Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
ཚེ་དཔག་མེད་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་བསྐྱེད་རྫོགས་ཟབ་ཁྲིད་ཀྱི་ཡི་གེ་འཆི་མེད་བདུད་རྩིའི་ཆུ་གཏེར།
  
  
  
  
  
  


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousཚེ་དཔག་མེད་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་བསྐྱེད་རྫོགས་ཟབ་ཁྲིད་ཀྱི་ཡི་གེ་འཆི་མེད་བདུད་རྩིའི་ཆུ་གཏེར།next

ཚེ་དཔག་མེད་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་བསྐྱེད་རྫོགས་ཟབ་ཁྲིད་ཀྱི་ཡི་གེ་འཆི་མེད་བདུད་རྩིའི་ཆུ་གཏེར།


LT35_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔག་མེད་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་བསྐྱེད་རྫོགས་ཟབ་ཁྲིད་ཀྱི་ཡི་གེ་འཆི་མེད་བདུད་རྩིའི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ། །


LT35_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨ་པ་རི་མི་ཏ་ཨཱ་ཡུ་ཛྙཱ་ནཱ་ཡ། །གངྒཱའི་བྱེ་མ་སྙེད་ཀྱིས་མཐའ་དང་ཚད། །མི་མངོན་ཚེ་མཆོག་དབྱིག་དེ་འགྲོ་ལ་ཡང་། །མཚན་ཙམ་འཛིན་པས་བགོ་བཤའ་སྩོལ་བའི་ལྷ། །སྙིང་དབུས་རྟག་བཞུགས་དཔྱིད་ཀྱི་དཔལ་སྐྱེད་གསོལ། །འཇམ་པའི་དཔལ་དང་སྒྲ་དབྱངས་རྒྱ་མཚོའི་བདག། རྣམ་ཀུན་མཁྱེན་སོགས་མངོན་རྟོགས་ཡོངས་གྲུབ་ཀྱང་། །དམིགས་མེད་ཐུགས་བརྩེའི་སྣང་བརྙན་སྲིད་པའི་ཚུལ། །མཁས་གྲུབ་བྱེ་བའི་དབང་པོར་སྟོན་ལ་འདུད། །རྒྱུད་དང་འབྲེལ་བའི་གདམས་པ་མཐའ་ཡས་ཤིང་། །ཕལ་ཆེར་གངས་རིའི་ཁྲོད་དུ་བྱུང་མོད་ཀྱང་། །གྲུབ་པའི་རྒྱལ་མོ་ལས་འབབས་གདམས་པའི་ཀླུང་། །འཆི་མེད་དངོས་


LT35_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཟིལ་དངར་འཇོ་བ་ཅན། །མཆོག་ཐུན་བཅུད་ལ་བདེ་བླག་རོལ་པའི་རྒྱུན། །མ་ཉམས་སྙན་པའི་རྔ་སྒྲས་ཁྱོན་བཀང་བ། །སྐྱེས་མཆོག་རས་ཆུང་ཞལ་ལུང་ཁྱད་པར་ཅན། །ཁྱབ་བདག་བླ་མའི་གསུང་གསང་ཇི་བཞིན་དགོད། །དེའང་མངོན་མཐོ་དང་ངེས་པར་ལེགས་པའི་ཡོན་ཏན་ཐམས་ཅད་ཀྱི་ཕྱི་མོར་གྱུར་པ་རིང་པོར་འཚོ་བ་ནི་མཐོ་རིས་ཀྱི་དལ་རྟེན་ཐོབ་པ་ཀུན་གྱིས་དོན་ཏུ་གཉེར་བྱ་གཅིག་པུ་ཡིན་ལ། །འཚོ་བའི་ཐབས་ཀྱང་རྒྱུ་ལ་ལྟོས་པ་དང་། རྐྱེན་ལ་ལྟོས་པ་དང་། ཕྱི་དང་ནང་དང་གསང་བའི་དབྱེ་བས་མཐའ་ཡས་པ་ཞིག་བཤད་ཀྱང་། དེ་དག་ཐམས་ཅད་ཀྱི་ནང་ནས་གནས་སྐབས་ཚེ་དང་། མཐར་ཐུག་མཆོག་གི་དངོས་གྲུབ་བདེ་བླག་ཏུ་སྟེར་བས་ཁྱད་པར་དུ་འཕགས་


LT35_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་རྒྱུད་ལས་གསུངས་པའི་བསྐྱེད་རྫོགས་ཟབ་མོ་ལ་བརྟེན་པ་འདི་དག་ཡིན། དེའི་ནང་ནས་ཀྱང་ལམ་རྐང་ཚུགས་ཤིང་ད་ལྟའི་བར་དུ་ཉམས་མྱོང་དང་གྲུབ་པའི་རྟགས་མཚན་བར་མ་ཆད་པ་ནི་ཚེ་དཔག་མེད་གྲུབ་རྒྱལ་ལུགས་སུ་གྲགས་པ་འདི་ཡིན་ལ། དེ་ལྟ་བུའི་ཁྲིད་ཀྱི་རིམ་པ་སྟོན་པར་བྱེད་པ་ལ་རྩ་བའི་ས་བཅད་གསུམ། །གང་ལས་བྱུང་བའི་ཁུངས་མདོར་སྨོས། །དེ་ལྟར་བྱུང་བའི་གདམས་པའི་རྣམ་གྲངས་བསྟན། །ཁྲིད་གཞུང་དངོས་རྒྱས་པར་འཆད་པའོ། །དང་པོ་ནི། རྒྱལ་བས་གསུངས་པའི་ཆོས་ཚུལ་མཐའ་དག་གི་ཡང་སྙིང་གསང་སྔགས་རྡོ་རྗེའི་ཐེག་པ་ལ་དབྱེ་སྒོ་མང་དུ་མཆིས་པ་ལས། འདིར་རྒྱུད་སྡེ་དྲུག་ཏུ་དབྱེ་བའི་ནང་ཚན་རྣལ་འབྱོར་གསང་མཐའ་བདེ་མཆོག་མངོན་བརྗོད་འབུམ་པ་ལས་བཤད་པ་སྟེ། ལྷའི་ངོ་བོ་པདྨ་གར་དབང་གི་རིགས་སུ་གཏོགས་ཀྱང་རྒྱུད་ཁུངས་ལས་དཔལ་ཧེ་རུ་ཀའི་རིགས་སུ་བྱེད་གསུངས། །དེ་ལས་བྱུང་བའི་གདམས་ངག་འདི་ཉིད་མི་ཡུལ་དུ་སྣང་བར་མཛད་པ་པོ་ནི། གསང་བ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ལྷ་ལྕམ་མེ་ཏོག་མནྡ་ར་བ་སོགས་སྐུ་དང་མཚན་གྱི་རྣམ་གྲངས་དུ་མར་སྟོན་ཀྱང་ཡོངས་སུ་གྲགས་པ་མ་གཅིག་གྲུབ་པའི་རྒྱལ་མོ་ཞེས་བྱ་བ་དེ་ཉིད་ཀུ་རུ་ཀུལླེའི་རིག་སྔགས་གྲུབ་པ་ལ་བརྟེན། མགོན་པོ་ཚེ་དཔག་མེད་ཀྱིས་དངོས་སུ་རྗེས་སུ་བཟུང་ནས་རྡོ་རྗེའི་སྐུས་བསྐལ་པ་མ་སྟོང་བར་དུ་འགྲོ་བའི་དོན་མཛད་པར་བྱིན་གྱིས་བརླབས་པ་དེ་ཉིད་ཀྱིས་འཆི་མེད་ཚེའི་གདམས་ངག་རྒྱ་མཚོ་ལྟ་བུས་སྐལ་ལྡན་མཐའ་དག་


LT35_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་གོང་འཕང་ལ་འགོད་བཞིན་ད་ལྟར་ཡང་འཚོ་ཞིང་གཞེས་པ་དེ་ལས། རྗེ་བཙུན་རས་ཆུང་པས་ཁྱད་ཆོས་སུ་ནོད་པ་སྟེ། དེའང་ལྷོ་བྲག་མར་པའི་ལུང་བསྟན་ལྟར་མི་ལ་བཞད་པ་རྡོ་རྗེས་ལུས་མེད་མཁའ་འགྲོའི་ཆོས་སྐོར་སོགས་ཞུ་བའི་སླད་དུ་རྒྱ་གར་དུ་བརྫངས། དེས་ཀྱང་བལ་པོ་བྷ་རི་མ་དང་། བ་ལ་ཙནྡྲ་སོགས་མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན་པ་ལས་གཙོ་བོར་གྱུར་པ། ཏེ་པུ་གསང་སྔགས་སྡོང་པོ་ཞེས་ནཱ་རོ་པའི་ཐུགས་སྲས་གྲུབ་པའི་དབང་ཕྱུག་དེ་ལས་གདམས་ངག་ཟབ་ཅིང་རྒྱ་ཆེ་བ་བུམ་པ་གང་བྱོའི་ཚུལ་དུ་ནོད་ནས་བོད་དུ་ཕེབ་པར་ཉེ་བ་ན། སྐུ་ཚེའི་ཚད་ཟླ་བ་བདུན་ལས་མེད་པར་ལུང་བསྟན་པས་བླ་མའི་བཀའ་ལྟར་མ་གཅིག་གྲུབ་པའི་རྒྱལ་མོའི་དྲུང་དུ་བྱོན་ནས་ཚེའི་དབང་བསྐུར་བ་དང་གདམས་ངག་དཔག་ཏུ་མེད་པ་གསན། ཟླ་བ་བདུན་ཏུ་བསྒོམས་པས་སྔར་ལོ་བཞི་བཅུ་བཞེས་པ་ལ། སླར་ཡང་བཞི་བཅུ་ཞེ་བཞི་བསྲིངས་ཏེ་ཡོངས་བསྒྲིལ་དགུང་ལོ་གྱ་བཞིའི་བར་དུ་འགྲོ་བའི་དོན་མཛད་ཅིང་། མཐར་སྐུ་ལུས་དེ་ཉིད་ཀྱིས་ལྕང་ལོ་ཅན་ཏུ་གཤེགས་ཤིང་ད་ལྟའང་འཇའ་ལུས་རྡོ་རྗེའི་སྐུར་བཞུགས་སོ། །སྐྱེས་བུ་རས་ཆུང་པ་བོད་དུ་ཕེབ་ནས་རྗེ་བཙུན་མི་ལ་དང་མཇལ་བ་ན། བཀའ་ལས་ཁྱོད་ཀྱིས་ང་ལ་སྐྱེས་སུ་སྔར་བོད་དུ་མ་གྲགས་པའི་ཟབ་ཆོས་ཁྱད་པར་ཅན་ཞིག་ཕུལ་དགོས་གསུངས་པ་ལྟར་གདམས་པ་འདི་ཉིད་ཕུལ་བས་རྗེ་མི་ལའང་དགུངས་ལོ་བརྒྱད་ཅུ་རྩ་བཞི་བཞུགས་པར་གདའ། དེ་ནས་རིམ་པར་


LT35_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་པོ་ཟླ་འོད་གཞོན་ནུ། བདེ་གཤེགས་ཕག་མོ་གྲུབ་པ། འབྲི་གུང་འཇིག་རྟེན་གསུམ་མགོན། སྤྱན་སྔ་ཆོས་ཀྱི་རྒྱལ་པོ། རྒྱལ་བ་ཡང་དགོན་པ་ཆེན་པོ། ཐུགས་སྲས་སྤྱན་སྔ་རིན་ལྡན། ཀུན་མཁྱེན་ཟུར་ ཕུགཆོས་རྗེ། འབའ་ར་རྒྱལ ་མཚན་དཔལ་བཟང་གི་བར་དུ་རྡོ་རྗེའི་ཚིག་གིས་རྒྱས་བཏབ་པའི་གཅིག་བརྒྱུད་མཁའ་འགྲོའི་ཁ་རླངས་མ་ཡལ་བར་བཞུགས། རྗེ་འབའ་ར་བ་ཉིད་ལ་བླ་མ་དང་ལྷ་ཡི་ལུང་གིས་གནང་བ་ཐོབ་སྟེ་སྙན་བརྒྱུད་ཡི་གེར་འགོད་པའི་བཀའ་དྲིན་མཛད་ཅིང་ལམ་སྲོལ་འདིའི་ཡིག་ཆའི་ཐོག་མ་རིན་ཆེན་གཏེར་མཛོད་ཀྱི་སྐོར་བྱུང་། དེ་ལས་བརྒྱུད་པའི་སྲོལ་ཀ་དཔག་ཏུ་མེད་པར་གྱེས་པ་ལས། །དབང་རྒྱུན་ཙམ་ནི་གངས་ཅན་ཏུ་གྲགས་པའི་གྲུབ་མཐའ་ཕལ་མོ་ཆེར་མ་ཁྱབ་པ་མེད་ཅིང་། ཁྲིད་རྒྱུན་ནི་འབའ་ར་རང་གི་དབོན་བརྒྱུད་ལས་བརྒྱུད་པ་དང་། དེ་ལས་ཞྭ་ལུ་དང་ཚར་པའི་ཕྱོགས་སུ་བརྒྱུད་པ་གཉིས་དེང་སང་གཙོ་ཆེ་བར་བྱེད་གསུངས། སྔོན་དུས་ནི་ཀར་འབུག་གི་ཕྱོགས་སུའང་སྙན་བརྒྱུད་ཀྱི་རྒྱུན་མ་ཉམས་པར་བྱོན་ཞིང་དངོས་གྲུབ་བརྙེས་པའང་མཐའ་ཡས་པ་བྱུང་བར་སྣང་ལ། ད་ལྟའང་སྨིན་གྲོལ་གྱི་རྒྱུན་ཅི་རིགས་པར་སྣང་མོད། འདིར་ནི་འབའ་ར་བ་ནས། རྟོགས་ལྡན་རིན་ཆེན་འཕེལ་བ། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་ནམ། དྲིན་ཆེན་མཁྱེན་རབ་ཆོས་རྗེ། ཀུན་སྤངས་ཆོས་ཀྱི་ཉི་མ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །མཁན་ཆེན་བསླབ་


LT35_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྒྱལ་མཚན། །རྗེ་བཙུན་དབང་ཕྱུག་རབ་བརྟན། །མགོན་པོ་བསོད་ནམས་མཆོག་ལྡན། །འཇམ་མགོན་བསོད་ནམས་མཆོག་གྲུབ། །རིན་ཆེན་བསྟན་པའི་གསལ་བྱེད། །འཛམ་གླིང་བློ་གྲོས་ཆོས་འཕེལ། །ཨོ་རྒྱན་ངག་དབང་ཡེ་ཤེས། །མཚུངས་མེད་ཆོས་གྲགས་རྒྱ་མཚོ། །ངག་དབང་ཆོས་ཀྱི་རྒྱ་མཚོ། །ཀུན་བཟང་ཆོས་དབྱིངས་རྡོ་རྗེ། །རྗེ་བཙུན་ཞྭ་ལུ་བ་རྡོ་རྗེ་འཛིན་པ་ཆེན་པོ་རིན་ཆེན་བློ་གསལ་བསྟན་སྐྱོང་། །ཐམས་ཅད་མཁྱེན་གཟིགས་ཆེན་པོ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འཇམ་དཔལ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་བཀའ་དྲིན་དུ་བསྩལ་བ་སྟེ། དེ་ལྟར་བརྒྱུད་པའི་བླ་མ་ཐམས་ཅད་ཀྱང་སྤྱིར་དངོས་གྲུབ་རྣམ་པ་གཉིས་བརྙེས་ཤིང་། ཁྱད་པར་ལྷ་འདི་ཉིད་ཀྱི་བསྙེན་སྒྲུབ་ལས་སྦྱོར་མྱོང་གོམས་གདེང་དུ་ཁེལ་བས་དུས་མ་ཡིན་པའི་འཆི་བཟློག་ཅིང་སྐུ་ཚེ་མཐར་ཕྱིན་ནས་བསྟན་འགྲོའི་དོན་རླབས་ཆེན་མཛད་པ་རྒྱུན་མ་ཆད་པར་བྱོན་པས་ཡིད་ཆེས་པའི་གནས་སོ། །གཉིས་པ་ནི། སྤྱིར་བརྒྱུད་པའི་བཀའ་སྲོལ་འདི་ལ་ཕྱི་སྒྲུབ་ལྷ་ཚོགས་སྟོང་ལྔ་བརྒྱ། ནང་སྒྲུབ་ལྷ་སུམ་ཅུ་རྩ་གཉིས། གསང་སྒྲུབ་ལྷ་བཅུ་གསུམ། ཡང་གསང་ལྷ་གཅིག་བུམ་གཅིག་བཅས་ཡོད་པར་གྲགས་ཤིང་། འབྲུག་ལུགས་ཞི་བ་ལྷ་མང་དང་ཁྲོ་བོ་ལྷ་མང་གི་དབང་རྒྱུན་སོགས་ཀྱང་ད་ལྟའི་བར་བཞུགས་ལ། ཁྱད་པར་དུ་གྱུར་པ་ཟབ་པའི་ཡང་རྩེ་ལྷ་གཅིག་བུམ་གཅིག་གི་སྐོར་ལའང་། ཚེའི་བྱིན་རླབས་ལ་བརྟེན་ནས་


