Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ཀུན་རིག་གི་ཆོ་ག་རྣམ་གྲོལ་སྒོ་ཆེན་གྱི་བསྙེན་སྒྲུབ་ལས་ཀྱི་རིམ་པ་གསལ་བར་བྱེད་པ་རྣམ་གྲོལ་ཤིང་རྟ།
   
   


 
previousདཔལ་ཀུན་རིག་གི་ཆོ་ག་རྣམ་གྲོལ་སྒོ་ཆེན་གྱི་བསྙེན་སྒྲུབ་ལས་ཀྱི་རིམ་པ་གསལ་བར་བྱེད་པ་རྣམ་གྲོལ་ཤིང་རྟ།next

དཔལ་ཀུན་རིག་གི་ཆོ་ག་རྣམ་གྲོལ་སྒོ་ཆེན་གྱི་བསྙེན་སྒྲུབ་ལས་ཀྱི་རིམ་པ་གསལ་བར་བྱེད་པ་རྣམ་གྲོལ་ཤིང་རྟ།


LT34_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཀུན་རིག་གི་ཆོ་ག་རྣམ་གྲོལ་སྒོ་ཆེན་གྱི་བསྙེན་སྒྲུབ་ལས་ཀྱི་རིམ་པ་གསལ་བར་བྱེད་པ་རྣམ་གྲོལ་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །


LT34_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿསརྦ་བིཏྤུ་ར་བེ། །ཐུགས་རྗེའི་གཟི་བརྗིད་ཉི་མའི་སྟོབས་འབར་བས། །ངན་འགྲོའི་མུན་ཁང་རྩད་ནས་བཅོམ་པ་དང་། །ལྷན་ཅིག་རྣམ་གྲོལ་དགང་ཚལ་རྒྱས་མཛད་པ། །རྣམ་སྣང་ཐམས་ཅད་རིག་པའི་ཞབས་ལ་འདུད། །སྟོན་པ་ཐུགས་རྗེ་ཅན་གྱིས་ལེགས་གསུངས་ཤིང་། །འཕགས་བོད་མཁས་གྲུབ་དུ་མས་བཀྲལ་བའི་གཞུང་། །ངན་སོང་ཡོངས་སུ་སྦྱོང་བའི་ཆོ་ག་ཡི། །དམིགས་རིམ་ལག་ལེན་ཡང་སྙིང་བཅུད་དྲིལ་དགོད། །རྒྱལ་བ་ཐམས་ཅད་མཁྱེན་པས་གསུངས་པའི་ཆོས་ཐམས་ཅད་ཀྱི་ཡང་སྙིང་དུས་གསུམ་དུ་འབྱོན་པར་དཀའ་བ་གསང་སྔགས་རྡོ་རྗེ་ཐེག་པ་ལ་རྒྱུད་སྡེ་རྣམ་པ་བཞིར་བཞུགས་པ་ལས། འདིར་ངོ་བོ་སྤྱོད་བའི་རྒྱུད་དང་དེའང་རྣལ་འབྱོར་རྒྱུད་དང་ཆ་མཐུན་ཅིང་རྒྱུད་སྡེ་གོང་འོག་མཚམས་སྦྱོར་བ་པོའི་རྒྱུད་དུ་བཞེད་པ་ངན་སོང་སྦྱོང་རྒྱུད་བརྟག་པ་གཉིས་པའི་དང་པོ་ལས་བསྟན་པ་ཀུན་རིག་རྩ་བའི་དཀྱིལ་འཁོར་འདི་ལ་བོད་ཡུལ་དུ་ལོ་ཆེན་རིན་ཆེན་བཟང་པོ་ནས་ཡོ་ག་སྟོད་ལུགས་སྨད་ལུགས་


LT34_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་གྲགས་པ་དང་། ཇོ་བོ་དཱི་པཾ་ཀ་རའི་བཀའ་སྲོལ་གསུམ་དུ་གྲགས་ཆེ་བ་ལས་འདི་ནི་སྟོད་ལུགས་ཡིན་ཅིང་ཇོ་བོ་རྗེའི་བཀའ་སྲོལ་གྱི་ཆུ་བོ་གཅིག་འདྲེས་སུ་གྱུར་པ་ཡིན། དེ་ལའང་རྒྱུད་ཀྱི་དངོས་བསྟན་སྤྱོད་རྒྱུད་ཀྱི་ལུགས་ལྟར་གཙོ་རྐྱང་ལ་བརྟེན་པ་དང་། རྣལ་འབྱོར་རྒྱུད་ཀྱི་ལུགས་ལྟར་དཀྱིལ་འཁོར་ཡོངས་རྫོགས་ལ་བརྟེན་ནས་བསྙེན་པའི་ལུགས་གཉིས་སུ་བྱུང་བ་ལས། འདིར་རྒྱལ་བས་ལུང་བསྟན་པ་ཡོ་གའི་ཤིང་རྟ་པ་ཆེན་པོ་སློབ་དཔོན་ཀུན་དགའ་སྙིང་པོའི་འགྲེལ་པ་དང་སྒྲུབ་ཐབས་ཀྱི་དགོངས་པ་གཞིར་བཞག་པ་དཀྱིལ་འཁོར་ཡོངས་རྫོགས་ལ་བརྟེན་ནས་བསྙེན་པའི་ལུགས་ཡིན་ནོ། །དེའང་རྒྱུད་འདི་ཉིད་གཤིན་པོའི་དོན་དུ་གཙོ་བོར་གསུངས་ཤིང་དེའི་ཆོ་ག་བྱེད་པ་ལ་ཐོག་མར་བསྙེན་པས་ལས་སུ་རུང་བར་བྱ་དགོས་པས་དང་པོ་བསྙེན་པ། དེ་ནས་དཀྱིལ་འཁོར་གྱི་ལས་རིམ། སྦྱིན་སྲེག་དང་ངན་སོང་སྤྱོད་པའི་བྱ་བའི་རིམ་པ་གསུམ་དུ་འབྱུང་བ་ཡིན་ནོ། །དེ་ལ་དང་པོ་བསྙེན་པའི་གནས་དབེན་ཅིང་ཉམས་དགའ་ལ་བླ་མ་གོང་མས་


LT34_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབས་པ། གང་ཟག་འདི་ཉིད་ཀྱི་དབང་བསྐུར་ཚད་ལྡན་ཐོབ་ཅིང་དམ་ཚིག་དང་སྡོམ་པ་མ་ཉམས་པ། དུས་རབ་བཞིའི་ཡར་ངོ་སོགས་གཟའ་ཚེས་བཟང་པོ་ལ་དབུ་འཛུག །སྔ་རོལ་དུ་བར་ཆད་མི་འབྱུང་ཞིང་དངོས་གྲུབ་འགྲུབ་པའི་འདུན་སྨོན་བཅས་ཚོགས་གསོག་མཆོད་སྦྱིན་ཅི་འགྲུབ་དང་། སཱཙྪ་འདེབས་པ། ཆུ་གཏོར་བཏང་བ་སོགས་གྲུབ་ན་ལེགས། བསྙེན་པ་དངོས་ཀྱི་གསལ་བྱེད་དུ་ལག་ལེན་འདོན་འགྲིགས་དང་། དམིགས་རིམ་གོ་དོན་བཤད་པ་གཉིས་ལས་དང་པོ་ལག་ལེན་ནི། གནས་ཁང་བྱི་དོར་གཙང་སྦྲ་བྱས་ལ་སྐུ་གསུང་ཐུགས་རྟེན་དང་མཆོད་རྫས་ཡོ་བྱད་ཅི་འབྱོར་བཀྲམ། ཆུ་གཉིས་ཉེར་སྤྱོད་བདག་བསྐྱེད་མཆོད་པ་ཡིན་པས་རང་གི་མདུན་དུ་བཤམ་དགོས་པ་ཡིན་ཀྱང་རྒྱུན་རིང་ལ་སྟབས་མི་བདེ་བས་མདུན་ཕྱོགས་སྟེགས་བུ་ཁེབས་ལྡན་སྟེང་དུ་དགོད། ལས་བུམ་དང་ཆ་གསུམ་གཏོར་མའང་བཤམ། ཐོག་མར་ཐུབ་བསྟོད་གང་རུང་དང་བརྒྱུད་པའི་གསོལ་འདེབས་ཀྱང་གྲུབ་ན་འདོན། ལས་བུམ་དུ་རྡོ་རྗེ་གནོད་སྦྱིན་བསྐྱེད་ལ་དེའི་སྙིང་པོ་སྟོང་ཕྲག་ཙམ་བཟླས་ཏེ་ཕྲིན་ལས་བཅོལ། གཏོར་མ་ཆ་གསུམ་བཏང་ལ་སུམྦྷ་ནི་དང་གུ་གུལ་དུད་པ་ཡུངས་ཐུན་སོགས་ཀྱིས་མཚམས་བཅད། དེ་ཕྱིན་ཆད་མི་དང་གདོང་མི་སྤྲད་པ་སོགས་མཚམས་ཀྱི་སྤང་བླང་སྤྱི་ལྟར་བྱ། གནས་ཁང་གདན་གོས་ཡོ་བྱད་ཐམས་ཅད་ལ་སྤོས་དཀར་གྱི་དུ་བས་བདུག །ལས་བུམ་གྱི་ཆུ་འཐོར་ལ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་


LT34_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། དེ་ནས་གདན་ལ་འདུག་བའི་སྔགས་རྒྱ་བཅས་མཆོད་རྫས་བྱིན་བརླབ། སྐྱབས་སེམས་ནས་བཟུང་སྔོན་འགྲོ་རྣམས་དང་། དང་པོའི་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག །ལས་རྒྱལ་མཆོག་གི་བར་ཚང་བར་བཏང་། ལུགས་འདི་རྣལ་འབྱོར་རྒྱུད་དང་བསྟུན་པ་ཡིན་པས་རྒྱ་བཞིའི་རྒྱས་འདེབས་ཆད་དུ་མི་རུང་ཞིང་ཕྲིན་ལས་བཅོལ་བ་ཡན་ཆད་ཚང་བར་བྱས་ནས་བསྙེན་པ་ལ་འཇུག །བསྙེན་ཐུན་དང་པོ་གྲུབ་མཚམས་འཁོར་སྔགས་རྣམས་ཚར་རེ་བཟླ་བ་དང་འདོད་གསོལ་ལྟར་བྱས་ཀྱང་ཆོག །སྔགས་མཆོད་དང་། རྣམ་པར་སྣང་མཛད་རིགས་བཞི་སོགས་ཤློ་ཀ་གཅིག་གིས་བསྟོད། ཡིག་བརྒྱ་ལན་གསུམ། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། དགེ་བ་འདི་ཡིས་སོགས་བསྔོ་བ་ཅི་འགྲུབ་བྱས་ཏེ་གཙོ་བོ་ལས་རང་ཉིད་རྡོ་རྗེ་སེམས་དཔའི་རྣམ་པས་ལོགས་སུ་ཕྱེ་སྟེ་ཤར་སྒོ་ནས་ཕྱིར་ཐོན་པར་བསམ་ཞིང་སྤྱོད་ལམ་ལ་འཇུག །སླར་ཐུན་གཉིས་པ་ལ་བབས་པའི་ཚེ་ལས་བུམ་གྱི་ཆུས་ཉེ་རེག་བྱ་ཞིང་ཁ་བཤལ། གཙོ་བོའི་དམ་རྒྱ་བཅིང་། ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཞེས་པ་ཙམ་མམ། ཨོཾ་བཛྲ་དྷ་ར་སོགས་བརྗོད་ཀྱང་ཆོག །རང་རྡོར་སེམས་དེ་ཉིད་གཙོ་བོའི་ཐུགས་ཀར་ཞུགས་ནས་དཔེར་མེད་དུ་གྱུར་པའི་ང་རྒྱལ་བཟུང་ལ་དམ་རྒྱ་སྙིང་ག་དཔྲལ་པ་ལྐོག་མ་སྤྱི་བོ་རྣམས་སུ་རེག་ཏེ་བྱིན་བརླབ། དམིགས་པ་གསལ་ན་མཆོད་བསྟོད་མདོར་བསྡུས་བྱས་ལ་བསྙེན་བཟླས་


LT34_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་ཆོག །དམིགས་པ་མི་གསལ་ན་མངོན་རྟོགས་ཚར་གཅིག་བཏོན་པས་གསལ་གདབ། ཡན་ལག་གཞན་མི་དགོས་མཆོད་བསྟོད་དང་བཟླས་པ་ལ་འཇུག །དེ་ལྟ་བུ་ཐུན་བཞིའམ་གསུམ་གཅོད་པ་གང་བདེ་ཡིན་ལ་ཐུན་སྔ་མ་གྲོལ་ཅིང་ཕྱི་མ་ལ་འཇུག་ཚུལ་རྣམས་ཀྱང་གོང་སྨོས་དང་ཁྱད་མེད། དགོངས་ཐུན་གྱི་རྗེས་སུ་བསྡུ་དགོས་པས་སྒྲུབ་དཀྱིལ་གཤམ་དུ་འབྱུང་བ་ལྟར་མཆོད་བསྟོད་བྱ། རྡོ་རྗེ་རིན་ཆེན་གྱི་དམ་རྒྱ་སྙིང་ག་ནས་དཔྲལ་བར་དཀྲོལ་ལ། ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཾ། ཞེས་ལྷ་རྣམས་ལ་དབང་བསྐུར། རྒྱ་དེ་གཉིས་སུ་བྱས། མཐེ་བོང་དང་མཛུབ་མོ་གཉིས་རྩེ་སྦྱར་བས་དར་དཔྱངས་སྐབས་བཞིན་གོ་བགོ་སྟེ། སརྦ་མུ་དྲང་ཡེ་ཏྲ་དྷི་ཀུ་རུ་ཝ་རཀ། ཀ་ཝ་ཙ་ན་བཾ། ཞེས་པའི་མཐར་ཐལ་མོའི་རྟིང་པ་བརྡབ། བཛྲ་ཏུཥྱ་ཧོཿ ཞེས་མཉེས་བར་བསམ། དཀོན་མཆོག་རིན་ཆེན་སོགས་བསྔོ་སྨོན། དམ་རྒྱ་བཀྲོལ་ཞིང་སོ་སོའི་སྔགས་མཐར་བཛྲ་མུཿབཏགས་པས་ཡེ་ཤེས་པ་མདུན་མཁར་དབྱེ། ཡིག་བརྒྱ་དང་། མ་འབྱོར་བ་དང་སོགས་ཀྱིས་ལྷག་ཆད་བསྐང་། ཨོཾ་ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས། འཁོར་གྱི་དམ་ཚིག་པ་རྣམས་རང་ལ་ཞུགས་པར་མོས། རྡོ་རྗེ་སྲུང་བའི་དམ་རྒྱ་དཔྲལ་བར་བཞག་ལ། ཨོཾ་བཛྲ་རཀྵ་རཾ། གནོད་སྦྱིན་གྱི་དམ་རྒྱ་ཁ་ལ་བཞག་ནས། ཨོཾ་བཛྲ་ཡཀྵ་ཧཱུྃ། ཁུ་ཚུར་གྱི་དམ་རྒྱ་དཀུ་གཉིས་ལ་བཞག་སྟེ། ཨོཾ་བཛྲ་སནྡྷི་བྃ།


LT34_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལས་ཀྱི་དམ་རྒྱ་སྤྱི་བོར་བཞག་ནས། ཨོཾ་བཛྲ་ཀརྨ་ཀྃ། ཞེས་བརྗོད་པས་བསྲུང་བཞིར་ལས་ཀྱི་སེམས་དཔའི་ང་རྒྱལ་གྱིས་ཉལ་བའི་སྤྱོད་ལམ་ལ་འཇུག་གོ། །བསྡུ་རིམ་འདི་རྒྱ་འགྲེལ་གྱི་དགོངས་པ་རྒྱས་པ་ཡིན་ལ་བསྡུ་ན་ཐུན་བཞི་བའི་མཐར་སྒྲུབ་དཀྱིལ་དཀྱུས་བཞིན་བྱས་ལ། བཛྲ་སཏྭ་ཀྲོ་དྷ་སོགས་ཚར་གསུམ་བརྗོད་པས་སྒོ་གསུམ་བསྲུང་བས་ཀྱང་འཐུས་པ་ཡིན་ནོ། །བསྙེན་པའི་གྲངས་ཚད་ནི། རབ་མཚན་མའི་བསྙེན་པ་སྟེ་ལྷའི་ཞལ་མཐོང་བའམ་དངོས་གྲུབ་འགྲུབ་པར་ལུང་བསྟན་པ་སོགས་དང་། རྒྱུད་ཀྱི་བྲིས་སྐུའི་ཆོ་གའི་སྐབས་སུ། །བཞད་པ་དང་ནི་རྔ་སྒྲ་དང་། །དྲིལ་བུའི་སྒྲ་དང་འབྲུག་དེ་བཞིན། །དགེ་སློང་བྲམ་ཟེ་བུ་མོ་དང་། །འབྲས་བུ་མཐོང་ན་མྱུར་དུ་ནི། །མཆོག་དང་བར་དང་ཐ་མ་འགྲུབ། ཅེས་གསུངས་པ་དང་། གཞན་ཡང་སྡིག་སྒྲིབ་དག་པའི་རྟགས་སོགས་རབ་དངོས། འབྲིང་ཉམས། ཐ་མ་རྨི་ལམ་དུ་མཐོང་བའི་བར་རོ། །འབྲིང་དུས་ཀྱི་བསྙེན་པ་ནི། སྦྱོང་རྒྱུད་ལས། །ཟླ་བ་གཅིག་གམ་ཡང་ན་དྲུག །དེ་བཞིན་ལོ་ཡི་བར་དག་ཏུ། ཞེས་གསུངས་པས། རབ་ལོ་གཅིག །འབྲིང་ཟླ་བ་དྲུག །ཐ་མ་ཟླ་བ་གཅིག་གོ། །ཐ་མ་གྲངས་ཀྱི་བསྙེན་པ་ལའང་། རྒྱུད་ལས། །འབུམ་ཕྲག་གསུམ་མམ་ཡང་ན་དྲུག །ཇི་སྲིད་མཚན་མ་མཐོང་བར་དུ། །སྔགས་ནི་འཁྲུལ་པ་མེད་པར་བཟླ། ཞེས་གསུངས་པས་རབ་གྲངས་མེད།


LT34_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་འབུམ་ཕྲག་དྲུག །ཐ་མ་འབུམ་ཕྲག་གསུམ་བཟླ་དགོས། དེའང་རང་དོན་དཀྱིལ་འཁོར་སྒྲུབ་མཆོད། གཞན་དོན་དབང་བསྐུར་གཤིན་ཆོག་རབ་གནས་སོགས་གང་ལའང་བསྙེན་པ་སྔོན་དུ་མ་སོང་བར་བྱར་མི་རུང་ཞིང་དེ་དག་བྱ་བའི་ལས་རུང་ལ་ནི་གྲངས་བསྙེན་ཙམ་གྱིས་ཆོག་པ་ཡིན་ནོ། །བྱ་སྤྱོད་གཉིས་ལ་ཁྲུས་དང་གཙང་སྦྲ་སོགས་ཕྱིའི་ཀུན་སྤྱོད་དག་པ་གཙོ་བོར་བྱ་དགོས་ལ། རྣལ་འབྱོར་རྒྱུད་ནང་གི་ཏིང་ངེ་འཛིན་གཙོ་ཆེ་ཡང་གཙང་སྦྲའི་ཀུན་སྤྱོད་གྲོགས་སུ་བསྟེན་པར་བྱ་དགོས་པས་བསྙེན་སྒྲུབ་ཀྱི་སྐབས་སུ་ཐོག་མར་ཁྲུས་བྱ་དགོས་ཤིང་དེ་ལ་རྣམ་གྲངས་བཞིར་བཤད་ཀྱང་སྐབས་སུ་བབས་པ་ཕྱིའི་ཁྲུས་རྡོ་རྗེ་གནོད་སྦྱིན་གྱི་སྔགས་རྒྱས་བྱིན་གྱིས་བརླབས་པའི་ཁྲུས་ཆུས་ཡན་ལག་ལྔ་ཁྲུས་དང་ཁ་བཤལ། ཤ་ཆང་སྒོག་གཙང་སོགས་ཁ་ན་མ་ཐོ་བའི་བཟའ་བཏུང་སྤངས་ལ་ཁ་ཟས་དཀར་གསུམ་བསྟེན། བསྙེན་པ་བཟླ་བའི་སྐབས་སུ་མ་ཡེངས་བའི་ཏིང་ངེ་འཛིན་རྩེ་གཅིག་པའི་ངང་གཞན་དང་གཏམ་ལབ་མི་བྱ། བཟླས་པའི་སྒྲ་ཧ་ཅང་ཆེ་བ་མ་ཡིན། ཆུང་བ་ཡིད་བཟླས་ལྟ་བུས་ཀྱང་ངག་བཟླས་ཀྱི་གོ་མི་ཆོད། ཧ་ཅང་བུལ་བ་དང་ཧ་ཅང་མྱུར་ནས་སྒྲ་འདྲེས་པ་མ་ཡིན་པར་གཙང་དག་སི་ལི་ལི་ཤུབ་བུར་བཟླ། ངག་ཤོར་བ་དང་གཉིད་འཐིབས་པ། ཡེངས་ནས་སྔགས་གཞན་བཟླ་བ། གླལ་བ་སྤྲིད་པ་འོག་རླུང་ཤོར་བ་བྱུང་ན་དེ་མ་ཐག་བུམ་ཆུས་ཁ་བཤལ།


LT34_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་གསལ་ཡིག་བརྒྱ་ཚར་རེ་བཟླ་ཞིང་མདོ་འཛིན་ནས་ཕྲེང་རྡོག་ཇི་ཙམ་སོང་བ་དེ་གྲངས་ལ་མི་བརྩི་བར་སླར་མདོ་འཛིན་ནས་བསྐྱར་ཏེ་བགྲང་། བཟའ་བཏུང་དང་གཤང་གཅི་འདོར་བ་རྣམས་ཀྱང་བསྙེན་ཐུན་མ་གྲོལ་བར་མི་རུང་བས་གལ་ཏེ་མི་འདོར་ཀ་མེད་བྱུང་ན་ཐུན་གྲོལ་ནས་སྤྱོད་ལམ་བྱས་ཏེ་སླར་ཐུན་ལ་འཇུག་དགོས་སོ། །གཉིས་པ་ལ། ཆོ་གའི་གོ་དོན་ཤེས་པ་ཤིན་ཏུ་གལ་ཆེ་ཡང་རེ་རེ་ནས་བཀྲོལ་ན་ཚིག་ཚོགས་མང་བར་འགྱུར་བས་གཞན་དུ་ཤེས་དགོས་ལ་འདིར་དམིགས་རིམ་མདོར་བསྡུས་ཏེ་བཤད་ན། །དང་པོ་རྒྱུད་ལས། །དེ་ནས་ཁྲུས་སོགས་རབ་བྱས་ལ། །དྲི་དང་རྒྱན་མཆོག་ཕྲེང་བ་ཅན། །དྲི་ཞིམ་ལ་བཀང་མཆོག་མཛེས་པས། །རྡོ་རྗེ་འཛིན་མས་ཞུགས་ནས་ཀྱང་། །མེ་ཏོག་ཐོགས་ཏེ་སྒོ་ཕྱོགས་འདུག །ཅེས་གསུངས་པའི་དོན་ཕྱིའི་ཁྲུས་ཙམ་སྔོན་དུ་བཏང་ནས་ཞུགས་པ་ལ་གནས་སྐབས་བཞི་ལས་འདིར་སྒྲུབ་ཁང་དུ་འཇུག་པ་ལ་རྡོ་རྗེ་འཛིན་མའི་རྒྱ་བཅིངས་ཏེ། རང་ཉིད་ལས་ཐམས་ཅད་ཀྱི་རྡོ་རྗེ་འཛིན་མ་དཀར་མོ་པད་ཟླའི་གདན་ལ་འཁོད་པར་བསམ་ལ། ས་མ་ཡ་སྟཾྭ། ཞེས་པས་གདན་ལ་འདུག །དེ་ནས་འདི་ཕྱིན་ཆད་བྱིན་རླབས་སོགས་ཐམས་ཅད་ལ་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གསུམ་གསུམ་ཚང་དགོས་ཏེ། ཕྱག་རྒྱ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུའི་བྱིན་གྱིས་རློབ་བྱེད་ཡིན་པས་དེ་མ་ཚང་ན་སྐུའི་བྱིན་རླབས་མི་


