Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
ཇོ་བོ་ལུགས་ཀྱི་མི་འཁྲུགས་པ་ལྷ་དགུའི་དཀྱིལ་འཁོར་གྱི་སྒོ་ནས་ཕུང་པོ་བསྲེག་སྦྱོང་གི་ཆོ་ག་འཇམ་མགོན་བླ་མའི་དགོངས་རྒྱན།
   
   
   


 
previousཇོ་བོ་ལུགས་ཀྱི་མི་འཁྲུགས་པ་ལྷ་དགུའི་དཀྱིལ་འཁོར་གྱི་སྒོ་ནས་ཕུང་པོ་བསྲེག་སྦྱོང་གི་ཆོ་ག་འཇམ་མགོན་བླ་མའི་དགོངས་རྒྱན།next

ཇོ་བོ་ལུགས་ཀྱི་མི་འཁྲུགས་པ་ལྷ་དགུའི་དཀྱིལ་འཁོར་གྱི་སྒོ་ནས་ཕུང་པོ་བསྲེག་སྦྱོང་གི་ཆོ་ག་འཇམ་མགོན་བླ་མའི་དགོངས་རྒྱན།


LT34_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་བོ་ལུགས་ཀྱི་མི་འཁྲུགས་པ་ལྷ་དགུའི་དཀྱིལ་འཁོར་གྱི་སྒོ་ནས་ཕུང་པོ་བསྲེག་སྦྱོང་གི་ཆོ་ག་འཇམ་མགོན་བླ་མའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ།། །།


LT34_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨཱཀྵོ་བྷྱཿབཛྲཱ་ཡ། གང་མཚན་བསིལ་ཟེར་རྣ་བར་ལྷུང་ཙམ་གྱིས། །ངན་སོང་འཁོར་བའི་གདུང་བ་ལས་སྐྱོབ་ཅིང་། །རྣམ་གྲོལ་གཏན་བདེའི་དཔལ་ལ་སྦྱོར་མཛད་པ། །བླ་མ་བཅོམ་ལྡན་མི་འཁྲུགས་མགོན་ལ་འདུད། །དེ་ཡི་ཆོ་ག་ཇོ་བོའི་བཞེད་གཞུང་དོན། །རྣམ་གསལ་དམ་པའི་གསུང་དང་རྗེས་འབྲེལ་བའི། །གཞན་དོན་སྲེག་སྦྱོང་ལག་ཏུ་བསྟར་བའི་ཚུལ། །འཇམ་མགོན་བླ་མའི་དགོངས་པ་གསལ་བའི་རྒྱན། །འདི་ཀོ་ལྔ་པའི་གནས་སྐབས་སུ། །འཕྱན་ཏེ་ཉམས་ངའི་འགྲོ་བ་དག །ངན་འགྲོའི་དུཿཁ་ལས་ཟློག་སྟེ། །གཏན་བདེར་ངལ་འཚོའི་དཔྱིད་དུ་སྤེལ། །དེ་ལ་འདིར་མགོན་པོ་མི་འཁྲུགས་པའི་སྒོ་ནས་གསོན་གཤིན་ལ་ཕན་གདགས་པའི་ཐབས་ཀྱི་སྒོ་ཟབ་མོ་རྣམས་ལས་


LT34_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པའི་གནས་སྐབས་སུ་གྱུར་པའི་འགྲོ་བ་ཕལ་པ་དག་གི་ངན་སོང་གི་སྒོ་གཅོད་ཅིང་། མཐོ་རིས་དང་ཐར་པའི་ལམ་བཟང་པོར་འགོད་པའི་ཕྱིར་དུ་ཕུང་པོ་སྲེག་སྦྱོང་གི་ཆོ་ག་ལག་ཏུ་ཇི་ལྟར་ལེན་པའི་ཚུལ་གོ་གསལ་དུ་བསྡེབ་པ་ལ་ཐོག་མར་ཇི་ལྟར་བྱ་བ། བར་དུ་ཇི་ལྟར་བྱ་བ། ཐ་མར་ཇི་ལྟར་བྱ་བ་སྟེ་གསུམ་གྱིས་ཤེས་པར་བྱ་བ་ལས། ཐོག་མར་ཕུང་པོ་གང་དུ་བསྲེག་བའི་ས་བཙལ་ལ་དེར་སྟེགས་དུ་བྱས་ལ་སྔོན་འགྲོ་གཏོར་མ་ཉེར་སྤྱོད་བཅས་བཤམས། ཨོཾ་བཛྲ་ཡཀྵ་ཧཱུྃ། སོགས་ཀུན་རིག་ལྟར་བྱིན་བརླབས། ལྷ་དང་ལྷ་མིན་སོགས་དང་། འབྱུང་པོ་གང་དག་སོགས་ཀྱིས་གཏོར་མ་ཕུལ་བས་ས་བསླང་། སྦྱོང་བ་གསུམ་བྱས་ལ། ལས་ཐམས་ཅད་པའི་སྔགས་བཟླ་བཞིན་དུ་ཐབས་བརྩིག །དབུས་སུ་ལྷ་མཚན་པདྨ་འདབ་བརྒྱད་སོགས་ཞི་བའི་ཐབ་ཁུང་སྤྱི་མཚུངས་ཀྱི་ཐིག་དང་རྡུལ་ཚོན་གྱིས་བྲི་བའམ།


LT34_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

རས་ལ་ཞི་ཐབ་སྤྱི་འགྲ་སླར་བཏབ་སྟེ་ཆུ་མཚོན་བྱས་པ་བཏིང་བ་གང་འཛོམ་བྱ། ཐབ་བརྩིགས་ཚུལ་སོགས་འདི་སྐོར་བརྗེད་བོན་རིན་པོ་ཆེ་ཀརྨའི་གསུང་དུས་ཐ་མའི་ཉེར་མཁོ་བེ་བུམ་དུའང་བལྟས་ན་གལ་ཆེ་བ་ཡོད། གཟུངས་སྔགས་དང་ངན་སོང་སྦྱོང་བའི་སྔགས་བཏབ་པའི་བུད་གང་སོགས་ལའང་ཡུངས་ཀར་ལ་ལས་སྔགས་བཟླས་པས་བྲབས། རས་སམ་ཤོག་བུར་པདྨ་འདབ་བརྒྱད་ཁྲུ་གང་བའི་ལྟེ་བར་འཁོར་ལོས་མཚན་པ་བྲིས་ཤིང་ཞུན་མར་གྱོས་དགོས་པ་རོའི་གདན་དུ་བཏིང་། །བདག་མདུན་བུམ་ཆོག་བདག་འཇུག་བཅས་ཟིན་པའི་རྗེས་སུ། རོ་ལ་གཟུངས་ཚེག་གིས་བསྒྲུབས་པའི་བུམ་ཆུས་བཀྲུ། སྣམ་རས་ཀྱིས་ཕྱི། དེ་དག་དངོས་སུམ་བྱུང་ཡང་མཚོན་བྱེད་བྱ། གནས་ཡིག་རྒྱས་པ་གཞན་ཡང་གྲུབ་ན་ལེགས་ཤིང་། དམིགས་བསལ་སྤྱི་བོར་ཨོཾ་དང་གཟུངས་རིང་པྲ་ཏི་ཧ་ནའི་མཐར། ཆེ་གེ་མོའི་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་དང་བཅས་པ་སརྦ་ཀརྨ་སོགས་དང་། མགྲིན་པར་ཨཱཿདང་། གཟུངས་རིང་གཤམ་ཆེ་གེ་མོའི་ངག་གི་སྒོ་ནས་སོགས། སྙིང་གར་ཧཱུྃ་དང་། གཟུངས་རིང་གཤམ། ཆེ་གེ་མོའི་ཡིད་ཀྱི་སྒོ་ནས་ཞེས་སོགས་ཀྱི་ཤམ་བུ་སྦྱར་པ་མཐིང་ཤོག་ལ་གསེར་དངུལ་ལམ། མ་འབྱོར་ན་རྒྱ་ཤོག་ལ་དྲི་བཟང་བསྲེས་པའི་མཚལ་གྱིས་བྲིས་ཏེ་གནས་སོ་སོར་ཡིག་ངོ་ནང་བསྟན་དུ་དཀྲིས་ཏེ་སྦྱར། དེ་དག་ལས་འོད་ཟེར་འཕྲོས་རྟེན་དེའི་སྡིག་སྒྲིབ་སྦྱོང་བར་བསམ་ལ་གཟུངས་སྔགས་ཤམ་བུ་ཅན་དེ་དག་མང་དུ་བརྗོད་ལ་སྔགས་བཟླ་བཞིན་དུ་རབ་བྱུང་ཡིན་ན་ཆོས་གོས། ཁྱིམ་པ་ལ་རས་


