Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
ཞལ་གདམས་ཁ་བྱང་།
   
   
   
   
   
   
   
   
   
   
   
   
   


 
previousཞལ་གདམས་ཁ་བྱང་།next

ཞལ་གདམས་ཁ་བྱང་།


LT37_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། །ཆོས་ཀུན་རྩ་བ་སེམས་ཡིན་པས། །རང་སེམས་ངོ་བོ་སྐྱོང་ནུས་ན། །བསློབ་གཉེར་གང་ཡང་བྱ་མི་དགོས། །བློ་གསལ་སྤྲོས་པ་ཕྱི་རུ་བཅད། །མི་ཚེར་བསླབ་སྦྱངས་བྱས་ན་ཡང་། །ཀུན་ཤེས་གཅིག་རྡུག་གྱུར་པ་མང་། །སྒོམ་ཆེན་སྤྲོས་པ་ནང་ནས་བཅད། །ནམ་ཞིག་གནས་ལུགས་རྟོགས་པའི་ཚེ། །གཅིག་ཤེས་ཀུན་གྲོལ་ཉིད་དུ་འགྱུར། །ངོ་བོ་ཡོད་པ་མ་ཡིན་ཏེ། །རྒྱལ་བས་ཀྱང་ནི་མ་གཟིགས་གསུངས། །ཡོད་དོ་སྙམ་ན་རྟག་པའི་མཐའ། །རང་བཞིན་མེད་པ་མ་ཡིན་ཏེ། །གསལ་ཆ་འཁོར་འདས་ཀུན་གྱི་གཞི། །མེད་དོ་སྙམས་ན་ཆད་པའི་མཐའ། །མཐར་འཛིན་མུ་སྟེགས་ལྟ་དང་མཚུང་། །ངོ་བོ་ཤེས་མཁན་དྲན་རིག་ཡིན། །དེ་ཉིད་ལས་དང་པོ་ལ་གཅེས། །དྲན་པ་རང་ཡལ་སོང་བའི་ཚེ། །གོམ་འདྲིས་བརྟན་པ་ཐོབ་བའི་ཚེ། །ཆོས་ཉིད་ངང་དུ་འབྱམས་པ་ལ། །དྲན་པ་ལོགས་སུ་ཚོལ་མི་དགོས། །བསྒོམ་རྒྱུ་ཅི་ཡང་མེད་པ་ལ། །ཡེ་ནས་ཡེངས་མ་མྱོང་བ་ནི། །མཉམ་བཞག་རྗེས་ཐོབ་འདྲེས་མ་ཡིན། །དེ་ལ་ངེས་ཤེས་ཐག་ཆོད་དགོས། །སེམས་ལ་གཉིས་སྣང་མེད་ན་ཡང་། །ཡུལ་སྣང་དབྱིངས་དང་མ་ཁྲོལ་ན། །ད་རུང་སྤྲོས་བྲལ་ཁ་འབྱམས་རྟགས། །སྣང་བའི་སྟེང་དུ་འཕྲིག་ཚུད་ནས། །སྣང་སེམས་གཅིག་ཏུ་འདྲེས་པའི་ཚེ། །རོ་གཅིག་མངོན་དུ་གྱུར་པའི་རྟག །


