེས་བྱ་བའི་སྡིག་སྒྲིབ་བར་ཆད་


LT34_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཞི་བ་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པའི་མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། །ཞེས་འདོད་དོན་གསོལ། ཀླུ་ཆོག་མ་གྲུབ་ན་སྨོན་ལམ་ཚར་མ་ཐག་པར་འདིར་འཇུག་སྟེ། སཱཙྪ་རྣམས་རེ་རེ་བཞིན་ཆུའི་སྟེང་དུ་བཞུགས་སུ་གསོལ་བའི་ཚུལ་གྱིས་མགོ་མཇུག་མ་ལྡོག་པར་བཞག་ལ། གཟུངས་སྔགས་ཚར་རེའི་མཇུག་ཏུ། ཚེ་ལས་འདས་པ་འདི་ཞེས་བྱ་བའི་དགེ་བའི་རྩ་བར་གྱུར་ཅིག །འདི་ཁོ་ནས་ངན་སོང་གསུམ་གྱི་གནས་ལས་ཐར་ཏེ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དང་དག་པའི་ཞིང་ཁམས་རྣམས་སུ་སྐྱེ་བར་གྱུར་ཅིག །མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག །ཅེས་ཅི་ནུས་བརྗོད། ཡིད་ཀྱིས་རྣམ་པར་སྣང་མཛད་ཀྱི་སྐུ་རྡུལ་ཕྲ་རབ་ཏུ་གྱུར་ཏེ་ཀླུའི་རྒྱལ་པོ་རྣམས་ཀྱིས་རྒྱ་མཚོ་ཆེན་པོར་མཆོད་པའི་ཡོ་བྱད་དང་བཅས་ཏེ་སྤྱན་དྲངས་པའི་ཚེ། རྒྱ་མཚོའི་འགྲམ་དུ་གནས་པའི་དྲང་སྲོང་བདེན་ཚིག་གྲུབ་པ་རྣམས་ཀྱིས་ཀྱང་མངོན་པར་ཤེས་པས་དགོངས་ཏེ་སྨོན་ལམ་གྱི་མཐུན་འགྱུར་མཛད་པ། ས་བླའི་ལྷས་འོག་མིན་གྱི་བར་དུ་རྗེས་སུ་བསྒྲགས་ཤིང་།


LT34_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་སྲས་དང་བཅས་པས་ཀྱང་བདེན་ཚིག་གིས་མཚམས་སྦྱར་བར་བསམ། ལས་གྲུབ་པ་དང་། དེ་དག་གི་མཐུ་ལ་བརྟེན་ནས་ཚེ་འདས་ཉིད་ངན་སོང་ལས་གྲོལ་ཏེ་མཐོ་རིས་སུ་སྐྱེས་ཤིང་ལུས་ཀྱང་སྟོན་ནས་སངས་རྒྱས་ཀྱི་ཕྲིན་ལས་ལ་ཆེད་དུ་བརྗོད་པ། ཨེ་མའོ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་ཅག་སྦྱང་། །བྱང་ཆུབ་སྤྱོད་པ་ཉིད་ལ་བཞག །ཅེས་བརྗོད་ནས་མི་སྣང་བར་བསམས་ལ་ཀླུ་ཆོག་ཡོད་ན་གཤེགས། གང་ལྟར་ཡང་བསྔོ་སྨོན་དང་ཤིས་པ་རྒྱས་པར་བརྗོད་པས་དགེ་ལེགས་སུ་བྱ། བདག་བསྐྱེད་བསྡུ། མཆོད་པའི་ཡོ་བྱད་དམན་མ་རྣམས་ཆུ་བོར་དོར་ལ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །ཚྭ་ཁང་སྤྲོས་པས་མི་ལྕོགས་བ་དང་ཕལ་པ་རྣམས་ལ་འདི་ཁོ་ན་ལྟར་ལེགས་ཤིང་། འདི་ཉིད་གཟུངས་མདོའི་དགོངས་པ་དམིགས་བསལ་ཡིན་པས་སཱཙྪ་ཡིན་ཚད་ཆུར་གཤེགས་རུང་བ་མ་ཡིན་ནོ། །གང་ཟག་བཟང་པོ་ཡིན་ཀྱང་འདི་ལྟར་འགྲུབ་ན་ཐུགས་དགོངས་རྫོགས་བྱེད་དུ་འགྱུར་བ་ལས་ཉེས་པའི་ཆ་ཕྲ་མོའང་མེད་པས། དེ་ལྟར་ན། སྨོན་


