Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
ཉམས་མགུར།
   
   
   
   
   
   
   
   
   
   
   
   
   
   
   


 
previousཉམས་མགུར།next

ཉམས་མགུར།


LT37_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷྱཿ །གངས་ཅན་བླ་མའི་སྐལ་པ་པདྨ་འབྱུང་། །ཁྱད་པར་ང་ཡི་སྐྱབས་གཅིག་མཚོ་སྐྱེས་རྗེ། །དབྱེར་མེད་དཔལ་ལྡན་བླ་མ་རིན་པོ་ཆེར། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྗེས་འཇུག་རྣལ་འབྱོར་ཕྱི་ཞིག་ནང་སྟོང་ངས། །མགོན་ཁྱོད་སྐྱབས་སུ་བསྙེན་པའི་བཀའ་དྲིན་ལས། །སྐད་སྙན་མེད་ཀྱང་གླུ་ཞིག་ལེན་སྙིང་འདོད། །སྦོབས་པ་དམན་ཀྱང་འཕྱོར་ཅིག་སྒྲོགས་སྙིང་འདོད། །རྣལ་འབྱོར་ང་ལ་ང་གཅིག་མི་ཟེར་ཏེ། །ཅོལ་ཆུང་ང་ནི་མཚན་ལྡན་བླ་མའི་བུ། །གཅིག་ཤེས་ཀུན་ལ་གྲོལ་བས་ནམ་མཁའ་འདྲ། །ཡང་དག་གཏུགས་ན་ཁབ་མིག་བཞིན་དུ་དོགས། །རིག་འཛིན་ང་ལང་ཅིག་མི་ཟེར་ཏེ། །སྔགས་འཆང་ང་ནི་ཨོ་རྒྱན་པདྨའི་རིགས། །ཡིན་རྟགས་ཤུགས་འབྱུང་བསྟན་དུས་གྲུབ་ཐོབ་འདྲ། །ཡང་དག་གཏུགས་ན་ནུས་མེད་ཐ་མལ་པ། །འཁྲུལ་ཞིག་ང་ལ་ང་ཅིག་མི་ཟེར་ཏེ། །ཅོལ་ཆུང་ང་ནི་སྒྲུབ་བརྒྱུད་བརྒྱད་སྲོལ་སྐྱོང་། །གང་ཡང་གཟའ་གཏད་མེད་པས་སྨྱོན་པ་འདྲ། །ཡང་དག་གཏུགས་ན་ཕ་ཝཾ་ལས་ཀྱང་ལྗིག །རྟོགས་ལྡན་ང་ལང་ཅིག་མི་ཟེར་ཏེ། །བླུན་སྒོ་མང་ནི་དྭགས་ཤངས་བཀའ་བརྒྱུད་པ། །བཟོ་མེད་གཉུག་མ་སྐྱོང་བས་གླེན་པ་འདྲ། །ཡང་དག་གཏུགས་ན་སྒོམ་པ་དབྱིངས་སུ་སྟོར། །བླ་མ་ང་ལ་ང་ཅིག་མི་ཟེར་ཏེ། །སེར་གཟུགས་ང་ནི་མཁས་གྲུབ་མང་པོའི་སྲས། །