LT35_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྲིང་བ། །བསྐྱེད་རིམ་ལ་བརྟེན་ནས་ཚེ་སྲིང་བ། །རྫོགས་རིམ་ལ་བརྟེན་ནས་ཚེ་སྲིང་བ། །བཅུད་ལེན་གྱི་རིལ་བུ་ལ་བརྟེན་ནས་ཚེ་སྲིང་བ་རྣམས་ཡོད་པ་ལས། །བྱིན་རླབས་ནི་བསྐྱེད་རྫོགས་ཉམས་སུ་ལེན་པའི་སྔ་རོལ་དུ་ངེས་པར་ཐོབ་དགོས་ཤིང་དེའང་གྲུབ་མཐའ་སོ་སོའི་བཀའ་སྲོལ་གྱི་ཡིག་ཆ་མང་དུ་མཆིས་པ་ལས། །བསྐྱེད་རྫོགས་འདི་དང་འབྲེལ་ངེས་པའི་བྱིན་རླབས། ཚེ་རྟ་ལ་བརྟེན་ནས་ཚེ་སྲིང་བ། དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ། ཚེ་ཛཔྲ། །བརྗོད་ཅིང་དབང་གི་ལྷ་བསྟིམ་པའི་ཕྱག་བཞེས་ཀྱིས་བརྒྱན་པ་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་ཡིག་ཆ་ལྟར་ལེགས་པར་ནོད་པས་ཁྱབ་ཅིང་། བཅུད་ལེན་གྱི་རིམ་པ་གཤམ་དུ་ཞར་བྱུང་འཆད་པར་འགྱུར་བ་ལས་ཤེས་པར་བྱའོ། །གསུམ་པ་བསྐྱེད་རྫོགས་ཀྱི་ཁྲིད་རིམ་དངོས་འཆད་པ་ལ་གསུམ། སྔོན་འགྲོ་དང་། དངོས་གཞི་ཉམས་ལེན་སྙིང་པོར་དྲིལ་བའོ། །དང་པོ་ལ་གཉིས། ཐུན་མོང་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ལ་བཞི་སྟེ་རྒྱས་པར་སྤྲོ་ན་ཁྲིད་རིམ་སྤྱི་ལྟར་འཆད། བསྡུ་ན། རང་རེ་རྣམས་དལ་བ་བརྒྱད་འབྱོར་བ་བཅུ་དང་ལྡན་པའི་མི་ལུས་རིན་པོ་ཆེ་ལྷ་ལས་ཀྱང་ལྷག་པ་ཡོན་ཏན་དུ་མའི་འབྱུང་གནས་ཀྱི་རྟེན་བཟང་པོ་ཐོབ་པ་འདི་ཉིད་སྐྱེ་བ་སྔ་མ་ཕན་ཆད་དགེ་བའི་ལས་ཚད་མེད་པ་བསགས་པའི་རྒྱུ་ལས་བྱུང་གིས། སྟེས་དབང་གིས་ཐོབ་པ་མ་ཡིན་པས་འདི་ལྟ་བུ་ཕྱིས་ནས་རྙེད་པར་དཀའ་ཞིང་། བརྒྱ་ལམ་ན་ལན་ཅིག་རྙེད་པ་འདིའང་འཚོ་བའི་རྐྱེན་ནི་ཉུང་། འཆི་བའི་རྐྱེན་ནི་མང་བས་


LT35_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་འབྱུང་གི་ནོར་བུ་རང་ལག་ཏུ་ཆུད་པའི་སྐབས་འདིར་ཆུད་ཟོས་སུ་མ་ཤོར་བར་ཅི་ནས་ཀྱང་སྙིང་པོ་ལོན་པ་བྱེད་དགོས། དེའང་དལ་གྱིས་བསྒྲུབ་པས་ཆོག་སྙན་ན་དེ་ལྟའི་ལོངས་སྐབས་ཡོད་པ་མ་ཡིན་ཏེ། སྣོད་བཅུད་ཀྱི་འཇིག་རྟེན་དང་རྡོ་རྗེའི་སྐུའང་གློག་བཞིན་ཏུ་མི་རྟག་ན། ཉམ་ཆུང་སྲིན་བུ་ལྟ་བུའི་ཕུང་པོ་འདི་ལ་སྨོས་ཅི་དགོས། དེའང་མ་ངེས་པའི་རྐྱེན་དུ་མས་ནམ་འཆིའི་ཆ་དང་། མི་འཆི་བའི་གདིང་སུ་ལའང་མེད་པས་ད་ལྟ་ཉིད་ནས་དོན་གྲུབ་པ་ལ་འབད་དགོས། བསྒྲུབ་བྱ་གང་ཡང་རུང་བ་ཞིག་གིས་ཆོག་གམ་སྙམ་ན་མི་ཆོག་སྟེ། དཔེར་ན་དཔྱིད་ལ་ས་བོན་གང་བཏབ་པའི་འབྲས་བུ་སྟོན་དུས་སུ་མ་འདྲེས་པར་སྨིན་པ་ལྟར། རྒྱུ་སྡིག་པ་ལས་འབྲས་བུ་ངན་སོང་སོགས་སྡུག་བསྔལ། རྒྱུ་དགེ་བ་ལས་འབྲས་བུ་མངོན་མཐོ་ངེས་ལེགས་ཀྱི་བདེ་བ་སོ་སོར་སྨིན་ཅིང་། དེའང་མ་བྱས་པའི་ལས་དང་འཕྲད་པར་མི་སྲིད་ཅིང་རང་གིས་བྱས་པའི་ལས་འབྲས་རང་མ་གཏོགས་གཞན་སུ་ལའང་སྨིན་པར་མི་འགྱུར་བས། སྤྱིར་དགེ་བའི་བྱ་བ། ཁྱད་པར་དམ་པའི་ཆོས་ཟབ་མོ། ཡང་སྒོས་སུའང་གནས་སྐབས་མཐར་ཐུག་ཀུན་ཏུ་ཕན་བདེ་རྒྱ་ཆེན་པོ་འབྱུང་བའི་གདམས་ངག་བདུད་རྩིའི་ཉིང་ཁུ་འདི་ལྟ་བུ་ལ་རྩེ་གཅིག་ཏུ་འབད་དགོས། ཟག་པ་མ་ཟད་ཀྱི་བར་དུ་ཁམས་གསུམ་གྱི་གནས་མཐོ་དམན་གང་དུ་སྐྱེས་ཀྱང་དངོས་དང་བརྒྱུད་ནས་སྡུག་བསྔལ་གྱི་ཡོ་ལང་འབའ་ཞིག་མ་གཏོགས་བདེ་བ་བ་སྤུའི་རྩེ་མོ་ཙམ་མེད་པས། འཁོར་བའི་གནས་གྲོགས་


LT35_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་ཀུན་ལ་སྐྱུགས་ནད་ཅན་གྱིས་ཟས་མཐོང་བ་ལྟར་ཞེན་པ་གཏིང་ནས་ལོག་པའི་ངེས་འབྱུང་དྲག་པོས་རྒྱུད་འཁུལ་བ་སྟེ། མདོར་ན་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། ངེས་པར་འབྱུང་བའི་བློ་སྟེ་བཞི་པོ་ནི་ཁྲིད་ལ་འཇུག་པ་ཀུན་གྱི་སྔོན་འགྲོ་ཙམ་དུ་མ་ཟད། ཐོག་མཐའ་བར་གསུམ་དུ་རྒྱུད་ལ་འགྲོ་ངེས་ཀྱི་བསྒོམ་བྱའི་གནད་གལ་པོ་ཆེའོ། །གཉིས་པ་ལ་བཞི། སྐྱབས་འགྲོ། སེམས་བསྐྱེད། རྡོར་སེམས་བསྒོམ་བཟླས། བླ་མའི་རྣལ་འབྱོར་རོ། །དང་པོ་ལ་ལྔ། གང་ལ་སྐྱབས་སུ་འགྲོ་བའི་ཡུལ། གང་གིས་སྐྱབས་སུ་འགྲོ་བའི་གང་ཟག །ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ། དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན། ཕན་ཡོན་དེ་དང་ལྡན་པའི་བསླབ་བྱའོ། །དང་པོ་ནི། དབེན་པའི་གནས་སུ་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་དེ། དམིགས་རྣམ་ལ་བློ་རྩེ་གཅིག་པས། རང་ཉིད་གང་དུ་གནས་པའི་ས་ཕྱོགས་དག་པའི་ཞིང་ཁམས་བདེ་བ་ཅན་ལྟ་བུའི་རྒྱ་ཚད་དང་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ། དཔག་བསམ་གྱི་ལྗོན་ཤིང་ཡལ་ག་ལོ་མ་མེ་ཏོག་འབྲས་བུ་ངོ་མཚར་བས་བརྒྱན་པ་ལ་བརྟེན་པའི་པདྨ་དཀར་པོ་འདབ་མ་བཞི་པ་ཡངས་ཤིང་རྒྱ་ཆེ་བ་ལྟེ་བ་ཟེའུ་ཕོལ་དང་བཅས་པའི་དབུས་སུ། སེང་གེའམ་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི། དེའི་སྟེང་ནས་སྟེང་དུ་དར་ཟབ་ཀྱི་འབོལ་བརྩེགས། སྣ་ཚོགས་པདྨ། ཟླ་བ། ཉི་མ། རྡོ་རྗེ་སྔོན་པོ་རྒྱ་གྲམ་སྟེ་གདན་དྲུག་བརྩེགས་ཀྱི་སྟེང་དུ་རྩ་བའི་


LT35_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རྡོ་རྗེ་འཆང་ངམ། ཚེ་དཔག་མེད་ཀྱི་རྣམ་པ་གང་ཡང་རུང་བ་ལས་བླ་མ་རྣམས་ཀྱི་བཞེད་པས་ཕྱི་མ་ཉིད་གཙོ་བོར་མཛད། སྟེང་གི་ནམ་མཁར་བརྒྱུད་པའི་བླ་མ་རྣམས་རྒྱུ་སྐར་རམ་སྤྲིན་གྱི་ཕུང་པོ་ལྟར་བཞུགས་པ། །མདུན་གྱི་པད་འདབ་ལ་འདི་གསང་འདུས་མར་ལུགས་ཀྱི་རིམ་ལྔའི་ཁྲིད་ཀྱི་གོ་སྐབས་སུ་གསུངས་པའི་རྒྱུན་དཀྱུས་སུ་འཇོག་པ་ལས། འདི་རང་གི་སྒེར་ཆོས་ནི་མིན་གསུང་། ཚེ་དཔག་མེད་གཙོ་བོར་གྱུར་པའི་ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས། གཡས་ཀྱི་འདབ་མར་སངས་རྒྱས་སྤྲུལ་པའི་སྐུ་ཆགས་བྲལ་གྱི་རྣམ་པ་ཅན། རྒྱབ་ཏུ་དམ་པའི་ཆོས་གླེགས་བམ་དམར་པོའི་རྣམ་པ་ཨཱ་ལི་ཀཱ་ལིའི་རང་སྒྲ་སྒྲོགས་པ། གཡོན་ཏུ་ཐེག་པ་ཆེ་ཆུང་གི་དགེ་འདུན་འཕགས་པའི་ས་ལ་གནས་པ། མཐའ་སྐོར་ཏེ་དཔག་བསམ་གྱི་ཁྲོད་དུ་ཡེ་ཤེས་ཀྱི་མཁའ་འགྲོ་ཆོས་སྐྱོང་ནོར་ལྷར་བཅས་པ་སྟེ། མདོར་ན་སྐྱབས་ཀྱི་ཡུལ་དུ་གྱུར་པའི་དཀོན་མཆོག་རྩ་གསུམ་ཀུན་འདུས་སུ་བསྒོམ། གཉིས་པ་ནི། དེ་དག་གི་མདུན་དུ་རང་ཉིད། གཡས་གཡོན་ཏུ་ཚེ་འདིའི་ཕ་མ། མདུན་ཏུ་དགྲ་གདོན་སོགས་གནོད་བྱེད། མཐའ་བསྐོར་དུ་བར་མའི་འགྲོ་བ་ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་མ་ལུས་པ་ཁྲོམ་འཚོགས་པ་བཞིན་འཁོད་པར་མོས། གསུམ་པ་ལ་ལྔ། རྒྱུ་འཇིགས་པ། དད་པ། སྙིང་རྗེ་གསུམ་གྱིས་ཀུན་ནས་བསླང་བ་སྟེ། དེའང་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལ་འཇིགས་པ་རང་དོན་ཡིད་བྱེད་ཀྱིས་འཇིགས་པ། ཐ་མལ་སྣང་ཞེན་གྱིས་འཇིགས་པ་སྟེ་གསུམ། ཡུལ་མཆོག་རྣམས་ཀྱི་ཡོན་ཏན་ཤེས་ནས་


LT35_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དྭང་བའི་དད་པ། དེ་ལྟ་བུ་རང་གཞན་ཀུན་གྱིས་ཐོབ་པར་འདོད་པའི་དད་པ། སྐྱབས་གནས་རྣམས་ཀྱིས་འཕྲལ་ཡུན་ཀུན་ཏུ་སྐྱོབ་ནུས་པར་ཡིད་གཉིས་དང་ཐེ་ཚོམ་བྲལ་བ་ཡིད་ཆེས་པའི་དད་པ་སྟེ་གསུམ། སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་དོས་དྲག་པས་མནར་བ་རྣམས་སྐྱོབ་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་སྐྱེད་ཅིང་། དེའང་ཉན་རང་འཕགས་པ་འཇིག་རྟེན་པའི་ཆེན་པོ་རྣམས་ཀྱིས་སྐྱོབ་མི་ནུས་པས་མཐར་ཐུག་གི་སྐྱབས་རྫོགས་པའི་སངས་རྒྱས་ཉག་གཅིག་སྟེ། དེ་ཉིད་ཐོབ་འདོད་ཀྱི་བློ་དང་། ཐོབ་བྱེད་ལམ་གྱི་རྩ་བ་སྐྱབས་འགྲོ་ཉིད་ཡིན་པར་ཤེས་པ། རྣམ་པ་སྒོ་གསུམ་གུས་པ་སྟེ། དེའང་ལུས་གུས་པས་འདུད་ཕྱག །ངག་གུས་པས་སྐྱབས་འགྲོའི་ཚིག །ཡིད་གུས་པས་ཅི་མཛད་ཁྱེད་ཤེས་ཀྱི་བློ་ལིངས་ཀྱིས་བཀལ། བྱེད་པ་པོ་རང་ཉིད་ཀྱིས་ཐོག་དྲངས། དུས་འདི་ནས་བཟུང་བྱང་ཆུབ་མ་ཐོབ་ཀྱི་བར་དུ། ཡུལ་བླ་མ་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་ཡིན། སྐྱབས་འགྲོའི་ཚིག་ཀྱང་སྐྱབས་འགྲོ་དྲུག་སྐོར་དུ་གྲགས་པ་བྱས་ཀྱང་མི་འགལ་རུང་། ཕྱག་ལེན་ཏུ་བཞི་སྐོར་མཛད་དེ། དེའང་། བདག་དང་འགྲོ་བ་མ་རྒན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད། དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ། །


LT35_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་དགེ་འདུན་རྣམས་ལ། ཞེས་བརྒྱ་སྟོང་ཁྲི་འབུམ་བརྗོད་པའི་ཚེ་སེམས་མ་ཡེངས་ཤིང་དད་མོས་རྩེ་གཅིག་པས། བླ་མ་ལ་འདྲེན་པ། སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ་དངོས། དགེ་འདུན་ལ་ཟླ་གྲོགས་མཛད་དུ་གསོལ་སྙམ་པའི་མོས་པ་བྱ། གཞན་ཡང་རྩ་བའི་གཞུང་རིན་ཆེན་གཏེར་མཛོད་དུ་གསུངས་པ། །བླ་མ་ཡི་དམ་དཀོན་མཆོག་གསུམ། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལ། །བདག་དང་མཁའ་མཉམ་སེམས་ཅན་རྣམས། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། ཞེས་པའང་སྔ་མདང་དོན་མཐུན་པས་གྲངས་ཀྱི་ཁ་འགེངས་སུ་བསག་རུང་ཞིང་། མཐར་ཐུན་མོང་འཇོག་པའི་ཚེ། སྐྱབས་ཡུལ་རྣམས་ལས་འོད་ཟེར་དཔག་མེད་འཕྲོས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ལུས་ཟག་མེད་ཚེ་དཔག་མེད་ཀྱི་སྐུ་དང་སེམས་རྟོག་མེད་ཆོས་ཀྱི་སྐུར་གནས་གྱུར། སོ་སོར་དག་པའི་ཞིང་ཁམས་སུ་སོང་བར་བསམ། སླར་ཡང་མོས་གུས་ཆེན་པོས་ཐལ་མོ་སྦྱར་ཏེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ཕུར་ཚུགས་སུ་བཏབ་པས་གདན་དང་འཁོར་རྣམས་འོད་དུ་ཞུ་གཙོ་བོ་རྣམས་ལ་ཐིམ། དགེ་འདུན་དཀོན་མཆོག་འོད་དཀར་པོའི་རྣམ་པས་རང་གི་སྤྱི་བོ། ཆོས་དམར་པོའི་རྣམ་པས་མགྲིན་པ། བླ་མ་ཡི་དམ་སངས་རྒྱས་རྣམས་འོད་སྔོན་པོའི་རྣམ་པས་སྙིང་གར་ཐིམ་པས། སྐྱབས་ཡུལ་རྣམས་ཀྱི་སྐུ་གསུང་ཐུགས་དང་རང་གི་སྒོ་


LT35_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དབྱེར་མེད་པ་གྱུར་པར་མོས་པ་ནི་ཀུན་རྫོབ་ཀྱི་སྐྱབས་འགྲོ་དང་། གསལ་རིག་སྟོང་པ་དབྱེར་མི་ཕྱེད་པའི་བློ་བྲལ་གྱི་ཤེས་པ་མ་བཅོས་པ་དེ་ཀའི་རྒྱུན་སྐྱོང་བ་ནི་དོན་དམ་པའི་སྐྱབས་འགྲོའོ། །བཞི་པ་ཕན་ཡོན་དང་། ལྔ་པ་བསླབ་བྱ་ནི་ཐེག་པ་ཆེན་པོའི་གཞུང་ལུགས་སྤྱི་ལྟར་ཤེས་པར་བྱའོ། །གཉིས་པ་སེམས་བསྐྱེད་པ་ལ་གཉིས། ཀུན་རྫོབ་དང་དོན་དམ་མོ། དང་པོ་ལའང་གཉིས། སྨོན་པ་དང་འཇུག་པ་གཉིས་ཀྱི་དང་པོ་ནི། ནམ་མཁའི་མཐའ་མཉམ་གྱི་སེམས་ཅན་ཐམས་ཅད་བདག་ཉིད་ཀྱི་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད། འདི་དག་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་ལག་ལེན་སྡུག་བསྔལ་གྱི་རྒྱུ་ཤ་སྟག་ལ་སྤྱོད་པས་བཟོད་པར་དཀའ་བའི་འཁོར་བའི་མེ་འོབས་ཆེན་པོ་ལས་ཐར་པའི་དུས་མེད་པ་སྙིང་རེ་རྗེ། འདི་རྣམས་གཅིག་ཀྱང་མ་ལུས་པ་བདག་ཁོ་ནས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཐོག་མ་ཁོ་ནར་བདག་ཉིད་ཚེ་དཔག་མེད་པའི་གོང་འཕང་དེ་ཐོབ་པར་བྱའོ་སྙམ་དུ་ཡང་ཡང་བསམ། གཉིས་པ་ནི། དེ་ལྟར་ཐོབ་པའི་རྒྱུ་མེད་པ་སྐྱེ་བོ་ཕལ་པ། རྒྱུ་ལོག་པ་ཀླ་ཀློ་མུ་སྟེགས། རྒྱུ་མ་ཚང་བ་ཉན་རང་སོགས་ལས་ཁྱད་པར་དུ་འཕགས་པ་ཐེག་ཆེན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་མཐའ་དག་རྒྱུད་ལ་བརྟེན་ཅིང་། ཁྱད་པར་དུ་མགོན་པོ་ཚེ་དཔག་མེད་པའི་བསྐྱེད་རྫོགས་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ངང་། སེམས་བསྐྱེད་ཚིག་ལྷུག་པའམ། །བླ་མ་སངས་རྒྱས་ཆོས་