LT34_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་སྐབས་སུ་དགེ་བའི་བཤེས་གཉེན་ཆེ་གེ་མོའི་དེའི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་རྫོགས་པར་གྱུར་ཅིག །དེ་ཉིད་ཀྱི་འབྲེལ་ཐོགས་ཀྱི་འགྲོ་བ་ཐམས་ཅད་ངན་སོང་གསུམ་གྱི་གནས་ལས་ཐར་ཏེ་སོགས་བསྒྱུར་བར་བྱའོ། །གཉིས་པ་བཞུགས་སུ་གསོལ་བ་ནི། སཱཙྪ་རྣམས་རབ་གནས་གྲུབ་པ་དང་ལམ་གྱི་བཞི་མདོར་མཆོད་རྟེན་བརྩིགས་པའི་ནང་དུ་ལེགས་པར་བསྒྲིགས་པའི་བར་དུ་བྱེ་མས་བཅེར། དེའང་ཚད་ལ་ངེས་པ་མེད་དེ་འབྱོར་པ་དང་བསྟུན། དབྱིབས་ལ་ངེས་པ་མེད་དེ་གང་འདོད་བྱ། མཐོང་ཚད་རེག་ཚད་ཀྱི་སྒྲིབ་པ་འདགས་པའི་རྒྱུ་ཡིན་གསུངས་ཀྱང་དེང་སང་ཚྭ་ཁང་དུ་གྲགས་པའི་ཁང་བུ་བརྩེགས་པའི་མཆོད་རྟེན་ཉིད་བྱ་སླ་ལ་ལེགས་པར་མངོན། དེ་ལའང་དྲི་མེད་ཆོ་གས་སྲོག་ཤིང་འཛུག་ཆོག་གྲུབ་ན་ཕན་ཡོན་ལྷག་པར་ཆེ། བཞུགས་སུ་གསོལ་གྲུབ་ནས། ཚུར་གཤེགས་སྐབས་ལྟར་ས་གཞི་བྱིན་རླབས་ནས་སྨོན་ལམ་ཚིགས་ལྷུག་གི་བར་དུ་བྱ། ཀླུ་ཆོག་མི་དགོས། རྣམ་སྣང་གི་རྡུལ་ཕྲ་རབ་ཀྱི་རང་བཞིན་མཆོད་རྟེན་གྱི་ཕུང་པོ་ལས་འོད་ཟེར་འཕྲོ་བས་མཐོང་ཐོས་དྲན་རེག་སངས་རྒྱས་ཀྱི་སར་སྒྲོལ་བའི་ཕྲིན་