LT34_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

སྣམ་གྱིས་དཀྲིས་ཏེ་སྔགས་ཀྱིས་བཏབ་བའི་བདུག་ངས་བདུག །དཀྱིལ་འཁོར་ལྷོ་སྒོར་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་བཞག་ལ་རྟེན་བསྐྱེད་འགུགས་བ་སྦྱོང་བ་རྣམ་གསུམ་ཏི་ལ་སྦྱོང་བྲབ་པ་བཀྲུ་བདུག་སྦྱོང་སྐྱབས་འགྲོ་དབང་བསྐུར་རྫོགས་པར་བྱས་པའི་རྗེས་སུ་ལམ་སྦྱོང་བསྟན་བྱ། སླར་ཡང་སྐད་ཅིག་གིས་ཕུང་པོ་ལྷར་གསལ་བར་གྱུར་པའི་སྤྱི་བོར་ཨོཾ་སོགས་གནས་གསུམ་བྱིན་གྱིས་བརླབས་ལ་མཆོད་པ་ལྔ་སྔགས་ཙམ་གྱིས་མཆོད། སློབ་དཔོན་རྡོར་དྲིལ་ཐོགས་ཤིང་གཟུངས་སྔགས་བརྗོད་པས་སྣ་དྲངས་ཏེ་བསྲེག་ཁང་དུ་མགོ་སློབ་དཔོན་བསྟན་ནས། དཀྲིས་ཕུད་དེ་ལྟག་པའི་ཕྱོགས་སུ་བཞག་བུད་ཤིང་གིས་ལེགས་པར་གཅེར་བ་དེ་དག་ནི་ཐོག་མར་ཇི་ལྟར་བྱ་བའི་རིམ་པ་སྙིང་པོར་འདྲིལ་བའོ། །གཉིས་པ་བར་དུ་བྱ་བ་སྦྱིན་སྲེག་དངོས་གཞིའི་རིམ་པ་སྨོས་པ་ལ། སློབ་དཔོན་སོགས་སྒྲུབ་པ་པོ་རྣམས་ཁ་ཤར་རམ་བྱང་དུ་ཕྱོགས་པས་འཁོད་པའི་སློབ་དཔོན་མདུན་དུ་རྡོར་དྲིལ། ལས་བུམ་མམ་བསད་ཆུ་གང་བདེ། དགང་བླུགས་ཁ་སྦྱར་དུ་དགོད། གཡས་གཡོན་གཉིས་སུ་སྟེགས་དཀར་པོ་ཀུ་ཤ་བཀྲམ་པ་རེ་རེའི་སྟེང་། གཡོན་དུ་མེ་ལྷའི་འབུལ་གཏོར་དཀར་ཟླུམ། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་ཆ་གཉིས། མདུན་དུ་དུང་ཞལ་ལྟ་བུར་དྲི་བཟང་སྦྱར་བའི་ཆབ། རྩ་བ་དང་ཁྱད་ཕར་གྱི་མཆོད་ཡོན་གཉིས། གསས་སུ་བསྲེག་རྫས་བལ་བུ་ཤུག་པ་སོགས་ཞི་བའི་ཤིང་ལས་བཅོག་པའི་ཡམ་ཤིང་། ཏིལ། ཡུངས་ཀར། གྲོ། ནས། སྲན་མ། ཞོ། སྨན་ལྔ། དཱུ་རྦ། ཀུ་ཤ། མེ་ཏོག་དཀར་པོའམ་མ་འབྱོར་ན་འབྲས་དཀར་


LT34_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མེ་ལྷ་དང་སྲེག་ལྷ་ལ་མང་ཉུང་ཚར་གཉིས་སམ། མེ་ལྷ་ལ་གྲོ་ནས་ཕྱིན་རྫས་སྤུངས་བྱས་ཀྱང་ཆོག །སྟབས་གང་བ་དེར་མར་ཁུ། ཀུ་ཤའི་ཆུན་པོ་བརྒྱད། དཔལ་འབར། རླུང་གཡབ་སོགས་བཞག་གོ། །དེ་ནས་བསངས་ཆུའམ་ལས་བུམ་གྱི་ཆུ་ལ་དམིགས་ཏེ། སྟོང་པའི་ངང་ལས་ཤཾ་ལས་བྱུང་བའི་དུང་ཕོར་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། ཧཱུྃ་ལས་བྱུང་བའི་བསང་བའི་ཆུ་དྭངས་ཤིང་ཐོགས་པ་མེད་པ། རྫས་ཐམས་ཅད་ཀྱི་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་གྱུར། །ན་མོ་རཏྣ་ཏྲ་ཡཱ་ཡ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་བཛྲ་ཀྲོདྷ་ཡ། ཏདྱ་ཐཱ། ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བདུད་རྩི་ཐབ་སྦྱོར་རྩ་སྔགས་འབྲིང་པོ་ལན་བདུན་དང་། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་ཙམ་བཟླས་པའི་མཐར་ཧཱུྃ་རིང་པོ་བདུན་ནམ་ཉེར་གཅིག་བརྗོད། མཆོད་གཞི་གཡོན་ལ་བཤམས་པ་གཟི་བྱིན་བསྐྱེད་པའི་དྲི་ཆབ་ལ་དམིགས་ཏེ། ན་མོ་ལོ་ཀ་དྷྲྀ་ཏཱ་ཡ། ཨོཾ་ཤང་ཀ་རེ། ཤཱནྟི་ཀ་རེ། གྷུྚ་གྷུྚ་གྷུྚ་ནི་གྷཱ་ཏ་ཡ་གྷུྚི་ནི་སྭཱ་ཧཱ། །ཉེར་གཅིག །ཨོཾ་ཀུ་ལནྡྷ་རི་བནྡྷ་བནྡྷ་ཧཱུྃ་ཕཊ། ཅེས་ཉེར་གཅིག་བཅས་མཱ་མ་ཀིའི་རིགས་སྔགས་དང་སྙིང་པོ་བཅས་བཟླ། ཛྭ་ལ་ཛྭ་ལ་ཕཊ། སིདྡྷི་སཱ་དྷ་ཡ་ཕཊ། དཱི་པེ་དཱི་པཱ་ཡ་ཕཊ། ཅེས་ལན་བདུན་བཟླས། ཀུ་ཤའི་རྩེ་མོས་ཐོག་མར་བསང་ཆུ་དང་། དེ་ནས་དྲི་ཆབ་ཀྱིས་མཆོད་རྫས་བསྲེག་རྫས་ཐམས་ཅད་ལ་བསང་གཏོར་བྱས་ཏེ།