LT35_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་མ་ཐོབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིད་པའི་བསོད་ནམས་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་དུ་འགྲུབ་པར་ཤོག །ཅེས་དང་། སྤྲོ་ན། །དང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་བགྱིས་ནས། །རྡོ་རྗེ་བཞི་ལ་གནས་པར་བྱ། །འགྲོ་ཀུན་བདེ་ལྡན་སངས་རྒྱས་ཤོག །ཅེས་ལན་གསུམ་ཙམ་བརྗོད། གཉིས་པ་ནི། སེམས་སྐྱེད་པ་པོ་རང་བསྐྱེད་ཡུལ་སེམས་ཅན། བསྐྱེད་བྱའི་སེམས་གསུམ་ཀའང་གདོད་ནས་རང་བཞིན་ལ་དམིགས་པའི་དོན་ལ་བློ་ཅི་ནུས་སུ་བཞག་པའོ། །གསུམ་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་གསུམ་སྒོམ་པའི་དགོས་པ། སྒོམ་པ་པོའི་གང་ཟག །ཇི་ལྟར་སྒོམ་པའི་ཚུལ་ལོ། དང་པོ་ནི། ལམ་གྱི་ཡོན་ཏན་རྒྱུད་ལ་སྐྱེ་བ་ལ་རྒྱུད་དག་པ་དགོས། རས་དྲི་མ་ཅན་ལ་ཚོས་མི་འགོས་པ་བཞིན་ཏུ་རྒྱུད་མ་དག་པ་ལ་ཡོན་ཏན་མི་སྐྱེ། དེའང་རང་རེ་རྣམས་ཀྱི་རྒྱུད་ལ་སྐྱེ་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཡོད་པ་དེ་རྣམས་ཀྱིས་ཡེ་ཤེས་སྐྱེ་བ་ལ་སྒྲིབ། ཁྱད་པར་ཚེ་འདིར་སྡོམ་པ་གསུམ་གྱི་འགལ་ཉམས་ལ་སོགས་པ་དུས་ཐུང་བས་སྒྲིབ་ཚབ་ཆེ། དེ་རྣམས་སྦྱོང་བ་ལ་སྤྱིར་གསང་སྔགས་ཐབས་མང་པས་སྤྱོད་བྱེད་ཀྱི་སྒོ་བདུན་དང་ཉེར་ལྔ་ལ་སོགས་པ་གསུངས་ཀྱང་ཚོགས་ཆུང་ལ་དོན་ཆེ་བ་ནི་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་འདི་ཉིད་ཡིན་


LT35_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུངས། གཉིས་པ་ནི། གང་ཟག་སུ་ཞིག་གིས་ཉམས་སུ་བླངས་ཀྱང་ཕན་ཡོན་འབྱུང་མོད་ཀྱང་། ཁྱད་པར་དུ་རྡོ་རྗེ་ཐེག་པའི་སྒོར་ཞུགས་པ་རྣམས་ཀྱི་སྙིང་གི་བཅུད་དུ་གྲུབ་པའོ། །གསུམ་པ་ལ་གཉིས། གོ་དོན་སེམས་ལ་འགོད་པ། བསྒོམ་དོན་དམིགས་པའི་གནད་དོ། །དང་པོ་ནི། སྡིག་སྒྲིབ་སྦྱོང་བ་ལ་སྟོབས་བཞི་ཚང་དགོས་པས་འདིར་རྟེན་གྱི་སྟོབས་རྡོ་རྗེ་སེམས་དཔའ་བསྒོམ་པ། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏིང་ངེ་འཛིན་དང་སྔགས་བཟླས་སོགས་ལ་འབད་པ། སུན་འབྱིན་པའི་སྟོབས་སྔར་བྱས་ཀྱི་ཉེས་པ་ལ་ཁོང་པར་དུག་འཐུང་པ་ལྟ་བུའི་འགྱོད་སེམས་དང་ལྡན་པ། ཉེས་པ་ལས་སླར་ལྡོག་པའི་སྟོབས་ཕྱིན་ཆད་སྲོག་ལ་བབ་ཀྱང་ཉེས་པ་མི་བྱེད་པའི་དམ་བཅའི་གོ་ཆ་ཆེན་པོ་དང་ལྡན་པའོ། །གཉིས་པ་ནི། སྐྱབས་སེམས་སྔོན་ཏུ་སོང་ནས། རང་གི་སྤྱི་བོར་པད་དཀར་ཟླ་བའི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་སྟོན་ཟླ་ལྟར་དཀར་བ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་དངུལ་དཀར་གྱི་དྲིལ་བུ་དཀུར་བསྟེན་པ། མཚན་དཔེས་བརྒྱན་པའི་སྐུ་དར་དང་རིན་པོ་ཆེས་སྤྲས་པ། ཞབས་གཞོན་ནུ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པའི་མཐེ་བོ་གཡས་པ་རང་གི་སྨིན་མཚམས་སུ་རེག་པ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོའི་མཐར་ཡིག་བརྒྱ་དཀར་པོ་མགོ་གྱེན་བསྟན་གཡས་བསྐོར་དུ་འཁོད་པ་ལས་འོད་འཕྲོས། སངས་


LT35_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་བྱིན་རླབས་འོད་ཟེར་དཀར་པོའི་རྣམ་པར་བྱོན་ཏེ་ཧཱུྃ་ལ་ཞུགས་པས་ཧཱུྃ་ཡིག་བདུད་རྩིའི་རང་བཞིན་ཇེ་ཆེར་སོང་། བདུད་རྩིའི་རྒྱུན་དང་ཁྲལ་གྱི་བབ། སྐུ་ལུས་ཐམས་ཅད་གང་། ཞབས་གཡས་པའི་མཐེ་བོང་ནས་བརྡོལ། རང་གི་སྨིན་མཚམས་ནས་བྱུང་། ལུས་ཐམས་ཅད་གང་བས་སྡིག་སྒྲིབ་ཉེས་ལྟུང་དམ་ཚིག་ཉམས་ཆགས་ཐམས་ཅད་སང་སང་དག་པར་མོས། དམིགས་གནད་དེ་ཉིད་ཡང་ཡང་བསྐྱར་གྱིན་ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླས་མཐར། །ཕྱག་འཚལ་བསྟོད་དེ་ཕྱག་འཚལ་འདུད། །ཕྱག་འཚལ་འདུད་དེ་ཕྱག་འཚལ་བསྟོད། །གུས་པས་སྐུ་ལ་བདག་གསོལ་འདེབས། །རྡོ་རྗེ་སེམས་དཔར་བདག་སྒྲུབས་ཤིག །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་པ་དང་ལྟུང་བའི་ཚོགས་ཅི་མཆིས་པ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་བཏབ་པས། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་གོ། །ཉམས་ཆགས་ཐམས་ཅད་བསྐང་སོ། ཞེས་གནང་བསྩལ་ནས་འོད་དུ་ཞུ་སྟེ་རང་ལ་ཐིམ་པས་ལུས་ཤེལ་གོང་དྲི་མ་མེད་པ་ལྟ་བུར་གྱུར། ངག་ནུས་པ་དང་ལྡན། སེམས་བདེ་སྟོང་གཉིས་མེད་དུ་གྲོལ་བར་མོས་ལ་སྤྲོས་བྲལ་འཛིན་མེད་ངང་དུ་འཇོག་གོ། །བཞི་པ་བླ་མའི་རྣལ་འབྱོར་ལ་གཉིས། གོ་དོན་དང་བསྒོམ་དོན་ནོ། དང་པོ་ནི། སྤྱིར་རྡོ་རྗེ་ཐེག་པ་ལ་


LT35_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་པའི་ལས་དང་དངོས་གྲུབ་མཐའ་དག་བླ་མ་མཚན་ཉིད་དང་ལྡན་པ་ཁོ་ན་ལ་ལྟོས་ཤིང་། །ཁྱད་པར་རྫོགས་རིམ་ཟབ་མོའི་ཡེ་ཤེས་ནི་བླ་མའི་བྱིན་རླབས་ཁོ་ན་ལས་སྐྱེ། དེའང་ཉི་མ་ལ་མེ་ཡོད་ཀྱང་མེ་ཤེལ་དང་སྤྲ་བའི་རྐྱེན་དང་མ་འཕྲད་པར་མེ་མི་འབྱུང་བ་བཞིན་ཏུ་བྱིན་རླབས་དེའང་དང་མོས་ཀྱི་ཉེར་ལེན་ལ་རགས་ལས་པ་དང་། ལམ་ཟབ་བླ་མའི་རྣལ་འབྱོར་ཁོ་ན་ལ་བརྟེན་ནས་སྒྲིབ་པ་བྱང་ཞིང་ཚོགས་ཆེན་པོ་རྫོགས་པ་སོགས་དགོས་པ་དང་ཕན་ཡོན་དཔག་ཏུ་མེད་ལ། མཐར་དབང་བཞི་བླང་བས་ཀྱང་དམ་ཚིག་དང་སྡོམ་པ་གསོ་བའི་ཡན་ལག་ལམ་དུས་ཀྱི་དབང་བཞིའི་སྙིང་པོ་རྡོ་རྗེའི་ཡེ་ཤེས་ཀྱི་བྱིན་རླབས་ནོད་པས་རྫས་དང་ཚིག་གི་དབང་བསྐུར་གཞན་ལས་ཀྱང་འཕགས་པ་ཡིན་ནོ། །གཉིས་པ་ནི། ས་ཕྱོགས་དག་པའི་ཞིང་ཁམས། གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཁང་གི་བཀོད་པས་བརྒྱན་པའི་དབུས་སུ། རང་གི་སྨིན་མཚམས་ཀྱི་ཐད་ཁྲུ་གང་ཙམ་གྱིས་མཐོ་བའི་ནམ་མཁར་རྨ་བྱ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི། སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་སྟེང་དུ། ངོ་བོ་རྩ་བའི་བླ་མ་ཉིད་རྣམ་པ་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན། ཕྱག་མཉམ་བཞག་ཚེ་བུམ་བསྣམས་ཤིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། འོད་དང་འོད་ཟེར་མཐའ་ཡས་པ་འཕྲོ་ཞིང་རང་ལ་དགྱེས་པའི་འཛུམ་ཞལ་གྱིས་གཟིགས་པ། དེའི་དབུ་གཙུག་ནས་ཡར་ལ་བརྒྱུད་པའི་


LT35_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རྣམས་སངས་རྒྱས་ཚེ་དཔག་མེད་ལ་ཐུག་གི་བར་དུ་ཐོ་བརྩེགས་སུ་བཞུགས་པ། ཐམས་ཅད་ཀྱང་ཚེ་དཔག་མེད་ཁོ་ནའི་རྣམ་པ་ཅན་རང་ལ་དགྱེས་པས་དགོངས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སྐྱབས་གནས་ཐམས་ཅད་སྤྱན་དྲངས། བླ་མ་རེ་རེ་ལའང་སྐྱབས་གནས་ཚང་བ་རེ་རེ་ཐིམ་པས་རེ་རེ་བཞིན་དཀོན་མཆོག་ཀུན་འདུས་སུ་གྱུར། སྤྱིར་བླ་མའི་རྣལ་འབྱོར་ལ་ཕྱི་ཁྲོམ་ཚོགས། ནང་ཐོ་བརྩེགས། གསང་བ་ཀུན་འདུས་ནོར་བུ་ལུགས་སུ་བསྒོམ་པ་གསུམ་ལས། འདིར་ནང་གི་ལུགས་བྱིན་རླབས་ཆུ་རྒྱུན་ཟམ་མ་ཆད་པའི་རྟེན་འབྲེལ་ལྷག་པར་ཟབ་གསུངས། ཚོགས་བསགས་སྤྲོ་ན་སྐབས་འདིར་མཎྜལ་སྤྱི་ལྟར་རམ། ཕྱི་ནང་གསང་བདེ་བཞིན་ཉིད། །བདག་ལུས་ལོངས་སྤྱོད་མཆོད་སྤྲིན་རྣམས། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ། །མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཞེས་ལན་ཁ་ཤས་ཕུལ། བསྡུ་ན་སྐྱབས་ཡུལ་གསལ་ཐེབ་པའི་རྗེས་ཐོག་ནས་གསོལ་འདེབས་ལ་འཇུག་པ་ཡིན་ཏེ། བ་སྤུ་ལྡང་ཞིང་འཆི་མ་འཁྲུགས་པའི་མོས་གུས་དྲག་པོའི་ངང་། རྗེ་འབའ་ར་བས་མཛད་པ་སོགས་བརྒྱུད་འདེབས་རྒྱས་པའི་རིགས་དང་། དམིགས་སུ་གསལ་བ། །མགོན་པོ་ཚེ་དཔག་མེད་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་མཛོད་ཅིག །ཨོཾ་ཨ་མཱ་ར་ི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་སྙིང་ཐག་པ་ནས་གསོལ་བ་བཏབ་པས་ཚེ་དཔག་མེད་འོད་དུ་ཞུ། །


LT35_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱི་རྣམ་པ་དབང་བཞི་བསྐུར་བའི་ནུས་ལྡན་ཏུ་གྱུར་ནས་གྲུབ་པའི་རྒྱལ་མོ་ལ་ཐིམ་པར་མོས། །མ་གཅིག་གྲུབ་པའི་རྒྱལ་མོ་ལ། །གསོལ་བ་འདེབས་སོ་སོགས་གོང་གིས་འགྲེས་ཏེ་བརྒྱུད་པའི་བླ་མ་རེ་རེ་བཞིན་གསོལ་འདེབས་དང་འོད་ཞུ་གྲུབ་ནས། མཐར། །དྲིན་ཆེན་རྩ་བའི་བླ་མ་ལ། སོགས་ཀྱི་གསོལ་འདེབས་ཚར་ཉེར་གཅིག་ཉུང་མཐའ་བྱས་པ་བརྗོད། ཐུན་འཇོག་པ་ན་བླ་མ་བདུད་རྩིའི་རང་བཞིན་ཏུ་ཞུ་བ་རང་གི་སྤྱི་བོ་ནས་ཞུགས། །ལུས་ཐམས་ཅད་གང་། བླ་མའི་སྐུ་དང་རང་གི་ལུས་དབྱེར་མེད་དུ་གྱུར། ལུས་སྒྲིབ་དག །བུམ་དབང་ཐོབ། བསྐྱེད་རིམ་བསྒོམ་པ་ལ་དབང་། སྤྲུལ་སྐུའི་ས་བོན་ཐེབས། བླ་མའི་གསུང་དང་རང་གི་ངག་དབྱེར་མེད་དུ་གྱུར། །ངག་སྒྲིབ་དག །གསང་དབང་ཐོབ། རྩ་དང་རླུང་བསྒོམ་པ་ལ་དབང་། །ལོངས་སྐུའི་ས་བོན་ཐེབས། བླ་མའི་ཐུགས་དང་རང་གི་སེམས་དབྱེར་མེད་དུ་གྱུར། ཡིད་སྒྲིབ་དག །ཤེར་དབང་ཐོབ། ཐིག་ལེ་བསྒོམ་པ་ལ་དབང་། །ཆོས་སྐུའི་ས་བོན་ཐེབས། ཡེ་ཤེས་དང་ཀུན་གཞི་དབྱེར་མེད་དུ་གྱུར། སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག །དབང་བཞི་པ་ཐོབ། ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། ངོ་བོ་ཉིད་སྐུའི་ས་བོན་ཐེབས་པར་མོས་ལ། བླ་མའི་གསང་གསུམ་དང་རང་གི་མོས་གུས་མཉམ་ཉིད་དུ་འདྲེས་པའི་ཤེས་པ་བཟོ་མ་བྱས་པ་དེའི་རང་མདངས་ཅི་ནུས་ཀྱིས་བསྐྱང་། མཐར་དགེ་བ་བསྔོ། འདིར་ཡང་རྒྱས་པར་ན་གསོལ་འདེབས་གོང་ལྟར་དང་། །འབྲིང་པོ་ལ་སྔགས་


LT35_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྦྱར། བསྡུས་པའི་སྐབས་བརྒྱུད་འདེབས་གཞན་བསྐྱུར་ནས། །དྲིན་ཅན་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་སོགས་ཀྱི་མཐར། གསོལ་འདེབས་ཀྱི་སྔགས་ཞེས་ཨ་མཱ་ར་ིའི་བཟླས་པ་བྱེད་གསུངས། ༈། གཉིས་པ་དངོས་གཞི་ལ་གཉིས། རྟེན་བསྐྱེད་རིམ་དང་། བརྟེན་པ་རྫོགས་པའི་རིམ་པའོ། །དང་པོ་ལ་གཉིས། གོ་དོན་བློ་ལ་འགོད་པ་དང་། བསྒོམ་དོན་དམིགས་པའི་གནད་དོ། །དང་པོ་ལའང་གཉིས། སྤྱི་དང་ཁྱད་པར་རོ། །དང་པོ་ནི། སྤྱིར་བསྐྱེད་རྫོགས་ཀྱི་རིམ་པ་ཐམས་ཅད་དབང་བཞིའི་ལམ་དང་རྗེས་སུ་འབྲེལ་བ་སྟེ། རྒྱུ་དུས་ཀྱི་དབང་བཞི་ཕྱིན་ཅི་མ་ལོག་པར་ཐོབ་ཅིང་། ལམ་དུས་ཀྱི་དབང་བཞི་བྱིན་རླབས་ཀྱིས་ཚུལ་གྱིས་བསྐུར་བས་རྒྱུད་སྨིན་པ་ཉིད་གསོས་བཏབ་པའི་སླད་དུ། སྔོན་འགྲོའི་རིམ་པས་བློ་སྦྱངས་ནས། དངོས་གཞི་བུམ་དབང་གི་ལམ་བསྐྱེད་རིམ་གྱི་རྣལ་འབྱོར། གསང་དབང་གི་ལམ་རྩ་རླུང་གི་རྣལ་འབྱོར། ཤེར་དབང་གི་ལམ་ཐིག་ལེའི་རྣལ་འབྱོར། དབང་བཞི་པའི་ལམ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་རྣམས་ཀྱིས། རགས་པ་དང་ཕྲ་བའི་སྒོ་གསུམ་ཡེ་ཤེས་དང་བཅས་པ། ཤིན་ཏུ་ཕྲ་བའི་མི་ཤིགས་དྭངས་མ་གསུམ་ལྡན་ཏུ་གནས་བསྒྱུར་ནས་འཆི་མེད་འཇའ་ལུས་གཉུག་མའི་གོ་འཕང་མངོན་ཏུ་བྱེད་པའོ། །གཉིས་པ་ནི། ཁྱད་པར་བསྐྱེད་རིམ་གྱི་སྐབས། རང་ཐ་མལ་དུ་གནས་པས་མ་དག་པའི་སྣང་བ་ལམ་དུ་ཁྱེར། མདུན་བསྐྱེད་གསལ་གདབ་ཅིང་འོད་


