Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
ཞལ་གདམས།
   
   
   
   
   
   
   
   
   
   
   
   


 
previousཞལ་གདམས།next

ཞལ་གདམས།


LT37_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་ཚོགས་རྣམས་ཀྱི། །ཐུགས་བསྐྱེད་བྱིན་རླབས་མཐུ་ཡིས་སྨིན་གྲོལ་སྩོལ། །ཁོ་བོ་ཤིན་ཏུ་དམན་པའི་སྦྲང་བུ་ལ། །རྒྱལ་མཆོག་བརྩེ་ཆེན་གཟིགས་པའི་བཀའ་ཡི་མཆིད། །སོས་ཀའི་རྩི་བཅུད་ལྟ་བུ་བསྩལ་བ་ཡིས། །དད་གུས་མོས་སྤྲོའི་ལུས་སྟོབས་ཆེར་རྒྱས་ནས། །ཟར་ཟིར་སྙན་པའི་དབྱངས་ཆུང་ཅུང་ཟད་འབུལ། །མགོན་ཁྱོད་གདོད་ནས་མངོན་སངས་རྒྱས་གྱུར་ཀྱང་། །མཐའ་མེད་འཁོར་བར་འཁྱམས་པའི་སེམས་ཅན་དོན། །སླར་ཡང་བྱང་ཆུབ་སྤྱོད་པའི་ཚུལ་བསྟན་ནས། །གདུལ་བྱའི་སྐལ་པ་དང་འཚམས་སྤྲུལ་བསྒྱུར་མཛད། །ཐམས་ཅད་སངས་རྒྱས་མཛད་པའི་རོལ་མོ་ལ། །སོ་སྐྱེའི་བློ་ཡིས་རྗེས་སུ་དཔོག་མི་ནུས། །རིམ་བགྲོད་ལམ་གྱི་ངལ་བར་མ་ལྟོས་ཀྱང་། །གདུལ་བྱ་འདུལ་སླད་ཐུབ་དབང་རྣམ་ཐར་བཞིན། །གདམས་ངག་རྣམ་པར་ཐར་པའི་སྒོ་ནས་སྟོན། །དལ་འབྱོར་ཉིན་མོའི་སྐར་ལྟར་རྙེད་དཀའ་ཞིང་། །འདུས་བྱས་ཆོས་རྣམས་སྐད་ཅིག་ཙམ་མི་རྟག །ལས་འབྲས་བསླུ་མེད་རྣམ་སྨིན་རྗེས་སུ་འབྲང་། །སྡུག་བསྔལ་རང་བཞིན་སྲིད་ལས་ངེས་འབྱུང་རྣམས། ཁ་བཤད་ཙམ་ལས་རང་རྒྱུད་འབྱོར་བ་དཀོན། །གང་གི་ཐུགས་ལ་ཇི་བཞིན་ངེས་པ་ནི། །དངོས་གཞི་ལས་ཀྱང་སྔོན་འགྲོ་ཟབ་གསུངས་ཕྱིར། །ཐུན་མོང་གདུལ་བྱ་འདུལ་བའི་སྟོན་པར་གྲུབ། །དྲང་


LT37_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཆོས་འཁོར་བསྐོར་བར་གསོལ་བ་འདེབས། །མཐའ་མེད་འཁོར་བར་འཁྱམས་པའི་ལུས་ཅན་རྣམས། །མཚན་ཐོས་ཙམ་ཡང་སྲིད་པ་མཐའ་ཅན་ཕྱིར། །གསུམ་ལ་སྐྱབས་འགྲོས་ངན་སོང་གཡང་ལས་ལྡོག །སེམས་མཆོག་བསྐྱེད་པས་སངས་རྒྱས་ས་བོན་ཐེབས། །བྱང་ཆུབ་སྤྱད་པས་རང་གཞན་དོན་གཉིས་སྒྲུབ། །རྒྱལ་སྲས་དཔའ་བོ་རྣམས་ཀྱི་ཕྲིན་ལས་ལགས། །བྱང་སེམས་མཛད་པས་མ་བསྒྲལ་སྒྲོལ་བར་གསོལ། །དེང་སང་སྐལ་དམན་རྣམས་ཀྱི་སྐལ་པ་དང་། །འཚམས་པའི་བརྡོལ་ཆོས་གསར་བྱུང་མ་ཡིན་པའི། །ཁུངས་དང་འབྲེལ་ཞིང་ཡིད་ཆེས་བརྒྱུད་ལྡན་པའི། །རྡོ་རྗེ་ཐེག་པའི་གསང་བ་ཐུན་མོང་དང་། །ཁྱད་པར་ལམ་གྱིས་བློ་ཆེན་སྐལ་བཟང་རྣམས། །སྨིན་ཅིང་གྲོལ་འདི་སངས་རྒྱས་གཞན་དག་གི། །བསྟན་ལ་མ་བྱོན་ཐུབ་པའི་ཐུགས་བསྐྱེད་དང་། །རླབས་ཆེན་ཕྲིན་ལས་ཁྱད་ཆོས་ཉིད་ཀྱི་ཕྱིར། །དད་གུས་དམ་ཚིག་ལྡན་པའི་སྐྱེ་བོ་ཀུན། །མྱུར་ལམ་ཟབ་མོས་སངས་རྒྱས་སར་འགོད་གསོལ། །ཐུན་མོང་རིག་གནས་ཁྱད་པར་མདོ་རྒྱུད་གཞུང་། །གང་ལའང་ཕྱོགས་རིས་མེད་པའི་ཐོས་པ་བཙལ། །གསན་བ་ཙམ་གྱིས་ཆོག་ཤེས་མི་མཛད་པར། །བསམ་པས་ངེས་ཤེས་རྙེད་པའི་སྒྲོ་འདོགས་བཅས། །དེ་དོན་རང་རྒྱུད་ལ་སྦྱོར་སྒོམ་པ་ཡང་། །ནམ་ཞིག་ཙ་ན་བྱ་སྙམ་མ་ཡིན་པར། །རྟག་ཏུ་དྲན་ཤེས་བསྟེན་པའི་