LT37_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

མང་ཐོས་ལག་ལེན་བཏབ་པས་ཚོང་དཔོན་འདྲ། །ཡང་དག་གཏུགས་ན་བྱར་མེད་ནམ་མཁའི་ཀློང་། །དེ་རིང་ཁོག་ཏུ་མ་བསྐྱིལ་ཁ་ལ་གྱེར། ཁ་ལ་གྱེར་ཡང་གཏིང་ལ་ཅི་ཡང་མེད། །མེད་པའི་དབྱིངས་སུ་ཆོས་ཀུན་འུབ་ཀྱིས་རྫོགས། །འོད་གསལ་ཐིག་ལེ་ཆེན་པོར་ཕྱམ་བདལ་ལོ། །ཆོས་ཀུན་གདོད་ནས་མ་སྐྱེས་སྟོང་པ་ཉིད། །གར་ཡང་མི་འགག་ཅིར་ཡང་གནས་པ་མེད། །སྣང་ཙམ་མ་འགགས་རྟེན་ཅིང་འབྲེལ་འབྱུང་ཚུལ། །རྣལ་འབྱོར་ང་ཡི་ལྟ་བ་རང་སྟོང་ཡིན། །བརྗོད་དུ་མེད་ཀྱང་བརྗོད་པ་ཀུན་གྱི་གཞི། །འོད་གསལ་རང་བཞིན་འཁོར་འདས་ཀུན་ལ་ཁྱབ། །བརྟག་པས་མི་མཚོན་དཔྱད་པའི་བློས་མི་རེག །རྣལ་འབྱོར་ང་ཡི་སྒོམ་པ་གཞན་སྟོང་ཡིན། །རྟོག་པ་གློ་རྔེག་གང་དྲན་ཐད་ཀར་སྤྱོད། །འདོད་ཡོན་ལམ་ཁྱེར་རེ་དོགས་མཐའ་གཉིས་བཅད། །གཟུང་འཛིན་མདུད་པས་དབུ་མའི་དབྱིངས་སུ་གཞི་ལ། །རྣལ་འབྱོར་ང་ཡི་སྤྱོད་པ་ཞི་གཅོད་ཡིན། །མ་བཅོས་ཐ་མལ་ཤེས་པ་སྐད་ཅིག་མ། །རྟོགས་གྲོལ་དུས་མཉམ་གང་ཤར་ཆོས་ཀྱི་སྐུ། །ཡེངས་མེད་སྒོམ་མེད་རང་བབ་གཉུག་མའི་འགྲོས། །རྣལ་འབྱོར་ང་ཡི་ཉམས་ལེན་ཕྱག་ཆེན་ཡིན། །ཡེ་ནས་འཁྲུལ་མ་མྱོང་བས་གྲོལ་རྒྱུ་མེད། །སྟོང་གསལ་ཟུང་འཇུག་སྐུ་གསུམ་གཤིས་ལ་རྫོགས། །སེམས་ཀྱི་གོས་བྲལ་རིག་སྟོང་རྗེན་པའི་ངང་། །རྣལ་འབྱོར་ང་ཡི་སྙིང་ཐིག་རྫོགས་ཆེན་ཡིན། །


LT37_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་དག་དབྱིངས་ཀྱི་རང་བཞིན་ཡངས་པ་ཆེ། །ཀློང་ཡངས་ནམ་མཁའ་གཞི་མེད་རྩ་བ་བྲལ། །ཕྱོགས་སུ་མ་ལྷུང་གར་ཡང་རྒྱ་མ་ཆད། །རྣལ་འབྱོར་ང་ནི་རང་སྣང་རིས་མེད་ངང་། །རང་བྱུང་རིག་པའི་རྒྱལ་པོ་བདལ་ས་ཆེ། །ཐིག་ལེ་བདལ་བས་མཐའ་དབུས་མེད་པར་ཁྱབ། །དགག་ཏུ་མེད་ཅིང་བསྒྲུབ་བྱར་ཙམ་མ་མཆིས། །རྣལ་འབྱོར་ང་ཡི་རིག་པ་རང་སར་གྲོལ། །གནས་ལུགས་གང་ཡང་དབྱིངས་ལས་གཡོས་པ་མེད། །སྣང་ལུགས་ཐམས་ཅད་རིག་པའི་རྩལ་དུ་ཤར། །ཡིན་ལུགས་ཤེས་ན་ཀུན་ཀྱང་དེ་བཞིན་ཉིད། །རྣལ་འབྱོར་རྟོགས་ཚོགས་དབྱིངས་ཀྱི་རྒྱན་དུ་རྫོགས། །འཁོར་འདས་སྣང་བ་མ་སྐྱེས་གཉུག་མའི་ངང་། །ཟང་ཐལ་རིག་པ་འགག་མེད་འོད་དུ་གསལ། །ཟུང་འཇུག་གང་ཡང་ཡིན་ལ་ཅིར་ཡང་མིན། །རྣལ་འབྱོར་གནས་ལུགས་ཅོག་བཞག་ཀློང་དུ་བདེ། །རང་རིག་ཡེ་ཤེས་ཀུན་ཁྱབ་འོད་དུ་གསལ། །ལེགས་པར་སྨིན་པས་རང་སྣང་ལྷ་སྐུར་ཤར། །གདོད་མའི་དབྱིངས་སུ་འཁྲུལ་པ་བཙན་ཐབས་སངས། །རྣལ་འབྱོར་གཅེར་མཐོང་ཀློང་དུ་གཏད་མེད་གྲོལ། །སུས་ཀྱང་མ་བཅིངས་ཅིས་ཀྱང་བཀྲོལ་བ་མེད། །སོར་བཞག་རྒྱལ་པོ་ཡེ་བབས་ལྷུན་འབྱམས་ངང་། །གཏད་མེད་ངང་དུ་བྱར་མེད་གཉིད་ལོག་པས། །རྣལ་འབྱོར་དྲན་པའི་བརྟོད་ཕུར་དབྱིངས་སུ་སྟོར། །འཇུར་བུའི་