LT35_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་སྤྲོ་བསྡུས་ཉམས་ཀྱི་སྣང་བ་རྩལ་སྦྱང་། མདུན་བསྐྱེད་རང་ལ་བསྟིམས་ནས་རང་ཚེ་དཔག་མེད་དུ་གསལ་བའི་ལྷར་སྣང་ལ་མཉམ་པར་བཞག་པས་དག་པའི་སྣང་བ་མངོན་ཏུ་བྱེད་པ་སྟེ་གཞི་ལམ་འབྲས་གསུམ་གྱི་ཚུལ་དབྱེར་མེད་པར་སྦྱོར། བྱེ་བྲག་ཏུ་བདག་ཐ་མལ་པའི་མདུན་ཏུ་ལྷ་བསྐྱེད་པས་བྱ་རྒྱུད། འཇིག་རྟེན་ལས་འདས་པའི་བཅུད་བསྡུས་པས་བདག་ཉིད་ཀྱང་དག་པའི་རྡོ་རྗེ་གསུམ་དུ་གནས་བསྒྱུར་བས་སྤྱོད་པ། མདུན་བསྐྱེད་རང་ལ་བསྟིམ་ཞིང་རང་ཡན་ལག་བཞི་རྫོགས་ཀྱི་ལྷར་གསལ་བས་རྣལ་འབྱོར། ལྷར་སྣང་ལ་རྩལ་འདོན་པས་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་རོལ་པར་བལྟ་བས་བླ་མེད་ཀྱི་ལྷའི་རྣལ་འབྱོར་རྣམས་རྫོགས་ཤིང་། རྣལ་འབྱོར་ཆེན་པོའི་བསྐྱེད་རིམ་དངོས་གཞི་དང་སྦྱར་ནའང་། སྨིན་བྱེད་དང་དངོས་གཞི་གཉིས་ལས། དང་པོ་ནི། བླ་ཚེ་ཡར་བ་དགུགས་པས་ཚེ་སྲོག་ཉམས་པ་གསོ་བ་ནི་བར་ཆད་སྲུང་བར་བྱེད་པས་སྲུང་འཁོར་བསྒོམ་པ་དང་། འབྱུང་བཞིའི་བཅུད་བསྡུ་བ་ནི་འབྱུང་བ་རིམ་བརྩེགས་ཞུ་བ་ལས་གཞལ་ཡས་ཁང་བསྒོམ་པ་དང་། འཇིག་རྟེན་ལས་འདས་པའི་བཅུད་བསྡུ་བ་ནི་བརྟེན་པ་ལྷ་ཡེ་ཤེས་པ་དང་། འཇིག་རྟེན་པའི་བཅུད་བསྡུ་བས་འཁོར་གྱི་ལྷ་བསྒོམ་པ་རྣམས་ཀྱི་དོད་ཐུབ་པས། བསྐྱེད་རིམ་གྱི་དངོས་བཞིའི་སྨིན་བྱེད་དུ་འགྱུར། གཉིས་པ་ནི། བདག་ཉིད་ལྷར་བསྐྱེད་པ་སྦྱོར་དངོས་མཇུག་གསུམ་དང་བཅས་པར་ཚང་། དབང་དང་སྦྱར་ན། ཚེ་ཡ་ར་བ་དགུག་པ་རྣམ་སྣང་མིང་གི་དབང་། ས་བཅུད་བསྡུ་བ་རིན་འབྱུང་ཅོད་པན། ཆུ་


LT35_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

མི་བསྐྱོད་པ། མེ་འོད་དཔག་མེད་རྡོ་རྗེ། རླུང་དོན་ཡོད་གྲུབ་པ་དྲིལ་བུ། འཇིག་རྟེན་པའི་བཅུད་བསྡུ་བ་རྡོ་རྗེ་སེམས་དཔའི་བརྟུལ་ཞུགས། །འཇིག་རྟེན་ལས་འདས་པའི་བཅུད་བསྡུ་བ་རྡོ་རྗེ་སློབ་དཔོན་གྱི་དབང་ངོ་། །ཞིབ་ཏུ་བྱེད་ན། དབང་རེ་རེའི་སྐབས་སུ་བདུད་རྩིའི་རྒྱུན་གྱིས་སྨིན་མཚམས། མགྲིན་པ། སྙིང་ག་རྐང་མཐིལ་ཡན་གང་བ་རིམ་བཞིན་བུམ་གསང་ཤེར་ཡེ་བཞི་པའི་དབང་དང་སྦྱར་རོ། །དེའང་ཐུན་མོང་ཚེ་སྒྲུབ་པ་གཙོ་བོར་བཏོན་པའི་སྐབས་མདུན་བསྐྱེད་དང་། མཆོག་གི་དངོས་གྲུབ་གཙོ་བོར་བཏོན་པར་བདག་བསྐྱེད་ལ་གནད་དུ་བསྣུན་པ་དང་། ལས་དང་པོ་པ་དང་། ཅུང་ཟད་བསྟན་པ་ཐོབ་པའི་ཉམས་ལེན་དང་སྦྱར། འབྱུང་བཞིའི་བཅུད་ཀྱང་རླུང་མེ་ཆུ་ས་སྟེ་སྐྱེ་རིམ་ནས་སྡུད་པ་རྟེན་འབྲེལ་གྱི་གནད་དུ་ཟབ་ཅིང་། ནམ་མཁའ་ཀུན་གྱི་ཁྱབ་བྱེད་ཡིན་པས་ལུགས་འདིར་ལོགས་སུ་མི་སྡུད་གསུངས། གཉིས་པ་བསྒོམ་དོན་དངོས་ལ་གསུམ། སྦྱོར་བ། དངོས་གཞི། མཇུག་གི་བྱ་བའོ། །དང་པོ་ལ་གཉིས། མདུན་བསྐྱེད་ཡན་ལག་བཞི་རྫོགས་ཀྱི་ཚུལ་དུ་གསལ་གདབ་པ་དང་། མཆོད་བསྟོད་གསོལ་བ་གདབ་པའོ། །དང་པོ་ནི། ཐོ་རང་བྱ་རོག་གི་སྒྲ་མི་གྲགས་པ་ལ་ལངས་ཏེ་ཁ་ནུབ་ཏུ་ཕྱོགས་ལ་ལུས་གནད་དང་ལྡན་པས། སྔོན་འགྲོ་རྫོགས་པའམ། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་ཏུ་འགྲོ་བས། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧོ། ཞེས་བརྗོད་པའི་རྐྱེན་གྱིས་སྣང་སྲིད་འཁོར་འདས་ཀྱིས་


LT35_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའི་ཆོས་ཐམས་ཅད་འོད་གསལ་སྟོང་ཉིད་ཀྱི་ངང་དུ་ཐིམ་པར་བསམ་ལ་མཉམ་པར་བཞག །སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཧྲཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་པོ། ཞལ་གཅིག་ཕྱག་གཉིས་པ། ཞལ་འཛུམ་ཞིང་རབ་ཏུ་ཞི་བ། ཕྱག་གཉིས་མཉམ་བཞག་གི་སྟེང་ན་གསེར་གྱི་བུམ་པ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བ་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ་བསྣམས་པ། རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་ཅིང་། དར་གྱི་སྟོད་གཡོགས་དང་ཤམ་ཐབས་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། མཚན་དཔེས་སྤྲས་ཤིང་འོད་དང་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོ་བ། ཞེས་ཤར་སྒོམ་གྱི་ཚུལ་དུ་ཉམས་སུ་ལེན་པ་ནི་དམ་ཚིག་པ་བསྐྱེད་པ་བསྙེན་པའི་ཡན་ལག །དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པའི་ཨཱ་དམར་པོ། ཐུགས་ཀའི་ཆ་སྨད་དུ་ཧཱུྃ་སྔོན་པོ། ཐུགས་དབུས་སུ་ཟླ་བ་ལ་གནས་པའི་ཧྲཱིཿདམར་པོ་བསྒོམ་པ་ནི་གནས་བཞི་བྱིན་གྱིས་བརླབས་པ་ཏེ་བར་བསྙེན་པའི་ཡན་ལག །ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་བདེ་བ་ཅན་ནས་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་


LT35_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། ཞེས་པ་ནི་ཡེ་ཤེས་པ་གཞུག་པ་སྒྲུབ་པའི་ཡན་ལག །སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿདེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་བྲི་མ་དག །ཆུའི་ལྷག་མ་ཡར་ལུང་པ་ལས། འོད་དཔག་མེད་སྤྲུལ་སྐུའི་རྣམ་པ་ཅན་གྱིས་དབུར་བརྒྱན། དབང་གི་ལྷ་རྣམས་ཀྱང་དེ་ཉིད་ལ་ཐིམ་པར་གྱུར། ཞེས་པ་ནི་དབང་བསྐུར་རྒྱས་གདབ་སྒྲུབ་པ་ཆེན་པོའི་ཡན་ལག་གོ། །གཉིས་པ་ནི། རང་གི་སྙིང་ག་ནས་སྤྲུལ་པའི་ལྷ་མོ་དཔག་ཏུ་མེད་པ་རྣམས་ཀྱིས་མཆོད་ཅིང་བསྟོད་པར་བསམ་ལ། ཨོཾ་གུ་རུ་ཨ་བ་རི་མི་ཏ་ཨཱ་ཡུ་ཛྙཱ་ན་ཨརྒྷཾ་སོགས་ཀྱིས་མཆོད། དྲི་མེད་གཞོམ་གཞིག་བྲལ་བ་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་བདག་གི་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་བསལ་དུ་གསོལ། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྙིང་ཐག་པ་ནས་གསོལ་བ་གདབ་བོ། །གཉིས་པ་དངོས་གཞི་ལ་བདུན། བླ་ཆོ་ཡ་རབ་འགུགས་པ། འབྱུང་བ་རླུང་། མེ། ཆུ། སའི་བཅུད་བསྡུ་བ། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་


LT35_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་བསྡུ་བའོ། །དེའང་གསོལ་བ་བཏབ་པའི་རྐྱེན་གྱིས། མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་གི་རྣམ་པ་ཅན་ཕྱོགས་བཅུར་འཕྲོས། རང་གི་བླ་ཚེ་སྲོག་དང་དབང་ཐང་ལ་སོགས་པ། བདུད་དང་གཤིན་རྗེ། བཙན་དང་མ་མོ། ཐེའུ་རང་དང་རྒྱལ་འགོང་སོགས་གདོན་བགེགས་ཀྱི་རིགས་སུ་གྱུར་པས་འཕྲོག་པ། བརྐུས་པ། ཡ་ར་བ། ཉམས་པ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར། རང་དབང་མེད་པར་འོད་ཟེར་གྱི་སྣ་ལ་བསྡུས་ཏེ་ཕྱག་གི་བུམ་པའི་ནང་དུ་བྱོན། ཞུ་ཞིང་ཁོལ། འཆི་མེད་ཚེའི་བདུད་རྩིའི་ཆུ་རྒྱུན་ཏུ་གྱུར་པར་བསམ་ལ། ཨོཾ་བཛྲ་ཨཱ་ཡུ་ཥེས་ར་ཧེ། ཀ་ར་རེ། ཤྭ་ར་རེ་ཧཱུྃ། ཞེས་གསོལ་བ་བཏབ་པས་བུམ་པའི་ཁ་ནས་བདུད་རྩིའི་རྒྱུན་དཀར་ལ་དམར་བའི་མདངས་ཆགས་པ་དཔག་ཏུ་མེད་པ་བྱུང་། རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུག །ལུས་ཀྱི་ནང་ཐམས་ཅད་གང་། དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་སྦྱངས། ཚེ་སྲོག་ཉམས་པ་སོར་ཆུད། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་མོས་ལ། ཨོཾ་ཨ་མཱ་ར་ི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་བརྒྱ་རྩ་སོགས་བཟླ་བ་ནི་དམིགས་སྐོར་དང་པོའོ། །ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། འོག་གཞི་རླུང་གི་དཀྱིལ་འཁོར་དང་། ཁྱིམ་གྱི་འདེགས་བྱེད་དང་། ལྡེག་བྱེད་དང་། འཐོར་བྱེད་དང་། སྐྱོད་བྱེད་ཀྱི་རླུང་ལ་སོགས་པའི་བཅུད་ཀྱི་དངས་མ། བཀྲག་དང་གཟི་མདངས། རོ་དང་ནུས་བཅུད་


LT35_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བསྡུས་ཏེ་ཕྱག་གི་བུམ་པའི་ནང་དུ་བྱོན་པ་ནས། སྔགས་ཀྱིས་གསོལ་བ་གདབ་པ་སོགས་སྔ་མ་ལྟར་ལས། བུམ་པའི་ཁ་ནས་བདུད་རྩི་ལྗང་གུ་མ་རྒད་ཀྱི་མདངས་ཅན་བྱོན། སྤྱི་བོར་ཞུགས། །ལུས་གང་། འཇིགས་པ་སྦྱངས། ཚེའི་དངོས་གྲུབ་ཐོབ། ཁྱད་པར་ལུས་བདེ་ཞིང་ཡང་རྩལ་དང་ལྡན་པས་གང་གིས་ཀྱང་ལྕི་བ་དང་གནོན་པར་མི་ནུས་པ་ལྷའི་གོས་པཉྩ་ལི་ཀཱ་དང་། སྲེད་མེད་ཀྱི་བུ་ལྟ་བུར་གྱུར་ཅིང་། རླུང་རྣམ་པར་དག་པ་དམ་ཚིག་སྒྲོལ་མས་རྒྱུད་བྱིན་གྱིས་བརླབས་པར་བསམ་ལ་སྔགས་བཟླ་བ་ནི་དམིགས་སྐོར་གཉིས་པའོ། །ཡང་ཐུགས་སོག་ལས་འོད་འཕྲོས། མེའི་དཀྱིལ་འཁོར་དང་། རྟ་གདོང་གི་མེ། སྲེག་པའི་མེ། །མཆོད་སྦྱིན་གྱི་མེ། བསྐལ་པའི་མེ། ཡེ་ཤེས་ཀྱི་མེ། ཉི་མ་དང་། གློག་དང་། ནོར་བུ་རྒྱུ་སྐར་གྱི་འོད་ལ་སོགས་པའི་བཅུད་བསྡུ་བ་སོགས་གོང་གིས་འགྲེས། བདུད་རྩི་དྲོད་ཀྱི་རང་བཞིན་ཟངས་ཞུན་གྱི་མདོག་ལྟ་བུ་དང་། ཁྱད་པར་དུ་རང་གི་ལུས་དྲོད་དང་བཀྲག་མདངས་ཕུན་སུམ་ཚོགས་པ་གང་གིས་ཀྱང་མོག་པ་དང་། མུན་པ་དང་། སྒྲིབ་པར་མི་ནུས་པ་ཉི་མ་དང་ནོར་བུའི་སྣང་བ་ལྟར་གྱུར་ཅིང་། མེ་རྣམ་དག་གོས་དཀར་མོས་བྱིན་གྱིས་བརླབས་པར་བསམ་པ་ནི་དམིགས་སྐོར་གསུམ་པའོ། །ཡང་ཐུགས་སྲོག་ལས་འོད་འཕྲོས། ཆུའི་དཀྱིལ་འཁོར་དང་། ཕྱི་དང་ནང་གི་རྒྱ་མཚོ། མ་དྲོས་པ། གངྒཱ་ལ་སོགས་པའི་ཆུ་ཀླུང་ཆེན་པོ་རྣམས་དང་། །


LT35_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་དང་། རྫིང་བུ། ལྟེང་ཀ །བཀོད་མའི་ཆུ། གཙང་པོ། ཆུ་ཀླུང་། ཆུ་བྲན། ཆུ་མིག་ལ་སོགས་པའི་བཅུད་བསྡུས། གཞན་གོང་ལྟར་ལ། བུམ་པའི་ཁ་ནས་བདུད་རྩི་བསིལ་བའི་ངད་ཙནྡན་ཁ་དོག་དཀར་པོ་འོ་མའི་རྒྱུན་ལྟ་བུ། ཁྱད་པར་དུ་རང་གི་ལུས་སྣུམ་བག་བརྗིད་དང་ལྡན་པ། གང་གིས་ཀྱང་སྐམ་པ་དང་རེངས་པར་མི་ནུས་པ་པདྨའི་རྩ་བ་དང་། བདུད་རྩིའི་རྒྱ་མཚོ་ལྟ་བུར་གྱུར་ཅིང་། ཆུ་རྣམ་དག་མཱ་མཱ་ཀིས་བྱིན་གྱིས་བརླབས་པར་བསམ་པ་ནི་དམིགས་སྐོར་བཞི་པའོ། །ཡང་ཐུགས་སྲོག་ལས་འོད་འཕྲོས། གསེར་གྱི་ས་གཞི། ལྷུན་པོ་གསེར་རི། གླིང་བཞི་གླིང་ཕྲན། ཕྱིའི་ལྕགས་རི། གངས་རི། སྤང་རི། ནགས་རི། བྲག་རི། རྫ་རི། གཡའ་རི། རིན་པོ་ཆེའི་རི། ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ། འབྲུ་སྨན་ཤིང་ཏོག་ལ་སོགས་པའི་བཅུད་བསྡུས། བུམ་པའི་ཁ་ནས་བདུད་རྩིའི་རྒྱུན་སེར་པོ་གསེར་ཞུན་མའི་ཁུ་བ་ལྟ་བུ་ལུད། ཁྱད་པར་རང་གི་ལས་སྲ་ཞིང་བརྟན་ལ་གང་གིས་ཀྱང་གཡོ་བ་དང་གཞིག་པར་མི་ནུས་པ་རྡོ་རྗེ་ཕ་ལམ་དང་། རི་རབ་ལྟ་བུར་གྱུར་ཅིང་ས་རྣམ་དག་སངས་རྒྱས་སྤྱན་མས་བྱིན་གྱིས་བརླབས་པར་བསམ་པ་ནི་དམིགས་སྐོར་ལྔ་པའོ། །ཡང་ཐུགས་སྲོག་ལས་འོད་འཕྲོས། ཚངས་པ་དབང་ཕྱུག་ཁྱབ་འཇུག་སྟེ་འཇིག་རྟེན་གྱི་གཙོ་བོ་གསུམ་དང་། དབང་པོ་བརྒྱ་བྱིན་རྒྱལ་ཆེན་སྡེ་བཞི། ཕྱོགས་སྐྱོང་བཅུ་ལ་སོགས་པ་མི་མ་ཡིན་སྟོབས་ལྡན་རྣམས་ཀྱི་ཚེ་དང་བསོད་ནམས། །མཐུ་སྟོབས་དཔལ་འབྱོར་ཐམས་ཅད་དང་། བླ་མ་དགེ་བའི་བཤེས་