LT37_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་བཞག་དང་། །སྔོན་སྦྱངས་ཅན་གྱི་དམ་པའི་རྣམ་པར་ཐར། །ལྷུན་གྱིས་གྲུབ་པ་དེ་ལས་མ་གཡོས་འཚལ། །སྒྲིབ་བྲལ་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །ཇི་ལྟའི་གནས་ལུགས་གདོད་ནས་གཟིགས་པའི་ཕྱིར། །རྒྱལ་བའི་དགོངས་པ་གྲུབ་པའི་ཉམས་མྱོང་དང་། །ཇི་བཞིན་མཚུངས་པའི་རྡོ་རྗེའི་གསུང་གསང་ཉིད། །ཐོས་པའི་སྐལ་བཟང་ཐོབ་སྙམ་དང་སྤྲོ་འཕལ། །སྤྱིར་ནི་ཚོགས་ལམ་གནས་པས་གོ་བ་ཙམ། །སྦྱོར་ལམ་ཉམས་སྐྱོང་མཐོང་ལམ་རྟོགས་པའི་སྣེ། །གསུངས་ཀྱང་དབང་པོ་རབ་ལ་གཅིག་ཅར་འགྲུབ། །གཞི་ཡི་གནས་ལུགས་རང་བཞིན་སྤྲོས་དང་བྲལ། །དཔྱད་སྒོམ་པ་རྣམས་ཐོས་པས་གཏན་ལ་དབབ། །དེ་ཡི་གྲོགས་སུ་ལུང་དང་རིགས་པ་དགོས། ཁ་ཕྱིར་བ་ལྟས་ན་གཟུང་འཛིན་སྒྲོག་གིས་འཆིངས། །འཇོག་སྒོམ་པ་རྣམས་སྒོམ་པས་ཉམས་སུ་མྱོང་། །དེ་དོན་རྟོགས་ལ་བླ་མའི་མན་ངག་གཅེས། །རྩད་གདར་མ་ཆོད་ལུང་མ་བསྟན་ཏུ་འབྱམས། །གང་ལའང་བདག་མེད་རྟོགས་པའི་གདིང་ཐོབ་དགོས། །དེ་ཡི་ཕོགས་འདོན་རོ་སྙོམས་གཅོད་ཡུལ་ཟབ། །ལྟ་བའི་མཐར་ཐུག་གང་ཡང་མ་གྲུབ་ལ། །ཅིར་ཡང་མི་འཛིན་བསམ་བརྗོད་བློ་ལས་འདས། ཁས་ལེན་བྲལ་ཡང་རང་ཐག་ཆོད་པ་ལགས། །དེ་དོན་ལམ་དུ་བྱེད་ནས་སྒོམ་པའི་ཚེ། །རྩོལ་མེད་རང་བབས་གནས་པའི་བསམ་གཏན་ནི། །


LT37_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་མི་རུང་ཞི་གནས་ཏིང་འཛིན་གཞི། །རང་ངོ་ཧྲིག་གེར་རིག་པ་ལྷག་མཐོང་སྟེ། །འགྱུ་བ་རང་སར་ཡལ་བ་གཉུག་མིའི་གཤིས། །དང་པོའི་ལས་ཅན་སྒོམ་ལ་འཇུག་པའི་ཚེ། །ཐོག་མར་འདུ་བྱེད་དྲན་བ་རྒྱུན་ཆགས་བསྟེན། །སྐད་ཅིག་མི་ཡེངས་ཁབ་མིག་སྐུད་འཛུད་བཞིན། །རྟོག་པ་རང་གི་ངོ་བོར་གློད་ལ་འཇོག །གོམས་ནས་རྣམ་རྟོག་ཁོ་རང་སྒོམ་དུ་ཤར། །དྲན་རིག་རང་ཚུག་མ་ཤོར་རྒྱུན་སྐྱོང་ན། །སྣང་སྲིད་ཆོས་སྐུ་ཕྱག་རྒྱ་ཆེན་པོར་འཆར། །འདི་དོན་ངོ་སྤྲོད་གནད་ཀྱི་མཐར་ཐུག་པ། །དཔལ་ལྡན་ཀརྨ་པ་ཡི་ཁྱད་ཆོས་ནི། །ཆོས་ཀུན་གནས་ལུགས་གདོད་ནས་སྤྲོས་བྲལ་དང་། །རང་སེམས་དབྱེར་མེད་ངོ་བོ་ཆོས་ཀྱི་སྐུ། །སྟོང་པའི་རང་བཞིན་གསལ་ལ་མ་འགགས་པ། །འཛིན་བྲལ་ལྷམ་མེར་སྣང་བ་ལོངས་སྤྱོད་རྫོགས། །རང་རྩལ་ཅིར་ཡང་མ་ཡིན་ཅིར་ཡང་སྣང་། །ཟུང་འཇུག་ཐུགས་རྗེ་སྤྲུལ་པའི་སྐུར་ཤེས་ན། །འཁོར་འདས་དབྱེར་མེད་སྐུ་གསུམ་གཤིས་ལ་རྫོགས། །སྤྱོད་པ་མང་ཡང་སྙིགས་དུས་མཆོག་དམན་ཀུན། །ཁེ་ཆེ་ཉེན་ཆུང་ཀུན་བཟང་བརྟུལ་ཞུགས་ཟབ། །སྲིད་ལ་ངེས་འབྱུང་འགྲོ་ལ་སྙིང་རྗེ་སྐྱེད། །བཅོས་མིན་མོས་གུས་རིས་མེད་དག་སྣང་སྦྱོང་། །རང་དོན་དོན་གཉེར་ཆོས་བརྒྱད་རྩྭ་ལྟར་འདོར། །དོན་དམ་སྟོང་ཉིད་མཁའ་འདྲ་རྟོགས་གྱུར་ཀྱང་། །ཀུན་རྫོབ་བདེན་པ་ཁྲོ་མོའང་ཁྱད་མི་གསོད། །འགྲོ་རྣམས་ཚོགས་