LT37_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

མདུད་པ་རང་བབ་ངང་དུ་གྲོལ། །དྲན་པའི་དམིགས་གཏད་ཆོས་ཉིད་དབྱིངས་སུ་ཞིག །ཀློང་ཡངས་ཆེན་པོར་ཡེ་ཤེས་ཕྱམ་བདལ་བས། །རྣལ་འབྱོར་སེམས་ལ་རྩིས་གདབ་གང་ཡང་མེད། །ཡུལ་སྣང་འདོད་ཡོན་ལྔ་ཡི་དགའ་མ་ལ། །རང་གྲོལ་རིག་པའི་སྐྱེས་བུས་རྟག་ཏུ་འཁྱུད། །བླང་དོར་གཉིས་མེད་བདེ་བ་ཆེན་པོར་འབྱམས། །རྣལ་འབྱོར་ཐབས་ཀྱི་ལམ་ལས་རྣམ་པར་གྲོལ། །ལྟ་བས་མ་བསླད་སྒོམ་པའི་འཆིང་བ་བྲལ། །སྤྱོད་པས་མ་བཅོས་གནས་ལུགས་གདོད་མའི་གཤིས། །ནམ་མཁའི་ཀློང་དུ་རྟོག་པའི་སྤྲིན་རིས་ཡལ། །རྣལ་འབྱོར་གཉེར་ཁ་མེད་པས་ཅི་བྱས་བདེ། །གཞི་ལམ་འབྲས་བུའི་མཚན་འཛིན་རི་བོང་རྭ། །ཆོས་དང་ཆོས་ཅན་རྣམ་འབྱེད་མོ་གཤམ་བུ། །འཁྲུལ་གྲོལ་སྤང་གཉེན་ནམ་མཁའི་པདྨོ་བཞིན། །རྣལ་འབྱོར་ལྟ་བ་མེད་པའི་དབྱིངས་སུ་རྫོགས། །རིག་པའི་ཡེ་ཤེས་རྒྱར་ཆད་ཕྱོགས་ལྷུང་བྲལ། །བརྟན་གཡོ་འཁོར་འདས་ཀུན་ལ་མཁའ་ལྟར་ཁྱབ། །ལྷུན་འབྱམས་བདལ་ས་ཆོས་ཉིད་ཡངས་པ་ཆེ། །རྣལ་འབྱོར་སྒོམ་པ་ཕྱལ་པའི་དབྱིངས་སུ་རྫོགས། །དགག་སྒྲུབ་རྟོག་པ་ཀ་དག་ཆེན་པོའི་ངང་། །བྱ་རྩོལ་མཚན་མ་སྨྲ་བསམ་བརྗོད་བྲལ་ཀློང་། །འོད་གསལ་ཐིག་ལེ་ཉག་གཅིག་འུབ་ཆུབ་པས། །རྣལ་འབྱོར་སྤྱོད་པ་གཅིག་པུའི་དབྱིངས་སུ་རྫོགས། །འཁོར་བ་མ་སྤངས་ཅིར་སྣབ་རྒྱལ་བའི་ཞིང་། །མྱང་འདས་མ་བཙལ་ཐམས་ཅད་