LT37_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སེམས་ཆོས་ཉིད་དབྱིངས་སུ་སྟོང་། །བྱ་རྒྱུ་མེད་ཀྱང་བྱས་གོ་ཆོད། །བསྒོམ་རྒྱུ་མེད་ཀྱང་ཐེ་ཚོམ་ཟད། །བྱ་དང་མི་བྱའི་དགག་སྒྲུབ་མེད། །བསྒོམ་མེད་རྒྱལ་ས་ཟིན་ཉེའི་རྟགས། །བླུན་སྒོམ་ཨུ་ཚུགས་ཅན་འགའ་རེ། །མི་ཚེ་ཞི་གནས་ཙམ་པོ་དང་། །ལྷག་མཐོང་རྟོག་མེད་ངང་ལ་འབྱམས། །གནས་ལུགས་མངོན་དུ་གྱུར་དུས་མེད། །སྐལ་ལྡན་འགའ་ཞིག་ལོ་ཟླས་ཀྱང་། །ཉམས་རྟོགས་ཡར་ངོའི་ཟླ་བཞིན་འཕེལ། །ཆོས་ཉིད་བདེན་པ་མངོན་དུ་གཟིགས། །སྔོན་གྱི་བསགས་རྒྱབ་ཆེ་ཆུང་དང་། །མོས་གུས་སྙིང་རྗེའི་ཁྱད་པར་གདའ། །ཁྱེད་ནི་སྐལ་ལྡན་བརྩོན་འགྲུས་ཆེ། །ཚེ་གཅིག་ཉམས་ལེན་བྱས་པའི་འབྲས། །རྟོགས་པ་ཀློང་དུ་གྱུར་ངེས་པས། །ང་རྒྱལ་མེད་པའི་ངེས་ཤེས་དང་། །མོས་གུས་སྙིང་རྗེས་བོགས་བཏོན་ནས། །ས་ལམ་མཐའ་རུ་དབྱུང་བར་མཛོད། །དེ་སྐད་ཕྱོགས་མེད་སྒྲུབ་པ་པོ། །རྟོགས་ལྡན་ཆོས་གྲགས་གསུང་ལན་དུ། །བློ་གྲོས་མཐའ་ཡས་ཀུ་སཱ་ལིས། །ཙཱ་འདྲ་རིན་ཆེན་བྲག་གི་མདུན། །དབེན་ཁྲོད་ཀུན་བདེ་གླིང་ནས་ཕུལ། །མངྒ་ལཾ།། ༈ །།ན་མོ་གུ་རུ། །སེམས་ཀྱིས་སེམས་ལ་བལྟས་པའི་ཚེ། །ངོ་བོ་སྟོང་པ་མཁའ་འདྲ་ཡང་། །བེམ་སྟོང་ཅང་མེད་མ་ཡིན་པར། །རང་བཞིན་གསལ་ཆ་ལྷག་གེ་བ། །སྟོང་གསལ་རྩལ་ལས་བཟང་ངན་གྱི། །རྣམ་རྟོག་སྣང་ཚུལ་ཅི་ཡང་འཆར། །ཤར་ཡང་


LT37_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ལས་གཡོས་པ་མེད། །དེ་ཡི་ངོ་བོ་རིག་ཙམ་ལས། །བཅོས་མེད་རང་སོར་བཞག་པའི་ཚེ། །རྣམ་རྟོག་མི་འཕྲོ་རང་བཞིན་གནས། །བདེ་གསལ་མི་རྟོག་ཉམས་འཆར་བ། །ཞི་གནས་ཞེས་བྱ་སྒོམ་གྱི་རྐང་། །དྲན་ཤེས་བརྟན་པས་གནས་སམ་འགྱུ། །རང་ངོ་རིག་ཐོག་དབྱིངས་སུ་གྲོལ། །ལྷག་མཐོང་ཞེས་བྱ་སྒོམ་གྱི་མིག། གནས་འགྱུ་འདོར་ལེན་མི་དགོས་པར། །གང་ཤར་དེ་ཀས་ཆོག་པ་ནི། །ཞི་ལྷག་དབྱེར་མེད་བསྒོམ་གྱི་མཐིལ། །དེ་ཙམ་ཤེས་ཤིང་སྐྱོང་བ་ཡི། །རྟོགས་ལྡན་མིང་ཐོགས་མང་ན་ཡང་། །མི་རྟག་རྒྱུད་ལ་མ་སྐྱེས་ཤིང་། །ཚེ་འདིའི་སྣང་བས་བློ་འཕྲོག་པས། །བརྟན་པ་ཐོབ་པའི་གང་ཟག་དཀོན། །ལོངས་མེད་རྒྱུད་ལ་སྐྱེས་པའི་མི། །བློ་སྣ་ཆོས་སུ་ཤུགས་ཀྱིས་འགྲོ། །ཉིན་མོ་གཡེང་བས་བར་མི་ཆོད། །རྒྱུ་དེས་མཚན་སྣང་རྩོལ་མེད་གྲོལ། །ཉིན་མཚན་འདྲེས་པའི་རྣལ་འབྱོར་དེ། །འཆི་བ་འོད་གསལ་ཆོས་སྐུར་གྲོལ། །བར་དོའི་འཕྲང་ལ་དེ་མི་བགྲོད། །ཆོས་སྐུའི་རྩལ་ལས་གཟུགས་སྐུར་ཤར། །སངས་རྒྱས་མཛད་པ་ལྷུན་འགྲུབ་འགྱུར། །འཁོར་འདས་གཉིས་ཀྱི་ས་མཚམས་ནི། །རིག་དང་མ་རིག་ཁོ་ན་ཡིན། །རིག་བྱ་ཆོས་དབྱིངས་དེ་བཞིན་ཉིད། །ཆོས་ཀུན་རྩ་བ་རང་གི་སེམས། །སེམས་ལ་མཐོང་བྱའི་ཡུལ་དང་ནི། །མཐོང་བྱེད་ཡུལ་ཅན་མེད་མོད་ཀྱང་། །སེམས་ཀྱི་རང་རྩལ་འགགས་


