Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དབྱངས་བླ་མེད་ལུགས་ཀྱི་བླ་མའི་རྣལ་འབྱོར།


 
previousའཇམ་དབྱངས་བླ་མེད་ལུགས་ཀྱི་བླ་མའི་རྣལ་འབྱོར།no next

འཇམ་དབྱངས་བླ་མེད་ལུགས་ཀྱི་བླ་མའི་རྣལ་འབྱོར།


LT34_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་བླ་མེད་ལུགས་ཀྱི་བླ་མའི་རྣལ་འབྱོར་ཞེས་བྱ་བ་བཞུགས་སོ།། །།


LT34_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫུ་བཛྲཱ་ཡ། རྗེ་བཙུན་འཇམ་དབྱངས་རྒྱུད་ཀྱི་རྒྱལ་པོའི་ལུགས་ཀྱི་ཕྱི་སྒྲུབ་བླ་མའི་རྣལ་འབྱོར་ལྟར་བསྒོམ་བཟླས་བྱ་བར་འདོད་པས་ཐོག་མར་སྐྱབས་སེམས་ནི། བདག་སོགས་འགྲོ་ཀུན་བྱང་ཆུབ་བར། །རྗེ་བཙུན་བླ་མ་འཇམ་དཔལ་དབྱངས། །དཀོན་མཆོག་ཀུན་འདུས་བདག་ཉིད་ལ། །མི་ཕྱེད་གུས་པས་སྐྱབས་སུ་མཆི། །གཞན་དོན་སངས་རྒྱས་ཐོབ་བྱའི་ཕྱིར། །བླ་མ་འཇམ་དཔལ་དཔའ་བོ་ཡི། །རྣལ་འབྱོར་ཟབ་མོས་མཁྱེན་གཉིས་ཀྱི། །ཡེ་ཤེས་བསྒྲུབ་པར་སེམས་བསྐྱེད་དོ། །རྟེན་བསྐྱེད་པ་ནི། དབྱིངས་ཀྱི་ནམ་མཁར་ཡེ་ཤེས་འཇའ་ཚོན་འཁྲིགས། །རྣམ་དག་རོལ་པའི་མཆོད་སྤྲིན་རྒྱ་མཚོའི་དབུས། །ཆགས་བྲལ་པདྨ་ཐབས་ཤེས་ཉི་ཟླའི་སྟེང་། །ཟུང་འཇུག་དཔལ་ལྡན་བླ་མ་འཇམ་དཔལ་དབྱངས། །གསེར་གྱི་ལྷུན་པོར་མཚམས་སྤྲིན་འཁྱུད་པའི་མདངས། །ཞལ་གཅིག་ཕྱག་བཞི་དཀྱུས་རིང་འཛུམ་པའི་ཞལ། །མཐོན་མཐིང་ཟུར་ཕུད་ལྔ་ལྡན་ནོར་བུའི་ཏོག །རྩ་ཕྱག་རལ་གྲི་ཨུཏྤལ་གླེགས་བམ་བསྣམས། །འོག་མས་ཐབས་ཤེས་མདའ་གཞུ་གཡོན་ཏུ་འགེངས། །དར་དང་རིན་ཆེན་རྒྱན་སྤྲས་སྐྱིལ་ཀྲུང་བཞུགས། །པང་དུ་དབྱངས་ཅན་རེག་བྱ་རྡོ་རྗེ་མ། །སྔོ་ལྡང་ཞི་འཛུམ་མཛེས་ཤིང་སྒེག་པའི་ཉམས། །ཕྱག་གཉིས་པི་ཝྃ་ལྷ་ཡི་རེག་བྱ་བཅས། །ཡབ་ལ་འཁྱུད་ཅིང་ཞབས་གཉིས་རྐེད་ནས་འཁྲིལ། །