LT37_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ལ་རྫོགས། །རྩེ་མོ་བྱུང་རྒྱལ་གྲོལ་སར་ངང་གིས་སྙེགས། །རྣལ་འབྱོར་འབྲས་བུ་ལྷུན་གྲུབ་དབྱིངས་སུ་རྫོགས། །དང་པོ་འདུ་བྱེད་རྟོག་པས་ལྷ་སྐུ་བཅོས། །བར་དུ་རང་གསལ་མ་འགགས་ལྷག་གེར་ཤར། །ཐ་མ་ཅིར་སྣང་རང་བྱུང་ལྷ་རུ་ཤེས། །རྣལ་འབྱོར་སྤྲོས་བཅས་བསྐྱེད་པའི་རིམ་པ་ཡིན། །དང་པོ་གོ་བའི་སྟོང་ཉིད་བློ་ཕུག་གཏད། །བར་དུ་བྱིན་རླབས་ལས་འཕྲོས་རང་ཞལ་མཐོང་། །ཐ་མ་དབྱིངས་ལས་རིག་པའི་ཡེ་ཤེས་སད། །རྣལ་འབྱོར་སྤྲོས་མེད་རྫོགས་པའི་རིམ་པ་ཡིན། །སྣང་བའི་ངོ་བོ་གཤིས་ལུགས་བབས་ཀྱིས་སྟོང་། །སྟོང་པའི་རང་མདངས་མ་འགགས་ཅིར་ཡང་སྣང་། །རྒྱས་གདབ་མི་དགོས་གདོད་ནས་ལྷུན་གྱིས་གྲུབ། །རྣལ་འབྱོར་བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་ཡིན། །སོ་ཐར་སྤྱོད་དུས་མངོན་ལྐོག་ཁྱད་པར་ཆེ། །བྱང་སེམས་བསླབ་དུས་རང་ཉིད་ཉམས་ཀྱིས་དོགས། །སྔགས་དུས་ཕྱི་ནང་དཀྱིལ་འཁོར་གསུམ་དང་བྲལ། །རྣལ་འབྱོར་སྡོམ་གསུམ་ལྡན་པའི་རྣམ་ཐར་ཡིན། །རང་དོན་ཞེ་ལ་བཞག་ནས་ཆོས་གཟུགས་བྱས། །གཞན་དོན་མི་འགྲུབ་བཞིན་དུ་དཀོར་ནག་ཟོས། །ནམ་ཕུག་སྙིང་པོ་མེད་ཀྱང་བྱ་བྱེད་མང་། །རྣལ་འབྱོར་རང་མགོ་རང་གཡོགས་གྱ་མ་དོ། །བསླབ་ཤེས་མང་ཡང་མཁས་པའི་ལག་རྗེས་ཆུང་། །མཚམས་སྒྲུབ་བྱས་