LT34_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རཏྣ། ཨ་མྲྀ་ཏེ༴ ན་མོ་ལོ་ཀ༴ ཨོཾ་ཀུ་ལནྡྷ༴ ཛྭ་ལ༴ སོགས་བདུད་རྩི་ཐབ་སྦྱོར་དང་སྔགས་བཤད་མ་ཐག་བདེ་ལན་གཅིག་བརྗོད་ལ། ཨོཾ་གཟི་བརྗིད་ལྡན་པས་རྫས་ནང་དུ། །ཕྱི་བཤོལ་མ་མཛད་བཞུགས་ནས་སུ། །ཀུན་གྱི་གཟི་བརྗིད་སྤེལ་བ་དང་། །བྱིན་རླབས་ཅན་དུ་མཛད་དུ་གསོལ། ཨོཾ་བཛྲ་ཧཱུྃ་དྷ། བདུན། ཛི་ན་ཛིཀྲ། ལན་བདུན་བཅས་བརྗོད། ཚེ་ལས་འདས་པའི་ཕུང་ཁམས་སྐྱེ་མཆེད་དང་། བསྲེག་རྫས་རྣམས་ཐ་མི་དད་པས་དྭངས་ཤིང་ཐོགས་པ་མེད་པས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ངན་སྡིག་སྒྲིབ་ཐམས་ཅད་ཡོངས་སུ་སྦྱོང་བའི་ནུས་པ་དང་ལྡན་པར་གྱུར། པར་མོས་མཐར་དཔལ་འབར་ཐོགས་ལ། །གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །ཕུང་པོ་ལྔ་ཡི་བུད་ཤིང་ལ། །རྒྱལ་བ་རིགས་ལྔའི་མེ་སྦར་རོ། །འབྱུང་བ་བཞི་ཡི་བུད་ཤིང་ལ། །ལྷ་མོ་བཞི་ཡི་མེ་སྦར་རོ། །དབང་པོ་དྲུག་གི་བུད་ཤིང་ལ། །བྱང་ཆུབ་སེམས་དཔའི་མེ་སྦར་རོ། །ཡུལ་རྣམས་དྲུག་གི་བུད་ཤིང་ལ། །ལྷ་མོ་དྲུག་གི་མེ་སྦར་རོ། །ལུས་ངག་ཡིད་གསུམ་བུད་ཤིང་ལ། །རྒྱལ་བའི་སྐུ་གསུམ་མེ་སྦར་རོ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ། །འགྲོ་བའི་དོན་དུ་འགྲུབ་པར་ཤོག །ཅེས་དྲིལ་གདངས་བཅས་བརྗོད་མཐར། ཨ་མྲྀ་ཏ་དང་ཛི་ན་ཛིཀྲ་བཟླ་བཞིན་དུ་མེ་སྦར། མར་ཁུ་བླུགས་གཟར་གྱིས་ཅུང་ཟད་བཅུས་ཏེ་བླུགས་ལ། གདངས་རིང་པོས་སྭཱ་ཧཱ་ཞེས་ལན་བདུན་དང་། ཧཱ་ཡིག་


LT34_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

རིང་པོའང་ལན་བདུན་བརྗོད་ཅིང་བསྒྱིངས་བ་དང་བཅས་པར་བྱའོ། །ཨོཾ་དང་བྷྲཱུྃ་མང་དུ་བརྗོད། རླུང་གཡབ་ཀྱིས་གཡབ། ཀུ་ཤ་ལ་སོགས་པའི་རྩ་སྔོན་པོའི་བམ་པོ་ཐོགས་ལ། ཨོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ། །ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་ཏེ། །ཚངས་པ་ཡི་ཡང་དག་བྱེད་ཡིན། །འདིས་བདག་ཅག་འཁོར་དང་བཅས་པ་ལ་གེགས་མེད་ཅིང་དམིགས་ཡུལ་ཚེ་ལས་འདས་པའི་སྡིག་སྒྲིབ་ཞི་བའི་ལས་ཀྱི་དངོས་གྲུབ་ཀྱང་སྩལ་དུ་གསོལ། །ཞེས་བརྗོད། དེ་ནས་རང་གི་མདུན་ནས་གཡས་བསྐོར་གྱི་རིམ་པས་ཐབ་ཀྱི་ཕྱོགས་མཚམས་བརྒྱད་དུ་སྔ་མ་སྔ་མའི་རྩེ་མོ་ཕྱི་མ་ཕྱི་མའི་རྩ་བས་ནོན་པར་བཀྲམ་མོ། །ཐབ་ལ་བསང་ཆུ་འཐོར། སྟོང་པའི་ངང་ལས་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ། རྒྱར་ཁྲུ་གང་པ། ཟབས་སུ་ཁྲུ་ཕྱེད་པ། མུ་རན་དང་ཁ་ཁྱེར་སོར་བཞི་པ་ལ་པདྨའི་ཕྲེང་བས་བསྐོར་བ། ཕྱི་རོལ་གྱི་སྟེགས་བུ་གྲུ་བཞི་པའི་གྲྭ་བཞིར་རྡོ་རྗེ་རེ་རེས་མཚན་པ། དྭངས་ཤིང་ཐོགས་པ་མེད་པའི་ནང་ཞི་བའི་མེ་དཀར་ལ་བསིལ་བར་འབར་བའི་དབུས་སུ་པདྨ་དང་ཟླ་བའི་གདན་གྲུབ་པར་གྱུར། །ལག་གཉིས་ཁུ་ཚུར་ལས་གུད་མོ་སྒྲེང་བའི་ཚིགས་གསུམ་པར་མཛུབ་མོའི་རྩེ་མོ་སྦྱར། གཡས་སྙིང་གར་ཕྱིར་བསྟན། གཡོན་དཀུར་བཞག་མཐེ་བོང་ནང་དུ་བསྐྱོད་ལ། ཨོཾ་ཚུར་བྱོན་ཚུར་འབྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་