LT34_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྟག་ཏུ་མཛད་པར་མོས་ལ་རྟེན་སྙིང་གི་མེ་ཏོག་འཐོར་ཞིང་བཀྲ་ཤིས་རྒྱས་པར་བརྗོད། སྲུང་མ་ལ་གཏོར་མ་འབུལ་ཏེ་མཆོད་རྟེན་གྱི་གཉེར་དུ་གཏད། སྔ་ཕྱི་གཉིས་ཀ་གང་བྱེད་ཀྱང་དེའི་ཉིན་མོ་བཞི་སྡེར་ལོངས་པ་ཡན་ཆོད་ཀྱི་དགེ་འདུན་ལ་ཅི་འབྱོར་བའི་ཆོས་སྟོན་གསོལ་ཏེ་སྨོན་ལམ་རྒྱ་ཆེན་པོ་གདབ་ཏུ་གཞུག་གོ། །གཞན་ཡང་པདྨ་དང་སེང་གེའི་ཁྲི་ལ་བཞུགས་པའི་མི་འཁྲུགས་པའི་སྐུ་ཚོན་གྱིས་འབྲི་བའམ། ས་ལས་བྱས་པའང་རུང་སྟེ་སྟོང་ཕྲག་གཅིག་བཞེངས་ནས་སྨོན་ལམ་གདབ་ན་མངོན་དགའི་ཞིང་དུ་སྐྱེ་བར་ངེས་པ་མདོ་ལས་གསུངས་པའང་བྱ་སླ་ལ་དོན་ཆེན་པོར་སྣང་བས་ཞར་བྱུང་དུ་སྨོས་པའོ།། ༈ །།ལྟོ་དང་གྲགས་པ་སྒྲུབ་པའི་ཡང་ཟོང་གིས། །དོན་ཆུང་མཛེས་ཁྲིགས་ཙམ་ལ་བློ་རྩེ་གཏད། །རྒྱལ་བས་གསུང་རྣམས་སླ་ཡང་མི་བྱེད་པ། །དེང་སང་ཕལ་ཆེར་ཐུབ་པའི་གདུང་གཅོད་དོ། །ཤི་བ་མངོན་སུམ་མཐོང་ལ་བརྩེ་བ་ཡི། །སྙིང་རྗེ་ཙམ་པོ་མེད་པའི་རྡོ་རྗེ་འཛིན། །གཟུགས་བརྙན་ཆོ་གས་འཚོ་བ་བཙལ་བ་ལས། །དབྱུག་ཐོགས་སྦྲང་དུ་འཁྱམས་པ་བསྐལ་པ་ཆེ། །ཆོས་


LT34_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

མིན་དུཿཁའི་ཉེ་བར་མི་ལེན་པར། །དགེ་སློང་མི་འཁྲུགས་པ་ཡི་སྨོན་ལམ་དང་། །མཚུངས་སྤྱོད་རྒྱལ་བ་དགྱེས་པའི་ལམ་འདིར་ཡང་། །རྒྱ་མཚོར་ཆུ་ཀླུང་བཞིན་ཏུ་འཇུག་པར་ཤོག །ཅེས་པའང་མི་འཕྲོག་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་མཁན་ཆེན་རྡོ་རྗེ་འཛིན་པ་ཀརྨ་ངེས་དོན་བསྟན་པ་རབ་རྒྱས་ཀྱི་གསུང་གི་བདུད་རྩི་སྙིང་ལ་སིམས་པ་དང་། སྒྲུབ་བླ་མ་སྔ་ཕྱི་རྣམས་ནས་ཀྱང་ཐུགས་ཉམས་སུ་འབྱོར་བའི་ཆ་རྐྱེན་ཏུ་ཉེ་བར་བསྐུལ་བས་མཚམས་སྦྱར་ཏེ། ཀུན་མཁྱེན་ཏཱའི་སི་ཏུའི་འབངས་ཐ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པའི་ཡི་གེ་པ་ནི་ལྔ་རིག་སྨྲ་བ་དགེ་སློང་ཀརྨ་འགྱུར་མེད་ཀྱིས་བགྱིས་པ་འགྲོ་བ་མཐའ་ཡས་པ་ལ་ཕན་ཐོགས་པར་གྱུར་ཅིག། །།དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousབཅོམ་ལྡན་འདས་མི་འཁྲུགས་པའི་ཆོག་མངོན་དགའི་ཞིང་གི་རྒྱན་མཛེས་བྱད་ལྷན་ཐབས་ཨིནྡྲ་ནཱི་ལའི་ཆུན་འཕྱངས།next