LT37_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་གྲུབ་པའི་རྩལ་མ་རྫོགས། །འཆད་ཉན་མང་ཡང་བརྒྱུད་འཛིན་སློབ་མ་དཀོན། །རྣལ་འབྱོར་ཅི་བྱས་ཅང་མེད་ཡུག་ས་རྐྱང་། །རྟོགས་པའི་གདིང་གིས་རྐྱེན་ངན་སྟོབས་མི་ཆོམས། །རིག་པའི་རྩལ་གྱིས་བརྟུལ་ཞུགས་སྤྱོད་མི་ནུས། །དགོངས་པའི་སྟོབས་ཀྱིས་འཁྲུལ་སྣང་ཟིལ་མི་ནོན། །རྣལ་འབྱོར་རྒྱལ་པོ་ལྟ་བ་ཁ་ཁྱེར་ལགས། །མཁས་པའི་ཁོག་པ་ཐ་སྙད་ཚྭ་ཆུས་སྦོས། །གྲུབ་པའི་སྤྱོད་པ་ཁྱི་ཕག་རྗེས་སུ་འབྲང་། །བཙུན་པ་ཚུལ་ཁྲིམས་མཆོག་འཛིན་ལམ་དུ་ཁྱེར། །སྙིགས་དུས་བདག་འདྲའི་ངང་ཚུལ་བཤད་ཅི་འཚལ། །བཤད་ལུགས་བལྟས་ན་སུ་ཡང་སངས་རྒྱས་དངོས། །བྱེད་ལུགས་བལྟས་ན་ཐམས་ཅད་སེམས་ཅན་ཉིད། །ང་དང་ང་འདྲ་རྣམས་ལ་ཅི་ཞིག་སྨོས། །བརྗོད་མེད་དབྱིངས་སུ་གྲོལ་བའི་བཀྲ་ཤིས་ཤོག །མིང་མ་ཡིན་དོན་གྱི་ཀུན་སྤོང་བ །དད་དམ་ལྡན་འཇམ་དབྱངས་དགེ་ལེགས་གང་། །འཕྲལ་འཁོར་བ་སྤངས་ནས་ཆོས་སྒོར་ཞུགས། །ཚིག་ཐ་སྙད་མ་སྦྱངས་སྒྲུབ་ལ་བརྩོན། །སེམས་བླུན་སྒོམ་མ་བྱས་སྒྲོ་འདོགས་བཅད། །རྒྱུ་བསགས་སྦྱངས་རིམ་པ་མཐའ་རུ་ཕྱིན། །རྐྱེན་བླ་མ་ཡི་དམ་བྱིན་རླབས་ཀྱིས། །དོན་རྟོགས་པའི་རང་ཞལ་མཇལ་བ་ཡི། །མགྲོན་དགའ་སྟོན་ཟང་ཟིང་མི་འདུག་ཀྱང་། །ཐུགས་བཞེད་བཞིན་པདྨ་གར་དབང་པས། །གནས་བདེ་གཤེགས་འདུས་པའི་རྫོང་ཤོང་དུ། །


LT37_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ངས་མེད་དོ་ཧས་རང་མཚངས་ཕུད། །གླུ་འབྲེལ་མེད་རང་བྱུང་སྨྲས་པ་ཡིས། །དེང་ཕྱིན་ཆད་རྟོགས་པའི་ཡེ་ཤེས་ནི། །དཔལ་ཡར་ངོའི་ཟླ་བཞིན་གོང་དུ་འཕེལ། །གཞི་ཐོག་ཏུ་དགོངས་པའི་རྩལ་རྫོགས་ཤོག །མངྒ་ལཾ།། ༈ །།གཞི་མེད་ཀློང་གྲོལ་བླ་མ་ཀུན་ཏུ་བཟང་། །རང་རིག་ངོ་བོར་འབྲལ་མེད་གསོལ་བ་འདེབས། །བདག་དང་རིགས་དྲུག་འཁོར་བའི་སེམས་ཅན་རྣམས། །གཞི་མེད་ཀློང་དུ་གྲོལ་བར་བྱིན་གྱིས་རློབས། །འཁོར་འདས་ལམ་གསུམ་ཀུན་ཏུ་བརྟགས་པའི་ཆོས། །སྟོང་པའི་དབྱིངས་ལས་གསལ་བའི་རིག་རྩལ་དུ། །ཤར་ཡང་མཁའ་ལ་འབྱུང་བཞིའི་འདུ་འགོད་ལྟར། །གདོད་མ་ཉིད་ནས་གཞི་མེད་ཀློང་གྲོལ་ལོ། །ཕུང་པོ་ལྔས་བསྡུས་འཁོར་བའི་ཆོས་རྣམས་དང་། །སྐུ་དང་ཞིང་ཁམས་མྱང་འདས་འཛིན་པ་ཡང་། །རྟོག་འཁྲུལ་སྔགས་ཀྱིས་བསླད་པའི་གཉིས་སྣང་སྟེ། །སྒྱུ་མ་ལྟ་བུར་གཞི་མེད་ཀློང་གྲོལ་ལོ། །ཡེ་གཞིའི་གཤིས་ལ་ཅིར་ཡང་གྲུབ་པ་མེད། །བདག་ཏུ་རྟོག་ལས་རང་མདངས་གཞན་ཏུ་སྣང་། །སྣང་ཡང་བདེན་པར་མ་གྲུབ་དྲི་ཟ་ཡི། །གྲོང་ཁྱེར་ལྟ་བུར་གཞི་མེད་ཀློང་གྲོལ་ལོ། །དབྱིངས་ལས་རིག་རྩལ་གཡོས་པའི་སྐད་ཅིག་མར། །གཉིས་འཛིན་སེམས་ཀྱི་རྟེན་འབྲེལ་ལུ་གུ་བརྒྱུད། །འབྱུང་ལྡོག་སྤེལ་མ་འདི་ཡང་འཇའ་ཚོན་ནི། །ཆུ་ཟླ་ལྟ་བུར་གཞི་མེད་ཀློང་གྲོལ་