LT34_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག །སྔགས་ནི་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་བྱིན་གྱིས་རློབ་བྱེད་ཡིན་པས་དེ་མ་ཚང་ན་གསུང་གི་བྱིན་རླབས་མི་འཇུག །ཏིང་ངེ་འཛིན་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་གྱིས་རློབ་བྱེད་ཡིན་པས་དེ་མ་ཚང་ན་ཐུགས་ཀྱི་བྱིན་རླབས་མི་འཇུག་པས་གསུམ་ཀ་ཚང་དགོས་པས་ཤེས་པར་བྱས་ནས། སྔོན་འགྲོ་གཏོར་མ་རྒྱས་པ་ཕྱོགས་སྐྱོང་བཅུ། འབྱུང་པོ་སྤྱི། བགེགས་རིགས་ལན་ཆགས་ཏེ་ཆ་གསུམ་མམ། བསྡུས་པ་འབྱུང་གཏོར་ཙམ་བཏང་བ་ལ་བྱིན་རླབས་འཆད་པར་འགྱུར་བས་རིགས་བསྒྲེས་ཏེ་གཏོར་མཆོད་ཀྱི་བརྔན་པ་བྱིན་པས་མགུ་ཞིང་ཚིམས་པར་བྱས་ཏེ་སྒྲུབ་པ་མཐར་ཕྱིན་པའི་གྲོགས་བཅོལ་བ་སྟེ་དམིགས་རིམ་གོ་སླའོ། །ཆོ་ག་དངོས་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་སྦྱོར་བ་ལ་རྣམ་གྲངས་དྲུག་ཡོད་པའི་ཐོག་མར་མཆོད་རྫས་བྱིན་རླབས་ལ། བསང་བ། སྦྱོང་བ། བྱིན་གྱིས་བརླབ་པ་དང་གསུམ། དང་པོ་བསང་བ་ལ་གཉིས་ཀྱི་བགེགས་བསང་བ་ནི། རྡོ་རྗེ་གནོད་སྦྱིན་གྱི་རྒྱ་བཅས་ལ་སྔགས་ལན་གསུམ་བརྗོད་པའི་དང་པོས་རང་རྡོ་རྗེ་གནོད་སྦྱིན་དུ་བསྒོམ། གཉིས་པ་དང་གསུམ་པས་རིག་པ་མཆོག་དང་དཔུང་བཟང་གི་རྒྱུད་ལས་གསུངས་པའི་ལོག་འདྲེན་ཆུ་ལྟར་གཡོ་བ་སོགས་མཆོད་རྫས་སོ་སོ་ལ་བར་དུ་གཅོད་པའི་བགེགས་རེ་ཡོད་པ་རྣམས་སྦྲང་བུ་རླུང་གིས་བདས་བ་ལྟར་ལྷ་སྔགས་ཕྱག་རྒྱའི་གཟི་བྱིན་གྱིས་རིང་དུ་བསྐྲད་པར་བསམ། འབག་རྩོག་བསང་བ་ནི། རང་རྡོར་སེམས་སུ་གསལ། རྡོ་རྗེ་མེའི་ཕྱག་རྒྱ་བཅའ་ཞིང་སྔགས་


LT34_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པས་ཕྱག་རྒྱ་ལས་ཡེ་ཤེས་ཀྱི་མེ་འབར་བས་མཆོད་རྫས་ཀྱི་མ་དག་པ་ཐམས་ཅད་བསྲེགས་ནས་གཟི་བརྗིད་ཕུན་སུམ་ཚོགས་པར་བསྒོམ། །གཉིས་པ་སྦྱོང་བ་ནི། སྭ་བྷཱ་ཝའི་སྔགས་དང་ཕྱག་རྒྱས་ཡུལ་མཆོད་རྫས་དང་། ཡུལ་ཅན་དེར་འཛིན་གྱི་ཤེས་པ་ནམ་མཁའི་དབྱིངས་ལྟར་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་བལྟ། །གསུམ་པ་བསྐྱེད་ཅིང་བྱིན་གྱིས་བརླབ་པ་ནི། སྟོང་ཉིད་དེའི་ངང་ལས་ཨོཾ་ཡིག་དུ་མ་ལས་བྱུང་བའི་མཆོད་རྫས་ཀྱི་སྣོད་རྣམས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བ་མང་པོའི་ནང་དུ། བཅུད་ཐམས་ཅད་ལྷའི་ཡོ་བྱད་ལྟ་བུ་ཤིན་ཏུ་དྭངས་ཤིང་ཀུན་ཏུ་ཐོགས་པ་མེད་པར་འཕྲོ་བར་བསྒོམ། དེའང་ཨོཾ་ནམ་མཁའ་མཛོད་ཀྱི་ས་བོན་ཡིན་པས་ནམ་མཁའ་མཛོད་ལས་ཅི་འདོད་ཟད་མེད་དུ་འབྱུང་ནུས་པའི་ཕྱིར་རོ། །མཆོད་ཡོན་ནི་ཡན་ལག་བརྒྱད་དང་ལྡན་པའི་ཆུའི་བཏུང་བ། ཞབས་བསིལ་ནི་གདན་ལ་བཞུགས་པའི་སྔ་རོལ་ཞབས་བཀྲུ་བའི་ཆུ་གཙང་། མེ་ཏོག་མཛེས་སྡུག་ཁ་དོག་སྣ་ཚོགས་པ། བདུག་སྤོས་དྲི་ངད་བཟང་པོས་ཞིང་ཀུན་ཁྱབ་པ། མར་མེ་ཉི་ཟླ་ལྟར་འོད་རབ་ཏུ་གསལ་བ། དྲི་ཆབ་སྐུ་ལུས་ལ་བྱུགས་རྒྱུ་དྲི་བཟང་གིས་སྦགས་པའི་ཆུ། ཞལ་ཟས་རོ་བརྒྱ་དང་ལྡན་པའི་དཀར་གསུམ་ལ་སོགས་པ། རོལ་མོ་ཡིད་དུ་འོང་བའི་སྒྲ་


LT34_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་སྣ་ཚོགས་པ། ཐམས་ཅད་ཀྱང་ངོ་བོ་སྟོང་པ། རྣམ་པ་མཆོད་རྫས་སོ་སོ། བྱེད་ལས་ཟག་མེད་ཀྱི་བདེ་བ་སྐྱེད་པ། ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བ་ལྟ་བུའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པས་ཞིང་ཁམས་ཐམས་ཅད་གང་བར་གྱུར་པར་དམིགས། ཨོཾ་སརྦ་བིད་པཱུ་ར་སོགས་ཀྱི་སྔགས་རྒྱ་བྱས་པས་ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་ཞིང་ཀུན་གང་བར་འགྱུར་བ་སྟེ་སྔགས་རྒྱ་དེ་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པའི་སྟོབས་ཀྱིས་སོ། །མཆོད་སྔགས་རྣམས་དེ་ཉིད་གསུམ་སྤེལ་བྱས་པས་འབྲུ་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་ཡིན་པས་དེས་བྱིན་གྱིས་བརླབ་པ་སྟེ། དགོས་པ་ནི་མཆོད་རྫས་ཆུང་ངུ་རྣམས་ཆེན་པོ། ཉུང་ངུ་རྣམས་མང་པོ། ངན་པ་རྣམས་བཟང་པོར་སྒྱུར་ཅིང་ཡུན་རིང་གནས་ཤིང་རྒྱས་པར་སྤེལ་བའི་དོན་ཡིན་ནོ། །སེ་གོལ་གཏོགས་པ་ནི་སོ་སོར་བཞེས་ཤིག་པའི་བརྡ་ཡིན་པས་འབུལ་བའི་སྐབས་ལས་བྱིན་རླབས་ལ་སེ་གོལ་བརྡེབ་པར་མི་བྱའོ། །གཉིས་པ་སྐྱབས་སེམས་གཉིས་ལས། སྐྱབས་འགྲོའི་སྐབས། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་རྟག་ཏུ་བྱིང་བ་ལ་བཟོད་མེད་ཀྱི་སྙིང་རྗེའི་སེམས་དང་། བླ་མ་དཀོན་མཆོག་ལ་ཐུགས་རྗེ་ཡོན་ཏན་བསམ་གྱིས་མི་ཁྱབ་པས་སྡུག་བསྔལ་དེ་ལས་སྐྱོབ་པའི་ནུས་པ་ཡོད་པར་ཤེས་པའི་དད་གུས་དྲག་པོས་བདག་


LT34_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་སེམས་ཅན་ཐམས་ཅད་དུས་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བློ་གཏད་ལིངས་བསྐྱུར་ཅི་མཛད་ཁྱེད་མཁྱེན་གྱི་སྐྱབས་སུ་འགྲོ་བའི་འདུན་པས་སྐྱབས་འགྲོ་ལྔ་སྐོར་བརྗོད། སྐྱབས་ཡུལ་རྣམས་གང་ན་བཞུགས་པའི་ཞིང་དེར་སྐྱབས་སུ་འགྲོ་བ་ཡིན་པས་སྐྱབས་ཡུལ་ཆེད་དུ་བསྒོམ་མི་དགོས། འདི་ནི་ནང་པ་སངས་རྒྱས་པའི་ཆོས་སྒྲུབ་པའི་གཞི་རྟེན་ཡིན་ནོ། །སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་རང་ཉིད་ཀྱི་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་ལ་དེ་ཐམས་ཅད་འཁོར་བ་ན་འཁོར་ཞིང་སྡུག་བསྔལ་བ་ལ་སྙིང་རྗེ་ཆེན་པོས་ཐམས་ཅད་འཁོར་བ་ནས་བསྒྲལ་ཏེ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱའོ་སྙམ་པ་སྨོན་པ་སེམས་བསྐྱེད་དང་། དེའི་ཕྱིར་དུ་རྒྱལ་སྲས་ཀྱི་སྤྱོད་པ་སྤྱད་དགོས་པས་དེ་ལ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང་། དེ་ཉིད་ཡར་ལྡན་སྔགས་ཀྱི་སྤྱོད་པ་གཉིས་ལས། འདིར་ཐུན་མོང་མ་ཡིན་པ་གསང་སྔགས་ཀྱི་སྤྱོད་པར་དམ་བཅའ་བ་སྟེ་བཅོམ་ལྡན་འདས་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆོ་ག་ཉམས་སུ་བླངས་ནས་རྫོགས་པའི་སངས་རྒྱས་བསྒྲུབ་པར་བགྱིའོ་སྙམ་པ་ནི་འཇུག་པ་སེམས་བསྐྱེད་དེ། འདི་ནི་ཐེག་པ་ཆེན་པོའི་ལམ་གྱི་རྩ་བའོ།། །གསུམ་པ་ལྕེ་ལག་བྱིན་བརླབས་ནི། སྦྱོང་རྒྱུད་


LT34_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་སྤྱིའི་ཁྱབ་བྱེད་རྡོར་སེམས་སུ་བསྒོམ་པ་ཡོ་ག་བ་སྔ་མ་རྣམས་བཞེད་པ་ལྟར་ཆོག་གཞུང་ལས་འབྱུང་བ་ལྟར་བསྒོམ་པའི་ཕྱག་གཡས་གུང་མཐེབ་སྦྱར་བས་རྡོ་རྗེ་འཛིན་ཅིང་ལྷག་མ་བརྐྱངས་པ་དང་། ལྕེ་སྟེང་རྡོ་རྗེ་ཉལ་ཐབས་སུ་བསྒོམ། རྡོ་རྗེ་ཞེས་པ་ཐམས་ཅད་མི་ཆོད་པ་མི་ཤིགས་པ་སོགས་ཆོས་བདུན་ལྡན་གྱི་ངོ་བོ་ལ་ཟེར་བས་ལྕེ་རྡོ་རྗེའི་རང་བཞིན་དུ་བསམ་པ་ལ་རྡོ་རྗེའི་དབྱིབས་སུ་བསྒོམ་དགོས་པའི་ངེས་པ་མེད་ཅིང་དེ་ལྟར་བྱིན་གྱིས་བརླབས་པས་སངས་རྒྱས་ཐམས་ཅད་ཀྱི་ལྗགས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པར་མོས། དེས་སྔགས་བཟླ་བ། བདེན་སྟོབས་བརྗོད་པ། བསྟོད་པ་བྱེད་པ་རྣམས་ལ་ཕན་ཡོན་ཁྱད་པར་ཅན་སྐྱེད་པའི་དགོས་པ་ཡོད། ལག་པ་བྱིན་གྱིས་བརླབས་པའི་སྐབས་ལག་གཉིས་ཀ་རྡོ་རྗེའི་རང་བཞིན་སོར་མོ་བཅུ་པོ་རེ་རེ་བཞིན་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་སངས་རྒྱས་ཀྱི་ཕྱག་རྒྱའི་ཡོན་ཏན་གྱི་ནུས་པ་དང་ལྡན་པར་མོས། དེས་ཕྱག་རྒྱ་འཆིང་བ་ལ་རྒྱུད་ནས་གསུངས་པའི་ཕན་ཡོན་དང་ལྡན་པར་འགྱུར་ཏེ། གཙུག་དགུ་ལས་ལག་པ་རྡོ་རྗེར་བྱིན་པས། །ཕྱག་རྒྱ་ནུས་པར་ལྡན་པར་འགྱུར། །ལྕེ་ནི་རྡོ་རྗེར་བྱིན་པས། །སྔགས་རྣམས་མཐུ་དང་ལྡན་པར་འགྱུར། །ཅེས་སོ། །བཞི་པ་སྲུང་འཁོར་ནི།


LT34_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་རྡོར་སེམས་སུ་གསལ་བ་གནས་འགྱུར་ཏེ་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་དུ་བསྐྱེད། ཁྲོ་བོ་འདི་དང་ཁམས་གསུམ་རྣམ་རྒྱལ། མེ་ལྟར་འབར་བ་རྣམས་དོན་གཅིག་ཡིན། གནས་བྱིན་གྱིས་བརླབ་པ་ནི། ཁྲོ་བོ་ཏི་རིནྟིའི་ཕྱག་རྒྱ་གནས་བཞིར་གཏུགས་ཤིང་། ཨོཾ་གྲྀཧྞ་སོགས་སྔགས་བརྗོད་པའི་ཚེ་སྙིང་ཁར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ། དཔྲལ་བར་རིན་པོ་ཆེ་སེར་པོ་ལ་ཏྲཱཾ། མགྲིན་པར་པདྨ་དམར་པོ་ལ་ཧྲཱིཿ སྤྱི་བོར་སྣ་ཚོགས་རྡོ་རྗེ་ལྗང་གུ་ལ་ཨཱཿས་མཚན་པ་རྣམས་གསལ་བར་བསྒོམ། དབང་བསྐུར་བ་ནི། རང་བཞིན་གྱི་གནས་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྔོན་མོ་གཡས་ཆོས་འབྱུང་འཛིན་པ་བར་སྣང་དུ་བྱོན་པའི་ཐུགས་ཀའི་འོད་ཟེར་གྱིས་ཁྲོ་བོའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཁ་གདེངས་པའི་ལྟེ་བར་དེ་བཞིན་གཤེགས་པ་རིགས་ལྔ་བཞུགས་པ་སྤྱན་དྲངས་ཏེ་རང་གི་མགོ་བོའི་གནས་ལྔར་གྱེན་བསྒྲེང་དུ་བརྒྱན་པར་བསམ་ལ་རིགས་ལྔའི་དམ་རྒྱ་མགོ་བོའི་གནས་ལྔར་བཞག་ཅིང་། ཨོཾ་བཛྲ་ཛྭ་ལ་སོགས་སྔགས་ལན་ལྔར་བརྗོད། གོ་བགོ་བ་ནི། དར་དཀར་པོ་ཞེས་ཁྲུ་གང་དཀྱུས་ཁྲུ་ཉེར་ལྔ་པ་ཞིག་གིས་ལུས་ཀྱི་གནས་དགུར་མདུད་པ་རེ་རེ། རྣ་ལྟག་གཉིས་སུ་ཁྱུང་གཤོག་ལྟ་བུའི་ཁུག་པ་གཉིས་བྱས་པའི་ལྷག་མ་ལུས་ཚད་མཉམ་པར་འཕྱང་བར་བསམ་ལ།


LT34_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཊུཾ་ཞེས་པའི་སྔགས་རྒྱ་བྱ། སྙིང་མགྲིན་ལན་གཉིས་སུ་བྱུང་བའི་སྔ་མ་རྣམས་གཡས་དང་རྗེས་མ་རྣམས་གཡོན་དུ་མདུད། ནུ་བར་ཅེས་པ་སྙིང་གི་དབུས་སུའོ། །བཛྲ་ཏུཥྱའི་སྔགས་རྒྱས་མཉེས་པར་བྱས་པར་བསམ། དེ་ནས་བགེགས་བསྐྲད་པའི་དོན་དུ་འོག་མིན་ནས་རིག་པའི་རྒྱལ་པོ་ཁམས་གསུམ་རྣམ་རྒྱལ་སོགས་ཁྲོ་བོ་དང་ཁྲོ་མོ་དཔག་ཏུ་མེད་པ་རང་གི་དཔུང་རོག་གི་ཚུལ་དུ་སྤྱན་དྲངས། བར་སྣང་ཁམས་ཁྱབ་པར་བཞུགས་པ་ལ་མཆོད་ཅིང་བསྟོད་ནས་བགེགས་ལ་བཀའ་བསྒོས་པ་ཙམ་གྱིས་བགེགས་ཐམས་ཅད་རྒྱ་མཚོའི་ཕ་མཐར་བྲོས། མི་འགྲོ་བ་ཐམས་ཅད་ཁྲོ་བོའི་ཚོགས་ཀྱིས་དབང་མེད་དུ་བསྐྲད་པར་བསམ། བགེགས་སླར་མི་འཇུག་པར་སྲུང་བ་ནི། ཧཱུྃ་མཛད་ཀྱི་ཕྱག་རྒྱ་ཧཱུྃ་བཞི་པའི་སྔགས་དང་འབྲེལ་བ་ནི་ཁུ་ཚུར་གཡས་འོག་གཡོན་སྟེང་དུ་བྱས་པ་དང་། མེ་ལྟར་འབར་བའི་ཕྱག་རྒྱ་ནི་ཁུ་ཚུར་གཡས་སྟེང་གཡོན་འོག་ཏུ་བྱས་པ་སྟེ་སྐབས་འདིར་ཕྱི་མ་ལྟར་བཅིངས་ལ། ཨོཾ་བཛྲ་སཏྭ་ཀྲོ་དྷ་སོགས་ཚར་གསུམ་དང་སྦྲགས་ཏེ་གནས་གསུམ་དུ་བཞག་པས་བདག་གི་ལུས་ངག་ཡིད་གསུམ་ཁྲོ་བོའི་རྒྱལ་པོའི་རྡོ་རྗེ་གསུམ་དང་དབྱེར་མེད་པར་གྱུར་ཅིང་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པར་བསམ་ལ་བདག་བསྲུང་། ཡང་སྔགས་རྒྱ་ལན་གསུམ་འོག་དང་བར་དང་སྟེང་དུ་བསྟན་པས་འོག་ཐམས་ཅད་རྡོ་རྗེའི་ས་གཞི། བར་


LT34_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རྡོ་རྗེའི་ར་བ་ཟླུམ་པོ། སྟེང་ཐམས་ཅད་རྡོ་རྗེའི་གུར་ཁང་དུ་གྱུར་པས་སྟེང་འོག་བར་གསུམ་གྱི་བགེགས་འཇུག་པའི་གོ་སྐབས་དང་བྲལ་བར་བསམ་ལ་གནས་བསྲུང་། ཡང་སྔགས་རྒྱ་ལན་གསུམ་གྱི་རྣལ་འབྱོར་པའི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གསུམ་དང་ཆོ་གའི་ཐོག་མཐའ་བར་གསུམ་ལ་བར་དུ་གཅོད་པའི་བགེགས་ཐམས་ཅད་བསྲུང་བར་བསམ་ལ་རྣལ་འབྱོར་བསྲུང་། སྤྱན་དྲངས་པའི་ཁྲོ་བོ་རྣམས་ཀྱང་སྲུང་བའི་གུར་ཁང་ལ་ཐིམ་པར་མོས། །ལྔ་པ་བསོད་ནམས་གྱི་ཚོགས་བསགས་པ་ལ། སྤྱིར་རྣལ་འབྱོར་རྒྱུད་ནི་ཐར་པའི་འདྲ་འབག་ལམ་དུ་བྱེད་པ་དང་། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ནི་འཁོར་བའི་འདྲ་འབག་ལམ་དུ་བྱེད་པར་བཤད་པས་འདིར་སྔོན་སྟོན་པ་ཉིད་ས་ལམ་བགྲོད་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་དང་མཐུན་པར་བདག་བསྐྱེད་བསྒོམ་པའི་ཐོག་མར་རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པ་སྟེ་ཐོག་མར་ཚོགས་རྟེན་སྤྲུལ་པ་ནི། རང་ཉིད་ཁྲོ་བོ་གནས་འགྱུར་ཏེ་སེམས་དཔའ་རྡོ་རྗེ་རྒྱུ་གསེར་མདོག་ཕྱག་གཡས་ཀྱི་གུང་མོའི་རྩེ་མོར་འཁོར་ལོ་འཛིན་པས་སྲུང་འཁོར་ནང་གི་བར་སྣང་དུ་བཅོམ་ལྡན་འདས་ཀུན་རིག་གི་དཀྱིལ་འཁོར་རྟེན་གཞལ་ཡས་ཁང་བརྟེན་པ་ལྷ་ཚོགས་གཙོ་འཁོར་ཐམས་ཅད་


LT34_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་གིས་སྤྲུལ་པར་བསམ་ལ། ཨོཾ་སརྦ་བིད་མཎྜ་ལ་སོགས་སྔགས་རྒྱ་བྱ། འདིར་སྔགས་བརྒྱ་རྩ་བརྒྱད་བཟླ་བར་གསུངས་པ་དཀྱིལ་འཁོར་གསལ་ཐེབས་དགོས་པས་ནུས་ན་དེ་ལྟར་གལ་ཆེ། དེ་ནས་རང་ཉིད་དཀྱིལ་འཁོར་གྱི་སྒོ་ཕྱེས་པའི་ནང་དུ་ཞུགས་ཏེ་ཕྱག་འཚལ་བར་བསམ་ལ། ཨོཾ་སརྦ་ཏ་ཐཱ་སོགས་སྔགས་བརྗོད་ཅིང་ཐལ་མོ་གནས་གསུམ་དུ་གཏུགས། དེ་ནས་རྒྱུན་བཤགས་ནི་ཡོ་གའི་རྒྱུད་རྒྱས་པ་སྟོང་ཕྲག་བརྒྱ་པ་ལས་འབྱུང་བ་ཀུན་སྙིང་གིས་སྒྲུབ་ཐབས་རྣམས་སུ་དྲང་བར་བཤད་པ། དབང་མེད་བདག་གིས་སོགས་བརྗོད། དེའང་ཚིག་བཅད་དང་པོས་བཤགས་པ། གཉིས་པས་རྗེས་སུ་ཡི་རང་བ། དེ་ནས་གསུམ་གྱིས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ། དེ་ནས་གསུམ་གྱིས་སྨོན་འཇུག་གི་སེམས་བསྐྱེད། མཐར་གཅིག་གིས་ལམ་ལ་གནས་པར་དམ་བཅའ་བ་ཡིན་ཅིང་། མགོན་པོ་སངས་རྒྱས་སོགས་ཀྱིས་རིགས་ལྔའི་སྡོམ་པ་བཟུང་བས་རང་དོན་དུ་ཚོགས་བསགས་པ་གྲུབ། དེ་ནས་ལྷ་དང་ཀླུ་གཙོ་བོར་གྱུར་པའི་འགྲོ་བ་མཐའ་དག་གློ་བུར་དུ་ལྷགས་ནས་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པས་མཆོད་པའི་བསོད་ནམས་ཀྱིས་དེ་དག་ཐམས་ཅད་སྐད་ཅིག་ལ་བྱང་ཆུབ་ཀྱི་གོ་འཕང་ཐོབ་ནས། ཨེ་མའོ་སངས་རྒྱས་སོགས་ཀྱིས་དཀྱིལ་འཁོར་བ་ལ་ཆེད་དུ་བརྗོད་


LT34_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེ་ཉིད་དུ་མི་སྣང་བར་གྱུར་པར་བསམ་པ་ནི་གཞན་དོན་ཏུ་ཚོགས་བསགས་པ་ཡིན་ལ། དེ་དག་སྟོན་པ་ཉིད་ཀྱིས་སྔོན་བསྐལ་པ་གྲངས་མེད་པ་གསུམ་དུ་ཚོགས་བསགས་པའི་དག་པ་སྦྱར་ཏེ་སྐབས་འདིར་ཚོགས་ལམ་བགྲོད་པར་བསམ། དེའང་ཕར་ཕྱིན་ཐེག་པས་བསྐལ་པ་གྲངས་མེད་པ་གསུམ་དུ་ཚོགས་གསོག་ཅིང་ས་ལམ་བགྲོད་པ་དང་འདིའི་བདག་བསྐྱེད་བསྒོམ་པ་བསོད་ནམས་མཉམ་པ་རྩ་རྒྱུད་དེ་ཉིད་འདུས་པ་ལས་གསུངས་པ་ཡིན་ནོ། །དྲུག་པ་ཡེ་ཤེས་ཀྱི་ཚོགས་བསགས་པ་གཟུགས་བརྙན་སྦྱོར་བ་ནི། རང་ཉིད་རྡོ་རྗེ་རྒྱུ་ཚོགས་རྟེན་གྱི་དཀྱིལ་འཁོར་ལས་ཕྱིར་ཐོན་ཏེ་སྔར་གྱི་མལ་དུ་འཁོད་པའི་ལག་མཐིལ་གཉིས་སུ་ཨ་དཀར་པོ་རེ་རེ་ལས་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་གཡས་སུ་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་སེམས་ཡེ་ཤེས་ལྔ་མཚོན་པའི་ཧཱུྃ་སྔོན་པོ། གཡོན་དུ་ཤེས་རབ་སྟོང་པ་ཉིད་མཚོན་པའི་ཨ་དཀར་པོ་གཉིས་ཀྱི་མཐའ་བསྐོར་དུ་སྟོང་ཉིད་བཅུ་དྲུག་གི་ངོ་བོ་དབྱངས་ཡིག་བཅུ་དྲུག་པོ་ཧཱུྃ་ལ་གཡས་བསྐོར་དང་ཨ་ལ་གཡོན་བསྐོར་དུ་འཁོད་པ་དེ་དག་འོད་དུ་ཞུ་ནས་ལག་པ་ལ་ཐིམ་པས་སོར་མོ་རྣམས་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཤེལ་ལྟར་དྭངས་བའི་མཐེ་བོང་གཉིས་ལ་ཨ་དཀར་པོ་སོགས་གཡས་གཡོན་གྱི་མཛུབ་མོ་ལྔ་ལ་ས་