LT34_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨགྣ་ལེ་ཧ་བྱ་ཀ་བྱ་པ་ཧ་ནཱ་ཡ་སྭཱ་ཧཱ། །ཞེས་མེ་ལྷའི་སྔགས་ཐུང་བས་སྤྱན་དྲངས། འོག་ཏུ་མེ་ལྷའི་སྔགས་ཐུང་ཟེར་ཚད་འདི་ཡིན་པའང་ཤེས་པར་བྱའོ། །ན་མོ་རཏྣ་སོགས་བདུད་རྩིའི་སྔགས་དང་བསང་ཆུ་འཐོར། མེ་ལྷའི་སྔགས་ཐུང་སྨོས་མ་ཐག་པས་མར་ཁུ་དགང་བླུགས་གསུམ་འབུལ། ཐབ་ཀྱི་དབུས་སུ་དྲང་སྲོང་ཆེན་པོ་མེ་ལྷ་སྐུ་མདོག་དཀར་པོ། ཕྱག་གཡས་གཉིས་ཀྱིས་མཆོག་སྦྱིན་དང་བགྲང་ཕྲེང་། གཡོན་གཉིས་ཀྱིས་དབྱིག་པ་དང་རིལ་བ་སྤྱི་བླུགས་འཛིན་པ། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་གནས་པ། འཁོར་དྲང་སྲོང་གི་ཚོགས་ཐམས་ཅད་ཀྱིས་བསྐོར་ཏེ་བཞུགས་པར་གྱུར། །ཨོཾ་བཛྲ་ཀི་ལི་ཀཱི་ལ་ཡ་བཛྲ་བྷི་མ་རོ་དྲྀ་པ་མི་ཏྲ་མ་ཧཱ་ཀྲོ་དྷཱ་ལ་བི་ཛ་ལ་ནི་ཀྲྀནྟ་ཧཱུྃ་ཕཊ། བནྡྷ་བནྡྷ་སྭཱ་ཧཱ། །ཞེས་བགེགས་བསངས། སྤྱན་འདྲེན་པའི་ཕྱག་རྒྱ་ལས་མཐེ་བོང་མཛུབ་མོའི་གློར་བཞག་པ་དང་མེ་ལྷའི་སྔགས་ཐུང་བརྗོད་པས་དམ་ལ་བཞག །ཨོཾ་ཨཱགྣ་ཡེ་ཧ་བྱ་ཀ་བྱ་པཱ་ཧ་ན་ཨཱ་དི་བྱ་ཨཱ་དི་བྱཱ་ཡ་སྭཱ་ཧཱ། །ཞེས་མེ་ལྷའི་སྔགས་རིང་བས་མར་ཁུ་དགང་བླུགས་བདུན་དང་ཡམས་ཤིང་བདུན་འབུལ། མེ་ལྷ་རྡོ་རྗེ་ལས་ཀྱི་གཙོ། །ཚེ་འདས་སེམས་ཅན་སྦྱོང་བ་དང་། །ལྷ་རྣམས་ཚིམས་པར་བྱ་བའི་ཕྱིར། །འདི་ཉིད་དུ་ནི་ཕྲིན་ལས་མཛོད། །ཅེས་གསོལ་བ་བཏབ་པས་མེ་ལྷའི་ཐུགས་ཀའི་འོད་ཟེར་གྱི་ལྕགས་ཀྱུས་ཚེ་འདས་ཀྱི་


LT34_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དྲངས་ཏེ་རོ་དང་སྲེག་རྫས་རྣམས་གཉིས་སུ་མེད་པ་བདུད་རྩིའི་དྭངས་མར་བྱས་ཏེ་བཞེས་པར་བསམ་ལ། ཨོཾ་ཏིཥྛ་ཧ་རི་པིངྒ་ལ་ལོ་ཧ་ཏ་ཨཀྵ་དེ་ཧི་ད་དཱ་པ་ཡ་ཧཱུྃ་ཕཊ་ཕཊ། །སརྦ་བི།།།ན་ནཱ་ཤ་ཡ་སྭཱ་ཧཱ། །ཞེས་པའི་སྔགས་འདི་ཁོ་ནས་ཏིལ་ཡུངས་བདུན་རེ། དཀར་གསུམ་དང་འབྲུ་སྣ་ལ་སོགས་པ་སྲེག་རྫས་གཞན་རྣམས་གསུམ་རེའམ། རྫས་ལྤུངས་བྱས་ལོད་ན་ཉེར་གཅིག་ཙམ་འབུལ་ཞིང་། བསྲེག་རྫས་སྔགས་ཤམ་དུ། ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། །ཞེས་སོ་སོར་སྦྱར་ཏེ་བསྲེག་རྫས་རྣམས་གོང་སྨོས་གྲངས་བཅད་དམ་ཇི་ཙམ་འོས་པའི་མ་གྱིས་འབུལ། ལང་གོང་བཞིན་ཨོཾ་ཨཱགྣ་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ་སྭཱ་ཧཱ། །ཅེས་བསམ་པ་དགང་བླུགས་བདུན་ལ་སོགས་པས་ཇི་ཙམ་འོས་པ་འབུལ། སྐབས་དེ་དག་ཏུ་མེ་བྲ་ངན་པ་དག་བྱུང་ན་བདུད་རྩི་ཐབས་སྦྱོར་གྱི་སྔགས་ཀྱིས་བསང་ཆུ་གཏོར་བས་བཟློག་པར་གསུངས་སོ། །མཐར་བདག་གི་སྦྱིན་སྲེག་གི་ལས་འདི་གེགས་མེད་ཅིང་འབྲས་བུའི་མཆོག་དང་ལྡན་པར་མཛད་དུ་གསོལ། །ཞེས་གསོལ་བ་ལན་གསུམ་དུ་གདབ། མེ་ལྷ་ཐབ་ཀྱི་ཟུར་ན་ཅི་བདེར་བཞུགས་པར་གྱུར། །ཞེས་མོས། དེས་མེ་ལྷ་གྲུབ་ནས་འདས་ལྷ་ལ་བུད་ཤིང་གསོ། ན་མ་སརྦ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། །ལན་གསུམ་གྱིས། །ལྷའི་གདན་གྲུབ་པར་གྱུར་བར་བསམ། སྟེགས་གཡོན་པའི་མཆོད་ཡོན་གཉིས་རིམ་པར་ལག་