LT37_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ། །འཕྲོ་འདུའི་རྣམ་རྟོག་ལྟ་བ་ཡིན། །འཁོར་འདས་སྣང་བ་ཇི་སྙེད་ཀུན། །རྣམ་རྟོག་སྐད་ཅིག་མ་ཡི་གཟུགས། །རྟོག་པའི་རྗེས་སུ་འབྲང་བ་ན། །འཁོར་བའི་འཁྲུལ་པ་ལུ་གུ་རྒྱུད། །ཐོག་མ་མེད་ནས་རྒྱུན་མ་ཆད། །ད་རུང་དེ་ལ་མཐའ་ཡོད་མིན། །རྟོག་པའི་རང་ངོར་བལྟས་པའི་ཚེ། །སྟོང་པ་ཉིད་ཀྱི་ངང་དུ་གྲོལ། །འཁྲུལ་སྣང་ཐམས་ཅད་དབྱིངས་སུ་འགག །དེ་ཉིད་ཞི་བ་མྱ་ངན་འདས། །བདེན་པ་མཐོང་བའི་རྣལ་འབྱོར་ལ། །རིག་དང་མ་རིག་ཁྱད་མེད་ཀྱང་། །ལས་དང་པོ་ཡི་གང་ཟག་རྣམས། །ཉམས་ལེན་ཡོད་མེད་འདིར་ཐུག་པས། །དུས་རྒྱུན་རང་ངོ་རིག་པར་གྱིས། །དེ་ལ་དྲན་ཤེས་གནད་དུ་ཟབ། །མཁར་མདོ་དགེ་སློང་དགེ་སྦྱོང་མཆོག །བྱམས་པ་ཏིང་འཛིན་ཐུགས་བཞེད་ལྟར། །བློ་གྲོས་མཐའ་ཡས་བློར་ཤར་བ། །གྲུ་གུ་གཏེར་རྫོང་གནས་སུ་བྲིས། །ཉིད་དང་གཞན་ལའང་ཕན་ཐོགས་ནས། །སྲིད་ཞི་མཉམ་ཉིད་ངང་གྲོལ་ཤོག །དགེ་ལེགས་འཕེལ། །ཨ་ཧོ། །གཏད་མེད་རྣལ་འབྱོར་ང་ནི་གང་ཤར་ཐུག་འཕྲད་དུ་སྤྱོད་པ། །བཙུན་གཟུགས་སྨྱོན་པ་ང་ནི་ངོ་ཚ་འཛེམ་བག་དང་བྲལ་བ། །རིག་འཛིན་སྔགས་འཆང་ང་ནི་རྟོག་མེད་ཟང་ཐལ་དུ་འབྱམས་ཀླས། །ཀུན་བཟང་རྒྱལ་བརྒྱུད་ང་ནི་འཁོར་འདས་བར་ལག་ནི་འགྱེལ་འདྲ། །རྒོད་ཚང་གྲུབ་ཐོབ་མིན་ཀྱང་ཚོགས་དྲུག་ཡེ་ཤེས་ཀྱི་དབྱིངས་གྲོལ། །འབྲུག་གཙང་