LT34_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བོན་གྱི་ཡིག་འབྲུ་ལྔ་རེ། དེ་རྣམས་ཡོངས་སུ་གྱུར་པ་ལས་གཡས་ཀྱི་མཐེ་བོང་ལ་རྣམ་སྣང་སོགས་རྒྱལ་བ་རིགས་ལྔ་དཀར་མཐིང་སེར་དམར་ལྗང་བའི་མདོག་ཅན། གཡོན་གྱི་མཐེ་བོང་ལ་རྡོ་རྗེ་དབྱིངས་ཕྱུག་མ་སོགས་རིགས་ཀྱི་ཡུམ་ལྔ་དཀར་སྔོ་སེར་དམར་ལྗང་གུ་རྣམས་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟ་བུར་བསྒོམ། ཡབ་ཡུམ་ཕན་ཚུན་ཞལ་ཕན་ཚུན་གཟིགས་པས་བལྟས་པའི་བདེ་བ་ཉམས་སུ་མྱང་བས་སྦྱོར་ལམ་དྲོད་ཐོབ་པར་བསམ་ལ་མཉམ་པའི་ཐལ་མོ་དང་། ཨ་ནྱོ་ནྱ་སོགས་བརྗོད། ལྷ་ཡབ་ཡུམ་རེག་པའི་བདེ་བ་ཉམས་སུ་མྱོང་བས་སྦྱོར་ལམ་རྩེ་མོ་ཐོབ་པར་བསམ་ལ་རྡོ་རྗེ་ཐལ་མོ་དང་། བ་ར་སྤ་ར་སོགས་བརྗོད། ཡབ་ཡུམ་རྣམས་རོ་གཅིག་པའི་བདེ་བ་ཉམས་སུ་མྱོང་བས་སྦྱོར་ལམ་བཟོད་པ་ཐོབ་པར་བསམ་ལ་རྡོ་རྗེ་བསྡམས་པ་དང་། ཨ་དྱནྟ་སོགས་བརྗོད། སྟོང་གཞི་བདེ་གཤེགས་སྙིང་པོ་འོད་གསལ་བའི་སེམས་ལ་སྒོ་གསུམ་དང་ཁམས་གསུམ་གྱི་ཉོན་མོངས་པས་བཅིངས་པའི་དྲི་མ་བག་ཆགས་དང་བཅས་པ་དྲལ་བས་སྦྱོར་ལམ་ཆོས་མཆོག་ཐོབ། སོར་མོ་སོ་སོར་ཡང་རིགས་ལྔ་ཡབ་ཡུམ་ཆ་རེ་གྱུར་པར་མོས་ལ་རྡོར་བསྡམས་སྒྲ་དང་བཅས་སྙིང་ཁར་ལན་གསུམ་དྲལ་ལ། བཛྲ་བྷནྡྷ་ཏྲཊ། གསུམ་བརྗོད། དེ་དག་ནི་གཞོན་ནུ་དོན་གྲུབ་ཆུ་བོ་ནཻ་རཉྫ་ནའི་


LT34_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

འགྲམ་དུ་རྣམ་སྨིན་གྱི་སྐུ་ལུས་དཀའ་ཐུབ་ལ་བཞུགས་ནས་ཡེ་ཤེས་ཀྱི་ལུས་འོག་མིན་དུ་བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱུར་གཤེགས་ནས་ཞི་བ་ཆེན་པོའི་ཏིང་ངེ་འཛིན་ལ་བཞུགས་པ་དང་སྦྱོར་བའོ། །དེ་ནས་ཡེ་ཤེས་འབེབས་པའི་རྒྱ་དང་སྔགས་བརྗོད་པའི་ཚེ། དཀྱིལ་འཁོར་བ་དང་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་དང་པོའི་རྡོ་རྗེ་པདྨ་རཱ་ག་ལས་གྲུབ་པ་དམར་པོ་སོར་བཞིའི་ཚད་རྩེ་ལྔ་པ། མཐའི་རྭ་རྣམས་དབུས་རྭ་ལ་མ་འབྱར་བ། ལྟེ་བར་འོད་ཟེར་ལྔ་འཕྲོ་བ་དུ་མ་བྱུང་སྟེ་རང་གི་སྙིང་གར་ཞུགས་པས་མཐོང་ལམ་ཐོབ་པས་ས་དང་པོ་མངོན་དུ་བྱས་པར་མོས། ཏིཥྛ་བཛྲ་སོགས་ཀྱིས་ཡེ་ཤེས་པ་བརྟན་པ་དང་། རྡོ་རྗེ་ཁུ་ཚུར་གྱི་སྔགས་རྒྱས་བཅིངས་པས་སྒོམ་ལམ་རིམ་པར་བགྲོད་དེ་ས་དྲུག་པ་ནས་བདུན་པའི་བར་ཐོབ་པར་མོས། དེའང་སངས་རྒྱས་རྣམས་དང་པོར་སངས་རྒྱས་པའི་སྐབས་སུ་སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་རྡོ་རྗེའི་རྣམ་པར་བཅུག་པའི་ཕྱིར་དང་པོའི་རྡོ་རྗེ་བརྗོད་པར་བཤད་དོ། །དངོས་གཞིའི་ཏིང་ངེ་འཛིན་རྣམ་པ་གསུམ་ལས། དང་པོའི་སྦྱོར་བ་ནི། རང་ཉིད་རྡོ་རྗེ་རྒྱུ་གནས་གྱུར་ནས་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གསལ་བཏབ་


LT34_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཔྲལ་བར་འཁོར་ལོ་དཀར་པོ་རྟེན་འབྲེལ་བཅུ་གཉིས་གཅོད་པར་བྱེད་པའི་རྩིབས་བཅུ་གཉིས་པ་ཨོཾ་དཀར་པོས་མཚན་པ། མགྲིན་པར་པདྨ་དམར་པོ་སྟོང་ཉིད་བཅུ་དྲུག་རྟོགས་པར་བྱེད་པའི་འདབ་མ་བཅུ་དྲུག་པ་ཨཱཿདམར་པོས་མཚན་པ། སྙིང་གར་རྡོ་རྗེ་སྔོན་པོ་ཡེ་ཤེས་ལྔའི་རང་བཞིན་གྱི་རྩེ་ལྔ་པ་ཧཱུྃ་སྔོན་པོས་མཚན་པ་རྣམས་བསྒོམས་ལ་སོ་སོའི་སྔགས་རྒྱས་གནས་གསུམ་དུ་གཏུགས་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་ཉིད་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས། དག་པ་ས་གསུམ་ཐོབ་པར་མོས། དེ་ནས་རང་བཞིན་གྱི་དབྱིངས་ཀྱི་དབང་ཕྱུག་མ་བྱོན་ཏེ་རིགས་ལྔའི་ཕྱག་རྒྱས་མགོ་བོའི་གནས་ལྔར་དབང་བསྐུར་བས་ངོ་བོ་རྒྱལ་བ་རིགས་ལྔས་དབུ་བརྒྱན་ཏེ་འོད་ཟེར་ཆེན་པོའི་དབང་གིས་སངས་རྒྱས་ཐོབ་པར་བསམ་ལ་རིགས་ལྔའི་ཕྱག་རྒྱ་བྱ། དེ་དག་ནི་གཞོན་ནུ་དོན་གྲུབ་འོག་མིན་དུ་བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱུའི་སྐུར་གཤེགས་པའི་ཚེ་སངས་རྒྱས་ཐམས་ཅད་ཀྱི་ཟླ་བ་རྡོ་རྗེ་སེམས་བསྐྱེད་པ་གནང་ནས་ཡེ་ཤེས་ཆེན་པོའི་དབང་བསྐུར་བས་མངོན་བྱང་ལྔའི་སྒོ་ནས་བཅོམ་ལྡན་འདས་རྣམ་སྣང་ཆེན་པོར་སངས་རྒྱས་པའི་དག་པ་དང་སྦྱར་རོ། །དེ་ནས་རང་གི་སྙིང་ག་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྩ་རིག་གི་སྔགས་


LT34_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་གཡས་བསྐོར་དུ་འཁོད་པ་ཉིད་ཡོངས་སུ་གྱུར་པ་ལ་བཅོམ་ལྡན་འདས་ཀུན་རིག་གི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་གསལ་ལམ་འདྲེས་ཡོངས་སུ་རྫོགས་པར་གྱུར། སྒོ་བ་བཞིའི་སྔགས་རྒྱ་བྱས་པས་ནམ་མཁའི་ཚོགས་ཞིང་གི་དཀྱིལ་འཁོར་པ་བཀུག་ནས་སྙིང་གའི་དཀྱིལ་འཁོར་དང་གཅིག་ཏུ་འདྲེས། སྙིང་གའི་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀར་ཟླ་བའི་གདན་ལ་ཧཱུྃ་དཀར་པོ། དེའི་མཐའ་བསྐོར་དུ་རྩ་རིག་གི་སྔགས་ཕྲེང་གཡས་བསྐོར་དུ་བསྐོར་བའི་ཡིག་འབྲུ་རྣམས་ལས་འོད་ཟེར་རིམ་པ་ལྔ་ལྔ་འཕྲོས། རིམ་པ་དང་པོས་སྤྱིར་ཁམས་གསུམ་གྱི་འགྲོ་བ་མཐའ་དག་དང་། གཉིས་པས་ཁྱད་པར་ངན་སོང་གསུམ་ལ་ཁྱབ་ཅིང་སྣང་བར་བྱས། ལྟུང་བ་སློང་བའི་སྔགས་རྒྱ་དང་འོད་ཟེར་གསུམ་པས་ངན་འགྲོ་གསུམ་དང་ཁྱད་པར་ཚེ་འདས་ཉིད་བཀུག་སྟེ་དཀྱིལ་འཁོར་གྱི་ཁྱམས་སུ་བཞག་པས་ལྷ་ལ་སྐྱབས་སུ་འགྲོ་བར་མོས། སྡིག་པ་འཇོམས་པའི་སྔགས་རྒྱ་དང་འོད་ཟེར་བཞི་པས་སྡིག་སྒྲིབ་ཐམས་ཅད་ཉི་མས་པ་མོ་ཞུ་བ་བཞིན་སྐད་ཅིག་གིས་བཅོམ། དྲལ་བའི་སྔགས་རྒྱ་དང་འོད་ཟེར་ལྔ་པས་སྡིག་སྒྲིབ་ས་བོན་བཅས་རྩད་ནས་དྲལ་པས། དེ་རྣམས་ཁམས་གསུམ་གྱི་སྡུག་བསྔལ་ལས་གྲོལ་


LT34_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དཀྱིལ་འཁོར་ཤར་གྱི་ཁྱམས་ལ་འཁོད་པ་རྣམས་སྦྱོང་བའི་རྒྱལ་པོ་སོགས་ཕྱོགས་བཞིར་རིགས་བཞིའི་རྒྱལ་པོ་རྣམས་ཀྱི་སྐུར་གྱུར་ཏེ་སྒོ་བཞི་ནས་ནང་དུ་ཞུགས་པར་མོས་ལ། ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཞེས་བརྗོད། དཀྱིལ་འཁོར་པའི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་དེ་དག་ལ་དབང་བསྐུར་བར་བསམ་ལ་སྔགས་བརྗོད་པས་དེ་དག་དཀྱིལ་འཁོར་དུ་ཞུགས་ཤིང་དབང་ཐོབ་པས་བྱང་ཆུབ་སེམས་དཔའ་རྣམས་དང་སྐལ་པ་མཉམ་པའི་གོ་འཕང་ཐོབ་པར་མཐོང་ནས་རང་རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་རྣམས་སྤྲུལ་ཅིང་མཆོད་བསྟོད་བྱས། དེ་རྣམས་མི་དམིགས་པར་བཞག །ཐུགས་ཀའི་དཀྱིལ་འཁོར་གཞི་ལུས་རྣམ་སྣང་ཉིད་ལ་ཐིམ་པར་དམིགས། དེ་དག་ནི་སྟོན་པ་མི་སློབ་པའི་ལམ་མཐར་ཕྱིན་ནས་རྣམ་སྣང་ཆེན་པོར་སངས་རྒྱས་པ་དང་། ལྷ་གནས་སུམ་ཅུ་རྩ་གསུམ་དུ་ལྷའི་བུ་ནོར་བུ་དྲི་མ་མེད་པ་ཚེ་འཕོས་ནས་དམྱལ་གནས་སུ་ལྷུང་བ་ལ་བརྒྱ་བྱིན་གྱིས་གསོལ་བ་བཏབ་པའི་ངོར་ཀུན་རིག་གི་དཀྱིལ་འཁོར་དུ་གཞུག་ནས་སྒྲིབ་པ་སྦྱངས་པས་ལྷའི་བུ་ཐར་པ་ཐོབ་སྟེ་མཆོད་བསྟོད་ཕུལ་བ་དང་སྦྱར་བའོ། །གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་ནི། དང་པོ་ཨ་ཀཱ་རོའི་སྔགས་བརྗོད་པས་ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར་པར་མོས།


LT34_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་ངང་ལས་འོག་གཞི་ཡྃ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ། དེ་སྟེང་རྃ་ལས་མེའི་དཀྱིལ་འཁོར་དམར་པོ། དེ་སྟེང་བྃ་ལས་ཆུའི་དཀྱིལ་འཁོར་དཀར་པོ། དེ་སྟེང་ལྃ་ལས་སའི་དཀྱིལ་འཁོར་སེར་པོ། དེ་སྟེང་སུྃ་ལས་རིན་ཆེན་སྣ་བཞི་ལས་གྲུབ་པའི་རི་རབ་ལྷུན་པོ་རྣམས་ཀྱི་དབྱིབས་སོགས་མངོན་པ་དང་མཐུན་པར་རིམ་བརྩེགས་ཀྱི་སྟེང་དུ་སྣ་ཚོགས་རྡོ་རྗེ་ཕྱོགས་རེ་རེ་ལ་རྭ་གསུམ་གསུམ་སྟེ་རྩེ་མོ་བཅུ་གཉིས་པ་ལེབ་ཆགས་སུ་གནས་པའི་ལྟེ་བར་གཞལ་ཡས་ཁང་ཕྱི་ནང་གཉིས་སྦྲགས། ཕྱི་མའི་ཐོག་ཕུབས་ཀྱི་དབུས་ནས་མཐོངས་ཁ་གྲུ་བཞི་པའི་ཚོད་དུ་གདན་གར་བུའི་སྟེང་དུ་གཞལ་ཡས་ཁང་ནང་མ་ཐོག་ཕུབས་ཕྱུར་བུ་རྡོ་རྗེ་ནོར་བུའི་ཏོག་གིས་མཛེས་པ། ཕྱི་ནང་གཉིས་ཀ་གྲུ་བཞི་སྒོ་བཞི་རྟ་བབས་བང་རིམ་བཅུ་གཅིག་དང་ལྡན་པ། རྒྱན་གྱི་བཀོད་པ་སོགས་གཞུང་གསལ་ལྟར་ཕྱི་རོལ་འཇིག་རྟེན་པའི་འཁོར་ཡུག་དཀར་པོ། དེ་རྒྱབ་རྡོ་རྗེའི་ར་བ་དང་འོད་ཟེར་གྱི་ཕྲེང་བས་བསྐོར་བ། གཞལ་ཡས་ཁང་ནང་མའི་ལྟེ་བར་ལིང་ཚེ་དགུ། དེ་རྒྱབ་ཆོས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བཅུ་དྲུག་པ་ཡོད་པའི་དབུས་དང་ཕྱོགས་བཞིར་སོ་སོའི་མིང་ཡིག་གི་ཐོག་མ་ལས་བྱུང་བའི་སེང་གེ་སོགས་སེམས་ཅན་ཆེན་པོ་ལྔས་བཏེགས་པའི་རིན་པོ་ཆེའི་ཁྲི། རྩ་བའི་ལྷ་སོ་བདུན་མགྲོན་ཐབས་


LT34_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱི་ལྷ་དང་བཅས་པའི་བཞུགས་གནས་རྣམས་སུ་ཧྲཱིཿལས་པདྨ་ཁ་དོག་སྣ་ཚོགས་པ་རེ་རེའི་སྟེང་དུ་ཨ་ལས་ཟླ་བའི་གདན། ཁྲོ་བོ་བརྒྱད་ལ་ཉི་མའི་གདན་རེ་རེ་གསལ་གདབ་པ་ནི་རྟེན་གྱི་དཀྱིལ་འཁོར་རོ། །དེ་སྟེང་བརྟེན་པ་ལྷ་བསྐྱེད་པ་ལ། དབུས་ཀྱི་གཙོ་བོ་མངོན་བྱང་ལྔའི་སྒོ་ནས་བསྐྱེད་པ་སྟེ། དང་པོ་ཅིའང་མི་དམིགས་པར་འཇོག་པ་གཞི་སྟོང་པ་ཉིད་ལ་མངོན་པར་བྱང་ཆུབ་པ། དེའི་ངང་ལས་དབུས་ཀྱི་གདན་གྱི་སྟེང་དུ་ཨ་ཨཱ་ཨི་ཨཱི་སོགས་ཨཱ་ལི་བཅུ་དྲུག་གཡོན་བསྐོར་དུ་འཁོད། དེ་ཞུ་བ་ལས་ཟླ་བའི་དཀྱིལ་འཁོར་ཤེས་རབ་ཀྱི་རང་བཞིན། དེའི་སྟེང་དུ་ཀ་ཁ་ག་གྷ་ང་སོགས་ཀཱ་ལི་སོ་བཞི་གཡས་བསྐོར་དུ་འཁོད། དེ་ཞུ་བ་ལས་ཟླ་བའི་དཀྱིལ་འཁོར་ཐབས་ཀྱི་རང་བཞིན་ཏུ་བསྒོམ་པ་ནི་གདན་ཟླ་བ་ལ་མངོན་པར་བྱང་ཆུབ་པ། ཟླ་བ་གཉིས་པོ་འོད་དུ་ཞུ་བ་ལས་ཨོཾ་ཤཱ་དྷ་ནི་སོགས་ཀྱི་སྔགས་ཕྲེང་དཀར་པོ་འོད་ཟེར་འཕྲོ་བར་གྱུར་པ་ནི་གསུང་ཡིག་འབྲུ་ལ་བྱང་ཆུབ་པ། དེ་རྣམས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། འཕོ་དང་ལྷུམས་ཞུགས་བལྟམས་པ་ནས་མྱ་ངན་ལས་འདས་པའི་བར་གྱི་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་བསྟན་ཏེ་འགྲོ་བ་མཐའ་ཡས་པའི་དོན་མཛད། འོད་ཟེར་སླར་འདུས་ཡིག་འབྲུ་ལ་ཐིམ་སྟེ་ཡོངས་སུ་གྱུར་པ་ལས་དང་པོའི་རྡོ་རྗེ་དཀར་པོ་


LT34_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ལྔ་པར་གྱུར་པ་ནི་ཐུགས་ཕྱག་མཚན་ལ་བྱང་ཆུབ་པ། དེ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་རང་ཉིད་ཀུན་རིག་རྣམ་པར་སྣང་མཛད་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པའི་སྐུར་གསལ་པ་ནི་སྐུ་ཡོངས་རྫོགས་ལ་བྱང་ཆུབ་པའོ། །འཁོར་རྣམས་ནི་སྒོ་དྲུག་གིས་བསྐྱེད་པ་ཡིན་པས་རང་ཉིད་རྣམ་སྣང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྩ་བའི་རིག་པ་གཡས་བསྐོར་དུ་གསལ་བའི་ནང་གི་ཤར་དུ་ཧཱུྃ་དཀར་དམར། ལྷོར་ཏྲཱྃ་སྔོན་པོ། ནུབ་ཏུ་ཧྲཱིཿདམར་སེར། བྱང་དུ་ཨཱཿལྗང་གུ་རྣམས་གསལ་བ་ནི་སྙིང་པོ་བསྐྱེད་པའི་སྒོ། དེ་རྣམས་ལས་འོད་ཟེར་རིམ་པ་ལྔ་ལྔ་སྤྲོ་བ་ནི་འོད་ཟེར་འཕྲོ་བའི་སྒོ། དེས་འགྲོ་བ་རྣམས་ཀྱི་ངན་སོང་སྦྱོང་བ་སོགས་ནི་མཛད་པ་མཛད་པའི་སྒོ། འོད་ཟེར་རྣམས་ཚུར་འདུས་ས་བོན་རྣམས་ལ་ཐིམ་པ་ནི་སླར་བསྡུ་བའི་སྒོ། ཧཱུྃ་ལས་སྦྱོང་བའི་རྒྱལ་པོ་སོགས་རིགས་བཞི་སོ་སོར་བསྐྱེད་པ་ནི་སྐུ་བསྐྱེད་པའི་སྒོ། འབྱིན་སྔགས་བརྗོད་པས་རིགས་བཞི་ཐུགས་ཀ་ནས་ཕྱུང་། ཕྱོགས་བཞིའི་ཁྲིའི་སྟེང་དུ་ཞལ་ནང་དུ་ཕྱོགས་པས་འཁོད་པ་ནི་གནས་སུ་གནས་པའི་སྒོ་སྟེ་དེ་ལྟར་ཐམས་ཅད་སྒོ་དྲུག་གིས་བསྐྱེད་པ་རིགས་འགྲེ། འདི་ལ་རྩ་རིག་རེ་རེ་དང་ས་བོན་རེ་རེ་ལས་བསྐྱེད་པ་རྒྱ་གཞུང་གི་དགོངས་པ་ཡིན་ཀྱང་གསལ་ཐེབས་དཀའ་ན་འདི་


LT34_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱིས་དོན་ཚང་བའོ། །ཡང་ཐུགས་ཀའི་རྩ་རིག་དང་ཤར་ལྷོར་ཧཱུྃ་དཀར་པོ་སོགས་མཚམས་བཞིར་ས་བོན་བཞི་ལས་ཡུམ་བཞིར་བསྐྱེད་པ་རྣམས་བྱུང་སྟེ་མཚམས་བཞིར་པད་ཟླའི་གདན་ལ་འཁོད། ཐུགས་ཀའི་རྩ་རིག་གི་ནང་ཕྱོགས་བཞིར་སེམས་དཔའ་བཞི་རེའི་ས་བོན་བཀོད་པ་ལས་སེམས་དཔའ་བཅུ་དྲུག་བསྐྱེད། དེ་རྣམས་ཕྱིར་ཕྱུང་སྟེ་འཁོར་ལོའི་རྩིབས་བཅུ་དྲུག་གི་སྟེང་དུ་པད་ཟླའི་གདན་ལ་ཤར་ཕྱོགས་ཀྱི་རྡོ་རྗེ་སེམས་དཔའ་ནས་བརྩམས་རིམ་པར་གཡས་བསྐོར་དུ་འཁོད། འདིར་རྡོ་རྗེ་ལས་སྣ་ཚོགས་ཞེས་པ་ནི་དབུ་དང་ཞབས་གཉིས་དཀར་པོ། མགྲིན་པ་ནས་སྐེད་པ་ཡན་དམར་སྐྱ། བརླ་རྣམས་སེར་སྐྱ། རྐེད་པ་དང་ཕྱག་གཉིས་སྔོ་སྐྱ། འདོམ་བར་སྔོན་པོ་ཡིན་པར་བཤད། རྡོ་རྗེ་གནོད་སྦྱིན་ནག་པོ་ནི་ཁྲོས་པའི་གཟུགས་ཅན་མ་ཡིན་ཏེ་སེམས་དཔའ་སྤྱི་ལྟར་ཞི་བ་ཕྱག་གཉིས་ཀྱིས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པས་ཡུ་བ་བྱས་པའི་མཆེ་བ་གཉིས་ཞལ་གྱི་གྲྭར་འཛིན་པའོ། །དེ་ནས་ཐུགས་ཀར་སྒེག་སོགས་བརྒྱད་ཀྱི་ས་བོན་མཚམས་བཞི་དང་སྒོ་བ་བཞིའི་ས་བོན་ཕྱོགས་བཞིར་བཀོད་ཅིང་དེ་དག་བསྐྱེད་པ་རྣམས་ཕྱི་རོལ་དུ་ཕྱུང་སྟེ་འཁོར་ལོའི་གྲྭ་ནང་མར་སྒེག་སོགས་བཞི། ཕྱི་མར་མེ་ཏོག་མ་སོགས་བཞི། སྒོ་བ་བཞི་ཞལ་ཕྱིར་ཕྱོགས་པས་པད་ཟླ་ལ་འཁོད་


LT34_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

པས་གཞལ་ཡས་ཁང་ནང་མའི་རྩ་ལྷ་སོ་བདུན་ཚར། དེ་ནས་མགྲོན་ཐབས་ཀྱི་ལྷ་ལས་བསྐལ་བཟང་སེམས་དཔའ་བཅུ་དྲུག་དང་། དཔེ་བྲས་སེམས་དཔའ་བཅུ་དྲུག་སྔར་ལྟར་སྒོ་དྲུག་བསྐྱེད། གཞལ་ཡས་ཕྱི་མའི་ལྷ་སྣམ་རིམ་པ་བཞིའི་དང་པོ་དང་གཉིས་པ་ལ་བཀོད། ལྷ་སྣམ་གསུམ་པར་ཉན་ཐོས་བཅུ་དྲུག །བཞི་པར་རང་རྒྱལ་བཅུ་གཉིས། ཕྱི་རོལ་གྱི་སྒོ་སྲུང་ཁྲོ་བོ། མུ་རན་གྱི་འཁོར་རྣམས་སྙིང་པོ་ལྷ་གྲངས་རེ་རེ་ལས་སྐད་ཅིག་གིས་བསྐྱེད། སྒོ་བཞིའི་གཡས་གཡོན་གྱི་ཁྲོ་བོ་བརྒྱད་པོ་པདྨ་དང་ཉི་མའི་གདན་ལ་ཞལ་ཕྱིར་བསྟན་ཏུ་བཀོད། གཙོ་འཁོར་ཐམས་ཅད་ཀྱང་གཙོ་བོ་ཉིད་ཀྱི་ཡེ་ཤེས་ཀྱི་རང་སྣང་ཡིན་པས་འཇིག་རྟེན་པའི་དཔོན་གཡོག་ལྟར་མཆོག་དམན་མེད་པར་ཤེས་དགོས་སོ། །གསུམ་པ་ལས་རྒྱལ་མཆོག་ནི། རང་ཉིད་སྐད་ཅིག་གིས་ཁྲོ་བོ་ཧཱུྃ་མཛད་ཞལ་བཞི་ཕྱག་དྲུག་པར་གྱུར་ནས་སྒོ་དབྱེ་བའི་སྔགས་རྒྱ་བཅས་སྒོ་སྲུང་རྣམས་ལ་སྒོ་ཕྱེས་ཤིག་པར་བཀའ་བསྒོས་པས་གཞལ་ཡས་ཁང་གི་སྒོ་ཐམས་ཅད་ཕྱེས་པར་མོས། དཀྱིལ་འཁོར་སྤྲུལ་པའི་སྔགས་རྒྱ་བྱས་པས་འོག་མིན་ཏུ་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་གིས་བསྒོམ་པ་དང་འདྲ་བ་རང་བྱུང་ལྷུན་གྲུབ་ཏུ་བཞུགས་པ་གསལ་གདབ། བསྡུ་བའི་སྔགས་རྒྱ་བྱས་པས་དེ་དག་སྒོ་