LT37_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

གསོག་སྒྲིབ་སྦྱོང་ལམ་ལ་གཟུད། །བཅོས་མན་ཤུགས་འབྱུང་སྤྱོད་པས་འགྲོ་བ་འདུལ། །འབྲེལ་ཚད་དོན་ལྡན་ཕྲིན་ལས་སྒྲུབ་གསོལ་འདེབས། །གནད་ཀྱི་སྙིང་པོ་རང་སེམས་གཉུག་མའི་གཤིས། །ཤེས་པ་ཕྱི་མས་ལྷན་པ་མི་གདབ་པར། །བཟོ་མེད་ལྷུག་པར་འཇོག་པའི་རྒྱུན་སྐྱོང་སྟེ། །མོས་གུས་སྟོབས་ཀྱིས་བླ་མའི་བྱིན་ཞུགས་ན། །ཐ་སྙད་ལས་འདས་དོན་དམ་བདེན་པ་མཐོང་། །ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །དངོས་ཀུན་ཁྱབ་བདག་དངོས་མེད་ནམ་མཁའི་ལུས། །ཐོབ་མེད་འབྲས་བུའི་ཕྱག་ཆེན་ཐོབ་པར་གསུངས། །སངས་རྒྱས་སྤྲུལ་པའི་སྐུ་མཆོག་ཉིད་ལྟ་བུར། །སོ་སྐྱེའི་ཚིག་གིས་གསལ་འདེབས་མི་འཚལ་ཡང་། །ཐུགས་བརྩེའི་དགོངས་པ་ཐུན་མིན་གཏད་ནས་ཀྱང་། །རྟོགས་བརྗོད་ལྷུག་བར་བསྩལ་པའི་བཀའ་ལེན་ཏུ། །མདོར་བསྡུས་གུས་པ་ཆེན་པོས་ཕུལ་བ་ལ། །ནོངས་པ་གང་མཆིས་ཡེ་ཤེས་ཀློང་དུ་བཤགས། །དགོངས་པ་དགྱེས་པའི་དགེ་བས་སྐྱེ་ཀུན་ཏུ། །སངས་རྒྱས་ཀརྨ་པ་ཡིས་རྗེས་བཟུང་སྟེ། །གསང་གསུམ་ཡོན་ཏན་ཕྲིན་ལས་བཅས་པ་དང་། །དབྱེར་མེད་མཁའ་ཁྱབ་འགྲོ་བའི་འདྲེན་པར་ཤོག །ཅེས་དེ་བཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་དབེན་ཁྲོད་ནས་བཀའ་འབངས་རྒན་བུ་བློ་གྲོས་མཐའ་ཡས་ཀྱིས་དད་ཅིང་གུས་པའི་ཡིད་ཀྱིས་ཕུལ་བ་སརྦ་མངྒ་ལཾ།། །།


LT37_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་གནས་ཀུན་འདྲས་བླ་མ་རྗེས། །བདག་སོགས་བྱིན་གྱིས་བརླབ་ཏུ་གསོལ། །དལ་འབྱོར་ལན་གཅིག་ཐོབ་འདི་ལ། །ཕྱི་མར་ཕན་པའི་ཆོས་བསྒྲུབ་འཚལ། །མི་ཚེ་སྤྲིན་བར་ཉི་མ་འདྲ། །ཅི་བྱས་མེད་པར་ཡུད་ཙམ་འཛད། །འཆི་ཁར་འགྱོད་ཀྱང་བྱ་ཐབས་བྲལ། །དེ་ཕྱིར་མྱུར་དུ་བརྩོན་འགྲུས་བརྩམ། །ཆོས་ལ་རྒྱ་ཆེ་གྲངས་མང་ཡང་། །ཚེ་གཅིག་སངས་རྒྱས་འགྲུབ་པའི་ཆོས། །མཐར་ཐུག་ཕྱག་རྫོགས་གཉིས་པོ་ཡིན། །ཐབས་ལམ་བདེ་སྟོང་ཕྱག་ཆེན་ནི། །སྔགས་ཀྱི་ཉམས་ལེན་དངོས་ཡིན་ཀྱང་། །ལག་ཏུ་ལོན་པ་རེ་རེ་ཙམ། །གྲོལ་ལམ་ལྷན་སྐྱེས་ཕྱག་རྒྱ་ཆེ། །ཁེ་ཆེ་ཉེན་ཆུང་ཉམས་ལེན་བདེ། །དབང་པོ་མཆོག་དམན་ཀུན་ལ་ཕན། །འདི་ལ་ཐུགས་དམ་སྙིང་པོར་མཛོད། །མི་རྟག་འཆི་བས་རྒྱུད་བསྐུལ་ནས། །ཅིས་ཀྱང་དགོས་མེད་བློ་སྣ་བསྟུང་། ཁམས་གསུམ་འཁོར་བ་མཐའ་དག་ལ། །ཞེན་ལོག་ངེས་འབྱུང་སྙིང་ནས་བསྐྱེད། །ཐོག་མར་སྔོན་འགྲོས་རྒྱུད་དག་བྱ། །དངོས་གཞི་བླ་མའི་རྣལ་འབྱོར་བསྒོམ། །མོས་གུས་གོང་ནས་གོང་འཕེལ་བྱ། །ལུས་གནད་བཅས་ལ་རང་གི་སེམས། །གནས་སམ་འགྱུ་བའི་ངོ་བོར་བལྟ། །གནས་ཀྱང་རུང་ལ་འགྱུས་ཀྱང་རུང་། །རང་སེམས་ཉིད་ལས་གཞན་མེད་པས། །ངོ་བོའི་ངང་དུ་མ་བཅོས་བཞག །རྟག་ཏུ་དྲན་ཤེས་འབྲེལ་མེད་གཅེས། །སེམས་གནས་བརྟན་པོ་