LT37_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གཉིས་མིན་ཀྱང་ཐབས་ལམ་བདེ་ཆེན་གྱིས་རྟག་མྱོས། ཁམས་དབུས་སྨྱོན་པ་མིན་ཀྱང་སྙེམས་བྱེད་ངར་འཛིན་ནི་ཐོག་བརྫིས། །གླིང་པ་རྣམ་ལྔ་མིན་ཀྱང་ཟབ་གཏེར་བང་མཛོད་ལ་ལོངས་སྤྱོད། །རང་རིག་མངོན་དུ་གྱུར་ཚེ་ཅིར་སྣང་ཡེ་ཤེས་ཀྱི་འཁོར་ལོ། །འཁྲུལ་པའི་རྩ་བ་ཞིག་ཚེ་རྟོགས་པའི་རྩེ་མོ་ནི་རྣོ་ངར། །རེ་དོགས་འཆིང་བ་གྲོལ་ཚེ་རང་སྣང་དགུང་ལྟར་དུ་མཐོ་བ། །སྒྱུ་མའི་ཡུལ་སྣང་འགྲིབ་ཚེ་ཀུན་ལ་གཟའ་གཏད་དང་བྲལ་སོང་། །དགག་སྒྲུབ་མཐའ་དང་བྲལ་བའི་རིག་པ་དྲི་མེད་ཀྱི་ནམ་མཁའ། །གོད་བྲལ་གཅེར་བུ་བཞིན་དུ་མཚན་ཉིད་མངོན་སུམ་དུ་མཐོང་བས། །འཁྲུལ་སྣང་སེམས་ཀྱི་སྤྲིན་ཚོགས་འདུ་འགོད་སྣ་ཚོགས་སུ་སྣང་ཡང་། །ཕན་གནོད་ཅི་ཡང་མེད་པའི་ཡིད་ཆེས་གདིང་ཆེན་འདྲ་ཐོབ་བོ། །རང་རིག་འོད་གསལ་ཀློང་དུ་ཡུལ་སྣང་རྟོག་མེད་ཀྱི་གཟུགས་བརྙན། །གང་ཤར་བདེ་བ་ཆེན་པོའི་ཡོ་ལང་རྒྱུན་ཆད་ནི་མེད་པས། །རྩོལ་སྒྲུབ་ངལ་བར་མ་ལྟོས་ཆོས་ཉིད་བདེན་པའི་དོན་མཐོང་བ། །གུ་རུ་སངས་རྒྱས་གཉིས་པའི་བྱིན་རླབས་གཟི་བརྗིད་ཀྱིས་རེག་སྙམ། །ཡེ་ནས་བསལ་བཞག་མེད་པ་ཆོས་ཀུན་གདོད་མ་ཡི་གཤིས་ལུགས། །སངས་རྒྱས་སྒམ་པོས་མ་བཅོས་སེམས་ཅན་སྒྲིན་པོ་ཡིས་མ་བསླད། །རང་སྣང་རིས་མེད་ཆེན་པོ་ཀ་དག་ཟང་ཐལ་གྱི་ངང་གནས། །རྣལ་