LT37_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །སྐྱེ་བཞི་ལམ་རྒྱུད་ལྔས་བསྡུས་འཁོར་བ་པ། །དོན་གྱི་དབྱིངས་ལ་གསལ་འགྲིབ་མེད་བཞིན་ཏུ། །བདག་འཛིན་ནད་ཀྱིས་བསྒྲིབས་པས་ལོག་པར་མཐོང་། །མིག་གཡོར་ལྟ་བུར་གཞི་མེད་ཀློང་གྲོལ་ལོ། །བདག་དང་བདག་གིར་འཛིན་པའི་གཟུགས་ཕུང་རྣམས། །ཐོག་མེད་བག་ཆགས་རིང་དུ་གོམས་པའི་མཐུ། །དོན་ཏུ་མེད་པ་གསལ་བ་མེ་ལོང་གི། །གཟུགས་བརྙན་ལྟ་བུར་གཞི་མེད་ཀློང་གྲོལ་ལོ། །སྒྲ་སྐད་སྙན་དང་མི་སྙན་འཛིན་པ་ཡི། །བླང་དོར་འདིས་ཀྱང་ཅོལ་ཅུང་བྱིས་པ་སླུ། །གཅིག་ལ་གཅིག་བརྟེན་རང་བཞིན་མེད་པའི་ངག །བྲག་ཆ་ལྟ་བུར་གཞི་མེད་ཀློང་གྲོལ་ལོ། །ཝལ་པོ་རྗེས་མེད་རྣམ་རྟོག་ཆུ་གཉེར་ལ། །ཟད་དུ་མེད་པས་བརྩི་བགྲང་བྱེད་པ་འཁྲུལ། །དགོན་པའི་རི་དྭགས་སྨིག་རྒྱུའི་མཚངས་རིག་ལྟར། །རང་མཚངས་རྟོགས་ན་གཞི་མེད་ཀློང་གྲོལ་ལོ། །དགའ་བས་སེམས་དང་སྡུག་བསྔལ་ཡིད་གདུང་བ། །བར་མ་བཏང་སྙོམས་གྱུར་པའི་ཚོར་བ་ཀུན། །ཡོད་པ་ལྟར་སྣང་མི་བརྟན་འཕོ་ཞིང་འགྱུར། །ཟིལ་པ་ལྟ་བུར་གཞི་མེད་ཀློང་གྲོལ་ལོ། །མཚན་མེད་དབྱིངས་ཀྱི་རྒྱ་མཚོ་གཏིང་ཟབ་ལས། །མཚན་འཛིན་བློ་ཡི་ཆུ་བུར་རྐྱེན་གྱིས་བརྡོལ། །འདུ་ཤེས་ཡངས་དོགས་སྡུག་བསྔལ་ཉེར་ལེན་ཀྱང་། །རང་སར་བཞག་ན་གཞི་མེད་ཀློང་གྲོལ་ལོ། །ཆོས་ཉིད་འདུས་མ་བྱས་པའི་ནམ་མཁའ་ལས། །གཟུང་འཛིན་དབང་གིས་