LT37_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་ན། །དེ་ལ་ཆེད་འཛིན་མི་བྱ་བར། །ཚོགས་དྲུག་རྟོག་པ་སྣ་ཚོགས་དང་། །བསྲེས་ལ་རྣམ་རྟོག་ལམ་དུ་བསླང་། །ད་ལྟའི་རྣམ་རྟོག་སྐད་ཅིག་མའི། །རང་ངོ་ཧྲིག་གིས་མཐོང་བའི་ཚེ། །རང་གྲོལ་ཆོས་སྐུར་འཆར་བ་ལས། །སེམས་ངོ་བྱ་བ་གཞན་མེད་པས། །ཤེས་པ་ཕྱི་མས་བཟོ་མི་བཅོས། །རྟོག་པའི་ལྷན་པོ་མི་གདབ་པར། །གནས་ལུགས་གཉུག་མའི་རང་བབ་ཏུ། །མ་ཡེངས་མི་སྒོམ་གློད་ཤེས་ན། །མྱུར་དུ་རྟོགས་པའི་དབང་ཕྱུག་འགྱུར། །དེ་སྐད་ཡོངས་འཛིན་བླ་མ་མཆོག །དྷརྨ་ཏཱ་རའི་གསུར་བསྐུལ་ངོར། །བློ་གྲོས་མཐའ་ཡས་ཀུ་སཱ་ལིས། །མདོར་བསྡུས་ཙམ་དུ་ཕུལ་བ་དགེ། །མངྒ་ལཾ། ༈ན་མོ་གུ་རུ་བེ། །ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་ཅེས། །མདོ་སྔགས་རྟོགས་པ་བསྲེས་པའི་ཁྲིད། །མཉམ་མེད་དྭགས་པོའི་བཀའ་སྲོལ་འདིར། །མོས་གུས་ཉིད་ལ་གཞི་བཟུང་སྟེ། །ཞི་གནས་རྩ་བ་ཚུགས་པ་དང་། །ལྷག་མཐོང་རྟོགས་པ་ཐོབ་ངེས་དགོས། །གོམས་ནས་ཞི་ལྷག་ཟུང་འཇུག་གི། །ཉམས་ལེན་གནད་དང་མ་བྲལ་བར། །བདག་པོ་ཆོས་ཉིད་དྲན་པ་བཅས། །སྒོམ་ཡུན་ཤི་དང་མཉམ་ནུས་ན། །སྤྲོས་བྲལ་རྟོགས་པ་ཙམ་ནི་མང་། །ཉིད་ཀྱི་ཞི་ལྷག་འཇོག་ཚུལ་རྣམས། །དཔེ་བལྟས་གོ་བ་ཙམ་མིན་པ། །སེམས་ཐོག་གདར་ཤ་ཆོད་


LT37_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གསུང་། །ཕྱིན་ཅི་མ་ལོག་གོ་བ་སྟེ། །འདྲིས་ཤིང་གོམས་ན་ཉམས་མྱོང་སྐྱེ། །ཚོགས་བསགས་མོས་གུས་སྟོབས་སོགས་ཀྱིས། །རྟོགས་པའི་ཡེ་ཤེས་ལྷག་གེང་མཐོང་། །ཐ་མལ་ཤེས་པ་སྙིང་དབུས་སད། །རྣམ་རྟོག་ཆོས་ཀྱི་སྐུ་རུ་ཤར། །སྣང་སྲིད་ཕྱག་རྒྱ་ཆེན་པོར་གྲོལ། །དེ་ལ་གེགས་བྱེད་རྣམ་རྟོག་གོ། །དགག་སྒྲུབ་ཐེ་ཚོམ་རྟག་ཏུ་སྡང་། །ཅིར་སྣང་ཐད་ཀར་ལམ་དུ་ཁྱེར། །རང་བབ་གཉུག་མ་བསྐྱང་བ་ལ། །གཉེན་པོའི་བཟོ་བཅོས་ཡལ་བ་ན། །གནས་ལུགས་ལྷུམ་སུ་ཚུད་པར་འགྱུར། །དོན་དམ་ཆོས་ཉིད་བདེན་མཐོང་ན། །དོན་གཉིས་ལྷུན་གྲུབ་བཀྲ་ཤིས་ཤོག །ཅེས་སྒྲུབ་བརྒྱུད་མཁན་པོ་བདེ་ལྡན་གྱིས་བཞེད་ངོར་བློ་གྲོས་མཐའ་ཡས་ཀྱིས་སྤེལ། །༈ན་མོ་གུ་རུ། །ལས་དང་པོ་པའི་ངོ་བོ་བསྐྱང་ཚུལ་ལ། །འཛིན་པས་གཏན་ནས་མ་བསླད་མི་འབྱུང་ཞིང་། །དྲན་པ་ཁོ་ན་གནད་དུ་ཟབ་པས་ན། །དང་ངོ་མི་ཡེངས་སྙམ་པའི་འཕན་པ་བཏང་། །ཡེངས་ན་དེ་དབང་མི་བཏང་དམ་བཅའ་བཟུང་། །དྲན་པ་ཤུགས་འབྱུང་བྱུང་ན་དེ་རྒྱུན་བསྐྱང་། །རང་བབ་གསལ་སྟོང་ངང་དུ་གནས་པའི་ཚེ། །རང་ངོ་ཤེས་པས་བཅོས་མེད་ས་ལེར་བཞག །འཕྲོ་ན་རྟོག་བ་ཚུར་ལ་མི་འགུགས་པར། །མ་ཡེངས་བལྟས་པས་གཉུག་མའི་ངང་དུ་གྲོལ། །ཚོགས་དྲུག་རྟོག་པ་ཇི་ལྟར་མང་ན་ཡང་། །སྤང་བླང་དགག་སྒྲུབ་མེད་པར་ལམ་