LT34_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པས་བླངས། གཡས་པས་སྤོས་ཐུང་གླ་རྩི་འདྲེས་པ་སོགས་མ་ཡིན་པའི་སྤོས་དཀར་ཙནྡན་སོགས་ཀྱིས་འདུག །བྷྲཱུྃ་བདུན་དང་། ཛི་ན་ཛིཀྲ་བདུན། ཨོཾ་ཥྚོཾ་བྷནྡྷ་སྭཱ་ཧཱ། །ཉེར་གཅིག་བཅས་སོ་སོར་བཟླས་པས་བྱིན་གྱིས་བརླབས་ལ་རྩ་བའི་མཆོད་ཡོན་སློབ་དཔོན་གྱི་མདུན་ཅོག་དབུས་སུ་བཞག །དེའི་གཡོན་དུ་ཁྱད་པར་གྱི་མཆོད་ཡོན་དང་། གཡས་སུ་སྤོས་ཕོར་དུ་འདུག་སྤོས་གཙང་མ་རྣམས་བཤམས། ཙག་སྟེང་བཟེད་ཞལ་གཙང་མའང་བཞག །ན་མོ་རཏྣ་ཏྲ་ཡཱ་ཡ། ལན་གསུམ་གྱིས་ཕྱག་བཙལ། རྡོ་རྗེ་ཐལ་མོ་ཁ་ཕྱེ་ལ། མཛུབ་མོ་གཉིས་རྩེ་མོ་སྦྱར་ལ་སྒྲེངས། མཐེ་བོང་གཡབ་ཅིང་། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདར། །བདག་གི་མཆོད་ཡོན་འདི་བཞེས་ལ། །མཆོད་པས་བདག་ལ་དགེས་བར་མཛོད། །བྷྲཱུྃ་ཛིན་ཛིཀྲ། ཨཀྵོ་བྷྱ་ཨེ་ཧྱེ་ཧི། ཞེས་སྤྱན་འདྲེན་གྱི་གསོལ་འདེབས་འདི་ཚར་གསུམ་དལ་བར་བརྗོད་པའི་ཚེ་ལན་དང་པོར་ཕྱག་རྒྱ་སྤྱི་བོའི་ཐད་དུ་བྱ། ཚར་གཉིས་པ་ལ་གོང་སྨོས་ཕྱག་རྒྱ་དེས་རྩ་བའི་མཆོད་ཡོན་གཙང་མ་ཐོགས་ཏེ་སྤྱི་བོའི་ཐད་ནས་བཟེད་ཞལ་དུ་འབུལ། ཚར་གསུམ་པ་ལ་རྫས་སྦྱར་བའི་ཁྱད་པར་གྱི་མཆོད་ཡོན་ཐོགས་ཏེ་འབུལ། །མཆོད་ཡོན་རྫས་དངོས་སུ་མ་འཛོམ་ན་ཆུ་གཙང་ངམ་མེ་ཏོག་ཙམ་དང་བཅས་པ་འབུལ་ཞིང་། ལྷག་མ་དམིགས་པ་ཁོ་ནས་འགྲུབ་པོ། །དེ་ནས་ཕྱག་རྒྱ་པདྨ་ཁ་བྱེ་བའི་ཚུལ་ཅན་གྱིས། བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། །


LT34_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཨོཾ་ཀ་མ་ལཱ་ཡ་སྭཱ་ཧཱ། །ཡང་ཕྱག་རྒྱ་དེ་དང་འདྲབ་པས་གུང་མཛུབ་སྲིན་གསུམ་རྡོ་རྗེ་རྩེ་ལྔ་ལྟ་བུར་བྱས་ལ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་རྗེས་ཐུགས་དཔག་མཛད་དུ་གསོལ། །ཨོཾ་བཛྲ་ཨཱས་ནི་ཧཱུྃ་ཕཊ། །པདྨ་ཁ་ཕྱེ་ལས། སོར་མོ་དབུས་མ་གཉིས་གཤིབས་ཏེ་བསྒྲེང་བ་དང་། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་བཛྲ་ཀ་ཧཱུྃ་ཕཊ། །ཡེ་ཤེས་ཀྱི་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་སོ་སོ་རང་རང་གི་གདན་ལ་བཞུགས་པར་གྱུར་པ་ནི། དབུས་སུ་བཅོམ་ལྡན་མི་འཁྲུགས་པ། །སྐུ་མདོག་དཀར་པོ་སོགས་ནས། བཀྲ་ཤིས་ལྷ་མོ་བརྒྱད་བསྐྱོད་ཚིག་དོན་ཐོབ་ལྟར་ན། དར་དང་རིན་ཆེན་རྒྱན་ལྡན་གསལ། །ཞེས་པའི་བར་གྱིས་གསལ་གདབ། གཤེགས་རིགས་ཀྱི་དམ་རྒྱ་པ་ཅེས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏོདྦྷ་བ་སྭཱ་ཧཱ། །ཞེས་བརྗོད། མཆོད་ཡོན་སོགས་རིམ་པར་ཕུལ་ཡ། འཇིག་རྟེན་ཁམས་ནི་སོགས་ཀྱིས་མཆོད། རྒྱལ་བ་ཟླ་བ་སོགས་ཀྱིས་བསྟོད་མཐར། ནམ་མཁའི་


LT34_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་ལྡན་གསལ་བའི་སྐུ། །མཚན་དཔེས་རབ་མཛེས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །རྡོ་རྗེ་དང་བཅས་བདུད་འདུལ་མཉམ་བཞག་མཛད། །མགོན་པོ་མི་འཁྲུགས་སྐུ་ལ་ཕྱག་འཚལ་ལོ། །ཆེ་གེ་ཞེས་བྱའི་ཚེ་འདས་རིགས་ཀྱི་བུ། །ཐོགས་མེད་ནས་བསགས་སྲོག་གཅོད་ལ་སོགས་པའི། །ལུས་ཀྱི་སྒྲིབ་བ་མ་ལུས་དག་གྱུར་ནས། །མི་འགྱུར་རྡོ་རྗེ་སྐུ་ཡི་དངོས་གྲུབ་སྩོལ། །ལྷ་ཡི་རྔ་བོ་ཆེ་ལྟར་རྣམ་ཀུན་ཏུ། །རྣམ་པར་རྟོག་མེད་ལེགས་བཤད་སེང་གེའི་སྒྲ། །ཡན་ལག་དྲུག་ཅུས་བརྒྱན་པ་ལེགས་སྒྲོགས་པ། །བཅོམ་ལྡན་མི་འཁྲུགས་གསུང་ལ་ཕྱག་འཚལ་ལོ། །ཆེ་གེ་ཞེས་བྱའི་ཚེ་འདས་རིགས་ཀྱི་བུའི། །ཐོགས་མེད་ནས་བསགས་རྫུན་ཚིག་ལ་སོགས་པ། །ངག་གི་སྒྲིབ་པ་མ་ལུས་དག་གྱུར་ནས། །ཡན་ལག་དྲུག་ཅུ་གསུང་གི་དངོས་གྲུབ་སྩོལ། །ཡེ་ཤེས་རྒྱ་མཚོ་ཡོན་ཏན་ནོར་བུས་བརྒྱན། །ཆོ་འཕྲུལ་རྣམ་པར་འཕྲུལ་བའི་རྦ་རླབས་ཅན། །སྲིད་ཞིའི་རླུང་གིས་རྣམ་པར་མི་གཡོ་བ། །མི་འཁྲུགས་རྒྱལ་པོའི་ཐུགས་ལ་ཕྱག་འཚལ་ལོ། །ཆེ་གེ་ཞེས་བྱའི་ཚེ་འདས་རིགས་ཀྱི་བུའི། །ཐོགས་མེད་ནས་བསགས་པ་རྣབ་སེམས་ལ་སོགས་པའི། །ཡིད་ཀྱི་དྲི་མ་མ་ལུས་དག་གྱུར་ནས། །ཡེ་ཤེས་ལྔ་ལྡན་ཐུགས་ཀྱི་དངོས་གྲུབ་སྩོལ། །གཙོ་བོ་དཀྱིལ་འཁོར་ལྷ་ཚོགས་དང་བཅས་ཀྱིས་