LT37_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ང་ཡི་ལྟ་བ་དྲི་མེད་ནམ་མཁའ་དང་མཚུངས་སོ། །འཁྲུལ་རྟོག་སེམས་སུ་ཤར་ཡང་གདོད་ནས་གཤིས་ལུགས་ལ་མ་གོས། །སྐྱེ་འགག་གནས་གསུམ་བྲལ་བའི་རིག་པ་རང་སོ་རུ་བཞག་པས། །ཤང་གྲོལ་གཉིས་སུ་མེད་པའི་ཡེ་གྲོལ་ཅོག་བཞག་གི་དགོངས་པ། །རྣལ་འབྱོར་ང་ཡི་བསྒོམ་པ་འོད་གསལ་ཉི་ཟླ་དང་མཚུངས་སོ། །ཉོན་མོངས་བུད་ཤིང་མེད་ན་ཡེ་ཤེས་མེ་དཔུང་ཡང་མནལ་ནས། །དུག་ལྔའི་དམག་དཔུང་ནང་དུ་གཉེན་པོ་གདུང་ཁྱེར་དུ་ཞུགས་པས། །ཚོགས་དྲུག་ཡུལ་སྣང་ཀུན་ལ་སྤང་བླང་མཉམ་ཉིད་དུ་གདལ་བ། །རྣལ་འབྱོར་ང་ཡི་སྤྱོད་པ་བར་སྣང་རླུང་ཆེན་དང་མཚུངས་སོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་ཟབ་ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱ་སྙམ་པའི་སྒོ་ནས། ཐོག་མར་རང་གི་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་རྫོགས་པའི་སངས་རྒྱས་སུ་མཐོང་བའི་མོས་གུས་ཁ་ཞེ་མེད་པར་བྱས་ནས་སྤྱི་བོར་བསྒོམ། བདག་གི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱི་རློབས་ཤིག །ཅེས་ཉ་སོལ་བ་བཏབ་ལ་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་འོད་དུ་ཞུ་ནས་རང་དང་གཉིས་སུ་མེད་པར་ཐིམ་པར་མོས་ནས་མཉམ་པར་བཞག་པ་ནི། འདས་པའི་རྗེས་མི་གཅོད། །མ་འོངས་པའི་མདུན་མི་བསུ། །


LT37_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟར་སྐད་ཅིག་མ་ལ་གང་ཤར་བ་དེ་ལ་རེ་དོགས་སྤང་བླང་དགག་སྒྲུབ་ཐེ་ཚོམ་སྤུ་ཙམ་མི་བྱ་བར། ལྷོད་དེ། ཤིག་གེ། མེ་རེ། ཧད་དེ། ཆེ་མ་མེར་མ་ཡེངས་པར་བཞག །མ་འཁྲུལ་བར་བཞག །དེ་ཚེ་འགྱུ་བ་ཕྲ་རགས་བཟང་ངན་གྱི་རྣམ་རྟོག་ཅི་བྱུང་ཡང་དགའ་སྡུག་སྤང་བླང་མེད་པར་འཛེན་མེད་དུ་བཞག །ཤར་གྲོལ་དུ་བཏང་། ཡང་གནས་ཚེ་དེའི་ངོ་བོ་ཡེངས་མེད་དུ་སྐྱོང་། ཡང་འཕྲོ་ན་འཕྲོ་མཁན་གྱི་རྣམ་རྟོག་གཅིག་འབྱམས་གཉིས་འབྱམས་སུ་མི་མཐུད་པར་དེའི་ངོ་བོར་བལྟ་ཞིང་ཡངས་སུ་མི་འཇུག་སྟེ། མ་ཡེངས་ཙམ་དུ་ངོ་བོ་སྐྱོང་། དེ་ལྟར་གནས་འགྱུ་གཉིས་གནས་པ་དང་འགྱུ་བ་རིག་མཁན་གྱི་རིག་པ་གསུམ་སོ་སོ་མ་ཡིན་ཐ་མི་དད་ཀྱང་དཔེར་ན་མེ་ལོང་དུ་ཤར་བའི་གཟུགས་བརྙན། རང་གི་གཟུགས་རིག་མཁན་གྱི་མིག་གི་རྣམ་པར་ཤེས་པ་ལྟ་བུའོ། །དེ་ལྟར་གནས་འགྱུ་རེས་མོས་ལ་དུས་རྒྱུན་དུ། ཟ་འགྲོ། ཉལ་འདུག །དལ་བྲེལ། ཤི་གསོན། དགྲ་གྱོད། འཁྱག་ལྟོག །བདེ་སྡུག་གང་བྱུང་དེའི་དབང་དུ་མི་བཏང་བར་དེ་རྣམས་འགྲོ་འོང་གནས་གསུམ་འདུག་གམ་མི་འདུག་བརྟགས་པས་སྐད་ཅིག་མའི་ཤེས་པ་མ་བཅོས་པ་དེའི་ངོ་བོར་གྲོལ་བ་ལས་མེད་གསུངས། དེ་ལྟར་ཤེས་པ་ངལ་དུབ་ཁམས་གསལ་རྙོགས་དང་བསྟུན་ནས་བླ་མའི་ཞལ་གྱི་བདུད་རྩི་ལྟར་ཡང་ཡང་གསལ་གདབ་