LT35_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་ཁྱད་པར་ཅན་རྣམས་ཀྱི་བྱིན་རླབས་ནུས་མཐུ། རྣལ་འབྱོར་པ་དང་ཀུ་སཱ་ལི་རྣམས་ཀྱི་རྟོགས་པའི་ཡོན་ཏན། མཁས་པ་པཎྜི་ཏ་རྣམས་ཀྱི་མཁྱེན་པའི་ཡོན་ཏན། འཁོར་ལོས་སྒྱུར་བ་སོགས་རྒྱལ་པོ་རྒྱལ་ཕྲན་བཙུན་མོ་བློན་པོ། བཙན་ཕྱུགས་འཕན་དར་ཅན། མདོར་ན་འཇིག་རྟེན་པ་རྣམས་ཀྱི་ཚེ་བསོད་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་བཅུད་བསྡུས། བདུད་རྩིའི་རྒྱུན་དཀར་ལ་དམར་བའི་མདངས་ལྡན་བྱོན། ཁྱད་པར་དུ་དེ་རྣམས་ཀྱི་ཡོན་ཏན་མ་ལུས་པ་རང་ཉིད་ཀྱི་ས་ཐོབ་པས། ཚེ་བསོད་དཔལ་འབྱོར་སོགས་ཐུན་མོང་གི་ཡོན་ཏན་རྒྱས་པར་བསམ་པ་ནི་དམིགས་སྐོར་དྲུག་པའོ། །ཡང་ཐུགས་སྲོག་ལས་འོད་འཕྲོས། སྟེང་ཕྱོགས་སངས་རྒྱས་ཀྱི་ཞིང་ཡོན་ཏན་དཔག་ཏུ་མེད་པ་བཀོད་པ་དང་། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས། སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་འཁོར་བཅས་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཚན་དཔེ། གསུང་དབྱངས། སྟོབས་དང་མི་འཇིགས་མ་འདྲེས་པ་ལ་སོགས་པའི་ཡོན་ཏན། སྐྱེས་བུ་ཟུང་བཞི། གང་ཟག་ཡ་བརྒྱད་སོགས་ཉན་རང་འཕགས་པའི་ཡོན་ཏན། ཟད་པར་ཟིལ་གནོན། རྣམ་ཐར་སྙོམས་འཇུག་ལ་སོགས་པ་མདོར་ན་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་བསྡུས། བུམ་པའི་ཁ་ནས་བདུད་རྩི་ཁ་དོག་སྣ་ལྔའི་མདངས་ལྡན་བྱོན། ཁྱད་པར་དུ་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་


LT35_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དག །སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་ཏུ་གྱུར་པ་མོས་པ་ནི་དམིགས་སྐོར་བདུན་པའོ། །དེ་རེ་རེ་ལའང་སྔགས་སྟོང་རྩ་སོགས་ཅི་ནུས་བཟླ་བ་དང་དམིགས་པ་སྤྱི་རྣམས་ནི་དམིགས་སྐོར་དང་པོས་རིགས་འགྲེ་བར་བྱའོ། །གསུམ་པ་ལ་གཉིས། མཇུག་གི་བྱ་བ་དངོས་དང་། བདག་བསྐྱེད་བསྟན་པའོ། །དང་པོ་ནི། ཐུན་འཇོག་པ་ན། གོང་ལྟར་མཆོད་ཅིང་བསྟོད་ལ་གསོལ་བ་བཏབ་པས། བླ་མ་ཚེ་དཔག་མེད་བདུད་རྩིའི་རྣམ་པར་ཞུ་ནས་རང་ལ་ཐིམ་པས་རང་ལུས་ཀྱང་གསལ་སྟོང་ཟུང་འཇུག་འཇའ་ཚོན་ལྟ་བུའི་རྣམ་པར་གྱུར་པ་མོས་ལ་སྤྲོ་བྲལ་གྱི་ངང་དུ་མཉམ་པར་བཞག་གོ། །གཉིས་པ་ལ་གསུམ། འཇུག །གནས། ལྡང་བའི་རྣལ་འབྱོར་རོ། །དང་པོ་ལ་གཉིས། །ཡན་ལག་བཞི་རྫོགས་ཀྱི་ཚུལ་གྱིས་རང་ཉིད་ལྷར་བསྐྱེད་པ། ཞར་བྱུང་མཆོད་ཅིང་བསྟོད་པའོ། དེ་གཉིས་ཀའང་གོང་སྨོས་མདུན་བསྐྱེད་ཉིང་ཅུང་ཟད་ཁ་སྤོས་པས་འགྲུབ་སྟེ། དེའང་མདུན་བསྐྱེད་རང་ལ་བསྟིམས་པའི་རྗེས་ཐོག་དེ་ཉིད་དུ། ཨོཾ་སྭཱ་བྷཱ་བ་སོགས། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་རང་གི་སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་སོགས་ནས། ཡོངས་སུ་གྱུར་པ་ལས། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ། སོགས་ནས། ཐིམ་པར་གྱུར། ཞེས་པའི་བར་མདུན་བསྐྱེད་ལྟར་ལ། འདི་ལ་མངོན་པར་དབང་བསྐུར་བ་ཞེས་པའི་མལ་དུ། བདག་ལ་ཞེས་བསྒྱུར། ཨོཾ་ཨ་


LT35_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

པ་རི་མི་ཏ་སོགས་མཆོད་བསྟོད་བྱ། གཉིས་པ་ལ་བཞི། ང་རྒྱལ་བརྟན་པ། རྣམ་པ་གསལ་བ། རྣམ་དག་དྲན་པ། ཞར་བྱུང་བཟླས་པའི་རྣལ་འབྱོར་རོ། །དང་པོ་ནི། རང་ཉིད་ཐ་མལ་པའི་རིགས་རུས་མིང་གི་བླ་དྭགས་སོགས་ལ་ཞེན་པའི་རྟོག་པ་སྤངས་ཏེ། སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས་ཀྱི་སངས་རྒྱས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པར་ངོས་ཡིན་ནོ་སྙམ་པའི་ང་རྒྱལ་ཤིན་ཏུ་བརྟན་པར་བྱའོ། །གཉིས་པ་ནི། །རང་ཉིད་ཚེ་དཔག་མེད་ཡིན་པ་དེའི་སྐུའི་རྣམ་ཆའང་འདི་ལྟ་བུའོ་ཞེས། སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་ཟེར་བྱེ་བས་འཁྱུད་པ་ལྟ་བུ་དམར་ལ་དྭངས་ཤིང་འོད་འཕྲོ་བ་སོགས་སྐུ་མདོག་ཞལ་ཕྱག །ཕྱག་མཚན། ཞབས་ཀྱི་སྐྱིལ་ཀྲུང་གདན་དང་བཅས་པ། གཙུག་གི་ནོར་བུ། དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། སེ་མོ་དོ། ཕྱག་གདུབ། ཞབས་གདུབ། སྐ་རགས་ཏེ་རིན་པོ་ཆེའི་རྒྱན་བརྒྱད། དར་སྣ་ཚོགས་པའི་སྨད་གཡོགས་དང་དམར་པོའི་སྟོད་གཡོགས་ཏེ་དར་གྱི་རྒྱན་གཉིས། འོད་ཟེར་གྱི་ཕྲེང་བ། རིགས་བདག་གནས་གསུམ་ཡི་གེ་དང་བཅས་པ་རེ་རེ་ནས་གསལ་སྣང་ཐོན་ངེས་སུ་སེམས་བཟུང་། གསུམ་པ་ནི། སངས་རྒྱས་ཆོས་ཀྱི་སྐུ་ལ་ཞལ་ཕྱག་གི་མཚན་མ་མེད་ཀྱང་ཡོན་ཏན་ལྷུན་གྱིས་གྲུབ་ཅིང་འགྲོ་བ་ལ་གང་འབུལ་གྱི་མཛད་པ་སྟོན་པའི་བརྡ་ཐབས་སུ་གཟུགས་སྐུའི་རྣམ་པར་ཤར་བ་སྟེ། དེའང་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པའི་ཞལ་ཐབས་ཤེས་ཟུང་


LT35_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་གི་ཕྱག །སྲིད་ཞིའི་མཐའ་ལ་མི་གནས་པའི་ཞབས། འཆི་མེད་ཚེའི་དངོས་གྲུབ་སྩོལ་བའི་ཕྱག་མཚན། འགྲོ་ལ་དམིགས་མེད་སྙིང་རྗེའི་གཟིགས་པ་ལྷུར་ལེན་པའི་ཞལ་འཛུམ། ཡོན་ཏན་ལྷུན་ལ་རྫོགས་པའི་རྒྱན་ཆ་སོགས་གཤིས་ལུགས་དང་མཐུན་པའི་དགེ་སྦྱོར་སོ་སོ་ནས་དྲན་པའམ། བསྡུ་ན། ལྷ་སྐུའི་རྣམ་པ་བཀྲ་ས་ལེར་སྣང་བ། དེའང་སྣང་ལ་རང་བཞིན་མ་གྲུབ་པ་ནམ་མཁའི་ལམ་དུ་དབང་པོའི་གཞུ་རིས་བྲིས་པ་ལྟ་བུ། །སྤྲོས་བྲལ་ཆོས་ཉིད་དེ་བཞིན་ཉིད་ཀྱི་ཡོན་ཏན་རྣམས་མཚན་མའི་ཚུལ་དུ་ཤར་བ་ལ་འཛིན་མེད་ཞེན་མེད་ཀྱི་སྒོམ་པ་དང་། བསམ་མེད་དམིགས་མེད་ཀྱི་ལྟ་བས་རྒྱས་ཐེབ་པར་བྱ། གསུམ་ཀའང་ཧ་ཅང་ཀློད་དྲག་པ་དང་འཇུར་དྲག་པ་མ་ཡིན་པ་བསྒྲིམ་ཀློད་རེས་འཇོག་ཏུ་བསླབ་པས་ཏིང་ངེ་འཛིན་མྱུར་དུ་སྐྱེ་བར་འགྱུར་རོ། །བཞི་པ་ནི། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོའི་མཐར་གཟུངས་སྔགས་དང་སྙིང་པོའི་ཕྲེང་བ་གཡས་བསྐོར་དུ་འཁོར་བ་ལས་འོད་ཟེར་འཕྲོས། ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བ་སྦྱངས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འཇིག་རྟེན་གྱི་ཁམས་ཅད་ལ་ཁྱབ། འགྲོ་བ་ཀུན་གྱི་སྒྲིབ་གཉིས་སྦྱངས་ནས་ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཀྱི་ཡོན་ཏན་བསྐྱེད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀ་ནས་ཚེ་དང་ཡེ་ཤེས་ཀྱི་བདུད་རྩི་བརྟན་གཡོའི་དྭངས་བཅུད་ཐམས་ཅད་བསྡུས་ཏེ་རང་གི་སྤྱི་གཙུག་ནས་ཞུགས། ལུས་


LT35_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གང་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་གྱུར། ཞེས་མོས་ལ། གཟུངས་རིང་དང་སྙིང་པོ་ཅི་ནུས་བཟླ། བསྙེན་ཚད་ཀྱང་རབ་མཚན་མའི་བསྙེན་པ་རྟགས་མཐོང་། འབྲིང་དུས་བསྙེན་ཟླ་བ་དྲུག། ཐ་མ་གྲངས་བསྙེན་གཟུངས་རིང་བྱེད་ན་འབུམ་ཕྲག་བཞི། སྙིང་པོ་བྱེད་ན་འབྲུ་འབུམ་མོ། །གསུམ་པ་ལ་གསུམ། འོད་གསལ་གྱི་ངང་དུ་བསྡུ་བ། ཟུང་འཇུག་གི་སྐུར་ལྡང་བ། བསྔོ་སྨོན་ཟུང་འབྲེལ་གྱི་རྒྱས་གདབ་ཅིང་སྤྱོད་ལམ་ལ་འཇུག་པའོ། །དང་པོ་ནི། ཐུན་འཇོག་པར་འདོད་པ་ན་མཆོད་བསྟོད་འདོད་དོན་གསོལ་བ་རྣམས་བྱས་ནས། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་རང་ལ་ཐིམ། རང་ལྷར་གསལ་བདེའང་ཡས་མས་རིམ་པའི་ཚུལ་གྱིས་འདུས་ཏེ་མཐར་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ། དེ་ཧྲཱིཿལ་ཐིམ། དེའང་གྱེན་རྫོགས་སུ་ཡལ་ནས་ནད་ཤིན་ཏུ་ཕྲ་བར་གྱུར་བ་ལ་སེམས་བཟུང་། མཐར་དེའང་ཡལ་ནས་སྤྲོ་བྲལ་སྟོང་པ་ཉིད་ཀྱི་ངང་དུ་དང་པོ་ཧྲིལ་གྱིས་བསྒྲིམ། བར་དུ་ལྷོད་ཀྱིས་གློད། ཐ་མ་རང་སོ་བཟུང་བའི་ཚུལ་གྱིས་ཡུན་རིང་དུ་བསྐྱང་བར་བྱའོ། །གཉིས་པ་ནི། དེ་ལས་ལྡང་བར་འདོད་པ་ན། སྐད་ཅིག་གིས་རང་ཉིད་ཚེ་དཔག་མེད་པའི་སྐུ་སྣང་སྟོང་སྒྱུ་མའི་རང་བཞིན་ཅན་དུ་གསལ་བའི་གནས་གསུམ་ཡི་གེ་གསུམ་གྱིས་མཚན་པར་མོས། གསུམ་པ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་མགོན་འགྲུབ་གྱུར་ནས། སོགས་དང་། གཞན་


LT35_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཐེག་པ་ཆེན་པོའི་བསྔོ་སྨོན་སྤྱི་དང་། བྱེ་བྲག་གནས་སྐབས་འཆི་མེད་ཀྱི་ཚེ་བརྙེས་ཤིང་ཆོས་མཐུན་གྱི་དཔལ་འབྱོར་རྒྱས་པའི་སྨོན་ལམ་མང་དུ་གདབ་ལ། ཉལ་ལྡང་ཁ་ཟས་འགྲོ་འདུག་ལ་སོགས་པ་ལམ་དུ་འགྱུར་བའི་ཐབས་ཀྱི་རྣལ་འབྱོར་བསྐྱེད་རིམ་སྤྱིའི་རིགས་པས་འཕྲུལ་ཤེས་པར་བྱའོ།། ༈ །།གཉིས་པ་རྫོགས་པའི་རིམ་པ་ལ་གསུམ། སྦྱོར་བ། དངོས་གཞི། མཇུག་གི་བྱ་བའོ། །དང་པོ་ལ་གཉིས། ལུས་ཀྱི་གནད་འཆིང་བ་དང་། དམིགས་པའི་གནད་གསལ་བའོ། དང་པོ་ནི། བསམ་གཏན་གྱི་གནོད་པས་དབེན་ཞིང་ཉམས་དགའ་ཡིད་སྤྲོ་བའི་གནས་སུ། ནང་ཚང་དང་ལྡན་པའི་བདེ་བའི་སྟན་ལ་ལུས་གནད་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་། ལག་པ་མཉམ་བཞག །སྒལ་ཚིགས་བསྲང་། མགྲིན་པ་དགུག །ལྕེ་རྐན་ལ་སྦྱར། མཆུ་དང་སོ་ཅུང་མ་རེག་པ། མིག་སྣ་རྩེའི་ཐད་ཀྱི་བར་སྣང་ལ་ཧད་དེ་ལྟ་བ་སྟེ་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དང་ལྡན་པས་འཁོད། གཉིས་པ་ལ་གསུམ། ལུས་ཀྱི་སྟོང་ར། རྩའི་སྟོང་ར། རླུང་གི་སྟོང་རའོ། །དང་པོ་ནི། རང་ཉིད་ཚེ་དཔག་མེད་ཞལ་ཕྱག་རྒྱན་ཆ་ཡོངས་སུ་རྫོགས་པར་གསལ་བའི་སྐུ་ལུས་ཀྱི་ནང་ཐམས་ཅད་ཕྲུ་མ་ཕུས་བཏབ་པ་ལྟར་སྟོང་སོང་ངེ་བ། འོད་ཀྱི་རང་བཞིན་ཅན། སོར་མོའི་རྩེ་དང་བ་སྤུའི་མཐར་ཐུག་པ་སྟོང་ཕྱ་ལེ་བར་བསྒོམ་མོ། གཉིས་པ་ནི། ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་ཕྱི་སྔོ་ལ་ཕྱི་སྲོག་