LT37_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཁྱེར། །དྲན་ཤེས་ཡོད་ན་ཅིས་ཀྱང་འཆིང་མི་འགྱུར། །དྲན་རྗི་མེད་ན་ཡེངས་འཁྲུལ་དབང་དུ་འགྲོ། །ཡེངས་དང་མ་ཡེངས་ཙམ་གྱི་ཁྱད་པར་ལས། །བསྒོམ་རྒྱུའི་སེམས་དེ་ཟར་བ་ཅི་ཡང་མེད། །རྟོགས་པའི་རྐྱེན་ནི་སེམས་བསྐྱོད་མོས་གུས་དང་། །ཚོགས་གསོག་གང་འགྲུབ་བརྩོན་འགྲུས་བསྐྱེད་པ་དང་། །འཇིག་རྟེན་གསུམ་གྱི་མགོན་པོའི་རྗེས་འཇུག་པ། །སྐལ་ལྡན་དཀོན་མཆོག་བསྟན་སྐྱོང་ཐུགས་བཞེད་ངོར། །སྒྲུབ་བརྒྱུད་རྟགས་འཛིན་གུ་འི་མིང་གིས་བྲིས། །ཉམས་ལེན་མཐའ་རུ་ཕྱིན་པའི་བཀྲ་ཤིས་ཤོག །ན་མོ་གུ་ར་བེ། །སོ་སོར་སྡུད་པའི་སྟོང་གཟུགས་དེ། །རྣམ་ཀུན་མཆོག་ལྡན་ཕྱག་རྒྱ་ཆེ། །སེམས་ཉིད་ལྷན་ཅིག་སྐྱེས་པའི་གཤིས། །རང་བྱུང་རང་ཤར་རང་གྲོལ་ཡིན། །བརྟན་ཅིང་བསམ་གཏན་སྐྱེས་པ་ན། །ཞི་གནས་ལྷག་མཐོང་མཐར་ཐུག་འགྲུབ། །ཕྱག་རྫོགས་སྒོམ་པའི་གནད་དང་གཅིག །བློས་དཔྱད་མི་དགོས་ལྟ་བ་རྟོགས། །དེ་ནས་སྲོག་རྩོལ་རྣམ་འབྱོར་གྱིས། །ལས་རླུང་དབུ་མའི་དབྱིངས་སུ་སྡུད། །རྗེས་སུ་དྲན་པས་རྩ་མདུད་གྲོལ། །ཏིང་འཛིན་འཕོ་བ་རབ་བཀག་ནས། །དཱངས་མ་མི་ཤིགས་རྡོ་རྗེའི་སྐུ། །ཁྱབ་བདག་འགྱུར་མེད་བདེ་ལ་སྦྱོར། །དེ་བས་འདི་འདྲའི་གནད་ཟབ་མོ། །རྒྱུད་སྡེ་གཞན་ཏུ་གསུངས་པ་མེད། །ལམ་


LT37_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་འདི་དང་འཕྲད་པའི་བུ། །སྐལ་པ་བཟང་བ་ཤེས་པར་འཚལ། ཅེས་ཛཾ་ཐང་དགེ་སློང་དམ་ཆོས་ནས་བསྐུལ་ངོར་བློ་གྲོས་མཐའ་ཡས་ཀྱིས་མདོ་ཙམ་སྨྲས་པ་དགེ་ལེགས་འཕེལ།། ༈ །།གུ་རུ་པདྨར་བདག་ཕྱག་འཚལ། །བཀའ་བརྒྱུད་བླ་མས་བྱིན་གྱིས་རློབས། །དད་ལྡན་བློ་སྣ་ཆོས་ལ་བསྒྱུར། །མི་ལྡོག་ཐར་པའི་ལམ་ཟིན་ཤོག །གངས་ཅན་མགོན་པོ་ཨ་ཏི་ཤས། །མང་པོའི་ནང་དུ་ངག་ལ་བརྟག །གཅིག་པུར་འདུག་ན་སེམས་ལ་བརྟག །ཅེས་པ་མདོར་བསྡུས་གཉིས་སུ་གསུངས། །ཡིད་ནི་ཉེས་པའི་རྩ་བ་སྟེ། ཁ་ནི་ཉེས་པ་འབྱུང་བའི་སྒོ། །དེ་ཕྱིར་འདི་གཉིས་རྟག་ཏུ་བསྲུང་། །འཁོར་འདས་ཐམས་ཅད་རང་གི་སེམས། །གཞན་ནས་རྡུལ་ཙམ་བྱུང་བ་མེད། །བདེ་སྡུག་བཟང་ངན་མཆོག་དམན་སོགས། །ཐམས་ཅད་སེམས་ཀྱི་རྟོག་པ་ཡིན། །རང་སེམས་དག་ན་སངས་རྒྱས་ཏེ། །གང་དུ་སྡོད་ཀྱང་དག་པའི་ཞིང་། །ཇི་ལྟར་བྱས་ཀྱང་ཆོས་ཉིད་དང་། །དག་སྣང་ཡེ་ཤེས་རོལ་པའི་རྒྱན། །རང་གི་སེམས་ཉིད་མ་དག་ན། །སངས་རྒྱས་ཡིན་ཀྱང་སྐྱོན་དུ་མཐོང་། །ཕ་མ་ལ་ཡང་ཁོང་ཁྲོ་སྐྱེ། །སྣང་བ་ཕལ་ཆེར་དགྲ་རུ་ལང་། །རེ་དོགས་ཆགས་སྡང་རྒྱུན་མི་ཆད། །མི་ལོ་མི་ཉན་མི་ཚེ་ཟད། །སུ་དང་འགྲོགས་ཀྱང་ཡིད་མཐུན་ལ། །གང་དུ་བསྡད་ཀྱང་