LT37_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། རྣམ་དཀར་དམ་པའི་ལྷ་ཆོས་ཆེ་ཕྲ་གང་བྱེད་ཀྱང་སེམས་བསྐྱེད་རྒྱ་ཆེན་དང་སྨོན་ལམ་གྱི་རྒྱས་འདེབས་ལ་མཁའ་ཁྱབ་མ་རྒན་ལ་བསྔོ། །དུས་རྒྱུན་ཐུན་དང་ཐུན་མཚམས་ཐམས་ཅད་དུ་ཡེངས་མེད་འཁྲུལ་མེད་ཚེ་འདིའི་བྱ་བཞག་བཟང་ངན་ཐམས་ཅད་མདང་ཞག་གི་རྨི་ལམ་དང་ཁྱད་པར་མེད་པར་བལྟ་ཞིང་བདེན་འཛིན་ཨ་འཐས་མི་བྱ། སྣང་སྲིད་ཐམས་ཅད་ལ་བདེན་འཛིན་ཞིག་པ་ཞིག་ངེས་པར་དགོས་གསུངས་པས། དེ་བཞིན་འདའ་ཀ་འཆི་བྲོད་མཛད་འཚལ།། །།ན་མོ་གུ་རུ། །མདོ་རྒྱུད་བསྟན་བཅོས་མན་ངག་ཐམས་ཅད་ནས། །རང་གི་སེམས་ཉིད་སངས་རྒྱས་ཡིན་པའི་ཕྱིར། །དེ་ཉིད་རྟོགས་ན་ཆོས་ཀུན་འདུས་པར་གསུངས། །ཡིན་པའི་རྒྱུ་མཚན་རང་སེམས་གདོད་མ་ནས། །རིག་སྟོང་འོད་གསལ་སྤྲོས་པའི་མཐའ་དང་བྲལ། །དེ་ཡི་རང་རྩལ་འཁོར་འདས་ཆོས་རྣམས་ཤར། །རྟོགས་ན་སངས་རྒྱས་མ་རྟོགས་འཁོར་བར་འཁྱམས། །དེ་ཕྱིར་སེམས་ཀྱི་རྩ་བ་གཅིག་ཆོད་ན། །ཆོས་རྣམས་ཀུན་གྱི་གནད་འགགས་ཁྲོལ་བ་ཡིན། །འདི་དོན་དང་པོར་ཐོས་ཤིང་བར་དུ་བསམ། །ཐ་མར་བསྒོམས་པས་གཏན་ལ་འབེབས་དགོས་ཀྱང་། །སྒྲུབ་བརྒྱུད་ཀུ་སཱ་ལི་པ་ཕལ་ཆེར་གྱིས། །སྤྲོས་པ་རང་གི་སེམས་ཐོག་བཅད་པ་ལས། །ཕྱི་ཡི་སྤྲོས་པ་རང་ཆོད་ཕྱག་ལེན་མཛད། །དེ་ལ་ཐོག་མར་