LT34_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འདས་ཆེ་གེ་ལ་སོགས་འགྲོ་རྣམས་ལ། །སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་ལེགས་གཟིགས་ནས། །བརྩེ་བའི་ཐུགས་རྗེ་ཆེན་པོས་ལེགས་བཟུང་ལ། །སྔོན་ཆད་བསགས་པའི་སྒྲིབ་པ་གང་མཆིས་དང་། །བག་ཆགས་དང་བཅས་སྒྲིབ་པ་སོལ་མཛོད་ལ། །སྲིད་དང་རྣམ་གྲོལ་བདེ་བ་གང་ལགས་པ། །དངོས་གྲུབ་བདེ་ཆེན་མྱུར་དུ་སྩལ་དུ་གསོལ། །ཞེས་གསོལ་བ་གདབ་བོ། །དེ་ནས་ལྟུང་བ་སློང་བའི་སྔགས། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་ཨ་པཱ་ཡ་ཨ་པཱ་ཡ་ཧཱུྃ། དེའི་ཕྱག་རྒྱ་ལག་གཉིས་ཁུ་ཚུར་སོ་སོར་བཅངས་པའི་མཛུབ་མོ་གཉིས་ཅུང་ཟད་བཀུག་པ་ཁ་སྦུབས་ནས་བརྐྱངས་ཏེ་ཚུར་དྲངས་པ་གྱེན་དུ་བཀན་ཅིང་། ངན་སོང་གསུམ་ཚེ་འདས་དང་བཅས་པ་གཙོ་བོའི་མདུན་དུ་བཀུག་པར་གྱུར། བར་བསམ། འདོད་རྒྱལ་གྱི་རྒྱ་དང་། སྡིག་པ་འགུགས་པའི་སྔགས། ཨོཾ་སརྦ་པཱ་པཾ་ཊཀྐི་ཧཱུྃ་ཛཿ ཚེ་ལས་འདས་པ་དེའི་སྡིག་པ་ཐམས་ཅད་ཀྱང་བཀུག་པར་གྱུར། པར་བསམ། སྡིག་པ་སྦྱོང་བའི་སྔགས། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་ཨཱ་བ་ན་ཡ་ཧཱུྃ། སྡིག་པ་དྲལ་བའི་སྔགས། ཨོཾ་ཨཀྵོ་བྷྱ་བཛྲ་སརྦ་པཱ་པཾ་བི་ཤོ་དྷ་ནི་ཨཀྵོ་བྷྱ་བཛྲ་ཏྲཊ། བཛྲ་པཱ་ི་བི་སྥོ་ཊ་ཡ། སརྦ་ཨཱ་པཱ་ཡ། བྷནྡྷ་ནི། པྲ་མོཀྵ་ཡ། སརྦ་ཨཱ་པཱ་ཡ་ག་ཏི་བྷྱཿ སརྦ་སཏཱཾྭ། སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲ་ཊྲ། ཕྱག་རྒྱ་རྡོ་རྗེ་བསྡོམས་པ་ལས་གུང་མོ་གཉིས་བསྒྲེངས་བའི་རྩེ་སྦྱར་བའི་མཐེ་བོང་གཉིས་དང་མཐེའུ་ཆུང་གཉིས་གཅིག་ལ་གཅིག་སྦྱང་བས་ཕན་ཚུན་ཡང་


LT34_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དྲུད་པ་དང་། སླར་ཡང་། བཛྲ་བྷནྡྷ་ཏྲཊྲ། ཅེས་ལན་གསུམ་བརྗོད་ཅིང་ཕྱག་རྒྱ་རྡོར་བསྡམ་ལན་གསུམ་བྲལ་ནས། ཚེ་ལས་འདས་པའི་སྡིག་པ་ཐམས་ཅད་བཀྲུག་ཅིང་དྲིལ་ཏེ། རོ་དང་བསྲེག་རྫས་རྣམས་ལ་ཐིམ་སྟེ། ཡེ་ཤེས་ཀྱི་མེས་ལྷག་མེད་དུ་གསོལ་བར་གྱུར་པར་བསམ་སྟེ། དེ་ནས་མར་གྱི་དགང་བླུགས་སྔོན་དུ་འགྲོ་བའི། ཡམས་ཤིང་ནས་བརྩམས་བསྲེགས་རྫས་ཐམས་ཅད་རིམ་བཞིན་འབུལ་ཏེ། །སྔགས་ནི་རྒྱ་གཞུང་ལས། ཐམས་ཅད་རྒྱུན་གཅོད་སྔགས་ཀྱིས་བྷྱ། ཞེས་པས་གཟུངས་རིང་ཁོ་ནས་འབུལ་བ་ཡིན་པས། ན་མོ་བྷ་གབ་ཏེ་ཨཀྵོ་སོགས་གཟུངས་རིང་ཚར་རེ་དང་མར་ཁུ་བླུགས་གཟར་རེ་སྦྲགས་ལ་ཚར་ཉེར་གཅིག་སོགས་འབུལ། དེའང་གཟུངས་རིང་མཐར། ཨོཾ་སརྦ་པཱ་བཾ་ད་ཧ་ན་པཛྲཱ་ཡ་ཆེ་གེ་མོའི་པཱ་པཾ་ནི་ད་ཧ་སྭཱ་ཧཱ། ཞེས་བཏགས་ཏེ་ཕུལ་བས། ལྷ་ཐམས་ཅད་ཀྱིས་ཚེ་ལས་འདས་པ་དེའི་ལུས་ལ་དབང་བསྐུར་ཞིང་སྡིག་སྒྲིབ་དང་ངན་སོང་གི་སྡུག་བསྔལ་ལ་སོགས་པ་ཞི་བར་བྱས་པར་བསམ། རྫས་ཚན་རེའི་མཐར། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཐུགས་རྗེའི་བདག་པོ་མི་འཁྲུགས་བའི་ལྷ་ཚོགས་འཁོར་དང་བཅས་པས་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བའི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཡོངས་སུ་སྦྱོང་བ་དང་། མྱུར་དུ་འཁོར་བ་དང་ངན་སོང་གི་