LT34_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོ་ནས་བྱོན་ཏེ་དམ་ཚིག་པའི་བར་སྣང་ལ་བཞུགས་པར་མོས། རྡོ་རྗེ་གནོད་སྦྱིན་གྱི་སྔགས་རྒྱས་ཕྱི་འབྲང་གི་བགེགས་བསྐྲད་ཅིང་རྡོ་རྗེ་ཁུ་ཚུར་གྱིས་སྒོ་རྣམས་བཅད་པར་བསམ། དམ་ཚིག་པའི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་ཡེ་ཤེས་པའི་དཀྱིལ་འཁོར་ལ་མཆོད་པར་དམིགས་ལ་སྔགས་རྒྱ་བྱ། ཨེ་མའོ་ཀུན་ཏུ་བཟང་པོ་སོགས་ཀྱི་དམ་ཚིག་པ་ལས་ཡེ་ཤེས་པ་གཙོ་འཁོར་རྣམས་མགྲིན་གཅིག་པས་ཆེད་དུ་བརྗོད་པར་བསམ། དམ་ཡེ་བསྲེ་བ་ནི། ཡེ་ཤེས་པའི་གཙོ་བོ་དང་གཤེགས་པ་བཞི་སོ་སོའི་དམ་ཚིག་པ་ལ་ཐིམ། ཡེ་ཤེས་པའི་ཡུམ་བཞི་གཙོ་བོའི་ཐུགས་ཀར་བསྡུ། ཤར་ཕྱོགས་ཀྱི་ཡེ་ཤེས་སའི་སེམས་དཔའ་བཞི། མཆོད་ལྷ་གཉིས། སྒོ་སྲུང་གཅིག །བསྐལ་བཟང་དང་དཔེ་བྲལ་ཉན་ཐོས་རྣམས་བཞི་རེ། རང་རྒྱལ་གསུམ། ཁྲོ་བོ་གཉིས་བཅས་སྦྱོང་བའི་རྒྱལ་པོའི་ཐུགས་ཀར་བསྡུ། དེས་འགྲེས་ཏེ་ལྷོ་ཕྱོགས་པ་རྣམས་རྒྱལ་མཆོག་རིན་ཆེན། ནུབ་ཕྱོགས་པ་རྣམས་ཤཱཀྱ་རིག་དབང་། བྱང་ཕྱོགས་པ་རྣམས་མེ་ཏོག་ཆེར་རྒྱས་པའི་ཐུགས་ཀར་བསྡུ། གཤེགས་པ་བཞི་ཡང་གཙོ་བོའི་ཐུགས་ཀར་བསྡུ། དེ་མ་ཐག་ཡེ་ཤེས་པ་སོ་སོའི་ལྷག་མ་རྣམས་ཅུང་ཟད་རེ་ཐུགས་ཀར་བཞག་ལ་ཡུམ་བཞི་དམ་ཚིག་པའི་ཡུམ་བཞི་སོ་སོར་ཐིམ། དེ་བཞིན་གཤེགས་པ་


LT34_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཡང་ཐུགས་ཀ་ནས་ཐོན་ཏེ་སོ་སོའི་ཁྲི་ལ་བཞུགས་མ་ཐག་ཏུ་རང་རང་ཕྱོགས་ཀྱི་ཡེ་ཤེས་པ་རྣམས་ཐུགས་ཀ་ནས་ཐོན་ཏེ་དམ་ཚིག་པ་སོ་སོ་ལ་ཐིམ་པར་བསམ་ནས། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི་སོགས་ཆེད་དུ་བརྗོད་པར་བསམ། དེ་ནས་དབང་བླང་བ་ནི། གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ལྷག་མ་བཞག་པ་རྣམས་དབང་བསྐུར་བའི་དོན་ཏུ་ནམ་མཁའ་གང་བར་སྤྲོས་ནས། གཙོ་བོ་དང་གཤེགས་པ་བཞིས་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། སྒེག་སོགས་ཀྱིས་གླུ་ལེན། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་ཡུམ་བཞིས་བུམ་པ་སོགས་ཐོགས་ནས་ལྷ་ཐམས་ཅད་ལ་ཆུ་དང་ཅོད་པན། དར་དཔྱང་ཕྱག་མཚན་མིང་རྣམས་ཀྱིས་དབང་བསྐུར། གཙོ་བོ་རིགས་བཞི་བསྐལ་བཟང་དཔེ་བྲལ་གྱི་སེམས་དཔའ་རྣམས་ལ་རིན་པོ་ཆེའི་སྲོག་ཞུ། ཡུམ་བཞི། སེམས་དཔའ་བཅུ་དྲུག །སྒེགས་སོགས་བརྒྱད། ནང་གི་སྒོམ་བཞི་རྣམས་ལ་རིགས་ལྔའི་ཅོད་པན། ཉན་རང་མ་གཏོགས་པའི་ཕྱིའི་ཁོར་ཡུགས་དང་བཅས་པའི་ལྷ་རྣམས་ལ་མེ་ཏོག་གི་ཕྲེང་བ། ཁྲོ་བོ་བརྒྱད་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་རེས་དབང་བསྐུར་བས་དེ་རྣམས་ཀྱིས་དབུར་བརྒྱན་པར་བསམ་ལ། ཕྱག་རྒྱ་བཞིས་དབང་ལྷ་རྣམས་དཀྱིལ་འཁོར་པ་ལ་ཐིམ་པར་དམིགས། དེ་ནས་ཕྱག་རྒྱ་བཞིའི་


LT34_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་འདེབས་པའི་དང་པོ་དམ་རྒྱ་ནི། རྒྱུད་ཚིག་གིས་བསྐུལ་ནས་ཐོག་མར་ས་མ་ཡ་སྟྭཾཾ། ཞེས་པས་རང་གཙོ་བོ་རྣམ་སྣང་གི་དམ་ཚིག་པ་དང་ཡེ་ཤེས་པ་སོ་སོར་ཕྱེས་ནས་དམ་ཡེ་གཉིས་ཞལ་སྤྲོད་ཀྱི་རྣམ་པར་བཞུགས་པར་བསམ། བཛྲ་དྲྀཥྚི་མ་ཊ། ཞེས་པས་དམ་ཡེ་གཉིས་ཀྱི་སྤྱན་གཡས་པ་མ་ལས་ཉི་མ་དང་། གཡོན་པ་ཊ་ལས་ཟླ་བར་བསྒོམ། དྲྀ་ཤྱ་ཧོཿཞེས་པའི་སྐབས་དམ་ཡེ་གཉིས་ཕར་གཟིགས་ཚུར་གཟིགས་མཛད། ཛཿཧཱུྃ་བྃ་ཧོཿ ཞེས་པས་ཡེ་ཤེས་པ་དམ་ཚིག་པ་ལ་སླར་ཐིམ། ས་མ་ཡ་སྟཾྭ། དང་པོས་ཉི་མའི་རྒྱབ་ཡོལ་གསལ་འདེབས། ས་མ་ཡ་སྟཾྭ་ཨ་ཧཾ་ཞེས་པས་ཀུན་རིག་རྣམ་སྣང་གི་ང་རྒྱལ་བཟུང་། དམ་རྒྱ་བཅས་ཏེ་རྩ་རིག་ལན་གསུམ་བརྗོད་པའི་སྐབས་ཐུགས་ཀར་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པས་རྒྱས་བཏབ་པས་དམ་རྒྱ་མ་བཀྲོལ་བར་དུ་ཡེ་ཤེས་པ་བཞུགས་པར་བསམ། དེས་ཐམས་ཅད་ལ་རིགས་འགྲེས་ཏེ་རང་ཉིད་སྦྱོང་བའི་རྒྱལ་པོའི་ང་རྒྱལ་གྱིས་དམ་ཡེ་དབྱེ་བ་ནས་བརྟན་པའི་བར་སྔར་ལྟར་དེ་བཞིན་གཤེགས་པ་བཞི་ཀ་ལ་ཉི་མ་རྒྱབ་ཡོལ་བསྒོམ་པ་ནི་བྱང་ཆུབ་སྨིན་པའི་བརྡའ་ཡིན་ལ། ཡུམ་བཞི་ཕྱིན་ཆད་ལ། སུ་ར་ཏ་སྟཾྭ། གིས་དམ་ཡེ་དབྱེ་བ་དང་། ཟླ་བའི་རྒྱབ་ཡོལ་ཁོ་ན་བསྒོམ་པ་ནི་བྱང་ཆུབ་མྱུ་གུ་བསྐྱེད་པའི་བརྡར་བཤད་དོ། །དེ་ལྟ་བུའི་རིམ་པས་ཁྲོ་བོ་བརྒྱད་ཡན་ཆད་ལ་སྔགས་རྒྱ་ཏིང་ངེ་འཛིན་སྤོ་བ་ནི་ཐུགས་དམ་ཚིག་གི་ཕྱག་


LT34_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱའོ། །རང་གཙོ་བོ་རྣམ་སྣང་གི་ལྐོག་མ་སྟེ་མགྲིན་པའི་ནང་དུ་ཧྲཱིཿལས་པདྨ་དམར་པོ་འདབ་མ་བརྒྱད་པའི་མདུན་གྱི་པད་འདབ་གཅིག་ལྕེར་གྱུར་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཉལ་ཐབས་སུ་གནས་པའི་ལྟེ་བར། ཨོཾ་ཤོ་དྷ་ནེ་སོགས་རྩ་རིག་གིས་བསྐོར་བར་བསམ་ལ་སྔགས་བརྗོད། དེས་འགྲེས་ཏེ་སྤྱོད་རྒྱལ་ནས་ཁྲོ་བོ་བརྒྱད་ཀྱི་བར་རབ་སྔགས་དང་དམིགས་པ་སྤོ་བ་ནི་གསུང་ཆོས་ཀྱི་ཕྱག་རྒྱའོ། །གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པའི་ཤར་གསུམ་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བ་མཐིང་གའི་མདོག་ཅན་ལས་འོད་ཟེར་རིམ་པ་ལྔ་ལྔ་འཕྲོས། དང་པོས་ཁམས་གསུམ། གཉིས་པས་ངན་སོང་གསུམ་སྣང་བས་ཁྱབ། གསུམ་པས་དེ་དག་གི་རྒྱུད་ལ་གནས་པའི་ཉོན་མོངས་པའི་དུག་ལྔ་ཡེ་ཤེས་ལྔས་སྦྱང་། བཞི་པས་རྒྱུའི་ངན་འགྲོ་དུག་གསུམ་དང་། ལྔ་པས་འབྲས་བུའི་ངན་སོང་དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་ལས་ཐར་བར་མཛད། འོད་ཟེར་ཚུར་འདུས་སྙིང་གའི་སྣ་ཚོགས་རྡོ་རྗེ་ལ་ཐིམ་པར་བསམ། ཨོཾ་གླུ་བླངས་པའི་ལས་རྒྱ་བཅས་ལ་རིགས་ལྔ་ནས་ཁྲོ་བོ་བརྒྱད་ཀྱི་བར་སོ་སོའི་སྔགས་བརྗོད་ཅིང་ཏིང་ངེ་འཛིན་བྱ་བ་ནི་སྐུ་ལས་ཀྱི་ཕྱག་རྒྱའོ། །གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་ཡིག་ལས་དང་པོའི་རྡོ་རྗེ་དམར་པོ་རྩེ་ལྔ་པ་རེ་རེས་རྒྱས་གདབ་པར་བསམ་ལ་ལྷའི་


LT34_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཁོ་ན་ཉིད་དང་བདག་གི་དེ་ཁོ་ན་ཉིད་དབྱེར་མི་ཕྱེད་པའི་མཚན་མེད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་བཞིན་དུ་ལྷ་སོ་སོའི་སྔགས་བརྗོད་ཅིང་ཕྱག་རྒྱ་འཆའ་བ་ནི་ཕྱག་རྒྱ་ཆེན་པོའོ། །དེ་ནས་གནས་ཉེར་གཉིས་བྱིན་གྱིས་བརླབ་པ་ནི། སྙིང་ག་མགྲིན་པ་དཔྲལ་བ་སོགས་གཞུང་ནས་བཤད་པའི་གནས་རྣམས་སུ་རྡོ་རྗེའི་ཕྱག་རྒྱས་རེག་ལ། ཨོཾ་སརྦ་བིད་བཛྲ་སོགས་སྔགས་བརྗོད་པས་གནས་རེ་རེ་བཞིན་ཟླ་བ་རྡོ་རྗེ་རེ་རེས་རྒྱས་གདབ་པར་བསམ། དེ་རྣམས་བསྡུ་ན་རིགས་གསུམ་སྤྱིའི་སྔགས་རྒྱས་རྒྱ་བཞི་དང་། གནས་གསུམ་དང་གཙུག་ཕུད་ཙམ་གྱིས་གནས་བྱིན་གྱིས་བརླབས་པའི་དོན་ཚང་བར་བཞེད་ཀྱང་སྦྱོང་རྒྱུད་དངོས་བསྟན་སྤྱོད་རྒྱུད་དུ་བྱེད་ན་ལས། རྣལ་འབྱོར་རྒྱུད་ཀྱི་ལུགས་སུ་བྱེད་ན་མཚན་ཉིད་མ་ཚང་བས་ཆོ་ག་ཉམས་པའི་སྐྱོན་དུ་འགྱུར་ཅེས་མཁས་པ་དག་གིས་བཤད་པའང་བདེན་པར་སྣང་། དེ་ནས་མཆོད་བསྟོད་བྱ་བ་ནི། རང་གི་ཐུགས་ཀ་ནས་ལས་ཀྱི་རྡོ་རྗེ་སེམས་དཔའ་ཞིག་སྤྲོས་པ་ཤར་སྒོར་འཁོད། དེའི་ཐུགས་ཀ་ནས་མཆོད་རྫས་འཛིན་པའི་ལྷ་མོ་མང་པོ་སྤྲོས་ཏེ་མཆོད་བསྟོད་ཕུལ་བར་བསམ་ལ་མཆོད་པ་ཉེར་ལྔ་པས་མཆོད་ཅིང་། རྡོ་རྗེ་འཛིན་པའི་དབྱངས་མཉམ་མེད་མས་བསྟོད་པ་ཕྱག་ལེན་དུ་འབྱུང་། མཐར་མཆོད་ལྷ་རྣམས་རྡོར་སེམས་དང་དེའང་རང་ལ་བསྡུ། དེ་ནས་ཕྲིན་ལས་བཅོལ་བ་ནི་ལྷ་སོ་སོའི་ཕྱག་ཆེན་བཅིངས་


LT34_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སྔགས་བརྗོད། རྒྱས་པར་རེ་རེ་བཞིན་མཚན་ནས་སྨོས་ཏེ་ཕྲིན་ལས་བཅོལ། འབྲིང་པོ་ལ་གཙོ་བོ། རིགས་བཞི་ཡབ་ཡུམ་བཞི། སེམས་དཔའ་བཅུ་དྲུག། སྒེགས་སོགས་བརྒྱད་དང་སྒོ་བ་བཞི། བསྐལ་བཟང་དང་དཔེ་བྲལ། ཉན་ཐོས་དང་རང་རྒྱལ། ཁྲོ་བོ་ཆེན་པོ་བརྒྱད། འཇིག་རྟེན་སྐྱོང་བ་བཙས་ཕྱོགས་སུ་བསྡུས་པ་དང་། བསྡུས་པ་ཆོ་གའི་དཀྱུས་སུ་བཀོད་པ་ལྟར་རྩ་རིག་དང་གཙོ་འཁོར་ཕྱོགས་བསྡུས་ཅན་རྣམས་སུ་ཡོད་པ་ལས་བསྙེན་པ་བཏང་བའི་སྐབས་སུ་ནི་བསྡུས་པ་འདི་ཙམ་གྱིས་ཆོག་ཅིང་། ཏིང་ངེ་འཛིན་ནི། གོང་དུ་ལས་རྒྱའི་སྐབས་སུ་བཤད་པ་ལྟར་བྱའོ། །བཟླས་པའི་ཕྲེང་བ་དུང་ཤེལ་ལམ་ལས་སྤྱིར་བསྔགས་པའི་བོ་དྷི་ཙེ་ཡིན་ཀྱང་ཕྲེང་ལུང་ཀོ་ཐིག་མིན་པའི་རས་སྐུད་དཀར་པོ་ལ་བརྒྱུས་པ་དགོས་ཤིང་། བྱིན་རླབས་རྒྱུད་སྡེ་འོག་མ་ནས་ཁ་འགེངས་པའི་ཕྱག་སྲོལ་ལྟར་ན། ཕྲེང་བ་ཐལ་མོའི་བར་དུ་བཅུག་སྟེ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཆོས་ཐམས་ཅད་པའི་རྣམ་པ་ཐམས་ཅད་དུ་བྱིན་གྱིས་བརླབ་ཏུ་གསོལ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཨརྦྷཱ་ཏེ་བི་ཛ་ཡ་སིདྡྷེ་སིདྡྷརྠ་སྭཱ་ཧཱ། ཞེས་པ་ཉེར་ཅིག་གམ་བདུན་བཟླ། ཨོཾ་རུ་ཙི་ར་མ་ི་པྲ་ཝྷ་ནི་ཡེ་སྭཱ་ཧཱ། ཞེས་པ་བདུན་ནམ་ལྔ་བཟླས་ལ་ཕུས་གདབ་


LT34_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་རིགས་སྔགས་འདི་འགྲུབ་པར་གྱུར་ཅིག །ཅེས་བརྗོད་དོ། །དེ་ནས་བཟླས་པའི་དམིགས་པ་ནི། ལྷ་ཚོགས་ཐམས་ཅད་བདག་ཉིད་དང་ངོ་བོ་གཅིག་ལ་རྣམ་པ་སོ་སོར་སྣང་བར་ཤེས་པར་བྱས་ལ། ལྷ་ཚོགས་གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེ་རེའི་ལྟེ་བར་ལྷ་སོ་སོའི་ས་བོན་གྱི་མཐར་རང་རང་གི་སྙིང་པོ་དང་། དེ་ཡི་མཐར་རྩ་རིག་གིས་བསྐོར་བར་བསམ་པ་ནི་བཟླས་པའི་གཞི་ཡིན་པས་གསལ་མ་ཐེབས་པར་དེ་ལྟར་བསྒོམས་ནས་རྩ་རིག་བཟླ། དེ་ཉིད་གསལ་ཐེབས་ནས་སྔར་ལས་རྒྱའི་སྐབས་སུ་བཤད་པ་ལྟར་འོད་ཟེར་རིམ་པ་ལྔ་ལྔའི་སྤྲོ་བསྡུ་རྣམས་ཀྱང་རིམ་པ་བཞིན་གསལ་གདབ་ཅིང་བཟླས་པ་བྱ། འཁོར་སྔགས་བཟླ་བའི་ཚེ་འཁོར་སོ་སོའི་ཐུགས་ཀར་སྤྲོ་བསྡུ་བྱའོ། །གཉིས་པ་དཀྱིལ་འཁོར་གྱི་ལས་རིམ་ནི། བསྙེན་པ་གྲུབ་པའི་རྣལ་འབྱོར་པས་རང་གཞན་དོན་དུ་དཀྱིལ་འཁོར་གྱི་ལས་བྱ་བའི་ཚུལ་རྡུལ་ཚོན་དང་འབྲེལ་བ་ནི་གཞུང་ལས་ཤེས་པར་བྱ་དགོས་ཤིང་། རས་བྲིས་ལ་བརྟེན་པའི་ལག་ལེན་ནི་བྱ་སླ་བས་ཀུན་གྱིས་ཤེས་པ་དེར་ཟད། བསྒོམ་དོན་ལ་བུ་མ་བསྐྱེད་སྐབས་བུམ་པ་ཁ་གཡེལ་ཞབས་ཞུམ་པ་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ལྟོ་བ་ཡངས་པའི་ནང་དྲི་ལྡན་གྱི་ཆུའི་སྟེང་དུ་པདྨ་འདབ་མ་བརྒྱད་པའི་སྟེང་དུ་རྩ་བའི་ལྷ་སོ་བདུན་གྱི་གདན་བསྐྱེད། དེའི་སྟེང་དུ་གཙོ་བོ་མངོན་


LT34_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ལྔ་བསྐྱེད་དང་། འཁོར་རྣམས་མགྲོན་ཐབས་སུ་སྒོ་མ་བཞི་ཡན་ཆད་བསྐྱེད། སྒོ་དབྱེ་བ་མི་དགོས་པས་ཡེ་ཤེས་པ་སྤྱན་འདྲེན་ནས་ཕྲིན་ལས་བཅོལ་བའི་བར་བདག་བསྐྱེད་དང་འདྲ། བཟླས་པའི་དམིགས་པ་བདག་བསྐྱེད་ལྟར་བྱས་ཀྱང་ཆོག་མོད། སྤྱི་འགྲོ་ལྟར་ན་རང་གི་ཐུགས་ཀའི་འོད་ཟེར་གཟུངས་ཐག་ལ་བརྒྱུད་ནས་བུམ་པའི་ནང་དུ་སོང་། ལྷ་ཚོགས་གཙོ་འཁོར་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་དམིགས་ལ་གཙོ་འཁོར་རྣམས་ཀྱི་སྔགས་བཟླ། མཐར་གནས་འདིའམ་ནི་སོགས་ངོ་མཚར་བའི་མཆོད་པ་བཅོ་བརྒྱད་ཀྱིས་མཆོད། ཕྱག་རྡོར་མཚན་བརྒྱས་བསྟོད། མཆོད་ཡོན་ཕུལ་བས་བུམ་ལྷ་འོད་དུ་ཞུ། བྱང་ཆུབ་སེམས་ཀྱི་རང་བཞིན་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་མོས། ལས་བུམ་དུ་རྡོ་རྗེ་གནོད་སྦྱིན་བསྐྱེད་བཟླས་བྱ། ཕྲིན་ལས་བཅོལ་ལ་འོད་ཞུ་མི་དགོས་དེ་ཀར་བཞག །བསྡུ་ན་བུམ་པ་རྡོར་འཛུག་ཅེས་བུམ་པ་ལ་རྡོ་རྗེས་རེག་ཏེ་བུམ་པའི་ནང་སྔགས་ཀྱི་ཡིག་འབྲུས་གང་བར་མོས་ལ་གཙོ་འཁོར་ཐམས་ཅད་ཀྱི་སྙིང་པོའམ་རྩ་རིག་རྐྱང་པ་བཟླས་ཀྱང་ཆོག །མཆོད་བསྟོད་བྱས་ལ་ཡིག་འབྲུ་འོད་ཞུ་བྱ་བ་ནི་རྒྱུད་རྐྱང་གི་དགོངས་པ་ཡིན་པས་ཤིན་ཏུ་གོ་ཆོད་ལ། འདི་སྐབས་ལས་བུམ་ཏུ་རྡོ་རྗེ་གནོད་སྦྱིན་གྱི་སྙིང་པོ་གསལ་བཏབ་ལ་སྔགས་བཟླ་བས་བྱིན་གྱིས་བརླབ། འོད་ཞུ་མི་དགོས་སོ། །དེ་ནས་མདུན་བསྐྱེད་ཀྱི་དཀྱིལ་


LT34_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་སྒྲུབ་མཆོད་ནི། རས་བྲིས་ཀྱི་དཀྱིལ་འཁོར་ལ་རྟེན་བྱས་ཏེ་རང་ཉིད་རྡོ་རྗེ་རྒྱུ་དང་དབྱེར་མེད་པས་དཀྱིལ་འཁོར་སྤྲུལ་པར་བསམ་ལ་མངོན་རྟོགས་ལྟར་རྟེན་བརྟེན་པར་བཅས་པ་གསལ་གདབ་སྟེ་གཙོ་བོ་མངོན་བྱང་ལྔ་བསྐྱེད་དང་། འཁོར་རྣམས་རང་རང་གི་གདན་ཁ་ས་བོན་ཙམ་ལས་བསྐྱེད། མདུན་བསྐྱེད་གཙོ་བོ་ཧཱུྃ་མཛད་དུ་གནས་འགྱུར་པས་སྒོ་དབྱེ། ཡེ་ཤེས་བཀུག་བསྟིམ་དབང་བསྐུར་རྒྱས་གདབ་ཕྲིན་ལས་བཅོལ་བའི་བར་བདག་བསྐྱེད་ཀྱི་དམིགས་པ་སྤོ། བཟླས་པའི་སྐབས་རང་དང་མདུན་བསྐྱེད་ཀྱི་གཙོ་བོ་དབྱེར་མེད་ཡིན་པར་མོས། དེང་སང་དཀྱུས་ཀྱི་ཕྱག་ལེན་དུ་ཟོར་ཡང་བའི་ཆེད་དུ་མཆོད་བསྟོད་རྣམས་ལྷུ་ཕྲལ་ནས་ཆོ་ག་ཚར་གཅིག་ནང་དུ་ཚང་པ་མཛད་ཀྱང་མཆོད་བསྟོད་ནི་མདུན་བསྐྱེད་ལ་དགོས་དོན་གྱི་གཙོ་བོ་ཡིན་ཏེ་དེའང་ཆུ་གཉིས་ཉེར་སྤྱོད་འབུལ་བ་རབ་འབྱམས་རྒྱ་མཚོ། མཆོད་པ་ཉེར་ལྔ་འབུལ་ཚིག་དཔག་མེད་བསོད་ནམས། འདོད་ཡོན་ལྔ་འབུལ་ཚིགས་ཁ་དོག་དབྱིབས་ལེགས། རྒྱལ་སྲིད་སྣ་བདུན་འབུལ་ཚིག་བདེ་བར་གཤེགས་པ་རྣམས་ནི་ཕྱི་མཆོད། ངོ་མཚར་བའི་མཆོད་པ་བཅོ་བརྒྱད་འབུལ་ཚིག་གནས་འདིའམ་ནི་སོགས་ནང་མཆོད། སྒེག་སོགས་ལྷ་མོ་བརྒྱད་འབུལ་ཚིག་རྡོ་རྗེ་སེམས་དཔའ་བསྡུས་པ་སོགས་གསང་མཆོད་ཡིན་ནོ། །མཆོད་པ་རེ་རེ་ལའང་ལྔ་ལྔ་ཚང་བ་རྒྱུད་རྡོ་རྗེ་རྩེ་མོའི་དགོངས་པ་སྟེ། ཕྱི་རྫས་ཀྱི་མཆོད་པ་རྫས་དངོས། དེའི་སྔགས་