LT37_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་མེད། །ཇི་ཙམ་ཡོད་ཀྱང་ཆོག་མི་ཤེས། །རེ་རེ་འཇོམ་ཡང་རེ་རེ་དགོས། །ཚེ་འདིའི་སྣང་བས་གཡེངས་གཡེངས་ནས། །ཆོས་བྱ་སྙམ་ཡིད་ལ་དྲན་ན་ཡང་། །ད་བྱེད་ངང་དུ་མི་ཚེ་ཟད། །ངེས་འབྱུང་སོ་མ་སྐྱེ་བའི་སྐབས། །ཡོད་ཚད་ལིང་བོར་ཐུབ་ཐུབ་འདྲ། །འཁྲེབ་ནས་ཁབ་ལའང་སེར་སྣ་སྐྱེ། །མོས་གུས་གསར་པ་སྐྱེ་བའི་ཚེ། །བླ་མ་དེ་ལས་གཞན་མི་དྲན། །ཡུན་རིང་སོང་ནས་ལོག་ལྟ་སྐྱེ། །དད་པ་གསར་པའི་སྐབས་སུ་ནི། །དགེ་སྦྱོར་གཅིག་བྱེད་གཅིག་མི་ཁོམས། །རྒས་ནས་ཐམས་ཅད་དབྱིངས་སུ་ཡལ། །སྲུང་ཚུལ་རྒྱལ་སྲས་ཞི་བ་ལྷས། །སེམས་སྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་གི་ཕྱིར་ཡང་སྲུངས་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱོར། །ཅེས་གསུངས་བཞིན་ཏུ་ཉམས་ལེན་འཚལ། །རང་སེམས་བཀོལ་དུ་བཏུབ་པ་ན། །དབེན་གནས་གཞན་ཏུ་ཚོལ་མི་དགོས། །རྣམ་རྟོག་མེད་ན་དབེན་པ་ཡིན། །བླ་མ་གཞན་ཏུ་ཆོལ་མི་དགོས། །སེམས་ཉིད་བླ་མ་སངས་རྒྱས་ཡིན། །དགེ་སྦྱོར་ཐོན་ལུས་དོགས་མི་དགོས། །ཡེངས་མེད་དགེ་སྦྱོར་སྙིང་པོ་ཡིན། །གཡེང་བ་ཆེད་དུ་སྤང་མི་དགོས། །དྲན་ཤེས་བརྟེན་ན་རང་གྲོལ་ཡིན། །ཉོན་མོངས་སྐྱེ་དོགས་སྐྲག་མི་དགོས། །རང་ངོ་རིག་ན་ཡེ་ཤེས་ཡིན། །རང་སེམས་སྐད་ཅིག་མ་འདི་ལས། །འཁོར་འདས་གཞན་ཏུ་མ་གྲུབ་པས། །


LT37_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་སེམས་ལ་བྱ་ར་འཚལ། །རང་སེམས་ནང་དུ་མ་ཐུལ་ན། །ཕྱི་ཡི་དགྲ་ལ་ཟད་པ་མེད། །ནང་དུ་ཁོང་ཁྲོ་ཐུལ་བ་ན། །ས་སྟེང་དགྲ་བོ་ཐམས་ཅད་ཞི། །སེམས་ལ་ཆོག་ཤེས་མ་སྐྱེས་ན། །འདོད་རྒུ་འཛོམ་ཡང་སྤྲང་པོ་འདྲ། །ཞེན་ལོག་ཆོག་ཤེས་ཅན་གྱི་མི། །ཟང་ཟིང་མེད་ཀྱང་རྟག་ཏུ་ཕྱུག །འཇིག་རྟེན་བྱ་བ་ལེགས་པ་དང་། །ཆོས་དང་དགེ་བ་གྲུབ་པའི་ཚེ། །སེམས་ལ་དགའ་བ་སྐྱེ་བ་ཡི། །བག་ཆགས་དེ་ཡིས་མཐོ་རིས་སྐྱེ། །དེ་ཡང་མི་རྟག་འཁོར་བ་ཡིན། །དགའ་བའི་ངོ་བོར་བལྟས་པ་ན། །སྟོང་པར་མཐོང་དེ་ཐར་ལས་རྒྱུ། །ཆོས་དང་འཇིག་རྟེན་བྱ་བ་རྣམས། །མ་ལེགས་སྡུག་བསྔལ་བྱུང་བ་དང་། །ཁོང་ཁྲོ་ཞེ་སྡང་འདོད་ཆགས་སོགས། །ཉོན་མོངས་རྟོག་པའི་རྗེས་འབྲང་ན། །ངན་སོང་གསུམ་དུ་སྐྱེ་བའི་རྒྱུ། །དེར་སྐྱེས་སྡུག་བསྔལ་བསམ་མི་ཁྱབ། །ཉོན་མོངས་སྡུག་བསྔལ་གང་སྐྱེས་ཀྱང་། །རང་ངོར་བལྟས་པས་སྟོང་བར་ཡལ། །དེ་ལས་ཡེ་ཤེས་ལོགས་ན་མེད། །རང་སེམས་རང་དང་མི་འབྲལ་བས། །རྟག་ཏུ་རང་སེམས་སྲུང་བ་གཅེས། །སེམས་སྲུང་བ་ལ་ཆོས་ཀུན་འདུས། །མཐུན་གྲོགས་གསར་བ་རྙད་པའི་དུས། །རང་ལས་དེ་ཡི་ལུས་སྲོག་གཅེས། །ཨ་གསར་ཡལ་ནས་དགྲ་རུ་ལྡང་། །དེ་ཕྱིར་ཚོགས་དྲུག་ཡུལ་སྣང་ཀུན། །སེམས་ཉིད་གཅིག་པུའི་ཆོ་འཕྲུལ་ཏེ། །སྤང་བླང་བྱེད་ན་ཁྱེད་མཁན་འཁྲུལ། །