LT37_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཉམས་བརྟན་པོས་བསྒྲུབ། །འགྱུ་དྲན་བྱུང་གནས་འགྲོ་སོགས་རྩད་གདར་བཅད། །གནས་འགྱུ་དབྱེར་མེད་བརྗོད་བྲལ་བློ་འདས་ཀྱི། །གནས་ལུགས་ཕྱོགས་ཙམ་གོ་བས་ལམ་དུ་ཁྱེར། །བར་དུ་བཟོ་བཅོས་མེད་པར་གཉུག་མའི་ངང་། །རང་བབ་དྲན་དང་ཤེས་བཞིན་མི་འབྲལ་བར། །ཆུ་བོའི་རྒྱུན་བཞིན་བསྐྱངས་པས་ཉམས་མྱོང་སྐྱེ། །ཐ་མར་བླ་མའི་བྱིན་རླབས་ལམ་དུ་བསློང་། །དགེ་སྦྱོར་སྙིང་པོ་མོས་གུས་སྙིང་རྗེའི་མཐུ། །ཐ་མལ་ཤེས་པ་ཆོས་ཀྱི་སྐུ་རུ་ཤར། །རང་རིག་དྲི་མེད་སྙིང་གི་དབུས་སུ་སད། །དགག་སྒྲུབ་ཐེ་ཚོམ་སྤྲོས་པ་ནང་ནས་ཆོད། །བློ་འདས་ཕྱག་རྒྱ་ཆེན་པོ་མངོན་དུ་རྟོགས། །རང་སེམས་རང་ལ་ཡོད་པས་གཞན་དག་ནས། །ཚོལ་དུ་མེད་ཕྱིར་ཤེས་པར་སླ་མོང་ཀྱང་། །ཤེས་ཙམ་གྱིས་ནི་ཉམས་ལེན་གོ་མི་ཆོད། །རྟག་ཏུ་དྲན་ཤེས་འབྲལ་མེད་སྐྱོང་ནུས་དགོས། །དྲན་རྫི་མེད་ན་རྒྱལ་བུ་ད་སང་འཁྱམས་འདྲ། །ཡེངས་མེད་དྲན་པའི་རྩ་བ་བརྩོན་འགྲུས་ཡིན། །ཆོས་ཀྱི་ཕྱོགས་སུ་བརྩོན་འགྲུས་བྱེད་པ་ལ། །འཁོར་བའི་ཉེས་དམིགས་མཐོང་བའི་ཞེན་ལོག་དང་། །སྲིད་བདེར་ངེས་འབྱུང་དྲག་པོ་མེད་ཐབས་མེད། །དེ་ཕྱིར་བསྒོམ་གྱི་རྩ་བ་དེ་ཉིད་གཙོ། །ཆོས་བརྒྱད་སྙིང་ལ་ཞེན་པའི་རྟོགས་ལྡན་དང་། །ཞེན་ལོག་ངེས་འབྱུང་བྲལ་བའི་སྒོམ་ཆེན་དང་། །དག་སྣང་ཆུང་ཞིག་ལས་འབྲས་


LT37_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

མི་བརྩི་བའི། །ཆོས་པའི་གཟུགས་བརྙན་རྣམས་ཀྱིས་རང་གཞན་བསླུ། །ད་སླུ་མེད་རྒྱལ་བ་དགྱེས་པའི་ལམ་བཟང་པོར། །མཁས་གྲུབ་གོང་མའི་ཕྱག་བཞེས་མ་འཁྲུལ་བར། །ཚེ་རབ་ཀུན་ཏུ་སློབ་པའི་སྨོན་འདུན་དང་། །མི་འབྲལ་ཐར་བའི་རྒྱལ་སར་འཇུག་པར་མཛེད།། །།ཅེས་ཉམས་ལེན་གནད་བསྡུས་ཉུང་ངུ་འདིའང་འགྲོ་འདྲེན་གནས་མདོ་གཅོད་བླ་སྤྲུལ་པའི་སྐུ་ཀརྨ་ཐུབ་བསྟན་རབ་འཕེལ་དཔོན་སློབ་ཀྱི་བཞེད་ངོར། བློ་གྲོས་མཐའ་ཡས་པའི་སྡེས་སྡེ་དགེ་ལྷུན་གྲུབ་སྟེང་ནས་ཕུལ་བ་དགེ་ལེགས་འཕེལ།། །།


previousཞལ་གདམས་ཁ་བྱང་།next