LT34_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་རིག་སྔགས་བཟླས་པའི་མཆོད་པ། ཕྱག་རྒྱ་འཆིང་བར་བྱེད་པ་ཕྱག་རྒྱའི་མཆོད་པ། མཆོད་ཡུལ་ལྷ་དང་མཆོད་བྱེད་ལྷ་མོར་དམིགས་པ་སྒོམ་པ་ཏིང་ངེ་འཛིན་གྱི་མཆོད་པ་སྟེ། དེས་རང་གཞན་གྱི་དོན་སྒྲུབ་པ་ནི་སྒྲུབ་པའི་མཆོད་པར་གསུངས་པས་ལྔ་ཀ་ཚང་བར་བྱ། ཕྱི་ནང་གི་མཆོད་པ་རྣམས་རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྒྲུལ་ཏེ་ཕུལ་བར་དམིགས་པའམ། ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པས་མཉེས་ཤིང་དབང་དུ་བྱེད་པ་ལས་ཀྱི་རྡོ་རྗེ་འཛིན་མར་སྤྲུལ་ནས་མཆོད་པར་མོས་པར་བཤད་པའང་འབྲེལ་ཆགས་པས་ཅི་བདེར་བྱ། དེ་ལ་རབ་འབྱམས་རྒྱ་མཚོའི་སྐབས་འཇིག་རྟེན་གྱི་ཁམས་རབ་འབྱམས་རྒྱ་མཚོ་ནས་བདག་པོས་མ་བཟུང་བའི་མཆོད་རྫས་ཇི་སྙེད་ཡོད་པ་དང་། རང་ཉིད་ཀྱིས་གུས་ཤིང་དང་བའི་བློས་དངོས་སུ་གཙང་མར་སྦྱར་ཏེ་ཅི་འབྱོར་པའི་མཆོད་ཡོན་སོགས་བཤམས་པ་འབུལ་བའི་དོན་ཡིན་ལ། མཆོད་པ་ཉེར་ལྔ་པ་ནི། ལྷའི་བུ་ནོར་བུ་དྲི་མ་མེད་པ་ངན་སོང་ལས་ཐར་ནས་བཅོམ་ལྡན་འདས་ལ་མཆོད་པ་ཕུལ་བའི་དོན་བསྡུས་པ་སྟེ། རྒྱན་གྱི་ཁྱད་པར་བརྒྱད། ཡོ་བྱད་ཀྱི་ཁྱད་པར་དྲུག །གནས་ཀྱི་ཁྱད་པར་དྲུག །མཆོད་པའི་ཁྱད་པར་ལྔ་རྣམས་ཡིན་ལ་སྦྱོང་རྒྱུད་ཀྱི་སྐབས་དོན་དམིགས་བསལ་ཡིན་པས་ཤིན་ཏུ་གལ་ཆེའོ། །འདོད་ཡོན་ལྔ་དང་རྒྱལ་སྲིད་བདུན་ནི་སོ་སོའི་ཚིག་


LT34_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལྟར་བློས་བླངས་ཤིང་སྤྲུལ་ཏེ་འབུལ། ངོ་མཚར་བའི་མཆོད་པ་བཅོ་བརྒྱད་ནི། བདག་པོས་མ་བཟུང་བའི་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་རིན་པོ་ཆེའི་རི་རབ་དཔག་བསམ་ཤིང་རྣམས་ཕྱི་མཆོད། རྩེ་འཇོའི་བདེ་བ་གསང་མཆོད། སེམས་བསྐྱེད་པ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དེ་ཁོ་ན་ཉིད་སྒེག་མོ་སོགས་དྲུག་ནང་མཆོད། ལུས་ངག་ཡིད་གསུམ་དང་རྣམ་ཐར་སྒོ་གསུམ་འབུལ་བ་ནི་དེ་ཁོ་ན་ཉིད་ཀྱི་མཆོད་པ་སྟེ་འདིའང་རྒྱུད་ཀྱི་དགོངས་པ་ཁྱད་པར་ཅན་ནོ། །རྒྱུད་དེ་ཉིད་འདུས་པ་ནས་གསུངས་པའི་རྡོ་རྗེ་སེམས་དཔའ་བསྡུས་པ་སོགས་གསང་མཆོད་ཀྱི་སྐབས་དང་། རྡོ་རྗེ་སེམས་དཔའ་སོགས་བོད་སྐད་ཀྱི་སྐབས། མཆོད་ཡུལ་གྱི་དཀྱིལ་འཁོར་གྱི་ཤར་ཕྱོགས་རྡོ་རྗེ། ལྷོ་ཕྱོགས་རིན་པོ་ཆེ། ནུབ་ཕྱོགས་པདྨ། བྱང་ཕྱོགས་ལས་ཀྱི་རིགས་རྣམས་གསལ་འདེབས། ཨོཾ་བཛྲ་སཏྭ་སོགས་ཀྱི་སྐབས་ལས་ཀྱི་ལྷ་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཟླ་བའི་སྟེང་དུ་སྣ་ཚོགས་རྡོ་རྗེ་ལའང་སྒེགས་སོགས་ནང་གི་ལྷ་མོ་བཞི་དང་། བདུག་སྤོས་མ་སོགས་ཕྱིའི་ལྷ་མོ་རྣམས་རིམ་པར་སྤྲུལ་ནས་ཕྱོགས་སོ་སོའི་ལྷ་ལ་ཕུལ་བས་ལྷ་རྣམས་ཀྱི་ཕྱག་གིས་ཕྱག་ལ་བཅངས་ཏེ་བདེ་བ་ཆེན་པོས་མཉེས་པར་བསམ་པའོ། །བསྟོད་པའི་སྐབས་གཙུག་དགུའི་རྒྱུད་ལས། ཐམས་ཅད་ལ་ལྕེ་བརྒྱ་པའི་ཁ་དུམས་བསྟོད་པ་ཉེ་བར་སྦྱོར་པར་མོས་ཏེ། རྡོ་རྗེ་དྲིལ་བུ་འཛིན་པས་བསྟོད་པར་བྱའོ།


LT34_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་ལྟར་བྱ་དགོས་ལ། དྲིལ་སྟབས་ནི་ཉང་སྟོད་ཕོ་རོག་པའི་ལག་ལེན་ཡིན་པས་དོ་གལ་ཆུང་། དེ་ལས་ཆོས་དབྱིངས་ཡེ་ཤེས་སོགས་རྒྱུད་དང་རྒྱ་གཞུང་གི་ཚིག །ངོ་བོ། ཕྱག་མཚན། ཡོན་ཏན་གསུམ་གྱི་སྒོ་ནས་བསྟོད་པ་དང་། མཉམ་མེད་མི་གཡོ་སོགས་ནི་དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ལས་འབྱུང་བའི་བདེ་གཤེགས་སྤྱི་བསྟོད་ཡིན་ཅིང་ཕྱག་རྡོར་གྱི་མཚན་བརྒྱ་ནི་སྤྱོད་རྒྱུད་ལས་འབྱུང་བ་ཡིན་ནོ། །དེ་ནས་འཇིག་རྟེན་པ་ལ་གཏོར་མ་སྦྱིན་པའི་སྐབས་བདག་བསྐྱེད་ཀྱི་ཐུགས་ཀ་ནས་རང་ཉིད་རྡོར་སེམས་རྣམ་པར་འཐོན་ཏེ་དཀྱིལ་འཁོར་གྱི་ཕྱི་རོལ་དུ་སོང་བར་བསམ་ལ། ཕྱི་རོལ་དུ་རང་རྒྱུད་པར་གནས་པའི་ཕྱོགས་སྐྱོང་རྣམས་དང་འབྱུང་པོ་སྤྱི་དང་། བགེགས་རིགས་བཅས་ལ་གཏོར་མ་ཆ་གསུམ་སྦྱིན། བགེགས་གཏོར་སྐབས་གུང་ཀའི་སྲིན་པོ། པི་ཙི་ཤ་ཟ། གུང་གུང་འབྱུང་པོ་བགེགས་རིགས་ཡིན་པར་བཤད། ཕྱི་རོལ་དུ་འབྱུང་པོ་དང་སྨྲ་བས་མི་གཙང་བར་གྱུར་པ་ཉེ་རེག་བྱས་པས་བསངས་ཏེ་སླར་གཙོ་བོའི་ཐུགས་ཀར་ཞུགས་པར་མོས། དེ་ནས་གཞན་ལ་དབང་བསྐུར་བའི་སྔོན་དུ་རང་ཉིད་སྔགས་ཀྱི་སྡོམ་པ་དང་ལྡན་པར་དགོས་པས་དབང་རྫོགས་པར་ལེན་པ་ཡིན་ཏེ། བདག་བསྐྱེད་ཀྱི་ཐུགས་ཀ་ནས་རང་ལུས་ཐ་མལ་པ་ཞིག་སྤྲོས་ནས་མདུན་བསྐྱེད་ཀྱི་ཤར་སྒོའི་གཡས་ཟུར་དུ་འཁོད། །དཀྱིལ་འཁོར་གྱི་གཙོ་བོ་དང་རང་གི་བླ་མ་དབྱེར་མེད་པས་དབང་གི་


LT34_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་མཛད་པར་བསམ། ལས་སློབ་རྡོ་རྗེ་སེམས་དཔའི་རྣམ་པས་ཁྲུས་སོགས་རིམ་པར་བྱས་པ་མོས་ལ་ཁྲུས་བྱ་ཞིང་། ཞུ་བའི་ཡོན་དུ་མཎྜལ་འབུལ། གསོལ་བ་གདབ་ཅིང་རྒྱུན་བཤགས་ཀྱིས་རྒྱུད་སྦྱངས་ལ་རིགས་ལྔའི་སྡོམ་པ་བཟུང་། རྣལ་འབྱོར་རྒྱུད་ཀྱི་ཁྱད་ཆོས་ཟླ་བ་རྡོ་རྗེའི་སེམས་བསྐྱེད་ཅིང་བརྟན་པར་བྱ། རིགས་གསུམ་སྤྱིའི་སྔགས་རྒྱ་དང་ཏིང་ངེ་འཛིན་སྔར་སྨོས་པ་ལྟར་གྱིས་གནས་གསུམ་བྱིན་བརླབས། རྡོ་རྗེའི་སྔགས་རྒྱ་ཏིང་ངེ་འཛིན་གྱིས་གནས་ཉེར་གཉིས་སམ་བསྡུ་ན་གནས་བཞིའམ་སྐྱེ་བའི་གནས་ལྔ་བྱིན་བརླབ། དགེ་རྩ་བྱང་ཆུབ་ཏུ་བསྔོ། གསང་སྔགས་འབྱུང་བར་དཀའ་ཞིང་ཕན་ཡོན་ཆེ་བའི་ཆོས་བཤད། ཁྲོ་བོ་མེ་ལྟར་འབར་བའི་སྔགས་རྒྱས་ལུས་ངག་ཡིད་གསུམ་ལ་བར་དུ་གཅོད་པའི་བགེགས་རྣམས་བསྲུང་། རྡོ་རྗེ་གནོད་སྦྱིན་གྱི་སྔགས་རྒྱས་གདོང་གཡོགས་པ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཀྱི་ངོ་བོར་མོས། ཨོཾ་བཛྲ་ཨདྷིྭ་ཏིཥྛ་ཧཱུྃ་གིས་རྡོ་རྗེ་སེམས་དཔའི་ངོ་བོར་བྱིན་གྱིས་བརླབ་པ་ལ་ཉེར་སྤྱོད་ལྔས་མཆོད་པར་མོས་ལ་པུཥྤེ་སོགས་བརྗོད། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་ཏུ་མེ་ཏོག་ཁ་དོག་སྣ་ཚོགས་པའི་ཕྲེང་བ་ཐོགས་པར་མོས་ལ་རྡོ་རྗེ་འཛིན་མའི་རྒྱས་མེ་ཏོག་བཟུང་། ཨོཾ་བཛྲ་ས་མ་ཡ་ཧཱུྃ་གིས། ཤར་སྒོ་ནས་དཀྱིལ་འཁོར་དུ་ཞུགས་ཏེ་ཤར་གྱི་ལྷ་སྣམ་ལ་གནས་པར་བསམ། ཡེ་ཤེས་པ་དབབ་པ་བསྡུ་ན་གཞུང་གསལ་


LT34_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ཙམ་གྱིས་ཀྱང་ཆོག་མོད། བསྒོམ་དོན་དངོས་ནི། སློབ་དཔོན་གྱི་ཐུགས་ཀར་ཨ་ལས་རྡོ་རྗེ་དམར་པོ་འོད་ཟེར་གྱི་ཕྲེང་བ་དང་ལྡན་པ་སློབ་མ་ཧཱུྃ་ལས་རྡོ་རྗེ་སེམས་དཔར་གསལ་བའི་ལུས་ཤིན་ཏུ་དྭངས་བའི་གནས་བཞིར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྙིང་གར་ཧཱུྃ་ལས་རྡོ་རྗེ། དཔྲལ་བར་ཏྲཱྃ་ལས་རིན་པོ་ཆེ། མགྲིན་པར་ཧྲཱིཿལས་པདྨ། སྤྱི་བོར་ཨཱཿལས་སྣ་ཚོགས་རྡོ་རྗེ་རྣམས་ཀྱིས་མཚན་པ། སློབ་དཔོན་གྱི་ཐུགས་ཀའི་རྡོ་རྗེ་ལས་ཨཱཿབྱུང་སྟེ་སློབ་མའི་སྙིང་གའི་སྒོ་ཕྱེས་ནས། སྙིང་གར་བཅུག་པས་ལུས་ཐམས་ཅད་འོད་ཀྱིས་གང་། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཡི་གེ་ཧཱུྃ་གི་རྣམ་པ་ཆར་བབས་པ་ལྟར་བྱོན་ནས་ལུས་ལ་ཐིམ་པར་མོས་ཏེ་སྔགས་བཅུ་ནས་བརྒྱའི་བར་དུ་བརྗོད་ལ་རོལ་མོ་བྱ། ཨ་ས་མེ་སོགས་ཀྱིས་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་མཉམ་པ་ཉིད་དུ་བྱས་པར་མོས། མེ་ཏོག་གི་ཕྲེང་བ་དཀྱིལ་འཁོར་གྱི་གཙོ་བོ་རྣམ་སྣང་ལ་ཕུལ་བས་དེ་ཉིད་སླར་སྤྱི་བོར་དབང་རྟགས་ཅོད་པན་དུ་བཅིངས་ཏེ་རྣམ་སྣང་ཉིད་བསྒྲུབ་བྱའི་ལྷ་སྐལ་དུ་ཐོབ་པར་བསམ། མིག་དར་བསལ་བས་སྒྲིབ་པ་ཐམས་ཅད་དང་བྲལ་ཏེ་དག་པ་ཡེ་ཤེས་ཀྱི་སྤྱན་ཐོབ། ཨོཾ་བཛྲ་ཧཱ་སྱ་སོགས་ཀྱིས་རྡོ་རྗེ་བཞད་པས་སྒོ་ཕྱེས་ཏེ་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་མཇལ་བར་བསམ། ཨོཾ་བཛྲ་ས་མ་ཡ་


LT34_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱྀ་ད་ཡ་སོགས་ཀྱིས་ཡེ་ཤེས་པའི་བྱིན་རླབས་རང་གི་རྒྱུད་ལ་བརྟན་པར་བྱ། དམ་ཚིག་གི་ཆུ་བླུད་ནས་བསྲུང་བསྡོམ་བྱ་བའི་ཚུལ་བཀའ་བསྒོས་ཉེ་དམ་ལ་བཞག་པར་བསམ་པ་རྣམས་ནི་དཀྱིལ་འཁོར་འཇུག་པའི་ཆོས་རྣམས་སོ། །དེ་ནས་དངོས་གཞིའི་དབང་གི་དོན་དུ་མཎྜལ་ཕུལ། ཤར་ཕྱོགས་ཀྱི་སྒོ་དང་ཉེ་བར་དབང་སྟེགས་པདྨ་དཀར་པོའི་ལྟེ་བར་འཁོར་ལོ་རྩིབས་བརྒྱད་པའི་སྟེང་དུ་སློབ་མ་རྡོ་རྗེ་སེམས་དཔའི་རྣམ་པས་འཁོད་པར་བསམ་ལ་ཐོག་མར་སྔགས་དབང་ནི་རྒྱུད་རྐྱང་སྤྱོད་རྒྱུད་ཀྱི་ལུགས་ལྟར་ན་ལག་ལེན་གཞན་ཡོད་ཀྱང་། འདིར་རྣལ་འབྱོར་རྒྱུད་ཀྱི་ལུགས་སུ་གསུང་རྒྱུན་ལས་བྱུང་བ་ལྟར་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སོ་སོའི་སྔགས་ཀྱི་ཡིག་འབྲུ་གསེར་གྱི་མདོག་ཅན་གྱི་ཚོགས་འཕྲོས་ཏེ་སློབ་མའི་སྤྱི་བོར་ཐིམ་པར་བསམ་ལ་རྡོ་རྗེ་སྤྱི་བོར་བཟུང་ལ་སྔགས་བརྗོད། དེ་ནས་དབང་བཅུ་བསྐུར་བའི་བུམ་པ་སོགས་ཀྱི་སྐབས། དེ་བཞིན་གཤེགས་པ་ལྔས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་བཞིས་བུམ་པས་དབང་བསྐུར་བས་དྲི་མ་ཐམས་ཅད་བཀྲུས་ཤིང་སྦྱངས། རྩ་བའི་ལྷ་རྣམས་ཀྱི་སྤང་རྟོགས་ཀྱི་ཡོན་ཏན་དང་ཡེ་ཤེས་རྒྱུད་ལ་བླུགས་པར་བསམ། དེ་བཞིན་དུ་རིན་པོ་ཆེའི་སྲོག་ཞུ་དང་། མེ་ཏོག་གི་ཕྲེང་བ་མགོར་བཅིངས། དར་དཔྱང་སྙན་གཡས་གཡོན་ཏུ་འཕྱང་། ལྷ་ཐམས་ཅད་ཀྱི་ཕྱག་ནས་རིགས་ལྔའི་ཕྱག་མཚན་སྤྲོས་ནས་སློབ་མའི་ལག་


LT34_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཀོད། ལྷ་ཚོགས་རྣམས་ཀྱིས་གསང་མཚན་མགྲིན་གཅིག་ཏུ་བཏགས་པར་བསམ་པ་རྣམས་ནི་རིགས་པའི་དབང་ལྔ་སྟེ། རང་དོན་བསྙེན་སྒྲུབ་བྱར་རུང་བའི་དབང་ངོ། །དེ་ནས་སློབ་མ་རྡོ་རྗེ་སེམས་དཔར་གསལ། སྟེང་དུ་བླ་བྲེ་དང་གདུགས་དཀར་པོ་ཕུབ། གཡས་གཡོན་དུ་རྒྱལ་མཚན་དང་བ་དན་བསྒྲེང་། མཐའ་བསྐོར་དུ་མཆོད་པའི་ཡོ་བྱད་དུ་མས་མཆོད་པར་བསམ། རྡོར་སེམས་ཀྱི་སྐུའམ་དམ་རྒྱ་སྤྱི་བོར་བཞག་ལ་སྙིང་པོ་བརྗོད། འདིར་བཀྲ་ཤིས་པའི་ཚིགས་སུ་བཅད་པ་སྔོན་དུ་འགྲོ་བས་སྔར་བཤད་པའི་བུམ་པ་སོགས་ཀྱི་དབང་ལྔ་པོ་སྔགས་ཙམ་གྱིས་སླར་བསྐུར་བར་གསུངས་པ་རང་དོན་བདག་འཇུག་སྐབས་སོགས་གྲུབ་ན་གནད་དོན་ཆེའང་དཀྱུས་ཀྱི་ཕྱག་ལེན་ལ་མི་འབྱུང་བ་དང་། མཚན་བརྒྱས་བསྟོད་པར་གསུངས་པའང་ད་ལྟ་ནི་ཤློ་ལོ་ཀ་གཅིག་ཙམ་ལ་བསྡུ་བར་སྣང་ངོ། །དེ་ནི་གཞན་དོན་བྱེད་པ་ཕྱིར་མི་ལྡོག་པ་རྡོ་རྗེ་སློབ་དཔོན་གྱི་དབང་ཡིན་ལ་དེའི་ལག་ཏུ་སྣ་ཚོགས་རྡོ་རྗེ་ལག་ཏུ་གཏད་པ་ནི་ཞི་རྒྱས་དབང་དྲག་གི་ཕྲིན་ལས་རྣམ་པ་བཞིའི་སྒོ་ནས་རང་གཞན་གྱི་དོན་བསྒྲུབ་ཏུ་རུང་བའི་དབང་། འཁོར་ལོ་རྐང་པའི་བར་དུ་བྱིན་པས་རྣམ་སྣང་གི་རིགས་ཀྱི་རྒྱུད་བཤད་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་ནུས་པའི་དབང་། རིགས་ལྔའི་བདག་པོ་སོགས་ཀྱི་སྐབས་སློབ་མ་རིགས་ལྔ་སོ་སོའི་ང་རྒྱལ་དུ་འཕོས་པ་ལ་རིགས་ལྔའི་ཕྱག་མཚན་


LT34_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་པས་རྣལ་འབྱོར་རྒྱུད་ཀྱི་རིགས་ལྔ་ཀའི་དབང་བསྐུར་བ་དང་རྒྱུད་འཆད་པ་སོགས་རུང་བའི་དབང་ཡིན་པས་དེ་དང་དེ་ལྟར་ཐོབ་པར་བསམ་དགོས་ལ། ཡུམ་ལྔའི་ཕྱག་རྒྱ་སྤྱི་བོར་བཞག་པ་ནི་རྒྱུད་སྡེ་གོང་མའི་གསང་དབང་གི་དོད་ཡིན་པས་རྒྱུད་ཀྱི་གསང་བ་མཐའ་དག་ཉན་པ་དང་སྤྱོད་དུ་རུང་བའི་དབང་ཡིན་ཅིང་རིགས་ལྔའི་ཕྱག་རྒྱ་གནས་ལྔར་བཅིང་པ་རྒྱུད་སྡེ་གོང་མའི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོད་ཡིན་པས་ཡབ་ལྔ་དང་ཡུམ་ལྔའི་ཕྱག་མཚན་ཕན་ཚུན་རེག་པའི་བརྡས་བལྟ་བ་དང་དགོད་པ་དང་ལག་བཅངས་གི་བདེ་བ་ཉམས་སུ་མྱང་བའི་དགའ་བའི་ཡེ་ཤེས་སྐྱེས་པར་མོས་པ་སྟེ། དབང་རྫས་ལའང་ཡབ་ཡུམ་གཉིས་ཀའི་ཕྱག་མཚན་དགོས་པར་བཤད་དོ། །སངས་རྒྱས་ཀུན་གྱི་སོགས་དཀྱིལ་འཁོར་གྱི་རྣམ་དག་བཤད་པ་ཡིན་པས་དེའི་དོན་དྲན་པ་དང་། རྡོ་རྗེ་དང་དྲིལ་བུ་དང་ཕྱག་རྒྱའི་དམ་ཚིག་གསུམ་བྱིན་པས་དེ་དང་དེའི་བརྟུལ་ཞུགས་ལས་མི་འདའ་བར་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར། ཐབས་དང་ཤེས་རབ། བདེ་བ་དང་སྟོང་པ། སྙིང་རྗེ་དང་སྟོང་ཉིད་ལ་སོགས་པ་ཟུང་འཇུག་ཏུ་སྤྱོད་དགོས་པ་དང་། དེ་རིང་ཕན་ཆད་སོགས་ཀྱི་དམ་ཚིག་བསྒྲགས་པ་སྟེ། སློབ་དཔོན་དཀྱིལ་འཁོར་གྱི་བདག་པོས་ཇི་ལྟར་བསྒོས་པའི་བཀའ་ལས་ནམ་ཡང་འདར་མི་རུང་བར་གདམས་པའོ། །ཡོ་ག་རྒྱལ་པོའི་ཆོས་ལུགས་ཡིན་པས་མཐའ་