LT34_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ཆས་ཡབ་མཚུངས་འོད་ཀྱི་ཀློང་ན་བཞུགས། །བདེ་ཆེན་དགའ་བཞིའི་གཟི་མདངས་རབ་ཏུ་འབར། །འཁོར་ཚོགས་སྤྲུལ་པའི་སྤྲིན་ཕུང་བསམ་ཡས་འཕྲོ། །གནས་གསུམ་རྡོ་རྗེ་གསུམ་དུ་གདོད་ནས་གྲུབ། །ཐུགས་སྲོག་ཐབས་ཤེས་ཡིག་འབྲུའི་འོད་ཟེར་གྱིས། །རང་བཞིན་གནས་ནས་བཛྲ་ས་མཱ་ཛཿ། འཇམ་མགོན་བླ་མ་རྒྱལ་བ་སྲས་དང་བཅས། །དོན་གྱི་དབྱིངས་ལ་གཤེགས་བཞུགས་མི་མངའ་ཡང་། །མོས་པའི་ཡིད་ངོར་ཆུ་ཟླ་འཇའ་ཚོན་ལྟར། །ཐུགས་རྗེའི་རང་གཟུགས་ཅིར་ཡང་སྣང་བར་མཛོད། །ཆོས་དབྱིངས་རྒྱས་པར་གཏམས་པའི་ཞིང་དང་སྐུ། །དེ་སྙེད་བདག་སོགས་འགྲོ་བའི་ལུས་སྤྲུལ་ནས། །ཡན་ལག་འབུམ་ལྡན་བསྟོད་པའི་སྒྲ་དབྱངས་བཅས། །མི་ཕྱེད་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །གཞན་དོན་བྱང་ཆུབ་སེམས་གཉིས་རབ་ཏུ་བཟུང་། །འཇམ་དཔལ་དཔའ་བོའི་རྣམ་ཐར་རྗེས་སུ་སློབ། །བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི། །མཆོད་པའི་སྤྲིན་ཆེན་བསམ་མི་ཁྱབ་པ་འབུལ། །བྱ་བྱེད་རང་བཞིན་མཁའ་ལྟར་རྣམ་དག་ཀྱང་། །གཟུང་འཛིན་དབང་གྱུར་ཀུན་འབྱུང་འཆིང་བས་བཅིངས། །གདོད་ནས་རང་གྲོལ་ངང་དུ་བཤགས་བགྱི་ན། །གཉིས་སུ་མེད་པའི་ཚངས་པ་སྩལ་དུ་གསོལ། །འཇམ་མགོན་ཡབ་ཡུམ་ཐབས་ཤེས་ཟུང་དུ་


LT34_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག །འཁོར་འདས་ཆོས་རྣམས་ཁྱེད་ཀྱི་རང་བཞིན་ཏེ། །བདག་ཀྱང་དེ་བཞིན་ཉིད་དུ་དབྱིངས་གཅིག་པར། །སྡོམ་པའི་ཕུལ་ལ་མཆོག་ཏུ་ཡི་རང་ངོ། །བརྗོད་དུ་མེད་ཀྱང་བརྗོད་པ་ཀུན་གྱི་གཞི། །དོན་དམ་ཆོས་ཀྱི་འཁོར་ལོ་རྟག་ཏུ་གནས། །གདུལ་བྱའི་སྣང་ངོར་འཕེལ་འགྲིབས་མི་སྟོན་པར། །དུས་གསུམ་རྒྱུན་ཆད་མེད་པར་བསྐོར་བར་བསྐུལ། །གདོད་ནས་སྐྱེ་འགག་གནས་གསུམ་མཚན་མ་བྲལ། །མི་གནས་གནས་པ་ཆེན་པོ་རྡོ་རྗེའི་སྐུ། །རྟག་བརྟན་ཡོངས་གྲུབ་གཡུང་དྲུང་ནམ་མཁའི་དབྱིངས། །གཞན་དབང་ཀུན་བརྟགས་སྤྲིན་གྱིས་མི་སྒྲིབ་གསོལ། །ཆོས་ཁམས་གཤིས་ཀྱིས་བསྡུས་པའི་རྣམ་པར་དཀར། །སྲིད་དང་ཞི་བ་མཆིས་ཀུན་ཕྱམ་གཅིག་ཏུ། །བླ་མ་འཇམ་མགོན་ཡབ་ཡུམ་གོ་འཕང་དུ། །དམིགས་པ་མེད་པའི་ཚུལ་གྱིས་ཡོངས་སུ་བསྔོ། །དཔལ་ལྡན་བླ་མ་རིགས་རྣམས་ཀུན་གྱི་བདག །རྒྱལ་ཀུན་ཡེ་ཤེས་སེམས་དཔའ་འཇམ་པའི་དབྱངས། །སྒྲ་དབྱངས་ལྷ་མོ་རྒྱལ་ཀུན་སྐྱེད་པའི་ཡུམ། །རྣམ་གསུམ་དབྱེར་མེད་ངང་དུ་གསོལ་བ་འདེབས། །སངས་རྒྱས་ཀུན་གྱི་གསང་གསུམ་ཕྲིན་ལས་བཅས། །གཅིག་བསྡུས་འཇམ་མགོན་བླ་མ་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཁྱེན་གཉིས་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། །