LT37_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བྱེད་སྤྲིན་ཚོགས་འཁྲིགས། །གཅིག་ལས་མང་འཕེལ་ལས་ཉོན་ཆར་པ་བབས། །རྩབ་ཆོད་ན་གཞི་མེད་ཀློང་གྲོལ་ལོ། །ཆགས་སྡང་རྨོངས་སོགས་གློ་བུར་ཉོན་མོངས་སེམས། །རྗེས་སུ་འབྲང་དང་སྤང་སྒྱུར་ཐབས་ཀྱང་འཁྲུལ། །སྐད་ཅིག་རྐྱེན་བྱུང་གློག་གི་གར་མཁན་འདྲ། །རང་ངོ་ཤེས་ན་གཞི་མེད་ཀློང་གྲོལ་ལོ། །གང་ནས་མ་འཕོས་ཅིར་ཡང་མི་དམིགས་ཀྱང་། །རྟོག་འཁྲུལ་དབང་གིས་བདེ་སྡུག་སྣ་ཚོགས་སྤྱོད། །ལས་དང་ལས་ཀྱི་འབྲས་བར་བཅས་པ་ཡང་། །རྨི་ལམ་ལྟ་བུར་གཞི་མེད་ཀློང་གྲོལ་ལོ། །རྟོག་པས་བྲིས་པའི་བཟང་ངན་རི་མོ་ཀུན། །བདེན་པར་བཟུང་ན་ཐོག་མཐའ་མེད་པར་འཁོར། །རྩ་བ་ཆོད་ན་མཁན་པོ་མི་རྙེད་པས། །གཉིས་སྣང་ཐམས་ཅད་གཞི་མེད་ཀློང་གྲོལ་ལོ། །རྣམ་རྟོག་ཇི་ལྟར་ཤང་ཡང་འཁྲུལ་པའི་སེམས། །དེ་ལ་བལྟས་པས་ཆོས་ཉིད་དོན་མི་མཐོང་། །གཤིས་ལུགས་ངང་དུ་ཙམ་གྱིས་བཞག་པ་ན། །རང་རིག་རྒྱལ་པོ་གཞི་མེད་ཀློང་གྲོལ་ལོ། །འོད་གསལ་གཤིས་ཀྱི་གནས་ལུགས་འགྱུར་བ་མེད། །ཡེ་ཤེས་ཡངས་པའི་སྤྱོད་ཡུལ་བསམ་མི་ཁྱབ། །ལྟར་མེད་སྒོམ་མེད་བྱ་རྩོལ་ལས་འདས་པའི། །ཅོག་བཞག་ཆེན་པོར་གཞི་མེད་ཀློང་གྲོལ་ལོ། །རང་གྲོལ་ཉིད་མ་བསྐྱར་གྲོལ་མ་དགོས་པས། །ལྷུག་པར་གནས་པས་རང་རིག་གཞི་ལ་རྫོགས། །མ་བཙལ་ལྷུན་གྲུབ་འབྲས་བུ་


LT37_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལས་རྙེད། །གདོད་མའི་དབྱིངས་སུ་གཞི་མེད་ཀློང་གྲོལ་ལོ། །གནས་མཆོག་བདེ་གཤེགས་འདུས་པའི་རྫོང་ཤོད་དུ། །ལུགས་གཉིས་བྱ་བཞག་གཞི་མེད་ཀློང་གྲོལ་བ། །བློ་གྲོས་མཐའ་ཡས་སེམས་ལ་ཤར་ནས་སྨྲས། ཁམས་གསུམ་འཁོར་བ་གཞི་མེད་ཀློང་གྲོལ་ཤོག། ༈ །།རྩེ་མོ་བྱུང་རྒྱལ་འདི་རྫོགས་ཆེན་གྱི་ལྟ་བ། །ལྟ་བའི་རྩེ་མོ་ནི་ཆོས་ཉིད་ལ་ཐུག་པས། །བློས་བྱས་ལྟ་བ་ཡིས་ཆ་ཙམ་ཡང་མི་ཕྱིན། །ཀ་དག་བྱུང་རྒྱལ་གྱིས་འཁོར་འདས་ཀུན་ཟང་ཐལ། །ཀློང་ཡངས་ཕྱམ་བདལ་གྱི་གཤིས་ལུགས་འདི་བདེའོ། །རྩེ་མོ་བྱུང་རྒྱལ་འདི་རྫོགས་ཆེན་གྱི་སྒོམ་པ། །སྒོམ་པའི་རྩེ་མོ་ནི་དབྱིངས་རིག་ལ་ཐུག་པས། །ཡིད་དཔྱོད་སྒོམ་པ་ཡིས་ཆ་ཙམ་ཡང་མི་ཕྱིན། །ལྷུན་གྲུབ་བྱུང་རྒྱལ་གྱིས་ཅིར་སྣང་ཀུན་འོད་གསལ། །རང་སྣང་རིས་མེད་ཀྱི་ལྟད་མོ་འདི་མཚར་རོ། །རྩེ་མོ་བྱུང་རྒྱལ་འདི་རྫོགས་ཆེན་གྱི་སྤྱོད་པ། །སྤྱོད་པའི་རྩེ་མོ་ནི་རང་བབ་ལ་ཐུག་པས། །མཚན་འཛིན་སྤྱོད་པ་ཡིས་ཆ་ཙམ་ཡང་མི་ཕྱིན། །མ་བཅོས་བྱུང་རྒྱལ་གྱིས་བླང་དོར་ཀུན་མཉམ་ཉིད། །རང་ཤར་རང་གྲོལ་གྱི་བློ་བདེ་འདི་སྐྱིད་དོ། །རྩེ་མོ་བྱུང་རྒྱལ་འདི་རྫོགས་ཆེན་གྱི་འབྲས་བུ། །འབྲས་བུའི་རྩེ་མོ་ནི་ཡེ་གཞི་ལ་ཐུག་པས། །འཆི་གྲོལ་རྩོལ་སྒྲུབ་ཀྱིས་ཆ་ཙམ་ཡང་མི་ཕྱིན། །བཙལ་མེད་བྱུང་རྒྱལ་གྱིས་འཁོར་འདས་ཀུན་