LT34_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཏུ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱིས་འཁོར་ལོས་བསྒྱུར་བའི་དབང་ཕྱུག་ཆེན་པོར་མངའ་དབང་གསོལ་ནས། ཚེ་འདིའི་བདེ་བ་སོགས་ཀྱིས་དབང་ཐོབ་པའི་ཕན་ཡོན་དང་། སངས་རྒྱས་ཀུན་དང་སོགས་ཀྱིས་སྤང་བླང་གི་བསླབ་བྱ་བསྟན་ཅིང་རྗེས་སུ་གནང་བས་དབང་བསྐུར་གྲུབ་ནས་རྗེས་དམ་ཚིག་ཁས་བླང་། གཏང་རག་མཎྜལ། ལུས་འབུལ་བྱས་ལ་རང་རྡོར་སེམས་སུ་གསལ་བ་ཉིད་བདག་བསྐྱེད་གཙོ་བོའི་ཐུགས་ཀར་ཞུགས་པར་མོས་ལ་རྡོ་རྗེ་འཛིན་མའི་རྒྱ་བཅིངས་ཏེ། ཨོཾ་བཛྲ་དྷ་ར་སོགས་བརྗོད་ལ་རིགས་ལྔ་དང་དབྱེར་མེད་པའི་ང་རྒྱལ་བཟུང་ངོ། །གསུམ་པ་སྡིག་སྦྱོང་དང་སྦྱིན་སྲེག་གཉིས་ལས་གཤིན་པོའི་དོན་གཙོ་བོར་གྱུར་པ་སྡིག་པ་སྦྱོང་བའི་ལས་སྦྱོང་རྒྱུད་ལས་གསུངས་པ་ཐམས་ཅད་སྡིག་སྦྱོང་གི་སྒོ་བདུན་ཏུ་འདུ་བར་བཞེད་པའང་སྣང་མོད། ཀུན་རིག་གི་སྐབས་འདིར་སྡིག་སྦྱོང་གི་སྒོ་བཅུ་དང་ཞར་བྱུང་ཕྲ་མོ་རྣམས་བསྣན་པས་རྣམ་གྲངས་བཅོ་ལྔར་ཡང་འགྱུར་བ་ལས། ད་ལྟ་ལྷོ་སྒོའི་ཆོ་གར་གྲགས་པ་འདི་ཉིད་དེ་ཐམས་ཅད་ནས་ལག་ཏུ་བླང་བདེའི་རིགས་སྣ་ཚང་ཙམ་བསྡུས་པ་སྡིག་སྦྱོང་གི་སྒོ་ཀུན་གྱི་འདྲ་འབག་ལམ་བྱེད་ཙམ་ཡིན་ལ། ལྷོ་སྒོ་ཞེས་པ་ནི་ལྷོ་ཕྱོགས་གཤིན་རྗེའི་གནས་ཡིན་ཅིང་དེས་སྲོག་ལ་དབང་བྱེད་པ་སོགས་ཀྱི་རྒྱུ་མཚན་ལས་བཏགས་པར་བཤད། བྱང་བུའང་གཟུགས་བརྙན་ནམ་གུར་གུམ་གྱི་མིང་ཡིག་དང་སྙིང་


LT34_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བྲི་བརྒྱུད་ལས་གསུངས་པ་ལྟར་བྱས་ན་ལེགས་ཤིང་། ནྲྀ་ཡིག་དང་འཕན་གདུགས་སོགས་སྔགས་རྙིང་མའི་མན་ངག་ལུགས་ལས་གསར་མའི་རྒྱུད་རྒྱ་གཞུང་རྣམས་ལས་མི་འབྱུང་། བྱང་སྟེགས་པདྨ་དཀར་པོའི་སྟེང་དུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཟླ་གདན་བྲིས་པ་ནི་རྒྱ་གཞུང་གི་དགོངས་པའོ། །དེ་ལ་ཐོག་མར་རང་ཉིད་ལས་ཀྱི་རྡོ་རྗེ་སེམས་དཔར་གྱུར་པ་མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷོ་སྒོར་སེང་གེའི་ཁྲི་ལ་འཁོད་པའི་མདུན་དུ་གདན་གོང་སྨོས་ཀྱི་སྟེང་དུ་ནྲྀ་ཡིག་ལས་ཚེ་འདས་གསོན་པོའི་རྣམ་པ་ཇི་ལྟ་བ་བཀྲག་མདངས་དང་ལྡན་པར་བསྐྱེད། དཀོན་མཆོག་གསུམ་གྱི་བདེན་པའི་སྟོབས་དྲན་ཅིང་ལྕགས་ཀྱུའི་ཕྱག་རྒྱ་དང་། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས། ཚེ་འདས་ཀྱི་རྣམ་ཤེས་ཨ་ཐུང་དམར་པོའམ་རླུང་མེད་པའི་མར་མེ་ལྟ་བུའི་རྣམ་པར་བཀུག་སྟེ་སྤྱི་བོ་ནས་ཞུགས་སྙིང་གར་ཐིམ་པས་ཚེ་འདས་དངོས་སུ་གྱུར་པར་བསམ་ལ་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གི་རྒྱས་གདབ། འདིར་རྣམ་ཤེས་འགུགས་པའི་ཕྱག་རྒྱ་ནི། དེ་ཉིད་བསྡུས་པ་ལས། གསང་བའི་ལྕགས་ཀྱུ་བསྡམས་བྱས་ཏེ། །ཐ་མ་མདུན་ཏུ་བརྐྱང་བྱས་ལ། །ཤི་བའི་མགོ་བོར་བཞག་ན་ནི། །སྲོག་གི་སླར་ཡང་ཐོབ་པར་འགྱུར། ཅེས་གསུངས་པ་ལྟར། རྡོ་རྗེ་ནང་བསྡམས་ཀྱི་མཛུབ་མོ་གཉིས་བརྐྱངས་པའི་རྩེ་མོ་ཅུང་ཟད་བཀུག་ནས་ལྕགས་ཀྱུ་ལྟར། མཐེའུ་


LT34_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་གཉིས་གཤིབས་ཏེ་བརྐྱང་བ་རོའམ་བྱང་བུའི་མགོར་བཞག་པ་བུ་སྟོན་དང་ཆོས་གྲགས་རྒྱ་མཚོའི་ཀུན་རིག་ཆེན་མོར་གསུངས་མོད། རྗེ་བརྒྱད་པའི་ཆོ་གའི་ཚིག་ཤིན་ཏུ་བསྡུས་པའི་དབང་གིས་དཀྱུས་སུམ་གསུངས་པས་ཕྱིས་འདིར་བདེན་བརྗོད་ཀྱི་འགུགས་པ་སྤྱི་ལ་འདོད་རྒྱལ་གྱི་ཕྱག་རྒྱ་འཆིང་སྲོལ་ཡོད་པའི་ལག་ལེན་དཀྱུས་སུ་ཤོར་བ་ཡིན་འདུག་ཀྱང་དམིགས་བསལ་འདི་ལྟར་བྱུང་ན་གལ་ཆེ་བར་མངོན་ནོ། །ལྟུང་བ་སློང་བའི་སྔགས་རྒྱས་ངན་སོང་གསུམ་པོ་ཐམས་ཅད་ཀྱང་བཀུག་ནས་དཀྱིལ་འཁོར་གྱི་ཁྱམས་ལ་འཁོད་པར་བསམ། སྡིག་པ་འཇོམས་པའི་སྔགས་རྒྱའི་སྐབས་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཚེ་འདས་དང་ངན་སོང་གི་འགྲོ་བ་རྣམས་ཀྱི་སྡིག་སྒྲིབ་ཉི་མས་བ་མོ་བཅོམ་པ་བཞིན་བྲལ་བར་བསམ། དེ་ནས་བགེགས་སྦྱང་བ་ནི། ཚེ་འདས་ཉིད་ལ་ཐོག་མ་མེད་པ་ནས་ལན་ཆགས་པའི་བགེགས་རིགས། མཐོ་རིས་དང་ཐར་པ་ཐོབ་པ་ལ་བར་དུ་གཅོད་པར་བྱེད་པ་མདོ་རྒྱུད་རྣམས་ལས་གསུངས་པའི་བགེགས་ཀྱི་རིགས་དུ་མ་ཡོད་པ་རྣམས་དང་བྲལ་བར་བྱ་བ་སྟེ། ཟླུམ་གཏོར་ལ་ཨ་ཀཱ་རོས་བདུད་རྩིའི་རྒྱ་མཚོ་འདོད་ཡོན་ལྔའི་སྤྲིན་འཕྲོ་བར་བྱིན་བརླབ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བགེགས་རིགས་ལན་ཆགས་རྣམས་ལ་སྦྱིན་པས་ཐམས་ཅད་དགའ་མགུ་ཡི་རངས་ཤིང་ཚིམས་ཏེ་བུ་ལོན་ལན་ཆགས་བྱང་བར་བསམ་པ་ནི་


LT34_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བས་སྦྱར་བའོ། །ཞི་བས་མི་ཚིམས་པའི་བགེགས་རྣམས་ལ་མར་མེ་ལམ་སྒྲོན་དང་། ཆང་བུ་ལམ་བརྒྱག་གི་ཚུལ་དུ་སྦྱིན་ཅིང་སྔགས་དྲག་པོས་བསྐྲད་པ་ནི་ཞི་དྲག་ཕྱེད་མའི་སྦྱོང་བའོ། །དེས་ཀྱང་མི་འགྲོ་བར་གནོད་པར་བྱེད་པའི་ནག་ཕྱོགས་གདུག་པ་ཅན་རྣམས་ཚར་བཅད་པའི་ཕྱིར་གཙོ་བོ་རིགས་ལྔའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྒོ་སྲུང་ཁྲོ་བོ་བརྒྱད་བསྐུལ། དེ་རྣམས་ལས་རང་འདྲ་བའི་ཁྲོ་བོ་དཔག་ཏུ་མེད་པ་འཕྲོས་ཏེ་མཚོན་ཆའི་ཆར་དང་མེ་དཔུང་འབར་བས་བགེགས་རྣམས་བྱ་སྤུ་རླུང་གིས་གཏོར་བ་ལྟར་ལྕགས་རིའི་ཕྱི་རོལ་དུ་བསྐྲད་པར་བསམ་ལ་བཀའ་བསྒོ་དང་བདེན་སྟོབས་དྲག་སྔགས་བརྗོད་པས་བསྐྲད་པ་ནི་དྲག་པོའི་སྦྱང་བའོ། །དེ་ནས་རྫས་གཅིག་པའི་སྦྱིན་སྲེག་གིས་སྡིག་པ་སྦྱོང་བ་ནི། ཚེ་འདས་ཀྱི་སྙིང་ཁར་ཡི་གེ་ཀཾ་ནག་པོ་ལ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་ཐིམ་ལ་སྣ་བུག་གཡས་ནས་ཕྱིར་ཐོན་ཏེ་མདུན་གྱི་ཏིལ་ལ་ཐིམ། ཡེ་ཤེས་ཀྱི་མེ་གྲུ་གསུམ་འབར་བ་བསྒོམ་པ་ལ་སྲེགས་ཀྱང་ཆོག་ལ། ལྷ་བསྒོམ་པར་འདོད་ན་ཟ་བྱེད་རྡོ་རྗེ་མཁའ་འགྲོ་བསྐྱེད་པའི་ཞལ་མེ་འབར་བའི་ནང་དུ་ཕུལ་བས་སྦྱངས་པར་བསམ། །ཕྱིར་ཟློག་གིས་སྡིག་པ་སྦྱོང་བ་ནི། བྲབ་རྫས་ཡུངས་ཀར་དང་བྱེ་མ་མི་ཁྱིས་མ་འགོང་པ་བརྔོས་པ་ལ་ལྷ་བསྐྱེད། གཟུངས་ཐག་བཏགས་ནས་བཟླས་པ་གང་མང་བྱ་དགོས་པ་རྒྱུད་རྒྱ་


LT34_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་གི་དགོངས་པ་ཡིན་ཀྱང་དིང་སང་དེ་ལྟར་ལག་ལེན་ཐུབ་མཁན་མེད་པས་ཆོ་གའི་བསྙེན་པའི་སྐབས་ཕུ་འགྲིམ་བྱས་པ་དེས་གོ་ཆོད་རྩིས་མི་བྱེད་ཀ་མེད་དུ་འདུག་པས་སྔགས་རྣམས་ཀྱི་ཕན་ཡོན་དྲན་བཞིན་རོ་དང་བྱང་བུ་སོགས་ལ་བཏབ་པས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བཅོམ་པར་མོས་པ་ཙམ་ལས་དམིགས་བཟུར་བ་གཞུང་ནས་མ་བཤད་པས་མི་དགོས། གལ་ཏེ་དམིགས་པ་བྱེད་ཕྱིན་ཆད་བསྙེན་པའི་དམིགས་པ་དེ་ཉིད་གཞུང་གི་དགོངས་པ་ཡིན་པས་དེ་ཀས་བྱ་བ་ལེགས། དེ་ནས་ཁྲུས་ཀྱི་སྒོ་ནས་སྡིག་པ་སྦྱོང་བ་ལ་ལྷ་ཁྲུས་སྐབས་མདུན་བསྐྱེད་དཀྱིལ་འཁོར་ཁྱམས་སུ་ཁྲུས་ཁང་གྲུ་བཞི་པ་མཐིལ་ཤེལ་ལས་བྱས་ཤིང་མདུན་ནས་ཀ་བ་གཉིས་ཀྱིས་བཏེགས་ཤིང་ཧད་པོར་ཡོད་པའི་མཐའ་རིན་པོ་ཆེའི་བརྩིག་པས་བསྐོར་བའི་ནང་སྤོས་ཆུ་ཡན་ལག་བརྒྱད་ལྡན་གྱི་རྫིང་བུ་འཁྱིལ་བ་མེ་ལོང་དེ་དང་དབྱེར་མེད་པ་ལ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་བཞུགས་པར་དམིགས་ལ། མདུན་གྱི་བར་སྣང་ལ་ལྷ་མོ་ཁྲུས་བུམ་ཐོགས་པ་མང་པོས་སྐུ་ཁྲུས་གསོལ་བར་མོས་ནས་ཚིགས་བཅད་རྣམས་བརྗོད་ཅིང་། སྐུ་ཕྱི་བའི་སྐབས་ལྷའི་དར་པཉྩ་ལི་ཀཱ་ས་སྐུ་ཕྱི་བ་དང་། ལྷ་ཚོགས་ཐམས་ཅད་ལ་དར་གྱི་གོས་ཟུང་རིན་པོ་ཆེ་དང་མེ་ཏོག་གི་ཕྲེང་བ་ཕུལ་བར་དམིགས་ལ་གོས་རྒྱན་འབུལ། ཁྲུས་ཆུ་ལས་བུམ་དུ་བླུགས་ནས་ལྷ་ཚོགས་རྣམས་


LT34_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐུ་ལུས་བཀྲུས་པའི་ཁྲུས་ཆུ་ཡེ་ཤེས་ལྔ་དང་ཕར་ཕྱིན་དྲུག་གི་རང་བཞིན་ཏུ་གྱུར་པས་ཚེ་འདས་ཁྲུས་བྱས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཆུས་ཚེ་འདས་ཀྱིས་ཐོག་མེད་ནས་ད་ལྟའི་བར་དུ་བསགས་པའི་སེར་སྣའི་དྲི་མ་བཀྲུས་པར་བསམ་པ་སོགས་ཕར་ཕྱིན་སོ་སོའི་ཆུས་རང་རང་གི་མི་མཐུན་ཕྱོགས་ཀྱི་དྲི་མ་རྣམས་བཀྲུས་པར་བསམ། སངས་རྒྱས་ཀུན་གྱི་གཟི་བརྗིད་སོགས་ཀྱི་སྐབས་དཀོན་མཆོག་གསུམ་པོ་དེ་དང་དེ་དག་གི་ཡོན་ཏན་དང་བདེན་པ་སོ་སོའི་མཐུ་སྟོབས་ཀྱིས་ཚེ་འདས་ཀྱི་ཉོན་མོངས་དུག་གསུམ་བཅོམ་ནས་དག་པར་མོས་ལ་བཀྲུ། འདོད་ཆགས་ཞེ་སྡང་སོགས་དང་ས་ཆུ་མེ་རླུང་གི་སྐབས་དཀོན་མཆོག་གི་ཡོན་ཏན་དྲན་ཅིང་འབྱུང་བ་བཞི་པོ་དུག་གསུམ་གྱི་འབྱུང་ཁུངས་ཡིན་པའི་བདེན་ཚིག་བརྗོད་པས་ཚེ་འདས་ཀྱི་དུག་ལྔ་དུག་གསུམ་བྱང་བར་དམིགས་ཤིང་བུམ་ཆུས་བཀྲུ་བ་ལས་རྫས་སོ་སོའི་སྦྱང་བ་དང་དམིགས་རིམ་འདྲ་མཚུངས་བསྒྲིགས་པ་རྣམས་ལ་ཁུངས་དང་ཤེས་བྱེད་མེད་པ་ཀུན་མཁྱེན་དྷརྨ་ཀ་རའི་གསུང་རྒྱུན་ལས་འབྱུང་ཞིང་རྗེ་ཉིད་ཀྱིས་མི་མཛད་པ་བཤད། གང་ལ་སེར་སྣ་སོགས་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་པའི་སྐབས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་ཤིས་པ་བརྗོད་ཅིང་མེ་ཏོག་དཀར་པོའི་ཆར་འབེབས་པར་བསམ་ལ་བུམ་ཆུ་དང་མེ་ཏོག་འཐོར། ཚིགས་བཅད་འདི་རྣམས་ནི་མདོ་རྒྱུད་ལས་བྱུང་བའི་སངས་རྒྱས་ཀྱི་


LT34_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རབ་འབའ་ཞིག་ཡིན་ནོ། །དེ་ནས་དཀྱིལ་འཁོར་པ་རྣམས་རང་མལ་དུ་གསལ་བཏབ་ལ་ཚེ་འདས་དེས་དཀོན་མཆོག་གསུམ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྙིང་ཐག་པ་ནས་དད་གུས་ཀྱི་བློས་ལུས་གྲངས་མེད་སྤྲུལ་ནས་ཕྱག་འཚལ་ཞིང་ལུས་འབུལ་བར་བསམ་ལ་ཕྱག་འཚལ་གྱི་ཚིག་རྣམས་བརྗོད། །དེ་ནས་དབང་བསྐུར་བས་སྡིག་པ་སྦྱོང་བ་ནི། སྤྱིར་ཚེ་འདས་ཀྱི་རོ་དང་རུས་པ་སོགས་དབང་བསྐུར་བའི་ཡུལ་དགུར་གསུངས་པ་ལས་ད་ལྟའི་མིང་བྱང་ལ་དབང་བསྐུར་བ་གཙོ་བོར་བྱེད་པ་ལྟར་ཚེ་འདས་ཉིད་ཤར་སྒོའི་དྲུང་ཏུ་གནས་པ་ལ། རང་ཉིད་ཤར་སྒོའི་གཡས་ཟུར་དུ་རྡོ་རྗེ་སེམས་དཔའི་རྣམ་པར་གནས་པས་དཀྱིལ་འཁོར་པའི་ལས་རྡོར་གྱི་ཚུལ་གྱིས་དབང་གི་བྱ་བ་བྱེད་པར་བསམ་ལ་དབང་ཡོངས་སུ་རྫོགས་པ་བདག་འཇུག་གི་སྐབས་སུ་བཤད་པ་ལྟར་བསྐུར་ཏེ། སྦྱོང་རྒྱུད་ལས། ཀྱེ་ལྷའི་བུ་རྣམས་ངན་སོང་དུ་སྐྱེས་ཟིན་པ་དེ་དག་ནི། མིང་ལ་ཡང་དབང་བསྐུར་བར་གྱིས་ཤིག །གཟུགས་བརྙན་ལའང་དབང་བསྐུར་བར་གྱིས་ཤིག །ཅེས་གསུངས་པ་ལྟར། མིང་དང་གཟུགས་བརྙན་གྱི་བྱང་བུ་ལ་བརྟེན་ཏེ་དབང་བསྐུར་བ་ཕྱག་ལེན་གྱི་གཙོ་བོ་སྟེ། དེ་དག་ཚེ་འདས་དངོས་སུ་གསལ་ནས་མཎྜལ་འབུལ་བ་དང་རྗེས་ཟློས་རྣམས་བྱས་པར་མོས་ནས་དེ་ཉིད་ལ་དབང་བསྐུར་བས་


LT34_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྣམས་དང་སྐལ་བ་མཉམ་པར་བསམ་པ་རྣམས་ཁྱད་པར་རོ། །དེ་ནས་རྗེས་ཟས་བསྔོ་བྱ་བ་ནི། སྤྱིར་འདོད་ཡོན་རྣམས་སྔགས་རྒྱ་ཏིང་ངེ་འཛིན་གྱིས་བྱིན་བརླབས་ནས་མཆོད་ཡུལ་དང་སྦྱིན་ཡུལ་ཐམས་ཅད་ལ་འབུལ་ཞིང་བསྔོས་པས་མཉེས་ཤིང་ཚིམ་པར་འགྱུར་བ་དང་། ཁྱད་པར་ཕ་མ་སོགས་སྔར་ཤི་བ་ལ་ལོ་དུས་བཞིན་ཟས་བསྔོ་བྱས་པས་ཕན་ཡོན་ཐོབ་ཚུལ་མདོ་ལས་འབྱུང་བ་དང་། འཕགས་པ་མོངྒལ་གྱི་མའི་དྲིན་ལན་བསབ་པའི་མདོ་སོགས་ལས་ཀྱང་འབྱུང་བ་མ་ཟད་སྤྱོད་རྒྱུད་འགྲེལ་བར་ཁྱི་སྙིང་ཕྲུ་མ་ལ་ཆགས་པ་ལྟར་འདོད་ཡོན་མ་བསྔོས་པར་འགྲོ་མི་འདོད་པར་གསུངས་པ་ལྟར་གོང་མ་རྣམས་ཀྱིས་སྐབས་འདིར་འདོད་ཡོན་བསྔོ་བའི་ཕྱག་ལེན་མཛད་པ་སྟེ། ཤ་ཆང་མ་གཏོགས་པའི་ཟས་སྐོམ་དར་རས་ཅི་འབྱོར་བ་བཤམ། སྔགས་རྒྱ་ཏིང་ངེ་འཛིན་གྱིས་འདོད་ཡོན་ནམ་མཁའ་མཛོད་མི་ཟད་བའི་གཏེར་ཡིད་ལ་ཇི་ལྟར་འདོད་པ་ཐམས་ཅད་འབྱུང་བར་བྱིན་གྱིས་བརླབ། གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་རྣམས་ཀྱིས་དབང་པོ་ལྔའི་གནས་སུ་ཟག་པ་མེད་པའི་བདེ་བས་ཚིམས་པར་བསམ་ལ་བསྔོ་ཞིང་བར་དོའི་སེམས་ཅན་དྲི་ཡིས་ཚིམས་པ་ཡིན་པས་ཟས་སྣ་རྣམས་གསུར་བྱ། དེ་ནས་རང་ཉིད་བདག་བསྐྱེད་ཀྱི་ཐུགས་ཀར་ཐིམ་པས་དབྱེར་མེད་དུ་གྱུར་


LT34_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ང་རྒྱལ་བཟུང་། །བྱང་བུ་བསྲེག་པ་ནི། བདག་མདུན་གཙོ་བོ་རིགས་ལྔའི་སྐུ་ལས་ཡེ་ཤེས་ཀྱི་མེ་ལྕེ་ཁ་དོག་ལྔ་འཕྲོས་པས་ཚེ་འདས་ཀྱི་ཕུང་པོ་ལྔའི་བག་ཆགས་བསྲེགས། ཡུམ་བཞི་ལས་ཡེ་ཤེས་ཀྱི་མེས་འབྱུང་བ་བཞི། སེམས་དཔའ་རྣམས་ལས་འཕྲོས་པའི་ཡེ་ཤེས་ཀྱི་མེས་དབང་པོ་དྲུག་དང་། སྒེག་སོགས་ལྷ་མོ་རྣམས་ཀྱི་ཡེ་ཤེས་ཀྱི་མེས་ཡུལ་དྲུག་དང་། གཙོ་འཁོར་ཀུན་གྱི་གནས་གསུམ་ལས་ཡེ་ཤེས་ཀྱི་མེ་དཀར་དམར་མཐིང་གསུམ་འཕྲོས་པས་ལུས་ངག་ཡིད་གསུམ་གྱི་བག་ཆགས་བསྲེགས་པར་མོས་ལ་རྩ་བརྒྱུད་བླ་མའི་དཀྱིལ་འཁོར་ལྷ་ཚོགས་རང་གི་རྟོགས་པ་ཚེ་འདས་ཀྱི་སེམས་རྒྱུད་རྣམས་དབྱེར་མེད་གཅིག་ཏུ་བསྲེས་ལ་འཁོར་གསུམ་མི་རྟོག་པའི་ལྟ་བའི་ངང་ནས་བཞུ། མཁས་པ་དག་གིས་བྱང་བུ་བཞུ་བའི་ཚིག་འདི་ནག་པོ་པའི་རོ་སྲེག་གི་ཆོ་གར་གྲགས་པ་ལས་འབྱུང་ཡང་གཞུང་འདི་ནི་བོད་བརྩམས་ཟངས་མ་ཡིན་པས་སྐབས་འདིར་སྦྱིན་སྲེག་གི་དམིགས་འདུན་ཁུངས་ལྡན་ལ་བརྟེན་ན་ལེགས་པར་བཤད་ཀྱང་དེང་སང་ཆོ་གའི་དཀྱུས་ལ་འཁོད་པ་ལྟར་དབང་བཙན་དུ་བྱས་པའོ། །དེ་ནས་ཚེ་འདས་ཀྱི་ཕུང་ཁམས་དབང་ཡུལ་རྣམས་བསྲེགས་ཏེ་སྦྱང་། སེམས་ཉིད་ཨ་ཡིག་དཀར་པོ་དྲི་མ་མེད་པ་དེ་ཉིད་དཀོན་མཆོག་རིན་ཆེན་སོགས་ལམ་བསྟན་སྦྱོང་བརྗོད་ཚེ་ཇེ་མཐོར་སོང་ནས་