LT34_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསོལ་བ་ལན་མང་དུ་བཏབ་བས་ཐབས་ཤེས་ཟུང་འཇུག་གི་རང་བཞིན་དབྱངས་གསལ་སྙིང་པོའི་སྔགས་ཕྲེང་བྱུང་། སྣ་བུག་གཡས་གཡོན་དང་སྨིན་མཚམས་ནས་ཞུགས། སྙིང་དབུས་སུ་ཐིམ་པས་སྒྲིབ་གཉིས་དྲི་མ་སངས་གྱིས་དག །མཁྱེན་གཉིས་སྣང་བ་རབ་ཏུ་རྒྱས་པར་བསམས་ལ། ཨོཾ་ཧྲཱིཿདྷཱིཿམ་མེ་དཱྭི་པྃ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲཛྙཱ་བྷ་ནི་ཧྲཱིཿདྷཱིཿསྭཱ་ཧཱ། ཞེས་ཅི་ནུས་བཟླ། མཐར། ཨེ་མ་ཧོཿ གཞོན་ནུ་མཛེས་པའི་དཔའ་བོ་གེ་སར་ལས། །ལོགས་བྱུང་སྒྲིབ་གཉིས་སྐྱོན་བྲལ་གུར་གུམ་མདངས། །ཞལ་གཅིག་ཕྱག་བཞི་རལ་གྲི་གླེགས་བམ་དང་། །ཐབས་ཤེས་མདའ་གཞུ་འགེངས་པས་བདུད་དཔུང་འཇོམས། །རེག་བྱ་རྡོ་རྗེ་དབྱངས་ཅན་མ་རྒད་མདོག །བི་ཝཾ་དར་དཔྱངས་འཛིན་པས་བདེ་ཆེན་སྐུལ། །ཟུང་འཇུག་རང་བཞིན་རྗེ་བཙུན་བླ་མ་ཉིད། །ཐུགས་རྗེའི་དབང་གིས་འགྲོ་དོན་འདོད་རྒུར་སྒྱུར། །ཁྱེད་ལ་མཆོད་བསྟོད་སྐྱབས་གསོལ་བྱིན་རླབས་ཀྱིས། །སྒྲིབ་གཉིས་ཀུན་སངས་མཁྱེན་གཉིས་ཡེ་ཤེས་རྒྱས། །ཉིད་ཀྱི་རྣམ་པར་ཐར་དང་དབྱེར་མེད་མཛོད། །ཅེས་དང་། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །སོགས་འདུད་ཉི་ཤུས་བསྟོད། གང་ཚེ་བལྟ་བར་འདོད་པ་སོགས། ཕྱོགས་བཅུ་ནམ་མཁའི་སོགས། བདག་ཀྱང་འཇམ་དབྱངས་སོགས། བརྩེ་ལྡན་ཁྱོད་ཀྱི་སོགས་ཤློ་ཀ་རེ་རེ་བརྗོད། གནས་གསུམ་རྡོ་རྗེ་གསུམ་གྱི་ས་བོན་ལས། །སྐུ་དང་སྔགས་ཕྲེང་ཕྱག་མཚན་བདུད་རྩིའི་རྒྱུན། །དཔག་


LT34_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

མེད་འཕྲོས་ནས་རང་གི་གནས་གསུམ་ཐིམ། །སྒོ་གསུམ་སྒྲིབ་དག་དབང་ཐོབ་རྒྱུད་སྨིན་གྱུར། །སྦྱོར་མཚམས་བྱང་སེམས་རྒྱུན་བབས་ལུས་ཀུན་གང་། །བདེ་བས་ཐབས་བྱས་དོན་གྱི་འོད་གསལ་མཐོང་། །ཡབ་ཡུམ་འོད་ཞུ་རང་ལ་ཐིམ་པ་ཡིས། །ཐུགས་ཡིད་དབྱེར་མེད་གནས་ལུགས་ཕྱག་རྒྱ་ཆེ། །བློ་བྲལ་གཉུག་མ་ཁྱབ་གདལ་ཆེན་པོའོ། །དགེ་བ་འདི་དང་དུས་གསུམ་དགེ་ཅི་མཆིས། །བླ་མ་འཇམ་དཔལ་ཡབ་ཡུམ་རྣམ་པར་ཐར། །བདག་སོགས་མཁའ་ཁྱབ་འགྲོ་བས་མྱུར་འགྲུབ་སྟེ། ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་ཕྱིར་བསྔོ། །འཇམ་མགོན་བླ་མའི་མཁྱེན་བརྩེའི་འོད་རྣོན་གྱིས། །བདག་གཞན་འགྲོ་བའི་སྙིང་གི་མུན་ཁང་བརྟོལ། །ཆགས་ཐོགས་མེད་པའི་ཡེ་ཤེས་སྣང་ཆེན་གྱིས། །སྲིད་ཞི་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་ཤོག །ཅེས་པའང་དམ་པའི་རིགས་ཅན་དགེ་བའི་བློ་མངའ་ཀརྨ་མདོ་སྔགས་བསྟན་འཛིན་ནས་བསྐུལ་ངོར་ཤཱཀྱའི་དགེ་སྤྱོད་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །


previousའཇམ་དབྱངས་བླ་མེད་ལུགས་ཀྱི་བླ་མའི་རྣལ་འབྱོར།no next