LT37_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད། །ཡེ་ཤེས་རང་གསལ་གྱི་དགོངས་པ་འདི་མཐོའོ། །རྩེ་མོ་བྱུང་རྒྱལ་འདི་རྫོགས་ཆེན་གྱི་རྣལ་འབྱོར། །རྣལ་འབྱོར་རྩེ་མོ་ནི་བློ་བྲལ་ལ་ཐུག་པས། །ཡིན་སྙོམ་སྒོམ་ཆེན་གྱིས་ཆ་ཙམ་ཡང་མི་ཕྱིན། །རྩིས་མེད་བྱུང་རྒྱལ་གྱིས་སྣང་སེམས་ཀུན་ལ་ཟླ། །གུ་ཡངས་རྒྱ་ཡན་གྱི་ཉམས་ལེན་འདི་ཟབ་བོ། །རྫོགས་པ་ཆེན་པོ་ནི་ལྟ་སྒོམ་གྱི་ཡང་རྩེ། །རྣལ་འབྱོར་ང་རང་ནི་ཐ་མལ་གྱི་གྲལ་མཐའ། །སྐྱིད་སྡུག་མེད་ངང་ལ་མི་ཚེ་འཁྱམས་པས། །རྩ་རྩེ་གོ་ལོག་ཏུ་འབྱུང་ཉེན་འདུག་གོ། །རྫོགས་པ་ཆེན་པོ་ལ་ཐམས་ཅད་རྫོགས་ཀྱང་། །ཡིད་དཔྱོད་ལ་སྒོམ་ཅན་རྫོགས་དུས་མི་འདུག །ད་ནི་བློས་བྱས་ཀྱི་ཁུར་པོ་བོར་ལ། །བྱར་མེད་ཀློང་ཡངས་ཀྱི་མལ་དུ་ཉོལ་ཅིག །རེ་མེད་དོགས་མེད་ཀྱི་སྡོད་ཚུགས་ཟིན་ན། །རྩ་རྩེ་གཉིས་པོ་ཡང་གཞི་མེད་རྩ་བྲལ། །གང་སྣང་ཆོས་ཉིད་ཀྱི་ཡོ་ལངས་ཆེན་པོར། །མཉམ་རྫོགས་ཕྱལ་པ་ཡི་གྲུབ་མཐར་སྙེག་གོ། །བན་རྒན་སྨྱོ་ཚབ་ཅན་པདྨ་གར་དབང་། །ཐོལ་བྱུང་ཉམས་ཤར་གྱི་སྲིན་བུའི་སུག་རྗེས། །རྟོག་པའི་ཆུ་གཉེར་ལ་ཟད་མཐའ་མེད་ཀྱང་། །ཟེགས་མ་ཕྲ་མོ་འདི་འཐོར་ནས་ཐལ་ལོ།། །།སརྦ་མངྒ་ལཾ།། །།


previousཉམས་མགུར།next