LT34_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ལས་འདོན་པའི་ཕྲིན་ལས་མཛོད་ཅིག །ཅེས་སྦྱར། རྫས་ཐམས་ཅད་རྫོགས་པ་དང་། ཏིལ་ཡུངས་དང་སྔགས་གཟུངས་རིང་ཁོ་ན་ལ་བརྒྱ་རྩ་སོགས་གྲངས་གསོག་ནས་མཚམས་སུ་སྦེལ་ཚིག་འདོད་གསོལ་སྦྱར་བ་སྟེ། མདོར་ན་བསྲེག་རྫས་རྣམས་གྲངས་ཀ་མང་ཉུང་ཕུང་པོ་ཚིག་ཚོད་དང་སྦྱར་ནས་སྐབས་བསྟུན་བྱ། བཞག་རན་པའི་ཚེ། ན་མོ་བྷ་ག་བ་ཏེ་སོགས་གཟུངས་རིང་སྔགས་ཤམ་ཅན་བདུན་གྱིས་མར་ཁུ་དགངས་བླུགས་བདུན་དང་། ཨོཾ་མངྒ་ལ་ཤྲཱི་བཏྶ་དེ་བཱི་ཨཿ ཧཱུྃ། དེས་འགྲེས་ཏེ། མངྒ་ལ་ཀུམྦྷ་དེ་ཝཱི༴ མངྒ་ལ་པདྨ་དེ་བཱི༴ མངྒ་ལ་དྷྭ་ཛ་དེ་བཱི༴ མངྒ་ལ་ཚཱ་ཏྲཾ་དེ་བཱི༴ མངྒ་ལ་ཤངྑ་དེ་བཱི༴ མངྒ་ལ་ཙཀྲ་དེ་བཱི༴ མངྒ་ལ་མཏྶྱ་དེ་བཱི༴ བཅས་བཀྲ་ཤིས་ལྷ་མོ་བརྒྱད་ཀྱི་མཚན་སྔགས་ཚར་གསུམ་རེས་དགང་བླུགས་འབུལ་ནས། མཐར་འདོད་གསོལ་གོང་བཞིན་བརྗོད། བསྲེག་རྫས་རྫོགས་པའི་མཐར། ཚེ་འདས་ཧཱུྃ་གི་ས་བོན་ལས་སྐྱེས་པའི་གཙོ་བོའི་སྐུ་རྡོ་རྗེ་ལྟ་བུར་གྱུར། པར་བསམ་ལ། ཨོཾ་བཛྲ་རཀྵ་ཧཾ་གིས་བསྲུང་བ་བྱ། ལྷ་རྣམས་ཀྱི་འོད་ཟེར་གྱིས་དབང་བསྐུར་བར་གྱུར་ཅེས་བསམ། ལམ་སྦྱང་བསྟན་གོང་དུ་མ་བྱས་ན་འདིར་བྱ་བ་ཡིན་ནོ། །འཇིག་རྟེན་ཁམས་ནི་སོགས་མཆོད་པ་དང་། རྒྱལ་བ་ཟླ་བ་སོགས་བསྟོད་པ། བཅོམ་ལྡན་ཆོ་གའི་སོགས་བཟོད་གསོལ་རྣམས་དཀྱིལ་ཆོག་ལྟར་བྱས་པའི་རྗེས་སུ། ན་མོ་བྷ་ག་བ་ཏེ་ཨཀྵོ་བྷྱེ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། །ཨོཾ་མངྒ་ལ་ཤྲཱི་བཏྶ་ཨརྒྷཾ་སོགས་འགྲེས་ཏེ་བཀྲ་ཤིས་ལྷ་


LT34_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

མོ་བརྒྱད་བཅས་ལ་རྩ་བའི་མཆོད་ཡོན་ཕྱག་རྒྱ་བཅས་གང་གི་སྤྱན་འདྲེན་སྐབས་ལྟར་འབུལ། མེ་ནང་དུ་བཞུགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སླར་ཕྱིར་བྱོན་ནས་དཀྱིལ་འཁོར་ཆེན་པོའི་གནས་སུ་རང་གི་གདན་ལ་བཞུགས་པར་གྱུར། །ཞེས་བརྗོད་དེ་མེ་ཏོག་ཅུང་ཟད་དཀྱིལ་འཁོར་ལ་གཏོར་བ་ནི་སྐབས་འདིར་དཀྱིལ་འཁོར་དང་འབྲེལ་བའི་དབང་དུ་བྱས་པའོ། །དེ་ནས། མེ་ལྷ་མེའི་དབུས་སུ་བཞུགས་པར་གསལ་བཏབ་ལ་ཡམས་ཤིང་སོགས་བསྲེག་རྫས་ལྷག་མ་ཐམས་ཅད་གོང་སྨོས་ཨོཾ་ཏིཥྛ་ཧ་རི་སིངྒ་ལ་ལོ་ཧི་ཏ་ཨཀྵ་དེ་ཧི་ད་དཱ་བ་ཡ་ཧཱུྃ་ཕཊ་ཕཊ། སརྦ་པཱ་པཾ་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པས་གྲངས་ཇི་ཙམ་འོས་པ་ཕུལ་ཏེ་ཚར་གསུམ་རེ་ཙམ་བྱས་ན་འཐུས། སྔགས་དེའི་སྭཱ་ཧཱའི་གོང་དུ་ཨརྒྷཾ་སོགས་སྦྱར་བས་མཆོད་ཡོན་ཉེར་སྤྱོད་རྣམས་དང་གཏོར་མ་དགངས་བླུགས་སུ་བཟུང་སྟེ་སྔགས་པ་ལི༚་སྦྱར་བ་ལན་གསུམ་གྱིས་ཕུལ། སླར་ཡང་མེ་ལྷའི་སྔགས་རིང་བས་དགངས་བླུགས་ལན་བདུན་ཀྱི་མཐར། ཚངས་དབང་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེ་སྤྲུལ་པའི་སྐུ་སྤྲུལ་བ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་ཆིབས། །རིག་སྔགས་གསུང་


LT34_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

གི་བགྲང་ཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གྷུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བརྗོད། སྤྱན་འདྲེན་པའི་ཕྱག་རྒྱ་ལས་མཐེ་བོང་ཕྱིར་བསྐྱེད་ནས། ཨོཾ་ཨཱགྣ་ཡེ་སོགས་སྔགས་ཐུང་བའི་མཐར། གཙྪ་གཙྪ་ཞེས་བརྗོད་པས་གཤེགས་སུ་གསོལ། བཞུད་ཅིག་ཅེས་ནི་བདག་པོའི་བཀའ། །བཟློས་པས་རབ་ཏུ་བསྒྲགས་ནས་བཞུད། །སྤྱན་ཡང་དྲངས་མ་ཐག་ཏུ་ནི། །གསང་སྔགས་དགྱེས་ནས་འབྱོན་པར་མཛོད། །ཅེས་པའང་སྤྲོ་ན་བརྗོད། མཐར་མངོན་དགའི་ཞིང་ན་སོགས་སྨོན་ལམ་དང་། སྟོན་མཆོག་དམ་པ་སོགས་ཤིས་བརྗོད་རྒྱས་པར་བྱ། རྗེས་ཇི་ལྟར་བྱ་བ་ནི། མེ་མ་ཤི་བར་དུ་གཞན་གྱིས་མི་རེག་ཅིང་མི་དཀྲུག །ལོངས་མེད་ན་འོ་མའི་ཆུས་གཞིལ་ནས་དུས་པ་བཏུ་བ་དང་རུས་ཆོག་དང་སཱཙྪ་ཇི་ལྟར་གདབ་པའི་རིམ་པ་སོགས་རྗེ་བླ་མའི་ལེགས་བཤད་ཀྱི་གཞུང་ནས་འབྱུང་བ་ལྟར་བགྱིད་ཅིང་། ཐབ་ཀྱི་ཉེ་འཁོར་ཡང་དྲི་ཞིམ་པོའི་ཆུས་བྱུགས་ཏེ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་དག་གིས་ནི་ཕལ་པའི་རོ་མཆོད་རྫས་ཀྱི་ཚུལ་དུ་སྦྱོང་པའི་ལག་ལེན་སྙིང་པོར་དྲིལ་བ་སྨོས་ཟིན་ལ། གང་ཟག་མཆོག་གི་སྤུར་སྦྱོང་བའི་རིམ་པའང་ཁོ་བོའི་བླ་མའི་ལེགས་བཤད་དག་ལས་རྟོགས་པར་བྱ་ཡི་འདིར་མ་བྲིས་སོ། །འདི་རྒྱུད་རྒྱ་གཞུང་གི་ཁུངས་དང་འབྲེལ་ཞིང་། མན་