LT37_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

རོ་མཉམ་ལམ་ཁྱེར་མཆོག་ཡིན་ཀྱང་། །ལས་དང་པོ་ཡི་གང་ཟག་གི། །ལྟ་བ་མཐོ་ལ་སྤྱོད་བཞི་པ། །མི་ལུས་དལ་འབྱོར་རྙེད་དཀའ་ཞིང་། །འཆི་བ་མི་རྟག་ཡང་ཡང་བསམ། །ལས་འབྲས་བསླུ་མེད་ངེས་ཤེས་བསྐྱེད། །གཞན་དག་ཤི་བ་མཐོང་ཐོས་ཚེ། །རང་ལ་བརྡ་སྟོན་ཤེས་པར་མཛོད། །དབྱར་དགུན་འགྱུར་བ་མཐོང་བའི་ཚེ། །ཐམས་ཅད་མི་རྟག་ཤེས་པར་མཛོད། ཁང་ཞིག་གྲོང་སྟོང་མཐོང་བའི་ཚེ། །སྡོད་གནས་ཁང་ཁྱིམ་དྲན་པར་མཛོད། །གཞན་དག་མཛའ་བ་བྲལ་མཐོང་ཚེ། །རང་གི་ཉེ་མཛའ་དྲན་པར་མཛོད། །གཞན་ལ་མི་འདོད་གློ་བུར་ཚེ། །རང་ལའང་འབྱུང་བ་དྲན་པར་མཛོད། །རང་གཞན་ཐམས་ཅད་རྨི་ལམ་འདྲ། །བདེན་པར་གྲུབ་པ་རྡུལ་ཙམ་མེད། །རང་སེམས་བཟོ་བཅོས་མ་བསླད་པར། །གཉུག་མའི་རང་ངོ་བསྐྱང་བའི་ཚེ། །ཕྱི་ནང་ཆོས་ཀུན་སྟོང་པ་ཉིད། །གསལ་སྟོང་ཟུང་འཇུག་མཁའ་ལྟར་རྟོགས། །དེ་ནི་དོན་དམ་བྱང་སེམས་ཡིན། །དེ་ལྟར་མ་ཤེས་འགྲོ་བ་རྣམས། །གཟུང་འཛིན་དབང་གིས་འཁོར་བར་འཁྱམས། །སྡུག་བསྔལ་མྱོང་ལ་ཚད་མེད་པའི། །སྙིང་རྗེ་བཅོས་མིན་ཤུགས་ལ་སྐྱེ། །དེ་ནི་ཀུན་རྫོབ་བྱང་སེམས་ཡིན། །སྙིང་རྗེ་འཛིན་མེད་སྟོང་པར་རྟོགས། །སྟོང་པའི་རང་རྩལ་སྙིང་རྗེར་ཤར། །ཟུང་འཇུག་མདོ་སྔགས་ཆོས་ཀྱི་སྙིང་། །ཉམས་ལེན་ཕུགས་པོ་འདི་ལ་


LT37_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །དེ་དག་རྒྱུད་ལ་སྐྱེ་བའི་ཐབས། །ཚོགས་བསགས་ལག་ཏུ་གང་ཐེབས་བྱ། །དཀོན་མཆོག་གསུམ་ལ་གསོལ་བ་གདབ། །བླ་མའི་མོས་གུས་གནད་དུ་བསྣུན། །རང་གཞན་སྡིག་ལས་ལྡོག་པ་དང་། །ཅི་ནུས་དགེ་བའི་ལས་ལ་བསྐུལ། །ཐེག་པ་ཆེན་པོའི་སེམས་བསྐྱེད་དང་། །རྣམ་དག་བསྔོ་བ་འབྲལ་མི་བྱ། །དགེ་བློ་ཡར་ཟླའི་དཔལ་ཡོན་ཅན། །དེ་བེནྡྲ་ཡི་གསལ་འདེབས་སུ། །དགེ་སྦྱོར་བློ་གྲོས་མཐའ་ཡས་ཞེས། །རྒན་པོ་འདུ་གསུམ་པ་ཡིས་ཐིས། །ཚེ་དང་ཆོས་སྒྲུབ་མཐར་ཕྱིན་ཅིང་། །དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག། ༈ །།རིགས་དྲུག་ཁྱབ་བདག་བླ་མའི་ཞབས་ལ་འདུད། །སེམས་ཀྱི་ངོ་བོ་རྟོགས་འདོད་སྐལ་པ་བཟང་། །འབད་པས་ཐོས་བསམ་ལོ་བརྒྱར་བྱས་པ་ལས། །རང་ངོ་ཡུད་ཙམ་སྐྱོང་ངས་ཆོད་ཆེ། །ངོ་བོ་དང་ནི་གནས་ལུགས་དོན་གཅིག་ཡིན། །གནས་ལུགས་ཞེས་པ་གཤིས་ཀྱི་བཞུགས་ཚུལ་ལགས། །གཤིས་ལུགས་མ་བཅོས་རང་བབ་སྐྱོང་ནུས་ན། །དགག་སྒྲུབ་སྤྲོས་པ་ཅི་ཡང་མི་དགོས་ཀྱང་། །ཐོག་མེད་འཁྲུལ་པ་འདི་དང་འགྲོགས་ཡུན་རིང་། །མ་རིག་བག་ཆགས་འཐུག་པོ་ཚན་ཆེ་བས། །གཟུང་འཛིན་འཁྲུལ་འཁོར་བཙན་ཐབས་བཟློག་པར་དཀའ། །དེས་ན་ཐབས་མཁས་རྒྱལ་བས་གསུངས་པའི་ལམ། །ཐོག་མར་འཁོར་བ་སྡུག་བསྔལ་རང་བཞིན་ལ། །བསམ་