LT34_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྣང་དུ་ཟླ་བའི་གདན་ལ་འཁོད་པ་ལ། སྔར་བདག་མདུན་སྒྲུབ་མཆོད་ནས་སྡིག་སྦྱོང་རྣམས་ཀྱི་བར་གྱིས་ཚོགས་ལམ་ནས་བར་ཆད་མེད་པའི་ལམ་གྱི་བར་བགྲོད་པར་བྱས་པ། དེའི་སྡིག་པ་དང་སྒྲིབ་པའི་ས་བོན་རྣམས་ཨོཾ་རཏྣེ་སོགས་སྔགས་ཀྱི་མཐུས་སྦྱངས་ཏེ་། ཁྱད་པར་གྱི་ལམ་ཞིང་མཆོག་བདེ་བ་ཅན་དུ་གནས་སྐབས་མངོན་མཐོ་དང་མཐར་ཐུག་བྱང་ཆུབ་ཆེན་པོར་གནས་སྤོར་བར་བསམ། ཨོཾ་པདྨེ་སོགས་སྔགས་བརྗོད་པས་ཟླ་སྟེང་ཨ་ཡིག་ཚེ་འདས་ཀྱི་རྣམ་ཤེས་དང་དབང་བསྐུར་བའི་ཡེ་ཤེས་སེམས་དཔའ་དབྱེར་མེད་པ་སྐར་མདའ་འཕངས་པ་ལྟར་བདེ་བ་ཅན་དུ་སོང་ནས་པདྨ་ལས་བརྫུས་ཏེ་སྐྱེས་པར་མོས་ལ་ཉམས་ལེན་ལྟ་བའི་ངང་དུ་ཅུང་ཟད་བཞག །བདེ་བ་ཅན་དུ་སྐྱེས་པ་དེ་ཉིད་གསེར་མདོག་མཚན་དཔེས་བརྒྱན་པའི་དགེ་སློང་གི་ཆ་ལུགས་སུ་གྱུར་པས་མངོན་ཤེས་ཀྱིས་དེར་སྐྱེས་པའི་རྒྱུ་རྐྱེན་ཆོག་བྱས་པའི་མཐུ་ཡིན་པར་ཤེས་ནས་སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ལ་དྲིན་གསོབ་བའི་ཕྱིར་སྐད་ཅིག་གིས་མདུན་གྱི་ནམ་མཁར་འོང་ནས། ཨེ་མའོ་སངས་རྒྱས་སོགས་ཀྱིས་ཆེད་དུ་བརྗོད་ཅིང་མཆོད་བའི་བྱེ་བྲག་སྣ་ཚོགས་པས་མཆོད། སླར་ཡང་བདེ་བ་ཅན་དུ་སོང་བ་སོགས་གཞུང་ཚིག་ལྟར་དམིགས་པ་བསྒོམ། བྱང་ཐལ་རྩ་རིག་བརྗོད་ཅིང་སཙྪ་བཏབ་ལ་རབ་གནས་བྱས་ཏེ་ཆུས་མི་


LT34_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་པའི་དབེན་གནས་སུ་བཞག་གོ། །དེ་ནས་སྦྱིན་སྲེག་ནི་རྒྱུད་སྡེ་ཐམས་ཅད་ལས་གསུངས་ཤིང་སྦྱོང་རྒྱུད་ནས་ལས་ཚོགས་མང་པོ་མ་གསུངས་ཀྱང་། གཤིན་པོའི་སྡིག་སྦྱང་དང་སྦྱིན་སྲེག་གཉིས་བྱ་བའི་རིམ་པ་གཙོ་བོར་གསུངས་པ་ལྟར་འདིར་ཡང་བསྙེན་པའི་ཁ་སྐོང་དུ་སྦྱིན་སྲེག་ངེས་པར་དགོས་ཤིང་། དེའང་བསྙེན་པའི་བཅུ་ཆ་སྦྱིན་སྲེག་འགྲོ་དགོས་པས་བསྙེན་པ་འབུམ་ཐེར་དྲུག་སོང་ན་སྦྱིན་སྲེག་ཁྲི་ཚོ་དྲུག་འགྲོ་བར་དགོས། གྲངས་བསགས་ལུགས་ས་ངོར་སོགས་ཀྱིས་འདི་ཉིད་སྡིག་པ་སྦྱོང་བའི་དོན་གཙོ་བོར་བཟུང་ནས་རྫས་ཏིལ་ནག་དང་སྔགས་སརྦ་པཱ་པཾ་སོགས་ཁོ་ན་ལ་གྲངས་བཟུང་བ་དང་། རྙིང་ཕྱོགས་ཁ་གཅིག་གིས་རྫས་དེ་ལྟར་ལ་སྔགས་ལྷ་སྔགས་རྫས་སྔགས་སྦྲེལ་མར་བྱེད་པ་སོགས་མང་བ་ལས་རང་ལུགས་འདིར་ནི་ཐོག་མར་རྫས་ཆེན་རྣམས་སོ་སོར་འབུལ། དེ་དག་གྲུབ་ནས་རྫས་སྤུངས་བྱས་ཏེ་རྩ་རིག་ལ་འབྲུ་གསུམ་བཏགས་པས་འབུལ་བ་ལ་གྲངས་བཟུང་ཞིང་བར་བར་དུ་འདོད་གསོལ་བརྗོད་པའི་ཕྱག་ལེན་འདུག །དེའང་བསྙེན་པ་གྲུབ་རྗེས་དཀྱིལ་འཁོར་སྒྲུབ་མཆོད་བདག་འཇུག་བཅས་ཞག་བདུན་ཡར་བཅད་གྲུབ་ན་ཤིན་ཏུ་ལེགས་པས་དེ་མཚམས་སྦྱིན་སྲེག་དང་། སྒྲུབ་མཆོད་མི་འགྲུབ་ན་བསྙེན་པ་གྲུབ་མ་ཐག་པར་


LT34_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་སྲེག་བྱ་སྟེ། སྒྲུབ་པ་པོ་ཁ་ཤར་དུ་ཕྱོགས་པའི་མདུན་དུ་ཐབ་ཁུང་ཞི་ཐབ་སྤྱི་འགྲེ་ལྟར་རྡུལ་ཚོན་གྱིས་བྲིས་པའི་སྟེང་སྲོག་ཆགས་མེད་པའི་ཤིང་ངམ་ལྕི་བ་སྐམ་པོའི་བུད་ཤིང་ཟླུམ་པོར་བརྩེགས་ལ་མེ་ཡོལ་གངས་རི་དང་ཝཾ་བྲིས་པ། རྡོར་དྲིལ་དགང་བླུགས་མར་ཁུ་སོགས་མཁོ་བའི་ཡོ་བྱད་རྣམས་བཞག །གཡོན་ཕྱོགས་སུ་སྟེགས་དཀར་པོར་ཆུ་གཉིས་ཉེར་སྤྱོད་ཚེར་གཉིས། ལས་བུམ་རྣམས་དང་། གཡས་ཕྱོགས་སྟེགས་དཀར་པོར་འོ་མ་ཅན་གྱི་ཡམ་ཤིང་སོར་བརྒྱད་པ། ཏིལ། ཡུངས་ཀར། འབྲས། སོ་བ། ཟས་མཆོག །ཀུ་ཤ །དུརྦ། གྲོ། ནས། སོ་བ། སྲན་མ། བིལྦ། ཏརྑ་སོགས་ཤིང་ཏོག་རྣམས་བཀོད། ནམ་ལོངས་ནས་དབུ་བཟུང་སྟེ་སྒྲུབ་པ་པོ་རྒྱན་གོས་དཀར་པོ་བཅས་ཁ་ཤར་དུ་ཕྱོགས་ལ་པདྨའི་སྐྱིལ་ཀྲུང་གིས་འདུག་སྟེ་སྔོན་གཏོར་ནས་བདག་བསྐྱེད་རྫོགས་པར་བཏང་། རྒྱས་འདེབས་བྱིན་རླབས་ཕྲིན་བཅོལ་རྣམས་བསྡུས་པ་ཙམ་གྱིས་རུང་། བཟླས་པ་ཅི་འགྲུབ་དང་། ལས་བུམ་དུ་རྡོ་རྗེ་གནོད་སྦྱིན་བསྐྱེད་བཟླས་ཕྲིན་བཅོལ་བཅས་བྱ། བདག་བསྐྱེད་ལས་རང་ཉིད་ལས་ཀྱི་ལྷ་རྡོ་རྗེ་སེམས་དཔའི་རྣམ་པར་བྱེ་བ་དཀྱིལ་འཁོར་གྱི་ཤར་སྒོར་འཁོད་པར་མོས་ལ། ཐོག་མར་རྡོར་དྲིལ་མདུན་དུ་བཀོད་པ་ཉིད། ཨོཾ་བཛྲ་ཡཀྵས་བསང་། སྭ་བྷཱ་ཝས་སྦྱང་། རྡོར་དྲིལ་


LT34_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

མི་དམིགས་སྟོང་ཉིད་གྱུར། །སྟོང་པའི་ངང་ལས་པད་ཟླའི་སྟེང་། །ཧཱུྃ་ལས་རྡོར་སེམས་ཡབ་ཡུམ་དཀར། །ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན། །སྣང་ལ་རང་བཞིན་མེད་པའི་སྐུའི། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་པ། །དབང་གི་ལྷར་བཅས་སྤྱན་དྲངས་ཏེ། །ཛཿཧཱུྃ་བྃ་ཧོཿཡེ་ཤེས་པ། །དམ་ཚིག་པ་དང་དབྱེར་མེད་གྱུར། །སླར་ཡང་དབང་ལྷ་འཁོར་བཅས་ཀྱིས། །དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་སྤྱི་བོར་བརྟན་པ་ལས། །མི་བསྐྱོད་པ་ཡིས་དབུ་བརྒྱན་གྱུར། །རྡོར་སེམས་ཡབ་ཡུམ་ཞུ་བ་ལས། །རྡོར་དྲིལ་མཚན་ཉིད་ལྡན་པར་གྱུར། །ལག་མཐིལ་གཡས་སུ་ཟླ་བ་དང་། །གཡོན་དུ་ཉི་མའི་དཀྱིལ་འཁོར་གསལ། བར་བསམས་ཏེ་པད་སྐོར་དང་བཅས་པས། ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་རྡོ་རྗེ་བླངས་ཏེ་གསོར། ཨོཾ་བཛྲ་གྷཎྜེ་ཨཱཿ ཞེས་པད་སྐོར་དང་བཅས་ཏེ་དྲིལ་བུ་བླངས་ཏེ་བཀྲོལ་བས་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་སྒྲས་བསྐུལ་ཞིང་མཆོད་པར་བསམས་ལ། ཨོཾ་བཛྲ་གྷཎྜེ་ར་ི་ཏ་པྲ་ར་ི་ཏ་སཾ་པྲ་ར་ི་ཏ་སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནེ་པྲཛྙཱ་པཱ་ར་མི་ཏཱ་ནཱ་ད་སཾ་བྷ་བི་ཏ་བཛྲ་དྷརྨ་ཧྲྀ་ད་ཡཾ་སནྟོ་ཥ་ི་ཧཱུྃ་ཧཱུྃ་ཧཱུྃ་ཧོཿཧོཿཧོཿཨཱ་ཁཾ་སྭཱ་ཧཱ། ཞེས་བརྗོད། སྔོན་གཏོར་ལྕེ་ལག་བྱིན་རླབས་སྲུང་བ་སོགས་སྔར་སོང་བས་འཐུས། ལས་བུམ་


LT34_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཆུས་རྫས་ཐམས་ཅད་ལ་འཐོར་ཏེ་གནོད་སྦྱིན་སྔགས་མང་དུ་བརྗོད། ཁུ་ཚུར་གཉིས་སྟེང་དུ་བཏེགས་པས་རྡོ་རྗེ་རྩེ་མོའི་རྒྱ་དང་། ཨོཾ་བཛྲ་ཤི་ཁ་རེ་རུ་ཊ་མ་ཊ། ཞེས་པས་རྫས་རྣམས་གནས་སུ་དགོད། ཆོ་གའི་དཀྱུས་ལྟར་མཆོད་པ་བྱིན་བརླབ། སྲེག་རྫས་རྣམས་བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ཞུ་བ་ལས་བྱུང་བའི་སྲེག་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ཞི་བའི་ལས་འགྲུབ་པའི་ནུས་པ་དང་ལྡན་པར་གྱུར། ཅེས་བརྗོད། རྡོ་རྗེ་ཁུ་ཚུར་ལ་མཛུབ་མོ་གཉིས་གཤིབས་པ་ཆོས་འབྱུང་གི་ཕྱག་རྒྱས་སོ་སོར་རེག་པའི་ཚུལ་བྱས་ལ། ཨོཾ་ཨཱཿསྭཱ་ཧཱ་ས་ཡ་མ་ཤིང་། ཨོཾ་ཤྲི༚་སྭཱ་ཧཱས་མར། ཨོཾ་ཛྲི༚་སྭཱ་ཧཱས་འབྲུ་རྣམས། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་དེ་དག་ལས་གཞན་པའི་རྫས་ཐམས་ཅད་སྦྱངས་ཞིང་བྱིན་གྱིས་བརླབ། སྔགས་རྣམས་ལན་གསུམ་རེ་བརྗོད། དེ་ནས་ཐབ་ལ་བསང་ཆུ་འཐོར་ཞིང་བསང་སྦྱང་། སྟོང་པའི་ངང་ལས། ཧཱུྃ་ལས་ཞི་བའི་ཐབ་ཁུང་མཚན་ཉིད་དང་ལྡན་པའི་དབུས་སུ་པདྨ་དང་ར་སྐྱེས་ཀྱི་གདན་ལ་མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་བཞི་པ་སྤྱན་གསུམ། རལ་པའི་ཐོར་ཚུགས་ཅན། གཡས་གཉིས་དབྱུག་པ་དང་མི་འཇིགས་པའི་ཕྱག་རྒྱ། གཡོན་གཉིས་ཕྲེང་བ་དང་རིལ་བ་འཛིན་པ་མེ་ལྕེ་སྟོང་གིས་དཀྲིས་ཤིང་འོད་འབར་བར་གྱུར། དཔལ་འབར་སྤར་ལ་བསང་ཆུ་འཐོར། གཡས་བསྐོར་ལན་གསུམ་


LT34_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ། ཨོཾ་བཛྲ་ཛྭ་ལ་ཛྭ་ལ་ཧཱུྃ། ཞེས་པས་ཐབ་ཀྱི་ཤར་ལྷོ་ནས་སྦར། ཀུ་ཤ་རྣམས་ཐོགས་ལ། །ཨོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ། །ཚངས་པ་ལྷ་རྣམས་དག་བྱེད་ཡིན། ས་ལས་སྐྱེས་པའི་འདབ་མའི་སྙིང་། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་ཞིང་བདེ་ལེགས་མཛད་དུ་གསོལ། ཞེས་ཀུ་ཤའི་ཆུན་བུ་ཐབ་ཀྱི་ཁ་ཁྱེར་ལ་གཡས་སྐོར་དུ་བཀོད། ཆུན་བུ་གཅིག་ཐབ་ཀྱི་ནང་དུ་རྩེ་མོ་ཤར་དུ་བསྟན་ལ་བཞག །མི་འཇིགས་པའི་ཕྱག་རྒྱ་ལས་མཐེ་བོང་སྲིན་ལག་གི་རྩར་གཡོབ་ཅིང་། །ཨོཾ་ཚུར་བྱོན་ཚུར་སྦྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་གཉིས་སྐྱེས་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛཿསརྦ་ཀཱ་མལ་ཨརྠ་སཱ་དྷ་ཀ་ཀཱ་རུ་་ཀྲྀ་ཏ་མ་ཧཱ་ཏེ་ཛཿསདྷ་ཀཾ་ཨ་སྨིན་ས་ན་ནི་ཧི་ཏོ་བྷ་ཝ་ཛཿཧཱུྃ་བྃ་ཧོཿཞེས་པས་མེ་ལྷ་སྤྱན་དྲངས་ལ་བསྟིམ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། དེས་འགྲེས་ཏེ། པཱ་དྱཾ་ནས། ཤབྡའི་བར་གྱིས་མཆོད། རྒྱས་པར་སྤྲོ་ན། །གཙང་ཞིང་གཙང་མ་སོགས་ཚིགས་བཅད་སྦྱར། བྱོན་སྐྱེམས་འབུལ་བ་ནི། མེ་ལྷའི་ལྕེ་དང་དགང་བླུགས་གི་ཁར་རཾ་ཡིག་གིས་མཚན་པར་གྱུར། ལག་གཡོན་ཁུ་ཚུར་


LT34_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཧཱུྃ་བསྒྲེང་པ་གན་རྐྱལ་གྱིས་དགང་གཟར་བཟུང་། གཡས་ཁུ་ཚུར་གྱིས་བླུགས་གཟར་མར་གྱིས་བཀང་བ་བདུན་ནམ་གསུམ་དགང་གཟར་དུ་བླུགས། ལག་གཉིས་བརྩེགས་ཏེ་པུས་མོ་ཕྱིར་མི་འདའ་བར་གཡས་སུ་ལན་གསུམ་བསྐོར་ནས། ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ་བཱ་ཧཱ་ནཱ་ཡ་ཨཱ་དཱི་བྱེ་སྭཱ་ཧཱ། ཞེས་མར་ཁུ་དགང་གཟར་གསུམ་མམ་བདུན་ཕུལ། བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤིནྟིང་ཀུ་རུ་སྭཱ་ཧཱ། ཞེས་ལས་སྔགས་སྤེལ་ཚིག་སྦྱར། མེ་པྲ་བརྟགས་ལ་མཚན་མ་ངན་ན་རྡོ་རྗེ་གནོད་སྦྱིན་གྱི་སྔགས་རྒྱ་དང་ལས་བུམ་ཆུས་བསང་། བསྲེག་རྫས་རྣམས་གཡས་པའི་ཨོཾ་ཧྲཱིཿསྦྱར་བས་འབུལ་ཞིང་། ཨོཾ་ཨགྣ་ཡེ་ཞེས་ལན་གཅིག་དང་རྫས་སྔགས་རྣམས་བདུན་རེ་ཙམ། མཐར་སྤེལ་ཚིག་ལན་གཅིག་བརྗོད་ལ་འབུལ་ཏེ། ཡམ་ཤིང་ལ་ཨོཾ་བོ་དྷི་བྲྀཀྵ་ཡེ་སྭཱ་ཧཱ། མར་ཁུ། ཨོཾ་ཨགྣ་ཡེ༴ཏིལ་དང་ཡུངས་ཀར། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ༴ འབྲས་མ་གྲུས་པ། ཨོཾ་བཛྲཱ་པུཥྚཱ་ཡ༴ ཟས་མཆོག །ཨོཾ་སརྦ་སམྤ་དེ༴ ཀུ་ཤ །ཨོཾ་ཨ་པྲ་ཏི་ཧ་ཏཱ་ཡ༴ དཱུར་བ་ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། གྲོ་ཨོཾ་བཛྲ་གྷསྨ་རྱེ་སྭཱ་ཧཱ། ནས་དང་སོ་བ་ཨོཾ་བཛྲ་བིཛ་ཡེ་སྭཱ་ཧཱ། སྲ་ནམ་ཨོཾ་བཛྲ་མཱ་ཧཱ་བ་ལ་ཡ་སྭཱ་ཧཱ། བིལྦ་དང་སྟ་རཀ་ཨོཾ་བཛྲ་ཥི་བྷ་ཡ་སྭཱ་ཧཱ། ཞེས་པ་རྣམས་ཀྱིས་འབུལ། ཏིལ་ཡུངས་གཉིས། ནས་དང་སོ་བ་སྔགས་གཅིག་ཡིན་ཀྱང་


LT34_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་སོ་སོ་ལ་སྔགས་བསྐྱར་ནས་འབུལ་ན་ལེགས། དེའང་མེ་ལྷ། འཇིག་རྟེན་གསུམ་རྒྱལ། རྡོར་སེམས། གཤམ་གྱི་ཁམས་གསུམ་རྣམ་རྒྱལ་རྣམས་ལ་བདུན་རེ་ཙམ་ལས་འགྲུབ་དཀའ། དེ་རྣམས་ལས་ཡམ་ཤིང་འོད་ཀྱི་དཀྱིལ་འཁོར། མར་ཁུ་སོགས་ཞལ། ཀུ་ཤ་དང་དཱུརྦ་ཕྱག་ཏུ་འབུལ་བ་དམིགས་པར་གསུངས་སོ། །བསྲེག་རྫས་རྣམས་རྫོགས་ནས། །འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། ཅེས་བསྟོད། མེ་ལྷའི་ལྟོ་བར་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་སྐུ་མདོག་སྔོན་པོ་དབུ་དང་ཕྱག་མཐའ་ཡས་པ། ཞེས་པ་ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། བསྲེག་རྫས་རྣམས་ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛཱ་ཡའི་མཐར། ཨོཾ་བོ་དྷི་བྲྀཀྵཱ་ཡ་སོགས་སོ་སོའི་སྔགས་སྤེལ་ཚིག་དང་བཅས་བཏགས་པ་གྲངས་ཅི་རིགས་ཕུལ། །ཁྲོ་བོ་སྲིན་པོའི་ཆ་ལུགས་ཅན། །སྦྲུལ་དང་མི་སྡུག་མགོས་བརྒྱན་ཅིང་། །སྟག་ལྤགས་ཀྱིས་ནི་སྨད་དཀྲིས་པ། ཁམས་གསུམ་རྣམ་རྒྱལ་ཕྱག་འཚལ་བསྟོད། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ལྟོ་བར་པཾ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ་


LT34_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བསྟེན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། ཨོཾ་བཛྲ་སཏྭ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་དང་། ཨོཾ་བཛྲ་སཏྭའི་མཐར་བསྲེག་རྫས་སོ་སོའི་སྔགས་སྤེལ་ཚིག་དང་བཅས་པ་གྲངས་ཅི་རིགས་ཕུལ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལའོ། ཞེས་བསྟོད། དེ་ནས་དཀྱིལ་འཁོར་པ་ལ་འབུལ་བ་དངོས་ནི། རྡོ་རྗེ་རྒྱུའི་ཕྱག་རྒྱ་གཡས་སུ་བསྐོར་ལ། ཨོཾ་སརྦ་བིད་མཎྜལ་བཛྲ་ཙཀྲ་ཧཱུྃ། རྡོ་རྗེ་སེམས་དཔའ་དེའི་ལྟོ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཀྱི་ཁང་པ་སོགས་མདུན་བསྐྱེད་སྐབས་ལྟར་དཀྱིལ་འཁོར་ཡོངས་རྫོགས་བསྐྱེད་པ་ནས་རྒྱས་འདེབས་ཀྱི་བར་བྱ། །རབ་འབྱམས་རྒྱ་མཚོ་སོགས་དང་། སྒེགས་སོགས་བརྒྱད་ཀྱིས་མཆོད་ལྷའི་ལྗགས་དང་དགང་བླུགས་ཀྱི་ཁར་ཧཱུྃ་ཡིག་གིས་མཚན་པར་གྱུར། ཨོཾ་ཤྭ་དྷ་ནེ་སོགས་གཙོ་བོའི་སྔགས་ཀྱི་མཐར། ཧ་བྱ་ཀ་བྱ་སོགས་མེ་སྔགས་བཏགས་པ་ཉེར་གཅིག་གིས་བྱོན་སྐྱེམས་ཕུལ། སྤེལ་ཚིགས་གོང་ལྟར་བརྗོད། དེ་ནས་བསྲེག་རྫས་རྣམས་གོང་གིས་འགྲེས་ཏེ་ལྷ་སྔགས་སོ་སོ་སྔོན་དུ་འགྲོ་བས་རྫས་སྔགས་གྲངས་གསོག་མཐར་སྤེལ་ཚིག་ལན་རེ་


LT34_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ཏེ། གཙོ་བོ་ལ་ཉེར་གཅིག །རིགས་ལྔ་ཡབ་ཡུམ་བཞི་ལ་བདུན་རེ། སེམས་དཔའ་བཅུ་དྲུག་ནས་སྒོ་སྲུང་ཁྲོ་བོའི་བར་ཚར་གསུམ་རེ་འབུལ། དེ་ནས་ཁ་སྐོང་གི་གྲངས་གསོག་དངོས་ལ་རྫས་སྤུངས་མང་དུ་བྱས་པ་ཉིད་འབུལ་བྱའི་དངོས་གཞི་དང་། སྐབས་སྐབས་སུ་ཡམ་ཤིང་དང་མར་ཁུ་ཅི་འགྲུབ་རེ་འབུལ། སྔགས་རྩ་རིག་ལ་འབྲུ་གསུམ་བཏགས་པ་ཁོ་ན་ལ་གྲངས་བཟུང་། ཉེར་ལྔའམ་བརྒྱ་རྩ་རེའི་མཚམས་སུ་ཕྲིན་བཅོལ་ཚར་རེ་བྱ། འདིར་ཆགས་མེད་རིན་པོ་ཆེས་རྩ་རིག་ཅིས་ཀྱང་གྲངས་གསོག་མ་ཐུབ་ན། ཨོཾ་སརྦ་བིད་སརྦ་ཨཱ་བ་ར་་བི་ཤྭ་དྷ་ཡ་ཧ་ན་ཧཱུྃ་ཕཊ། ཅེས་པ་ལ་གྲངས་བཟུང་ན་ཆོག་པར་གསུངས་ཀྱང་འདི་ནི་གཙོ་བོ་ཀུན་རིག་ཁོ་ནའི་སྙིང་པོ་ཡིན་ལ། རྩ་རིག་དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྙི་པོར་གསུངས་པའི་ཁྱད་པར་ཡོད་པས་རྩ་རིག་ཚར་ཐུབ་ན་ལེགས་པར་མངོན། བར་མཚམས་སུ་གུང་ཚིག་ཆབ་བསིལ་སོགས་སྤྱོད་ལམ་ལ་འཇུག་དགོས་ན་ལས་ཀྱི་སེམས་དཔའི་ང་རྒྱལ་དེ་ཀས་བྱ་ཆོག །ནམ་ཡང་མེ་སྙིང་མི་དཀྲུགས་པ་དང་མེ་མ་ཤི་བར་བྱེད་པ་ཡོགས་ལག་ལེན་སྤྱི་བསྲེག་བླུགས་ཚད་ལྡན་ཤེས་པ་ཞིག་གིས་བྱ་དགོས་སོ། །དགོངས་མོ་བཞག་མཚམས་སྐབས། ཆོས་དབྱིངས་ཡེ་ཤེས་སོགས་ནས། འཇིག་རྟེན་གསུམ་སྣང་སོགས་ཕྱག་འཚལ། བར་གྱིས་བསྟོད། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ།