LT34_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཕྱག་ལེན་གྱི་ངེས་པ་ཅན་ལུང་དང་རིགས་པས་དཔྱད་བཟོད་པ་བདག་གི་བླ་མའི་ལེགས་བཤད་ཀྱི་སྙིང་པོ་དྲིལ་ནས་བཀླག་ཆོག་ཏུ་བགྱིས་མོད། ད་དུང་ཕྲ་ཞིབ་ཀྱི་དགོངས་པ་བདག་ལྟ་བུས་དཔྱིས་ཕྱིན་པ་མ་རྙེད་པ་ཡོད་མཆི་བས་དཔྱོད་ལྡན་རྣམས་ཀྱིས་རྗེ་བླ་མའི་གསུང་དང་རྒྱུད་རྒྱ་གཞུང་ལ་རིག་པ་བཅུག་སྟེ་བླ་མེད་སོགས་དང་རྙིང་མའི་རྒྱས་འགེབས་སོགས་འདྲ་འདྲེས་རང་རྟོག་གིས་མ་བསླད་པ་བྱ་སྤྱོད་རང་རྐང་ཚུགས་པའི་ཕྱག་བཞེས་གཙང་དག་གནང་བ་གལ་ཆེ་ཞིང་། ཕྱིན་ཆད་རང་ལུགས་མི་འཁྲུགས་པའི་སྒོ་ནས་རོ་བསྲེག་གི་ཆོ་ག་ལག་ལེན་དུ་བསྟར་བ་ཡོད་ན་འདི་ཁོ་ན་ལྟར་མཛད་ན་དོན་དང་མཐུན་པར་འགྱུར་བས་དམན་པ་ཁོ་བོ་ལྟ་བུའི་འབྲི་བ་པོ་ལ་མི་བསམ་པར་ཆོས་ལ་བརྟོན་པའི་བཀའ་དྲིན་ཞུ། སྨྲས་བ། སྐྱེ་རྒ་ན་འཆིའི་རྦ་རླབས་དྲག་འཁྲུགས་ཤིང་། །ལས་ཉོན་མཐའ་དང་གཏིང་མེད་རྒྱ་མཚོ་ལ། །ཡང་ཡང་གཡེང་བའི་འགྲོ་རྣམས་ཡར་བ་རུ། །མི་འདོར་ཐུགས་རྗེས་བཟུང་མཛད་རྒྱལ་རྣམས་དང་། །རྒྱལ་སྲས་རྣམས་ཀྱི་ཚད་མེད་སྙིང་རྗེ་དང་། །གཉིས་སུ་མེད་བློ་བྱང་ཆུབ་སེམས་ཀྱི་མཐུས། །ཕན་མཛད་ཕྲིན་ལས་ཕྱོགས་དུས་མུ་མཐའ་རུ། །མཁའ་ལྟར་བརྡལ་བའི་ཚུལ་ལ་བསངས་ཀྱིན་དད། །མགོན་པོ་མི་འཁྲུགས་པ་ཡི་ཆོ་ག་ལ། །བརྟེན་ནས་ལྔ་པའི་ལམ་དུ་དུབ་པ་ཡི། །འགྲོ་བའི་གདུང་བ་བསིལ་བའི་ཟླ་འོད་ཟེར། །རྣམ་པ་དུ་མར་འཕྲོས་པའི་ཆ་ཤས་ནི། །ལས་ཉོན་དང་བཅས་ཕུང་པོ་བསྲེག་སྦྱོང་ཉིད། །ཚུལ་འདི་ཁུངས་ཐུབ་ལགས་བཤད་ལྟར་བསྡེབས་ཏེ། །བཀླག་ཆོག་རྣམ་གསལ་གཞན་ཕན་ཁོ་ནའི་བློས། །བགྱིས་ལས་མཁས་ཁྱད་གྲགས་འདོད་རང་བཟོ་མེད། །དེ་ཡི་


LT34_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བས་འདི་ལ་འབྲེལ་ཐོགས་གཙོས། །རང་གཞན་ཕ་མར་གྱུར་པའི་སྐྱེ་རྒུ་རྣམས། །ལས་ཉོན་སྒྲིབ་པའི་བུད་ཤིང་ཡེ་ཤེས་མེས། །བསྲེག་སྟེ་མི་འཁྲུགས་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་རང་གཞན་ལ་མཁོ་གལ་ཆེ་ཡང་༧རྗེ་བླ་མ་རིན་པོ་ཆེའི་ལེགས་བཤད་ཀྱི་དགོངས་དོན་ལག་ལེན་དུ་དྲིལ་མི་ཤེས་པ་རྣམས་ལ་ཕན་པའི་ཕྱིར་དུ་འདི་ལྟར་བྲིས་ཤིག་ཅེས་བསླབ་ལྡན་བླ་མ་ཀརྨ་བསོད་ནམས་ཚེ་བརྟན་ནས་བྲི་གཞིའི་རྐྱེན་བཅས་ཆེད་དུ་བསྐུལ་ངོར། ཛམ་གླིང་ཆོས་ཀྱི་ཤིང་རྟ་རྒྱལ་བས་ལུང་བསྟན་འཇམ་མགོན་བླ་མ་བློ་གྲོས་མཐའ་ཡས་ཀྱི་ཞབས་རྡུལ་དྲི་མ་མེད་པ་གཙུག་ཏུ་ཐོབ་པའི་བཀའ་འབངས་ཀྱི་ཐ་ཤལ་རིག་སྔགས་འཆང་བའི་གཟུགས་བརྙན་ཀརྨ་བཀྲ་ཤིས་ཆོས་འཕེལ་བཟང་པོས་ཐུབ་བསྟན་ཆོས་འཁོར་གླིང་མཁས་མང་འདུས་པའི་གྲྭ་ཟུར་ནས་བྲིས་པ་འགལ་འཁྲུལ་ནོངས་པ་བླ་མ་དང་བཅོམ་ལྡན་འདས་མི་འཁྲུགས་པའི་སྤྱན་སྔར་བཤགས་ཤིང་། དགེ་བས་འབྲེལ་བཅས་འགྲོ་རྣམས་མངོན་དགའི་ཞིང་དུ་སྐྱེ་བའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།


previousཇོ་བོ་ལུགས་ཀྱི་མི་འཁྲུགས་པ་ལྷ་དགུའི་དཀྱིལ་འཁོར་གྱི་སྒོ་ནས་ཕུང་པོ་བསྲེག་སྦྱོང་གི་ཆོ་ག་འཇམ་མགོན་བླ་མའི་དགོངས་རྒྱན།next