LT35_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་དང་། ནང་དབུ་མའི་དོན་ཏེ་ཐུན་མོང་དང་ཁྱད་པར་གྱི་གནད་ཚང་། མཆན། ནང་དམར་བ། ཕྲ་སྦོམ་རང་གི་སྲིན་མཛུབ་ཀྱི་ཚད་ཙམ། ཡར་སྣ་སྤྱི་བོ་དང་མར་སྣ་ལྟེ་འོག་སོར་བཞིར་ཟུག་པའི་གཡས་སུ་རོ་མ་དམར་མོ་དང་། གཡོན་ཏུ་རྐྱང་མ་དཀར་མོ་གཉིས་དྷཱུ་ཏི་ལས་སུམ་འགྱུར་གྱིས་ཕྲ་བ། མར་གྱི་སྣ་གཉིས་ཅུང་ཟད་གུག་སྟེ་དབུ་མའི་ནང་དུ་ཆུད་པ། འཁོར་ལོ་བཞི་གྱེས་མཚམས་སོ་སོར་རྩ་གསུམ་སྤུབས་གཅིག་ཏུ་འབྲེལ་བ། ཡར་སྣ་གཉིས་མགོ་བོའི་ནང་ནས་གུག་སྟེ་སྣ་བུག་གཉིས་སུ་ཟུག་པ། སྤྱི་བོའི་ནང་དུ་རྩ་འདབ་སུམ་ཅུ་སོ་གཉིས་དམར་ལ་དཀར་བའི་མདངས་ཅན། མགྲིན་པར་རྩ་འདབ་བཅུ་དྲུག་ཤིན་ཏུ་དམར་བ། སྙིང་གར་རྩ་འདབ་བརྒྱད་དམར་ལ་སྔོ་བའི་མདངས་ཅན། ལྟེ་བའི་དྲུག་ཅུ་རྩ་བཞི་དམར་ལ་སེར་བའི་མདངས་ཆགས་པ། ཐམས་ཅད་ཀྱང་རྩའི་གཙོ་མོ་ལས་གདུགས་ཀྱི་རྩིབས་ལྟར་གྱེས་ཤིང་། ལྟེ་སྙིང་དང་། དཔྲལ་མགྲིན་སོ་སོར་ཅུང་ཟད་ཁ་སྦྱོར་བའི་རྣམ་པ་ཅན། ཕྲ་ཞིང་དྭངས་ལ་རྙོགས་པ་མེད་པ། ནང་ཐམས་ཅད་སྟོང་པའི་སྤུ་གུས་གང་བར་བསྒོམས་ལ་གསལ་སྣང་མ་སྐྱེས་ཀྱི་བར་དུ་སེམས་ཡུན་རིང་དུ་བཟུང་། གསུམ་པ་ནི། སྣ་བུག་གཡོན་དང་གཡས་དང་དབུས་ནས་རླུང་ལྷག་མ་མ་ལུས་པ་ཚར་རེ་ཕྱིར་འབུད། ནད་གདོན་སྡིག་སྒྲིབ་མ་ལུས་པ་སངས་ཀྱིས་དག་པར་བསམ་པ་སྟེ་རླུང་རོ་ལན་གསུམ་བསལ་བའི་རྗེས་སུ། ཅུང་ཟད་ངལ་གསོལ་ཤེས་པ་རྣལ་


LT35_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དབབ་བོ། །གཉིས་པ་དངོས་གཞི་ལ་གསུམ། གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་ཀྱི་རྣལ་འབྱོར་ལ་བརྟེན་ནས་ཚེ་བསྲིང་བའོ། །དང་པོ་ནི། དབུ་མའི་ཡས་སྣར་ཧྃ་ཡིག་བྱང་ཆུབ་སེམས་ཀྱི་ངོ་བོ་ཚེ་དཔག་མེད་དཀར་ལ་འཚེར་བ། མས་སྣར་ཨ་ཤད་གཏུམ་མོའི་མེའི་ངོ་བོ་ཚེ་དཔག་མེད་དམར་ལ་དྭངས་པ། གཉིས་ཀའང་རྒྱན་དང་རྣམ་འགྱུར་རྫོགས་པར་གསལ་གདབ། དེ་ནས་ལྟེ་བའི་ཚེ་དཔག་མེད་ལ། ཨརྒྷཾ་སོགས་དང་། །དྲི་མེད་གཞོམ་བྲལ་གྱིས་མཆོད་བསྟོད། ཨཱ་ཡུ་ཥེ་ལན་གསུམ་གྱིས་གསོལ་བ་བཏབ་པས། ཐུགས་ཀའི་ཧྲཱིཿཡིག་ལས་འོད་ཟེར་འཕྲོས། བླ་ཚེ་ཆད་པ་ཉམས་པ་ཡར་བ་ལ་སོགས་པ་བསྡུས། བུམ་པར་བྱོན། བདུད་རྩི་དམར་པོར་གྱུར། ཁོལ་ཞིང་ལུད་པ་དྲོད་ཀྱི་རང་བཞིན་ཅན་དེས་ལྟེ་བའི་རྩ་འཁོར་ཐམས་ཅད་ཁེངས། རྩ་སྐམ་པ་རྣམས་སྤང་། ཞར་བ་སོས། ཆད་པ་མཐུད། འཛིངས་པ་རྣམས་ཁྲོལ་གྱིས་སོང་ནས་རྩ་ཐམས་ཅད་བདུད་རྩི་དམར་ལྟེམ་གྱིས་གང་། ཡར་ལུད། རིམ་བཞིན་སྙིང་ག །མགྲིན་པ། སྤྱི་བོའི་འཁོར་ལོ་རྣམས་བདུད་རྩི་དམར་པོ་དྲོད་ཀྱི་རང་བཞིན་དེས་ཁེངས་པར་བསམས་ལ། ཨོཾ་ཨ་མཱ་ར་ི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་སྙིང་པོ་བརྒྱ་རྩ་ལ་སོགས་པ་ཡིད་བཟླས་བྱ། ཡང་སྤྱི་བོའི་ཚེ་དཔག་མེད་ལ་མཆོད་བསྟོད་གསོལ་གདབ་བྱས་པས། ཐུགས་སྲོག་འོད་ཀྱིས་བླ་ཚེ་ཡར་བ་བསྡུས། བུམ་པར་བདུད་རྩི་དཀར་པོར་གྱུར། ཁོལ་ཞིང་ལུད་


LT35_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

པ་བདེ་བའི་རང་བཞིན་ཅན་དེས་ཐོག་མ་སྤྱི་བོ་དང་། རིམ་བཞིན་མགྲིན་པ་ནས་ལྟེ་བའི་བར་བདུད་རྩི་དཀར་པོ་བདེ་བའི་རང་བཞིན་ཅན་གྱིས་ཁེངས་པར་བསམས་ལ་སྙིང་པོ་ཡིད་ཀྱིས་བཟླ་བ་བཅས་གང་གིས་འགྲེ། ཡང་ལྟེ་བའི་ལྷ་ལ་མཆོད་བསྟོད་གསོལ་གདབ་འོད་ཟེར་སྤྲོས་པས་འབྱུང་བ་རླུང་གི་བཅུད་བསྡུས། བདུད་རྩི་དམར་པོའི་རྣམ་པས་མས་ནས་ཡར་ཁེངས། སྤྱི་བོའི་ལྷ་ལ་མཆོད་བསྟོད་གསོལ་གདབ་འོད་ཟེར་སྤྲོས་པས་རླུང་བཅུད་བསྡུས་བདུད་རྩི་དཀར་པོའི་རྣམ་པས་ཡས་ནས་མར་ཁེངས། དེས་མཚོན་པར། མེ། ཆུ། ས། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་བཅུད་བསྡུ་བའི་དམིགས་སྐོར་བདུན་པོ་རེ་རེ་བཞིན་ལྷ་གཉིས་ཀ་ལ་སྦྱར་ཏེ། མས་ནས་བདུད་རྩི་དམར་པོ་དང་། ཡས་ནས་དཀར་པོ་འབའ་ཞིག་གིས་ཁེངས་པར་དམིགས་ལ། མཐར་བདུད་རྩི་དཀར་དམར་གྱིས་ལུས་ཀྱི་ནང་ཐམས་ཅད་ཁེངས། རྩ་ཁམས་ཀྱི་ཉེས་སྐྱོན་སྦྱངས། ལུས་ཀྱི་ཟུངས་དང་སེམས་ཀྱི་རྟེན་ཏུ་གྱུར། རྩའི་མདུད་པ་གྲོལ། རྡོ་རྗེའི་སྐུ་ཐོབ་པར་མོས། གཉིས་པ་ལ་གསུམ། རླུང་རྡོ་རྗེའི་བཟླས་པ། བུམ་པ་ཅན། འཛིན་གཏོང་རེས་འཇོག་ལ་བསླབ་པའོ། །དང་པོ་ལ་གཉིས། ཐུན་མོང་དང་། ཁྱད་པར་བའོ། །དང་པོ་ནི། རླུང་ནང་དུ་འཇུག་པ་ཨོཾ་གྱི་སྒྲ་གདངས་ལྡན་པས། འཁོར་འདས་ཀྱི་ཚེ་བཅུད་བཀྲག་མདངས་ཡོན་ཏན་ཐམས་ཅད་འུབ་ཀྱིས་བསྡུས། སྣ་བུག་ནས་ཞུགས། དབུ་མར་ཐིམ་པས་


LT35_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་ཚེའི་དངོས་གྲུབ་ཐོབ། རླུང་ནང་དུ་གནས་པ་ཨཱཿའི་སྒྲ་གདངས་ལྡན་པས་བརྟན་ཅིང་ནུས་ལྡན་ཏུ་བྱས། རླུང་ཕྱིར་དབྱུང་བ་ཧཱུྃ་གི་སྒྲ་དང་ལྡན་པས་ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བ་ཐམས་ཅད་རྡུལ་འཚུབས་ལྟར་ནག་བུན་གྱིས་ཕྱིར་ཐོན་པར་བསམས་ལ། འབྱུང་འཇུག་གནས་གསུམ་མ་ནོར་བར་རང་བབས་སུ་བརྒྱ་སྟོང་ལ་སོགས་པ་བགྲང་ངོ་། །འདི་ཁོ་ན་ལ་ཐུན་བཞིའམ་དྲུག་གི་རིམ་པས་བསླབ་པས། མངོན་ཤེས་ཕྱོགས་མེད་དུ་འཆར། ཚེ་སྲིང་། ཁྱད་པར་ཆུ་དང་ཐོག་རྡིབ་པ་སོགས་གློ་བུར་འཆི་རྐྱེན་གང་གིས་ཀྱང་མི་ཚུགས། ལོ་གཅིག་གི་ནང་དུ་སྔ་དྲོའི་ཆ་ལ་སྟོང་སྟོང་བསྒོམས་ན་ཚེ་ཇི་ཙམ་ཐུབ་པ་དེ་འདབ་ཏུ་འགྱུར། ཞག་བདུན་གྱི་ནང་དུ་འབུམ་ཕྲག་ཅིག་བསྒོམས་ན་ཞག་བདུན་གྱི་ཚེ་ལས་མེད་པའང་ལོ་ལྔ་ཅིས་ཀྱང་ཚེ་བསྲིད་པར་འགྱུར་རོ། །འདི་རྣམས་ནི་མྱོང་བས་གྲུབ་པ་ཐེ་ཚོམ་མེད་དོ་ཞེས་གོང་མ་དག་གསུངས། གཉིས་པ་ནི། རྒྱང་མར་རླུང་རྒྱུ་བའི་དུས་སུ་སྲོག་རླུང་འཇུག་པ་འདྲེན་པ་སྟེ། དེའང་རླུང་སྣ་བུག་གཉིས་གང་རུང་ནས་རྟག་ཏུ་རྒྱུ་བ་མི་ཤིས་པས་དེ་དང་། སྣ་བུག་མཉམ་རྒྱུ་བཅས་རེས་མོས་སུ་སྦོ་བའི་ལག་ལེན་ནི། ལུས་གནད་བསྲང་། ལག་གཡོན་པའི་མཐིལ་གྱིས་གཡས་པའི་མཆན་འོག་མནན། དེའི་སྟེང་ནས་གཡས་པའི་བར་ལྷུས་མནན། རྡོ་རྗེ་ཁུ་ཚུར་དཔུང་མགོ་གཡས་སུ་བསྒྲིལ་བ་དང་མཉམ་དུ་མགྲིན་པ་གཡས་སུ་བཅུ། ཡང་། དེའི་ངང་ལས་ལག་གཡས་པའི་རྡོ་རྗེ་ཁུ་


LT35_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཚུར་གྱིས་དཔྱི་མགོ་གཡས་པའི་ཐད་དུ་བརྐྱང་སྟེ་བསྒྲིལ། མགྲིན་པ་རྒྱབ་ཏུ་དགྱེ་ཞིང་གཡོན་དུ་གཅུ། ཡང་། ལག་མཐིལ་གཡས་པ་འགྲམ་པ་གཡས་པར་སྦྱར། སྲིན་ལག་གིས་སྣ་བུག་གཡས་བཀག་སྟེ། གཡོན་ནས་རླུང་ཤུགས་དྲག་པོ་ལན་ཁ་ཡར་བུས་པས་འཕོ་གསུངས། སྲོག་འདྲེན་པ་དངོས་ནི་འཇུག་པ་ལ་རྩེ་གཅིག་ཏུ་སེམས་གཏད། གནས་དང་ལྡང་བ་བཏང་སྙོམས་སུ་འཇོག་གྲངས་སུ་བགྲང་བ་ཁོ་ནས་ཀྱང་དུས་མ་ཡིན་པའི་འཆི་བཟློག་པ་རྒྱུད་ལས་གསལ་བར་གསུངས་ཤིང་། ཁུངས་ཐུབ་ཀྱི་རྒྱ་གཞུང་མང་པོར་བསྔགས་བརྗོད་ཆེའོ། །གཉིས་པ་བུམ་པ་ཅན་ནི། རླུང་རོ་ལན་གསུམ་བསལ། འོག་རླུང་དང་པོར་བཟུང་བ་གེགས་ཅུང་ཟད་ཆེ་བས། ཐོག་མར་སྟེང་རླུང་ཤིན་ཏུ་དལ་བར་རྔུབས། དེ་རྫོགས་པ་དང་འོག་རླུང་ཅུང་ཟད་འཐེན་ལ་ཁ་སྦྱོར། གསུས་པ་ཐེར་བྱས་ལ་གནོན་ཅིང་དགང་། མི་ཐུབ་སྙམ་བྱེད་པ་དང་གཡས་ནོན་གཡོན་ནོན་གྱི་ཚུལ་དུ་གཞིལ། མི་ཐུབ་ན་དང་པོ་དལ་བུ་དང་མཐར་སངས་ཀྱིས་བུས་ལ་འཕང་བ་སྟེ་དེ་ལྟར་སྦྱོར་བ་བཞི་ལྡན་བསྒོམ། གོམས་ནས་འོག་གི་འཛིན་གཏོང་གི་དམིགས་པའང་སྦྱར་རོ། །གསུམ་པ་འཛིན་གཏོང་རེས་འཇོག་ནི། རྩ་འཁོར་ཚེ་དཔག་མེད་གཉིས་དང་བཅས་པ་སྔར་ལྟར་གསལ། རླུང་བུམ་ཅན་དང་ཆ་འདྲ་བར་དལ་བུས་འཛིན་གཏོང་བྱེད། དམིགས་པ་དངོས་ཡིག་རྙིང་ལས། སྲོག་ཐར་གཉིས་ཀའི་རླུང་གཏོང་


LT35_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་ལྟེ་འོག་གི་ཚེ་དཔག་མེད་ཀྱི་བུམ་པ་ནས་ཉི་མའི་བདུད་རྩི་བྱུང་བས་ལྟེ་བའི་རྩ་འདབ་ཁེངས། འཛིན་པའི་དུས་སུ་སྟེང་གི་རླུང་བཟུང་བས་སྤྱི་བོའི་ཚེ་དཔག་མེད་ཀྱི་བུམ་པ་ནས་ཟླ་བའི་བདུད་རྩི་བྱུང་བས་སྤྱི་བོའི་རྩ་འདབ་ཁེངས། ཡང་གཏོང་བའི་དུས་སུ་ཉི་མས་སྙིང་གའི་རྩ་འདབ་ཁེངས། ཡང་བཟུང་བས་ཟླ་བས་མགྲིན་པའི་རྩ་འདབ་ཁེངས། ཡང་གཏོང་བའི་དུས་མགྲིན་པར་ཉི་མ་བྱོན་པས་ཉི་ཟླ་འདྲེས་པས་ཁེངས། ཡང་བཟུང་བས་ཟླ་བ་སྙིང་གར་བྱོན་པས་ཉི་ཟླ་འདྲེས་པས་ཁེངས་ཡང་གཏོར་བ་ན་ཉི་མ་སྤྱི་བོར་བྱོན་པས་ཉི་ཟླ་འདྲེས་པས་སྤྱི་བོ་ཁེངས། ཡང་བཟུང་བས་ལྟེ་བར་ཟླ་བ་བྱོན་པས་ཉི་ཟླ་འདྲེས་པས་ཁེངས། ཉི་མ་མར་བྱོན་ཟླ་བ་ཡར་བྱོན་པར་བསམས་ལ་ལྷོད་ཀློད་ལ་ངལ་གསོ། ཡང་སྔར་བཞིན་བསྒོམ་མོ་ཞེས་གསུངས། འོན་ཀྱང་བླ་མའི་ཞལ་ལུང་དུ། སྟེང་རླུང་ཕྱིར་བཏང་བ་དང་ལྷན་ཅིག་འོག་རླུང་འཐེན་པས་ལྟེ་བའི་བདུད་རྩི་དམར་པོས་ལྟེ་འཁོར་ཁེངས། འོག་རླུང་སོར་འཇོག་པ་དང་། སྟེང་རླུང་མནན་པས་སྤྱི་བོའི་བདུད་རྩི་དཀར་པོས་སྤྱི་ཁེངས། དེ་འགྲེས་ཏེ་རླུང་སྦྱོར་རེ་རེས་རིམ་པར་བསྐུལ་བས་དྲོད་ཀྱི་བདུད་རྩི་འབར་ཞིང་བའི་བདུད་རྩི་འཛག །མཐར་རྩ་ཁམས་ཐམས་ཅད་བདུད་རྩི་དཀར་དམར་གྱིས་ཁྱབ། བདེ་དྲོད་མི་རྟོག་པའི་ཡེ་ཤེས་སྐྱེས། འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ་ཐོབ་པར་མོས་པ་སྟེ་འདི་གཉིས་གང་རུང་ཉམས་སུ་བླང་གསུངས་སོ། །གསུམ་པ་ཐིག་ལེའི་རྣལ་འབྱོར་ལ་གཉིས། ཀུན་རྫོབ་བྱང་སེམས་དབབ་ཟློག་དང་། དོན་དམ་བྱང་སེམས་ངོ་སྤྲོད་པ་ལ་བརྟེན་ནས་ཚེ་བསྲིང་བའོ། །དང་པོ་ལ་གསུམ། སྦྱོར་བ་འདུ་ཤེས་གསལ་ལྡན།