LT34_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་བས། ཕྱག་ན་རྡོ་རྗེ་ཁམས་གསུམ་རྣམ་རྒྱལ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཧཱུྃ་མཛད་ཀྱི་ཕྱག་རྒྱས་རྡོར་དྲིལ་འཛིན་པ། ཐ་མ་གཉིས་པདྨ་དམར་པོ་དང་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཅན། ཁྲོ་བོའི་རྒྱན་ཐམས་ཅད་དང་ལྡན་པ་སྤྱན་དྲངས་ཏེ་བཅོམ་ལྡན་འདས་ཀུན་རིག་གི་སྤྱན་སར་བཞུགས་པར་གྱུར། ཨོཾ་བཛྲ་སཏྭ་ཀྲོ་དྷ་ཨ་ན་ལཱརྐ་སོགས་ཀྱི་མཐར་བསྲེག་རྫས་སོ་སོའི་སྔགས་སྤེལ་ཚིག་དང་བཅས་པས་གྲངས་ཅི་རིགས་འབུལ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད། ཅེས་བསྟོད། དེ་ནས་རང་གི་ཡི་དམ་དང་ཆོས་སྐྱོང་ལ་འབུལ་བར་གསུངས་པ་ལྟར་རྒྱལ་བ་རྒྱ་མཚོ་སོགས་རང་གི་ཡི་དམ་དམིགས་བསལ་ལམ། ཕྱག་སྲོལ་ལྟར་ན། སླར་རང་བཞིན་གྱི་ཞིང་དང་ཨོ་རྒྱན་གྱི་གནས་ནས་རྡོ་རྗེ་རྣལ་འབྱོར་མ་སྤྱན་དྲངས་ཏེ་མདུན་དུ་བཞུགས་པར་གྱུར། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊཿ ཅེས་པའི་མཐར་རྫས་སྔགས་སོ་སོ་སྦྱར་བ་ལན་གསུམ་རེ་ཙམ་དང་རྫས་སྤུང་ཚར་བདུན་ཙམ་འབུལ། མཐར་སྤེལ་ཚིག་དང་། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཀྱིས་བསྟོད། སླར་ཡང་འོག་མིན་གྱི་གནས་དང་དུར་ཁྲོད་ཆེན་པོ་ནས་དཔལ་ལྡན་མགོན་པོ་ལྕམ་དྲལ་སྤྱན་དྲངས་ཏེ་དཀྱིལ་འཁོར་ཆེན་པོའི་བར་ཁྱམས་སུ་བཞུགས་པར་གྱུར། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀཱ་ལི་ཡེ་


LT34_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བོ་དྷི་བྲྀཀྵ་ཡེ་སོགས་རྫས་སྔགས་ལན་གསུམ་རེ། རྫས་སྤུངས་བདུན་ཙམ་སྤེལ་ཚིག་བཅས་འབུལ། །བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། སོགས་ཀྱིས་བསྟོད། ཁོར་ཡུག་གི་འཇིག་རྟེན་པ་རྣམས་ལ་དམིགས་ནས་རྩ་རིག་གི་མཐར་རྫས་རྣམས་གསུམ་རེ། རྫས་སྤུངས་བདུན་ཙམ་ཕུལ་ལ། ཕྱིའི་ཁོར་ཡུག་ལ་གནས་པའི་དཔལ་མགོན་རྣམས་ཀྱིས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ཀྱི་ས་ལམ་གྱི་བར་ཆད་ཐམས་ཅད་ཡོངས་སུ་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཅེས་སྤེལ་ཚིག་དང་། །ཕྱི་ཡི་ཁོར་ཡུག་ལ་གནས་པའི། སོགས་ཀྱིས་བསྟོད། དེ་ནས་རྗེས་ཆོག་ནི། ཁ་དོག་དབྱིབས་ལེགས་ཀྱིས་འདོད་ཡོན་ལྔས་མཆོད། རྣམ་པར་སྣང་མཛད་སོགས་ཀྱིས་བསྟོད། ཨོཾ་ཤོ་དྷ་ནེ་སོགས་ཀྱིས་མཐར། ཧ་བྱ་ཀ་བྱ་བཧྞཱ་ཡ་ཨ་དཱི་བྱེ་སྭཱ་ཧཱ། བཏགས་པ་དང་མར་ཁུ་ལན་བདུན་གྱིས་གཤེགས་སྐྱེམས་འབུལ། དཀོན་མཆོག་རིན་ཆེན་སོགས་ཀྱིས་བསྔོ་སྨོན་བྱས་ལ་དམ་རྒྱ་བཀྲོལ། ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་བསྐང་། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་སོགས་ཀྱིས་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས་སྤྲུལ་པའི་དམ་ཚིག་པ་རང་ལ་བསྡུ། སླར་མར་ཁུ་བླུགས་གཟར་གང་ཐབ་ཏུ་འབུལ། ཨོཾ་ཨགྣ་ཡེ་ཛྭ་ལ་རཾ། ཞེས་པ་མེ་ལྷ་གཟི་བརྗིད་ལྡན་པར་གསལ་གདབ། བསྲེག་


LT34_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་རྣམས་གོང་ལྟར་ལན་གསུམ་རེ་འབུལ། སྤེལ་ཚིག་སྦྱར་མི་དགོས། བསྟོད་པ་གོང་བཞིན་བྱ། དྲང་སྲོང་ཆེན་པོ་མེ་ལྷས་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཞིབ་དང་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བར་མཛད་དུ་གསོལ། ཅེས་འདོད་དོན་གསོལ། ཨོཾ་ཨགྣ་ཡེ་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། །མེ་སྟེ་བསྲེག་བྱ་སོགས་ཀྱིས་བསྟོད། ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ་སོགས་མར་ཁུ་ལན་གསུམ་གྱིས་གཤེགས་སྐྱེམས་འབུལ། ཡིག་བརྒྱ་བཟོད་གསོལ་སྔར་ལྟར་བྱ། །བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབ་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། ཨོཾ་ཨགྣ་ཡེ་ས་པ་རི་བཱ་ར་བཛྲ་མུཿཞེས་པས་མེ་ལྷ་གཤེགས་ཤིང་ཤིས་པ་བརྗོད། དེ་ནས་ལས་ཀྱི་ལྷ་རྡོར་སེམས་བདག་བསྐྱེད་ཀྱི་ཐུགས་ཀར་ཞུགས་ཏེ་མཆོད་བསྟོད་སོགས་རྗེས་རིམ་ཚང་བ་ཆོ་གའི་དཀྱུས་ལྟར་བྱ། ནུབ་མོ་མེ་ཐབ་རས་དཀར་པོས་གཡོགས་ནས་བཞག་དགོས་པར་གསུངས་སོ། །ཉིན་གཉིས་པ་ནས་བཟུང་ཁ་སྐང་གྲངས་མ་རྫོགས་བར་ཐབ་ལ་བུད་ཤིང་གསར་པ་བརྩེགས། མཆོད་རྫས་བསྲེག་རྫས་རྣམས་གསར་དུ་བཤམ། འདོན་བྱ་ཐམས་ཅད་ཁར་སང་དང་ཁྱད་པར་མེད་པར་བསྐྱར། མདུན་བསྐྱེད་མཆོད་པའི་སྐབས། མཆོད་པ་ཉེར་ལྔ་པ་དང་ཉི་ཤུ་པ་རེས་མོས་ལ་ནུས་ན་


LT34_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲིད་ཀྱང་སྦྲེལ་བ་དང་། བསྟོད་པ་མཉམ་མེད་མ་དང་མཚན་བརྒྱ་རེས་མོས་གྲུབ་ནའང་ལེགས་སོ། །རྒྱུད་འདིའི་དངོས་བསྟན་གྱི་དོན་ཕུང་པོ་སྲེག་སྦྱོང་གི་ལས་རིམ་ཡིན་ཅིང་། དེའི་ལག་ལན་ཞྭ་དམར་ལྔ་པའི་གསུང་ལ་ཁ་གསལ་བལྟས་ཆོག་གིས་བརྒྱན་པ་ཟུར་དུ་བཀོད་པ་ལས་ཤེས་པར་བྱའོ། །སྤྱིར་སངས་རྒྱས་ཀྱིས་གསུངས་པའི་སྔགས་ཆོག་ཐམས་ཅད་ལ་འབྲེལ་ཚད་དོན་ལྡན་གྱི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་མོད། ངན་སོང་དུ་སྐྱེས་པ་དང་སྐྱེ་བར་ངེས་པའི་ལས་ཀྱི་སྒྲིབ་པ་སྦྱང་བ་ལ་ཀུན་རིག་ལས་ལྷག་པ་ནམ་ཡང་མེད་དེ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཅེས་རྒྱལ་བ་ཐུགས་རྗེ་ཅན་གྱིས་ཆེད་དུ་གསུངས་པ་ཡིན་ཅིང་། ཀུན་རིག་རྣམ་པར་སྣང་མཛད་ཀྱི་མཚན་ཙམ་ཡང་དགེ་བ་བཅུ་དང་ལྡན་ཅིང་པ་རོལ་ཕྱིན་བཅུ་ལ་མོས་པ། ཕྱིར་མི་ལྡོག་པའི་ལྷག་བསམ་ངེས་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བརྟེན་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་གྲགས་པ་ལས་སྐལ་མེད་རྣམས་ཀྱི་རྣ་བར་མི་ཐོས་པར་གསུངས་བ་དང་། བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་ཀྱིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བགྱི་བའི་མཚན་བརྗོད་པ་འདི་བཅོམ་ལྡན་འདས་པདྨའི་ཞལ་ཉིད་ནས་ཐོས་པས་བདག་ཅག་ནི་ངན་སོང་གིས་འཇིགས་པར་


LT34_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར། དུས་མ་ལེགས་པར་འཆི་བས་འཇིགས་པར་མི་འགྱུར། འཆི་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པ་ལ་སོགས་པས་འཇིགས་པར་མི་འགྱུར་ཏེ། བཅོམ་ལྡན་འདས་བདག་ཅག་ནི་གདོན་མི་འཚལ་བར་སངས་རྒྱས་ཉིད་དུ་འགྲུབ་པའི་སྣོད་དུ་གྱུར་པ་ལགས་སོ། །ཞེས་ཞུས་པ་དང་། སྔགས་ཀྱི་ཕན་ཡོན་ཀྱང་སྦྱོང་རྒྱུད་ཉིད་ལས། ལྷའི་དབང་པོ་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོའི་གསང་བའི་སྙིང་པོ་འདི་ནི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཡང་རུང་བས་མིང་ཙམ་ཡང་ཉན་ཏམ། བཅངས་སམ། བཀླགས་སམ། བྲིས་ནས་ཀྱང་མགོ་བོའམ། གཙུག་ཕུད་དམ། དཔུང་པའམ། མགུལ་དུ་བཏགས་ཏེ་འཆང་ན་ཚེ་འདི་ཉིད་ལ་དུས་མ་ཡིན་པར་འཆི་བ་བརྒྱད་དམ། དུས་མ་ཡིན་པར་འཆི་བ་བརྒྱད་དང་འབྲེལ་བའི་རྨི་ལམ་གྱི་རྣམ་པའམ། ངན་སོང་དང་འབྲེལ་བའི་མཚན་མ་དེ་དག་ཐམས་ཅད་རྨི་ལམ་ཙམ་དུ་ཡང་མི་འབྱུང་ན། དཀྱིལ་འཁོར་དུ་ཇི་ལྟ་བ་བཞིན་དུ་ཞུགས་ལ། ཞུགས་ནས་ཀྱང་དབང་བསྐུར་ལ་སྙིང་པོ་ཡང་བཟླས་བརྗོད་བྱེད་ཅིང་། སྔགས་ཀྱི་དོན་ཡང་བསྒོམ་པ་གང་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་དག་ལ་ནི་སྡིག་པ་གང་ཡང་ཉེ་བར་མི་འགྱུར། ངན་སོང་དུ་འགྲོ་བར་ཡང་མི་འགྱུར་རོ། །ཞེས་དང་། དབང་བསྐུར་བའི་ཕན་ཡོན་ཀྱང་། སེམས་ཅན་གང་ཡང་རུང་བ་ཤི་བའི་


LT34_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དཀྱིལ་འཁོར་དུ་བཅུག་སྟེ། དབང་བསྐུར་ན། དེ་སེམས་ཅན་དམྱལ་བར་སྐྱེས་ན་ཡང་དེ་མ་ཐག་ཏུ་རྣམ་པར་ཐར་ནས་ལྷའི་རིགས་སུ་སྐྱེ་བར་འགྱུར་རོ། །ལྷའི་རིགས་དེར་སྐྱེས་ནས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་མངོན་སུམ་དུ་བྱེད། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྙེན་བཀུར་ལ་སོགས་པ་ཡང་བྱེད། ཕྱིར་མི་ལྡོག་པར་ཡང་འགྱུར། རྒྱུད་ངེས་པ་ཅན་དུ་ཡང་འགྱུར། དེ་བཞིན་གཤེགས་པའི་རིགས་སུའང་སྐྱེ། སྒྲིབ་བ་རྣམས་རབ་ཏུ་སྤང་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སམ། ལྷའི་རིགས་སམ། གཞན་གང་ཡང་རུང་བར་བདེ་བ་མྱོང་བར་འགྱུར་རོ། །ལྷའི་དབང་པོ་མདོར་ན་འཇིག་རྟེན་ནམ། འཇིག་རྟེན་ལས་འདས་པའི་ཕན་པ་དང་བདེ་བ་ཐམས་ཅད་མྱོང་བར་འགྱུར་རོ། །ཞེས་གསུངས་ཤིང་། དེར་མ་ཟད་གསོན་པོ་དང་ནད་པ་སོགས་ལ་འདིའི་ཆོ་ག་དང་དབང་བྱས་པས་ལྷ་དང་ཀླུ་དང་གནོད་སྦྱིན་གྱི་དབང་པོ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། འདྲེ་སྲིན་འབྱུང་པོའི་རིགས་ཐམས་ཅད་ཀྱིས་ཀྱང་སྲུང་ཞིང་སྐྱོབས་ལ་བར་ཆད་སེལ་བ་དང་། ཡུལ་ཁམས་སུའང་བདེ་ལེགས་རྒྱ་ཆེར་སྤེལ་བར་གསུངས་པ་དང་། གཞན་ཡང་རྒྱུད་ལས་ལྷ་རྣམས་ཀྱིས་གསོལ་བ། བཅོམ་ལྡན་འདས་འཛམ་བུའི་གླིང་པའི་སེམས་ཅན་རྣམས་བསོད་ནམས་ཆུང་ཞིང་ཚེ་ཐུང་བ་དང་། ངན་སོང་གི་


LT34_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དང་ལྡན་པ་དང་། དམྱལ་བ་དང་། ཡི་དྭགས་དང་། བྱོལ་སོང་རྣམས་སུ་སྐྱེ་བ་དག་ཀྱང་མཆིས་ན། བཅོམ་ལྡན་འདས་དེ་དག་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བྱ། ཀྱེ་ལྷའི་བུ་དག་དེ་དག་ནི་དཀྱིལ་འཁོར་འདི་ཉིད་དུ་ཆུག་ཅིག །བཅུག་ནས་ཀྱང་དབང་སྐུར་ཞིང་། །ཆོས་ཀྱི་ཡི་གེ་ཡང་ཟློག་སུ་ཆུ་གཅིག །དེ་ནས་སེམས་ཅན་ཐམས་ཅད་ཚེ་རིང་བར་འགྱུར། བསོད་ནམས་དང་བྲལ་བ་བསོད་ནམས་དང་ལྡན་པར་འགྱུར། ངན་སོང་ལས་རྣམ་པར་གྲོལ་བར་འགྱུར་རོ། །ཞེས་དང་། ངན་སོང་དུ་སྐྱེས་པ་རྣམས་ཀྱི་མིང་དང་གཟུགས་བརྙན་སོགས་ལ་ཞག་བདུན་དུ་ལན་བདུན་གྱི་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་བས། ངེས་པར་ངན་སོང་གི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་བར་གསུངས་ཤིང་། གཞན་ཡང་སློབ་དཔོན་བསྙེན་སོང་གིས་ལྷག་བསམ་དག་པས་སྔགས་རྒྱ་ཏིང་ངེ་འཛིན་དང་ལྡན་པའི་ཆོག་བྱེད་ན་དེ་ཉིད་སངས་རྒྱས་ཀྱི་མཛད་པ་དང་མཉམ་པར་གསུངས་ཏེ། རྒྱུད་ལས། བཅོམ་ལྡན་འདས་རྟག་པའི་རྒྱལ་པོ་འདིས་སེམས་ཅན་རྣམས་ཀྱི་དོན་བགྱིད་པ་གང་ལགས་པའི་སྐྱེས་བུ་དམ་པ་དེ་དག་གི་འབྲས་བུ་ནི་ཅིར་གྱུར། རྣམ་པར་སྨིན་པ་ནི་ཅིར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ལྷའི་དབང་པོ་དེ་དག་ནི་སྐྱེས་བུ་དམ་པ་འབའ་ཞིག་


LT34_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མ་ཟད་ཀྱི། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་བལྟ་བར་བྱ་སྟེ། ཞེས་སོགས་དང་། སྐྱེས་བུ་དམ་པ་གཞན་ལ་ཕན་འདོགས་པ་དེ་དག་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ཕྱག་དང་མཆོད་པར་བྱ་བ་ཡིན་ན་ལྷ་དང་བཅས་པའི་འཇིག་རྟེན་གྱིས་བཀུར་བར་བྱ་བ་ལྟ་ཅི་སྨོས་པར་གསུངས་པས་ཀུན་རིག་གིས་གཞན་ཕན་ཚད་ལྡན་མཛད་པ་རྣམས་ལའང་གྲོང་ཆོག་པ་ཞེས་སྨོད་ན་ཆོས་སྤོངས་བའི་ཉེས་པ་འབྱུང་བས་རྗེས་སུ་ཡི་རང་བའི་འོས་སུ་གྱུར་པའོ།། །།དེ་ལྟར་ནའང་དེང་སོང་གྲོང་ཆོག་པ་སོགས་ཕལ་མོ་ཆེས་ཆོ་གའི་ཚིག་དང་ཏིང་ངེ་འཛིན་ནི་ར་འཕྲོད་པ་ལྟ་ཞོག །ཚིག་ཙམ་དེའང་དག་པར་བརྗོད་ལོངས་མེད་པའི་བྲེལ་བ་དང་བཟླས་པ་ཉུང་ངུ་ལས་མི་ཕྱེད་ཅིང་ཆོ་ག་ཚར་གྲངས་བར་མཚམས་སུ་ཆོས་སྤྱོད་གཏོར་བསྔོས་སོགས་ཀྱིས་ཉི་མ་འཕུལ་སྲོལ་འདུག་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་གསུམ་ཚང་བའི་ཆོ་ག་ཚར་གཅིག་ལས་མ་ཚར་ཡང་དེས་ཆོ་གའི་གོ་ཆོད་ཅིང་རྒྱུད་ལས་གསུངས་པའི་ཕན་ཡོན་རྣམས་ཐོབ་པར་འགྱུར་བ་དང་། དེ་དག་མ་ཚང་བའི་ཁ་ཁྲལ་ཙམ་གྱིས་ཆོ་ག་བརྒྱ་སྟོང་འདོན་ནའང་ཕན་ཡོན་མེད་པའི་ཐོག་གསང་སྔགས་ཁྱད་དུ་བསད་ཅིང་ཟོང་དུ་འཚང་བའི་ཉེས་པར་བྱུང་བར་ངེས་པས་བག་ཡོད་པ་གལ་ཆེ་བར་སྣང་ངོ་།། །།འདི་བྱུང་དགེ་ཚོགས་


LT34_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མའི་སྟོབས་འབར་བས། །ངན་སོང་འཁོར་བའི་མུན་ཁང་སྐད་ཅིག་བརྟོལ། །གཟི་བརྗིད་རྒྱལ་པོའི་སྣང་ཆེན་གྱིས་དྲངས་ཏེ། །ཕྱམ་གཅིག་རྣམ་གྲོལ་སྒོ་ཆེན་ལ་འཇུག་ཤོག །ཅེས་པ་འདི་ནི་གདན་ས་གོང་མ་དཔལ་གྱི་མཚུར་ཕུ་དང་འདི་གའི་སྒྲུབ་བླ་མ་འགའ་ཞིག་གིས་སྔར་ནས་བསྐུལ་མ་བྱུང་ཡང་རིང་དུ་ལུས་པ་ལ། ཕྱིས་སུ་མཁན་བླ་མ་བཀྲ་ཤིས་འོད་ཟེར་དང་སྒྲུབ་ཁང་འོག་མའི་རྡོར་སློབ་བླ་མ་དོན་གྲུབ་བཅས་ནས་ནན་ཏན་དུ་གསུང་བསྐུལ་མཛད་ངོར་གོ་དོན་རྣམ་བཞག་སོགས་བཤད་ན་ཤིན་ཏུ་མང་བར་འགྱུར་བས་བློ་དམན་ལ་ཕན་པའི་སེམས་ཀྱིས་དམིགས་པ་དང་ལག་ལེན་ཙམ་མདོ་དོན་དྲིལ་ནས་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་རང་ལོ་གྱ་གསུམ་པར་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བཀོད་པའི་ཡི་གེ་བ་ནི་ཉེ་བར་གནས་པ་གསང་སྔགས་བསྟན་འཛིན་ནས་བགྱིས་པ་དགེ་ལེགས་འཕེལ།། ༈ །།གཟི་བརྗིད་རྒྱལ་པོ་ཐམས་ཅད་རིག་པ་ཡི། །མཚན་ཙམ་ཐོས་པས་འཁོར་བ་དོང་སྤྲུགས་ཕྱིར། །སྡིག་ཅན་ངན་སོང་གནས་ནས་འདྲེན་པའི་སླད། །སྤྱོད་པའི་རྒྱུད་ཅེས་ཉི་ཟླ་ལྟར་གྲགས་པ། །སྟོན་མཆོག་ཐུགས་རྗེ་ཅན་དེས་བསྟེན་པ་ལ། །འཕགས་བོད་མཁས་རྣམས་སྙིང་གི་བཅུད་མཛད་ནས། །བསྙེན་སྒྲུབ་དབང་བསྐུར་བྱང་ཆོག་ལ་སོགས་པས། །གསོན་པོའི་རྐྱེན་སེལ་གཤིན་པོའི་སྒྲིབ་སྦྱོང་གི། །མཆོག་གྱུར་མནའ་ནས་དབང་རླུང་ལྟར་གྲགས། །


LT34_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་ཉམས་ལེན་མཁན་ལ་ཕན་ཐོགས་པའི། །བསྙེན་ཡིག་རོ་སྲེག་དང་བཅས་སྐུལ་བ་པོའི། །བཞེད་དོན་སྒྲུབ་དང་གཞན་ཕན་ལྷག་བསམ་གྱིས། །བསྐྲུན་བའི་བསྙེན་ཡིག་སྤར་འདི་དཔལ་སྤུངས་སུ། །བསླབ་པ་གསུམ་འཛིན་སྒྲུབ་བླ་ཚེ་དབང་གིས། །བསམ་སྦྱོར་དག་པས་བསྒྲུབས་པའི་དགེ་རྩ་ཡིས། །མཁའ་ཁྱབ་སྐྱེ་དགུ་སྤྱི་དང་ཁྱད་པར་དུ། །ལུས་སྐྱེད་སྒྲོན་ཆུང་ཤ་ཉེ་ནོར་བུ་དང་། །ཞང་པོ་མགོན་ལྷོག་གཙོར་བྱས་འབྲེལ་བཅས་ཀྱི། །སྡིག་སྒྲིབ་ཉེས་ལྟུང་མ་ལུས་རྩད་ནས་བྱང་། །ངན་འགྲོ་མི་ཁོམས་འཁོར་བའི་གནས་རིགས་སུ། །ནམ་ཡང་མི་སྐྱེ་བདེ་ཅན་ཞིང་ཁམས་སུ། །ཐོགས་མེད་བགྲོད་ནས་བརྫུས་སྐྱེས་ལུས་མཆོག་ཐོབ། །རྒྱལ་བའི་ཞལ་མཐོང་ཆོས་ཐོས་ས་ལམ་བགྲོད། །རང་དོན་མཐར་ཕྱིན་གཞན་དོན་ལྷུན་གྲུབ་ཤོག །སརྦ་སིདྡྷི་རསྟུ།། །།ཞེས་པའང་ཡི་གེའི་འབྱུང་ཁུངས་བཞེངས་པ་པོའི་ཐུགས་བཞེད་ལྟར་བློ་གྲོས་མཐའ་ཡས་ཀྱིས་བགྱིས་བ་དགེ་ལེགས་འཕེལ། །


previousདཔལ་ཀུན་རིག་གི་ཆོ་ག་རྣམ་གྲོལ་སྒོ་ཆེན་གྱི་བསྙེན་སྒྲུབ་ལས་ཀྱི་རིམ་པ་གསལ་བར་བྱེད་པ་རྣམ་གྲོལ་ཤིང་རྟ།next