LT35_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞི་དབབ་ཟློག་དགའ་བཞི། རྗེས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལ་བསླབ་པའོ། །དང་པོ་ནི། རང་ཉིད་ཚེ་དཔག་མེད་དུ་གསལ་བའི་པང་དུ་ཡུམ་གོས་དཀར་མོ་ཟླ་ཤེལ་མདངས་ཅན་གཡས་པདྨ་དམར་པོ་འདབ་བརྒྱད། གཡོན་ཚེ་བུམ་འཛིན་པ། ཞབས་པདྨའི་སྐྱིལ་ཀྲུང་གིས་འཁྱུད་པར་བསྒོམ་པ་ལྷའི་འདུ་ཤེས། རྩ་འཁོར་ཚེ་དཔག་མེད་གཉིས་དང་བཅས་པ་གསལ་བ་དང་། ཡབ་ཀྱི་གསང་བ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། ཡུམ་གྱི་མཁའ་ཨཱཿལས་པདྨ་ཨཱཿས་མཚན་པ། གཉིས་ཀའི་བུག་ཕཊ་ཀྱིས་བཀག་པར་བསམ་པ་ཆོས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་འཕོ་མེད་ལྷན་སྐྱེས་ཀྱི་ཡེ་ཤེས་དང་འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ་མངོན་ཏུ་བྱའོ་སྙམ་པ་བདེ་བ་ཆེན་པོའི་འདུ་ཤེས་སོ། །གཉིས་པ་ནི། ཡབ་ཡུམ་སྙོམས་པར་ཞུགས། རྗེས་ཆགས་ཀྱི་མེས་བསྐུལ་བས་ལྟེ་འོག་ཚེ་དཔག་མེད་ཀྱི་བུམ་པ་ནས་བདུད་རྩི་དམར་པོ་དྲོད་ཀྱི་རང་བཞིན་གྱེན་ཏུ་སོང་། འཁོར་ལོ་བཞི་རིམ་གྱིས་གང་། མཐར་དྭངས་མ་དམར་པོ་ཡུངས་འབྲུ་ཙམ་སྤྱི་བོའི་ཚེ་དཔག་མེད་དཀར་པོའི་པང་དུ་བྱོན། ཡུམ་གོས་དཀར་མོ་དམར་མོར་གྱུར་པས་ཡབ་ལ་འཁྱུད་དེ་སྙོམས་འཇུག་མཛད་པའི་སྦྱོར་མཚམས་ནས་བདུད་རྩི་དཀར་པོ་བབས། འཁོར་ལོ་བཞིར་རིམ་གྱིས་གང་། ཡས་བབ་ཀྱི་དགའ་བ་བཞི་སྐྱེས། མཐར་དྭངས་མ་དཀར་པོ་ཡུངས་འབྲུ་ཙམ་ལྟེ་འོག་ཚེ་དཔག་མེད་དམར་པོའི་པང་དུ་བྱོན། ཡུམ་དཀར་མོར་


LT35_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པས་སྙོམས་པར་ཞུགས། སྦྱོར་མཚམས་ནས་བདུད་རྩི་དམར་པོ་བབས། གྱེན་ཏུ་འབར་ནས་འཁོར་ལོ་བཞི་ཁེངས། མས་བརྟན་གྱི་དགའ་བཞི་རྒྱུད་ལ་སྐྱེས། ལུས་ཐམས་ཅད་བདེ་དྲོད་འབར། སྟོང་བཞིའི་འོད་གསལ་མཐར་ཕྱིན་པའི་ཟུང་འཇུག་གི་ཡེ་ཤེས་སྐྱེས། འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་པར་བསམ། འདི་ལ་གོམས་ནས་ཤེར་དབང་གི་ལམ་མཐར་ཕྱིན་པའི་བོགས་འདོན་ཏུ། ཡུམ་གྱི་སྐུ་ལ་རྩ་འཁོར་སོགས་གསལ། དེར་ཚེ་བཅུད་བསྡུ། སྙོམས་འཇུག་གིས་རང་ལ་དྲངས་པ་གུད་དུ་སྦས་པའི་ཞལ་ཤེས་སོ། གསུམ་པ་ནི། དགའ་བཞི་དཔེའི་ཡེ་ཤེས་ཀྱིས་དྲངས་པའི་བདེ་བ་དང་སྟོང་པ་དབྱེར་མི་ཕྱེད་པ་དོན་དམ་ཕྱག་རྒྱ་ཆེན་པོའི་རང་ངོ་བསྐྱང་བ་སྟེ། དེའང་རང་ལུས་ལྷ་སྐུ་སྣང་སྟོང་སྒྱུ་མ་དང་། སེམས་རྒྱུད་བདེ་ཆེན་ཟག་པ་མེད་པའི་ཉམས་མྱོང་ཡིད་ཡུལ་དུ་བྱས་པ་གནད་ལུགས་ཀྱི་ངང་དུ་མཉམ་པར་བཞག་གོ། །གཉིས་པ་ནི། མ་སྐྱེས་པའི་ཤེས་པ་ཐམས་ཅད་རྣམ་པར་བརྟག་པའི་བློས་བསླད་པ་སྤྲོས་བྲལ་ཆོས་ཀྱི་སྐུ། སྐྱེས་པའི་ཤེས་པ་ངོ་ཤེས་གསལ་སྟོང་དུ་གྲོལ་བ་ལོངས་སྤྱོད་རྫོགས་པའི་སྐུ། སྐྱེས་པ་དང་མ་སྐྱེས་པའི་ཤེས་པ་ཐམས་ཅད་གཉུག་མ་རང་སོ་ཚུགས་པ་ལ་བརྟེན་ནས་རྟེན་ཅིང་འབྲེལ་འབྱུང་གི་རོལ་པར་རྟོགས་པ་སྤྲུལ་པའི་སྐུ་སྟེ། གཞི་དུས་ཀྱི་སྐུ་གསུམ་དབྱེར་མེད་ཕྱག་རྒྱ་ཆེན་པོ་ཤེས་པ་སྐད་ཅིག་མ་གཅིག་གི་སྟེང་དུ་རྫོགས་པར་ངོ་ཤེས། འཁྲུལ་རྟོག་ཡེ་ཤེས་སུ་ཐག་ཆོད། གཉིས་སྣང་རང་གྲོལ་གྱི་ཉམས་མྱོང་ལ་བརྟེན་པ་ཐོབ་པའི་རྟོགས་པ་དང་འབྲེལ་བའི་ལྟ་བས་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཐམས་ཅད་ལ་རྒྱས་ཐེབ་པར་བྱ་བ་ནི། རྣལ་འབྱོར་ཀུན་གྱི་གཅེས་པའི་གནད་མཆོག་


LT35_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕུལ་དུ་གྱུར་པ་ཡིན་ཅིང་། སྐྱེ་མེད་གནས་ལུགས་ཀྱི་ལྟ་བ་ལ་རྒྱུན་ཏུ་འདྲེས་པ་ནི་ཚེ་སྲིང་བའི་ཐབས་ཀྱང་གཞན་ཀུན་ལས་འཕགས་པའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་གསུམ། སྟེང་འོག་གི་ཚེའི་སྒོ་སྡོམ་པ། སྙིང་གར་ཚེའི་ཕུར་པ་གདབ་པ། བར་ཆད་འཇུག་པའི་འཕྲང་དགག་པའོ། །དང་པོ་ནི། ཐུན་འཇོག་པའི་ཚེ། དབུ་མའི་ཡར་སྣེར་ཟླ་བའི་རང་བཞིན་ཅན་གྱི་ཚེ་དཔག་མེད་དཀར་པོ་དང་། མར་སྣེར་ཉི་མའི་རང་བཞིན་ཅན་གྱི་ཚེ་དཔག་མེད་དམར་པོས་དགག་པར་མོས། གཉིས་པ་ནི། འོག་གི་ཚེ་དཔག་མེད་ཀྱི་བུམ་ཆུ་ཡར་ལུད། སྙིང་གར་སླེབ། ཉི་མའི་དཀྱིལ་འཁོར་དུ་གྱུར། སྤྱི་བོའི་ཚེ་དཔག་མེད་ཀྱི་བུམ་ཆུ་ཕྱིར་ལུད། སྙིང་གར་སླེབ། ཟླ་བའི་དཀྱིལ་འཁོར་དུ་གྱུར། དེ་གཉིས་ཁ་སྦྱར་བའི་དབུས་སུ་རང་གི་རླུང་སེམས་གཉིས་མེད་ཀྱི་ངོ་བོ་ཧཱུྃ་མཐིང་ག་འོད་ཟེར་ལྔ་ལྡན་འཕྲོ་བ་ལ་སེམས་ཡུན་རིང་དུ་གཏད་དོ། །གསུམ་པ་ནི། རང་གི་སྙིང་ག་ནས་བཟུང་། རྐང་ལག་གི་སྲིན་ལག་བཞི་པོའི་རྩེ་མོའི་བར་གྱི་རྩའི་ལམ་ཁྲོ་བོའི་རང་བཞིན་གྱི་ཧཱུྃ་ཡིག་དམར་པོ་མགོ་བོ་མཛུབ་རྩེར་བསྟན་ཅིང་མེའི་ཚྭ་ཚྭ་འཕྲོ་བ་མང་པོས་བྲེང་ཆགས་སུ་གཏམས་པས་བདུད་དང་གཤིན་རྗེ་ལ་སོགས་པའི་བར་ཆད་ཐམས་ཅད་སྲུང་ཞིང་། ཚེའི་གུར་ཁང་འཇིགས་མེད་རྡོ་རྗེའི་རང་བཞིན་ཏུ་བརྟན་པར་བསམ། སྤྲོ་ན་ཚེ་ཕུར་གདབ་པའི་རྗེས་སུ་ཚེའི་གོ་གྱོན་པ་ནི། འཁོར་ལོ་ལྔར་གཟུགས་སོགས་ཕུང་པོ་ལྔའི་


LT35_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཚེ་དཔག་མེད་དཀར་དམར་མཐིང་སེར་ལྗང་གུ་རྣམས་ལས་རང་མདོག་དང་མཐུན་པའི་འོད་ཟེར་འཕྲོས། དེའང་ཐོག་མར་སྔོན་པོ། དེ་ནས་དམར་དཀར་སེར་ལྗང་གི་རིམ་པས་ལུས་ཐམས་ཅད་ཁྱབ། བ་སྤུའི་བུ་ག་ཐམས་ཅད་རྡོ་རྗེའི་གོ་ཁྲབ་ཀྱིས་གོ་མཚམས་མེད་པར་གཏམས་པར་བསམ་པ་སྟེ། འདི་ཉིད་བརྒྱུད་པ་གཞན་གྱི་གདམས་ངག་ལས་འབྱུང་བས་ཁྲིད་ཀྱི་དཀྱུས་སུ་བསྟན་པར་མི་མཛད་ཀྱང་སྦྱོར་ན་རུང་གསུངས། །མཐར་རྣམ་པར་དག་པའི་བསྔོ་སྨོན་གྱི་རྒྱས་གདབ་ཅིང་ཤིས་པའི་ཚིག་གིས་དགེ་ལེགས་ཀྱི་སྣང་བས་ཁྱབ་པར་བྱ། ཐུན་མཚམས་སུའང་སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་ཤེས་པས། འཆི་མེད་ཚེའི་མདོ་གཟུངས་བཀླག་པ། སཱཙྪ་གདབ་པ། སེམས་ཅན་གྱི་སྲོག་སྐྱོབ་པ་སོགས་འཕྲལ་དང་ཡུན་ཏུ་དོན་ཆེན་འགྱུར་བའི་རྣམ་དཀར་གྱི་བྱ་བ་སྤྱི་དང་བྱེ་བྲག་པ་རྣམས་ལའང་བརྩོན་པར་བྱའོ། །དེ་རྣམས་ཀྱིས་ནི་གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་ཏུ་གྲགས་པའི་བསྐྱེད་རྫོགས་ཀྱི་ཁྲིད་རིམ་དངོས་གཞི་ལེགས་པར་བསྟན་ཟིན་ཏེ། དཔལ་ལྡན་བླ་མའི་ཞལ་ལུང་ལས་བྱོན་ཅིང་བཀའ་ཡིས་རྗེས་སུ་གནང་བ་ཁོ་ན་ལས་རང་རྟོག་གི་དྲི་མས་མ་སྤགས་པའི་ཡི་གེ་འདི་ལ། ཞལ་ཤེས་ཐུན་མོང་མ་ཡིན་པ་གསེར་གྱི་མཎྜལ་ཅན་རྣམས་ཀྱང་དཀྱུས་སུ་ཡོད་པས། ཆིག་བརྒྱུད་བཀའ་རྒྱ་ཅན་གྱི་སྐོར་སྤྲོ་ན་སྦྱར་ཆོག་པ་ལས་ཁྲིད་ཡིག་མ་བུ་ཞལ་


LT35_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དང་བཅས་པའི་ཁོག་གཞུང་མཐའ་དག་མ་ཚང་བ་མེད་པའི་ཕྱིར་ཕྱིན་ཆད་བཅོས་བསླད་མི་བྱ་བར་ཡིད་ཆེས་པའི་གནས་སུ་བཟུང་ཞིང་དམ་མེད་ལ་མི་སྟོན་པར་གཅེས་སྤྲས་སུ་བྱ་དགོས་པ་ནི་རྩ་བརྒྱུད་བླ་མའི་བཀའ་ལུང་ངོ། རིམས་འདི་དག་ཞག་བཅུ་གཉིས་བསྒོམས་ན་ལོ་གཅིག་གི་ཚེ་བསྲིང་། ཟླ་བ་གཅིག་བར་མ་ཆད་པར་བསྒོམས་ན་ལོ་བཅུ་གཉིས་བསྲིང་། ལོ་དྲུག་ཆིག་དྲིལ་དུ་བསྒོམས་ན་འཆི་མེད་འགྲུབ་པ་ལ་ཐེ་ཚོམ་མི་ཟ། །མདོར་ན་གནས་སྐབས་སུ་ཚེ་སྲིང་ཞིང་། ལུས་འདི་སྤངས་ནས་བདེ་བ་ཅན་ཏུ་འཚང་རྒྱ་བར་འགྱུར་བ་ནི་བརྒྱུད་པ་ནས་བརྒྱུད་པའི་གསུང་ཡང་དག་པའི་ངེས་ཏིག་ཅན་ཡིན་ནོ། །གསུམ་པ་རྒྱུན་གྱི་ཉམས་ལེན་སྙིང་པོར་དྲིལ་བ་ནི། སྐྱབས་སེམས་སྔོན་ཏུ་འགྲོ་བས། མདུན་བསྐྱེད་ཡན་ལག་བཞི་རྫོགས་སམ་སྐད་ཅིག་གིས་གསལ་བཏབ། མཆོད་བསྟོད་གསོལ་བ་གདབ། དམིགས་སྐོར་གཙོ་བོ་གསུམ་དུ་བསྡུ་སྟེ། བླ་ཚེ་ཡེར་བ་འགུགས་པ་ལ་གཅིག །འབྱུང་བཞིན་བཅུད་བསྡུ་བ་ལ་གཅིག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཅུད་བསྡུ་བ་ལ་གཅིག་སྟེ་གསུམ་པོ་སོ་སོར་ཨ་མཱ་ར་ི་བརྒྱ་རྩ་ཙམ་རེ་བཟླ། དེ་ནས་མདུན་བསྐྱེད་རང་ལ་བསྟིམ། རང་སྐད་ཅིག་གིས་ཚེ་དཔག་མེད་དུ་གསལ་བའི་སྟོང་རའི་དབུས་སུ། རྩ་གསུམ་འཁོར་ལོ་བཞི་ཚེ་དཔག་མེད་དཀར་དམར་གཉིས་དང་བཅས་པ་གསལ་བཏབ་པས་རྩ། འཇམ་རླུང་བུམ་པ་


LT35_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན་བཟུང་བས་རླུང་། འཛིན་གཏོང་རེས་འཇིག་གི་སྐབས་ལྟར་འབར་འཛག་གི་དམིགས་པ་བསྒོམ་པས་ཐིག་ལེ་ལ་བརྟེན་ནས་ཚེ་སྲིང་བའི་དམིགས་གནད་ཚང་བས་འདི་ཁོ་ན་གཙོར་བཏོན་ཅིང་། དེ་ཐམས་ཅད་གནས་ལུགས་ཕྱག་ཆེན་གྱི་རྩིས་ཟིན་པར་བྱ། ཐུན་མཐར་ཚེའི་སྒོ་བསྡམ་པ་སོགས་དཀྱུས་ལྟར་ལ་གནས་གསུམ་བསྲུང་། བསྔོ་སྨོན་བྱ། སྣང་གྲགས་རིགས་གསུམ་འཆི་མེད་མགོན་པོའི་གསང་བ་གསུམ་དང་། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཏུ་བལྟ་བར་བྱ་སྟེ། འདི་ནི་ཁྲིད་རིམ་ཡོངས་སུ་རྫོགས་པའི་ཚར་ཆོས་སོ།། ༈ །།དེ་ནས་ཚེ་སྲིང་བའི་ཐབས་བཞི་པར་གསུངས་པ་བཅུད་ལེན་ནི་བསྐྱེད་རྫོགས་ཀྱི་ཁྲིད་དངོས་གཞིར་གཏོགས་པ་མ་ཡིན་ཀྱང་། དེ་དག་གི་བོགས་འདོན་ཡན་ལག་ཏུ་ཉེ་བར་མཁོ་བས་ཁྲིད་ཀྱི་གཤམ་དུ་སྦྲེལ་ནས་འཆད་པའི་ཕྱག་སྲོལ་འབྱུང་བ་ལྟར་འདིར་ཡང་ཞར་བྱུང་འཆད་པ་སྟེ། དེ་ལ་གསུམ། སྦྱོར་བ་རྫས་བསགས་པ། དངོས་གཞི་ནུས་ལྡན་ཏུ་བསྒྲུབ་པ། རྗེས་བཅུད་ལེན་དུ་བསྟེན་པའོ། །དང་པོ་ནི། རླུང་གི་གཉེན་པོར་ར་མོ་ཤག་སྟེ་དེའང་རབ་རྒྱ་ནག་ནས་འབྱུང་བའི་གཞིན་གསིན། འབྲིང་རྒྱ་གར་ནས་འབྱུང་བ། ཐ་མ་བོད་ཡུལ་དུ་སྐྱེས་པ་ཉིད་ཀྱང་གནས་ཆེན་ལྟ་བུའི་ས་གཙང་ཞིང་མཁྲེགས་པར་སྐྱེས་པའི་ར་མྱེ་སྟོན་ཀ་རྩི་སྙིམ་དུས་བསྐོས་ལ་གྲིབ་སྐམ་བྱས་པ་ཁྲོལ་ཙམ་བརྡུང་། །


LT35_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོལ་ཚག་ལྟ་བུའི་ཐབ་མིག་ཕྲུ་བའི་སྦོ་ལོ་གསལ་མེ་མི་འཆོར་བར་གད་དར་ལེགས་པར་བྱས་པའི་ཕྲུ་བ་བཙུགས་པར་སྨན་བླུགས་པའི་ཁུ་བ་ལེགས་པར་གདུས་པའི་དྭངས་མ་སླར་ཡང་ལྕགས་སྣོད་དུ་བཀོལ་བས་ལྦུ་ནག་སོགས་ལྦུ་བའི་རིགས་ཐམས་ཅད་བཏོན་ལ་དུག་དབྱུང་། མེ་དལ་བུས་བསྲིང་ལ་ཁཎྜ་སྣམ་ཚིག་བར་བྱ། བད་ཀན་གཉེན་པོར་ཅོང་ཞི་རིགས་ལྔ་ལས་ཕོ་ལ་མོ་ཅོང་སྨུག་ཟིལ་བ་ནུ་འདྲ་བ་གཡའ་བྲག་གི་སྲུབ་ནས་འབྱུང་བ་དང་། མོ་ལ་ཕོ་ཅོང་དཀར་པོ་ཤེལ་མདོག་རྟ་སོ་བཅག་པ་འདྲ་བ་དེ་ལེགས་པར་གསུངས་ཀྱང་། སྤྱི་མཐུན་ཏུ་ཤིས་པ་མ་ནིང་ཅང་ཞི་དཀར་དམར་སེར་གསུམ་མདངས་ལྡན་སྣ་རིང་མཉན་པ་ཉིད་ལེགས་ཤིང་། དེའང་ཡིད་རྙིང་རྩ་བར་རྒོད་བཏུལ་བྱེད་པ་བཤད་ཀྱང་ཕྱག་ལེན་ཕར་ཆེར་ཏུ་མཛོ་འོར་འདམ་ཐག་བྱས་པ་ལེགས་གསུངས། མཁྲིས་པའི་གཉེན་པོར་འཇམ་དབྱངས་གཙོ་བོར་གྱུར་པའི་རྟག་དུ་རིགས་གསུམ་སྟེ། དེའང་སྡོང་པོ་སུམ་ཏིག་དང་མེ་ཏོག་བརྐོས་ཕོར་འདྲ་བ་སེར་པོ་འདབ་ལྔ་རྩེ་ཐུར་དུ་ཕྱོགས་པའི་ནང་ཐིག་ལེ་དམར་སེར་ཅན་འཇམ་དབྱངས་རྟག་དུ། སྡོང་པོ་ལ་འདབ་ཆུང་ལྡན་པའི་རྩེར་མེ་ཏོག་དཀར་པོ་འདབ་ལྔ་ཟེའུ་སེར་པོ་རྒྱ་མདངས་ཕྲ་མོ་ཅན་མདངས་མི་གསལ་བ་སྤྱན་རས་གཟིགས་རྟག་དུ། མེ་ཏོག་སྔོན་པོ་ནང་དུ་ཟེའུ་འབྲུ་ནར་མོ་ཅན་མགོ་གུགས་པ་ཞིག་དང་། མེ་ཏོག་སྔོ་ནག་


LT35_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

བོང་ཐུང་བ་ཞིག་ལའང་ངོས་འཛིན་པ་སྟེ་གཉིས་ཀ་ཕྱག་རྡོར་རྟག་དུ། རིག་གསུམ་ཀའང་སྡོང་པོ་མཐོ་རེ་ལྷག་ཙམ་ཡོད་པ་དེ་དག་མེ་ཏོག་རྒྱས་པའི་དུས་རྩ་ལོ་མེ་འབྲས་ཡོངས་རྫོགས་བཏུ། ཞིབ་པར་བཏགས་ལ་ཆང་གར་མར་སྤོལ། ཨ་རུ་ར་རིགས་ལྔ་ལས་སྐབས་འདིར་བདུད་རྩི་ཤམ་ཐུག་སེར་པོ་ཤ་ཤིན་ཏུ་རྒྱས་པ། ཟུང་ངན་གཉེན་པོར་དབང་པོ་ལག་པ་སྟེ་སོར་མོ་གཉིས་པ་ནི་མི་རུང་ལ། སོར་མོ་ལྔ་པ་རྙེད་ན་མཆོག་དང་། མ་རྙེད་ན་གསུམ་པས་ཀྱང་རུང་ལ་ཞི་བ་བཏགས་པའི་འོ་མར་སྦྱར་ལ་ཞག་གཅིག་བསྙལ། ནངས་པར་རྟག་དུ་ཅོང་ཞི་ཨ་རུ་ར་རྣམས་ཀྱི་ཕྱེ་མ་བཏབ་ལ་འདམ་ཐག་ཡུན་རིང་བྱ། དེ་ལ་ར་མྱེ་པའི་ཁཎྜ་དང་བུ་རམ། སྤྲ་ཚིལ་མེད་པའི་སྦྲང་བཅས་བསྲེས་ལ་རིལ་བུ་རི་བོང་གི་རིལ་མ་ཙམ་དུ་གསུངས་ཀྱང་། བསྟེན་དུས་ཁྱུར་མིད་བདེ་ ཞལ་ཤེས་བཀའ་རྒྱ་མ། ཡུལ་དག་པའི་ཤ་ལྔ་བདུད་རྩི་ལྔ་ཁ་ཚར་དུ་བཏབ་གསུང་། མཆན། ཁྱད་ཆེ་ཆུང་སྲན་མ་ཙམ་དུ་བསྒྲིལ་པ་གྲིབ་སྐམ་དང་རིལ་ཆགས་ལེགས་པར་བྱ། དེ་རྣམས་ལ་ཐོག་མཐའ་བར་གསུམ་དུ་སྤྱོད་ཁྲུས་ནན་ཏན་ཀྱང་བྱ་དགོས་སོ། །གཉིས་པ་ནི། དབེན་ཞིང་གཙང་ལ་ཉམས་དགའ་བའི་གནས་སུ་ཚེ་དཔག་མེད་ཀྱི་སྐུ་བརྙན་བཤམས་པའི་མདུན་ཏུ། སྟེགས་བུའི་ཁར་མཉྫི་ལ་ཐོད་པ་དུམ་བུ་གསུམ་པ། རྣལ་འབྱོར་སྲོག་ཀ་སོགས་མཚན་ཉིད་ཚང་བར་རིལ་བུ་བླུགས་ལ་དར་དམར་གྱིས་དག་པ། །


LT35_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་སྤྱོད་མཆོད་གཏོར་བཤམ། བདག་སྐྱེད་བཟླས་པ་དང་བཅས་པ་གྲུབ་པའི་རྗེས་སུ། མདུན་གྱི་རྟེན་ལས་སྔགས་ཀྱིས་བསངས། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས། ཡྃ་ལས་རླུང་། རྃ་ལས་མེ། ཨ་ལས་ཐོད་པའི་ནང་དུ་རིལ་བུ་ཤ་ལྔ་བདུད་རྩི་ལྔར་གྱུར་བ་སོ་སོར་ཧཱུྃ་བྷྲཱྃ་ཨཱྃ་ཛྲི༚་ཁྃ་རྣམས་ཀྱིས་མཚན་པའི་སྟེང་དུ། ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ཐོ་བརྩེགས་སུ་གནས་པ། དེ་གསུམ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གཡོས། མེ་སྦར། རྫས་རྣམས་ཁོལ་ཞིང་འོད་དུ་ཞུ་བ་ཡེ་ཤེས་ཀྱི་བདུད་རྩི་དཀར་དམར་གྱི་རྣམ་པར་གྱུར། སླར་ཡང་འབྲུ་གསུམ་ལས་འོད་ཟེར་འཕྲོས། འབྱུང་བ་བཞིའི་བཅུད་དང་དྭངས་མ་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་བཀུག་སྟེ་རྫས་ལ་ཐིམ་པས་འཆི་མེད་གྲུབ་པའི་བཅུད་ལེན་ཏུ་གྱུར་པར་མོས་ལ། ཨོཾ་ཨཱཿཧཱུྃ། བརྒྱ་རྩ་བཟླ། སླར་ཡང་འབྲུ་གསུམ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དང་། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་ཀ །དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི་སྦྱོར་མཚམས་ནས་ཤེས་ཀྱི་བདུད་རྩི་སྤྱན་དྲངས། ཐོད་པའི་བདུད་རྩི་ལ་ཐིམ་པས་མྱོང་གྲོལ་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་མོས་ལ། འབྲུ་གསུམ་བརྒྱ་རྩ་བཟླ་སྟེ། དེ་ལྟ་བུའི་བཟླས་དམིགས་ཡང་ཡང་བསྐྱར། རྣམ་པ་གསལ་བའི་ཆེད་


LT35_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཟུངས་ཐག་རྡོ་རྗེ་བཞག་ལ་འཛིན་ཀྱང་རུང་། མཐུན་མཐར། ཡི་གེ་འབྲུ་གསུམ་བདུད་རྩི་དཀར་དམར་མཐིང་གའི་རྣམ་པར་ཞུ་ནས་རྫས་ལ་ཐིམ་པས། འཆི་མེད་ཚེའི་དངོས་གྲུབ་ཐོགས་མེད་དུ་སྟེར་བའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་བཅུད་ལེན་གྱི་རིལ་བུར་གྱུར་པར་བསམ། དེ་ལྟ་བུའི་ཚུལ་གྱིས་ཞག་གསུམ་ལྔ་བདུན་ལ་སོགས་པར་ངག་ཁོར་ཡུག་ཏུ་བཅད་ཅིང་ཐུན་བཞིར་བྱས་ལ་བསྒྲུབ། ཐུན་གཉིས་ཀྱི་མཐར་སྒྲུབ་ཐབས་ནས་འབྱུང་བ་ལྟར་གཏོར་མགྲོན་སྤྱན་དྲངས་ལ་གཏོར་མ་འབུལ་ལོ། །གསུམ་པ་ནི། དེ་ལྟར་སྒྲུབ་པ་ཐོན་ནས་ར་བ་བཞི་གང་ཡང་རུང་བའི་ཚེས་གཅིག་ནས་བརྩམས་ཟླ་བ་དྲུག་སོགས་པར་མ་ཆད་པར་བསྟེན་ཏེ། དེའང་ལག་གཡོན་པའི་མཐིལ་དུ་བཞག་ལ་བདུད་རྩི་བྱིན་རླབས་ཀྱི་དམིགས་པ་རྫོགས་པའམ། རིལ་བུ་ལས་འོད་འཕྲོས་ཚེ་བཅུད་བསྡུ་བའི་དམིགས་པ་ཙམ་བྱས་ལ་རླུང་ནང་དུ་རྔུབས་པ་དང་ལྷན་ཅིག་སོས་མ་རེག་པར་མིད། ལྷག་མ་ཟ་འོག་དམར་པོའི་ཁུག་མར་བླུགས་ཏེ་རྟེན་གྱི་གྲལ་དུ་བཞག་པའམ། དྲོད་མ་བྲལ་བར་བཅང་ཞིང་རིལ་བུ་མིས་མ་མཐོང་བ་དམ་ཚིག་ཡིན་ནོ། །བཅུད་ལེན་ཁོ་ན་གཙོ་བོར་བྱེད་ན་ཁབས་རགས་པ་རིམ་པར་སྤང་ཞིང་རིལ་བུ་ཐོ་རངས་གཅིག་ནས་བདུན་སོགས་རིམ་པར་བསྐྱེད་ལ་བསྟེན་པ་སོགས་སྤྱི་ལྟར་བྱ་བ་ཡིན་ལ། མི་ནུས་ན་དམ་རྫས་ཀྱི་ཚུལ་དུ་བསྟེན་


LT35_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀྱང་དུས་མ་ཡིན་པའི་འཆི་བ་ཟློག་ཅིང་ཚེ་རིང་དུ་སྲིང་བ་སོགས་ཕན་ཡོན་རྒྱ་ཆེན་པོ་ཐོབ་པར་འགྱུར་རོ། །སྤྱིར་གདམས་ངག་སོ་སོར་ཚེ་སྲིང་བའི་ཐབས་མང་དུ་བཞུགས་ཤིང་། དེ་ཐམས་ཅད་ཀྱང་ཕྱོགས་རེ་ནས་ཟབ་པ་མང་མོད། ཕྱི་ནང་གི་འཆི་བསླུ་བའི་ཐམས་ཅད་ཚང་ཞིང་མཆོག་ཐུན་གཉིས་ཀ་སྒྲུབ་པའི་གནད་འདྲིལ་བ་ནི་འདི་ཁོ་ན་ཡིན་པས་མཆོག་ཏུ་གཅེས་པར་བྱའོ་གསུངས་སོ། །ཨ་ཧོ་མཐོ་རིས་འཇིག་རྟེན་ནོར་གྱི་མཆོག །ཚེ་ཡི་ཀ་བ་བདེ་བླག་འཇུག་པ་དང་། །ཟུང་འཇུག་བདེ་སྟོང་ཕྱག་རྒྱ་ཆེར་གྲགས་པ། །དཔེ་བྲལ་མཆོག་དེ་ཚེ་འདིར་སྟེར་བའི་ཆོས། །རྒྱུད་དང་གདམས་པར་འབྲེལ་པས་ཁུངས་བཙུན་ཞིང་། །གྲུབ་པའི་མྱོང་བས་བརྒྱན་པའི་ཡིད་ཆེས་ཅན། །དབུལ་པོས་ནོར་བུའི་ཕུང་པོ་རྙེད་འདྲ་འདི། །གཟུར་གནས་སྙིང་གི་དཔལ་བེར་ཅིས་མི་ལེན། །གྲོགས་དག་དང་བརྩོན་སྐལ་པས་མི་ཕོངས་ནས། །ཟབ་ཆོས་འདི་འདྲར་གཡར་དམ་འཆའ་རིགས་ཀྱི། །རང་གཞན་རྒྱུད་ལ་མི་འབྱོར་ཡིག་ནག་ཁུར། །འུད་གོག་རྒྱབ་བརྟེན་དེ་ཡིས་ཅི་ཞིག་བྱ། །ཨེ་མ་ཚེ་རབས་སྔ་མར་བསགས་པའི་ལས། །དམ་པས་རྗེས་བཟུང་འཁྲུལ་ཟད་ཆོས་གཤའ་མ། །རྣ་བའི་བཅུད་དུ་སོན་པའི་འཕྲོ་ལྡན་པས། །སྙིགས་དུས་སྐྱེས་ཀྱང་སྐལ་བཟང་གྲངས་སུ་ཆུད། །འོན་ཀྱང་རློམས་དང་ང་རྒྱལ་འགྲན་


LT35_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དུ། །བྲིས་མིན་རྗེ་བཙུན་ཐུགས་རྗེ་ཅན་གྱི་གསུང་། །ཟླ་ཟེར་བདུད་རྩིས་བྲན་པའི་བློ་གྲོས་ཁ །ཡང་ཡང་ཕྱེ་ལས་ཚིག་གི་སྦྲང་རྩི་སྐྱུགས། །བྱིས་པའི་རྣམ་ཤེས་ཀུན་རྨོངས་དྲྭ་བ་བརྒྱས། །ཡོངས་སུ་དཀྲིས་ལས་རྣམ་དཔྱོད་དམིགས་བུ་ཡང་། །ནོར་འཁྲུལ་རབ་རིབ་དང་འགྲོགས་ཆོས་ཉིད་ཕྱིར། །སྲས་བཅས་རྒྱལ་བས་དག་ཚངས་དབུགས་དབྱུང་སྩོལ། །བླ་མ་མཆོག་དང་རིས་མེད་བསྟན་འཛིན་སྐྱེས་བུའི་སྐུ་ཚེ་རྡོ་རྗེའི་ཆོས་སུ་བརྟན། །སྐྱེ་དགུའི་དུས་མིན་འཆི་སོགས་འཇིགས་ཚོགས་མུན་པ་ཆོས་མཐུན་འབྱོར་པའི་སྣང་བས་བཅོམ། །བདག་ཀྱང་འཆི་མེད་ཚེ་དང་ཡེ་ཤེས་མཛོད་ལ་གནས་སྐབས་མཐར་ཐུག་རང་དབང་སྤྱོད། །ཚེ་དཔག་མེད་པའི་རྣམ་ཐར་བསྒྲུབ་ཕྱིར་ལེགས་སྤྱོད་འདི་ཡང་དོན་ལྡན་ཉིད་གྱུར་ཅིག །ཅེས་པ་འདིའང་ཡོངས་རྫོགས་བསྟན་པའི་མངའ་བདག་བཀའ་དྲིན་སུམ་ལྡན་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་སྨིན་ཁྲིད་བཀའ་དྲིན་ཏུ་ནོད་པའི་ཚེ། ཕྱིན་ཆད་འཆད་ཉན་བདེ་བའི་སླད་དུ་ཅིས་ཀྱང་ཁྲིད་ཡིག་ཅིག་འབྲི་བར་འོས་ཞེས་བཀའ་ལུང་གསེར་གྱི་ཅོད་པན་ཡང་ཡང་བཅིངས་པ་དང་། །སྒྲུབ་བརྒྱུད་བསྟན་པའི་སྣང་བྱེད་མཁན་ཆེན་རྡོ་རྗེ་འཛིན་པ་ཟླ་བ་བཟང་པོ་སོགས་སྐྱབས་ཀྱི་ཡུལ་དང་། །ཆོས་བཞིན་ཏུ་སྤྱོད་པའི་


LT35_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་མང་པོས་ཀྱང་རྗེས་བསྐུལ་གནང་བར་བརྟེན། རྗེ་འབའ་ར་བའི་ཡིག་ཆ་རྣམས་དང་། ཚར་ཆེན་ཡབ་སྲས་ཀྱི་གསུང་ལ་ཞལ་ཤེས་ཀྱིས་བརྒྱན་ཏེ། ས་བཅད་ཀྱི་ཆིངས་སོགས་རྗེ་བླ་མས་ཇི་ལྟར་བསྩལ་བ་ཉིད་ལ་སྒྲོ་སྐུར་དྲི་མ་སྤངས་ཏེ་མ་སྦས་བཀླག་ཆོག་གི་ཚུལ་དུ། སྙིགས་དུས་ཀྱི་རྒྱལ་བ་ཏཱའི་སི་ཏུ་པདྨའི་མཚན་ཅན་གྱིས་རྗེས་སུ་བཟུང་བའི་སྙོམས་ལས་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་ཆོས་འཁོར་ཆེན་པོ་དཔལ་སྤུངས་ཀྱི་ཡང་དབེན་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་དགེ་ལེགས་འཕེལ། །སརྦ་དཱ་མངྒ་ལཾ།། །།


previousཚེ་དཔག་མེད་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་བསྐྱེད་རྫོགས་ཟབ་ཁྲིད་ཀྱི་ཡི་གེ་འཆི་མེད་བདུད་རྩིའི་ཆུ་གཏེར།next