LT37_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐག་པས་དེས་འབྱུང་དྲག་པོ་བསྐྱེད། །སྲིད་པའི་བདེ་ལ་ཞེན་པ་གཏེང་ནས་ལྡོག །བདག་ཏུ་འཛིན་པའི་རྣམ་རྟོག་མ་ཟད་པར། །དེ་སྲིད་ལས་དང་རྒྱུ་འབྲས་མི་བསླུ་ཕྱིར། །རྣམ་པ་ཀུན་ཏུ་ལས་ལ་ཡིད་ཆེས་པས། །སྒྲིབ་སྦྱོང་ཚོགས་གསོག་སྤང་བླང་མ་འཚོལ་བྱ། །ལྷ་དང་བླ་མ་དབྱེར་མེད་ངེས་ཤེས་ཀྱི། །མོས་གུས་དྲག་པོས་རྟག་ཏུ་གསོལ་བ་གདབ། །དགེ་སྦྱོར་དངོས་གཞི་བླ་མའི་རྣལ་འབྱོར་བརྩོན། །བུགས་ཡིད་བསྲེས་ལ་བཟོ་མེད་ངང་དུ་བཞག །ལས་དར་པོ་ལ་ལུས་གནད་སེམས་གནད་གཅེས། །གོམས་ནས་བཟོ་མེད་གཉུག་མར་འཇོག་པ་གཅེས། །ངོ་བོ་མཐོང་ནས་ཡིད་དཔྱོད་བློ་བྲལ་གཅེས། །རྟོགས་པ་ཐོབ་ནས་ཚོགས་དྲུག་ལམ་ཁྱེར་གཅེས། །ཀུན་ལ་ཡེངས་མེད་སྒོམ་མེད་དྲན་ཤེས་གཅེས། །དེ་འབྲས་རིང་པོར་མི་ཐོགས་སྐུ་གསུམ་པོ། །རང་གི་སེམས་ལས་གཞན་ཏུ་བཙལ་མེད་པར། །ཐག་ཆོད་བརྟན་ཐོབ་ཡོན་ཏན་གོང་འཕེལ་འགྱུར། །གནས་སྒོ་དྲུང་བ་སྤྲུལ་སྐུས་བཞེད་བསྐུལ་ངོར། །བློ་གྲོས་མཐའ་ཡས་ཞེས་བྱ་བྷུ་སུ་ཀུས། །གནས་ཆེན་དེ་པཱི་ཀོ་ཊིའི་སྙིང་པོར་བྲིས། །འབྲེལ་ཚད་རང་ངོ་མཐོང་ནས་བྱང་ཆུབ་ཤོག །དགེ་ལེགས་འཕེལ།། ༈ །།ན་མོ་གུ་རུ། བསྒོམ་པས་གནས་ལུགས་རྟོགས་འདོད་ན། །ཐོག་མར་ཞི་གནས་རྩ་བར་བརྟན། །བར་དུ་ལྷག་མཐོང་རང་ངོ་འཕྲོད། །ཐ་མ་ཟུང་འཇུག་མཐར་


LT37_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་དགོས། །ཉམས་ལེན་སྙིང་ནས་བྱེད་པའི་མིས། །ཞར་བྱུང་སྒོམ་པར་དོན་མི་འགྲུབ། །སྐྱོ་ཤས་ངེས་འབྱུང་གཏིང་ནས་བསྐྱེད། །མི་རྟག་འཆི་བ་སྙིང་ལ་གཟེར། །ལུས་ངག་ཡིད་གསུམ་དབེན་པར་བསྟེན། །ལུས་གནད་གཅུན་པས་སེམས་གནས་འཆར། །ཡུགས་སས་དྭ་ཕྲུག་སྐྱོང་བ་བཞིན། །སྐྱོབ་ངལ་མེད་པའི་དྲན་ཤེས་བསྟེན། །གནས་འགྱུ་གདམ་ག་མི་བྱ་བར། །གང་ཤར་ངོ་བོ་མ་བཅོས་སྐྱོང་། །བྱུང་གནས་འགྲོ་གསུམ་རྩད་ཆོད་ནས། །གཞི་མེད་རྩ་བྲལ་མཐོང་བའི་ཚེ། །རེ་དོགས་དགག་སྒྲུབ་མེད་པ་ཡིས། །མ་བཅོས་གཉུག་མའི་ངང་ལ་བཞག །སྟོང་པ་གཤིས་ཀྱི་རང་བབ་སྟེ། །གསལ་བ་གཉུག་མའི་རྩལ་དུ་གྲུབ། །དབྱེར་མེད་གནས་ལུགས་དེ་བཞིན་ཉིད། །ངོ་ཤེས་ཙམ་གྱིས་ཆོག་པ་མིན། །རྟག་ཏུ་གོམས་ཤིང་འདྲིས་པ་ཡིས། །ཉམས་དང་རྟོགས་པའི་རྩལ་རྫོགས་ནས། །རྐྱེན་དང་འཕྲད་ཚེ་བརྟན་ཐོབ་པས། །འཆི་ཁར་གཏད་སོ་ཡོད་པ་དགོས། །མོས་ལྡན་འགའ་ཡི་གསལ་འདེབས་སུ། །བློ་གྲོས་མཐའ་ཡས་ཀུ་སཱ་ལིས། །རྫོང་སར་བཀྲ་ཤིས་ལྷ་རྩེར་སྨྲས། མངྒ་ལཾ། ༈ན་མོ་གུ་རུ། །ཆོས་སྔོན་འགྲོ་མང་དུ་གསུངས་པ་ཡི། །དོན་བསྡུས་ཞེན་ལོག་ངེས་འགྱུར་ཡིན། །ཁྱད་པར་བླ་མའི་མོས་གུས་གཅེས། །ས་ལམ་ལོ་ཟླས་བགྲོད་པ་ཡིན། །དངོས་གཞིའི་གནད་མང་བཤད་ན་ཡང་། །སྟོང་


LT37_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྙིང་རྗེའི་སྙིང་པོ་ཅན། །དེ་ལས་ཟབ་པའི་ཆོས་གཞན་མེད། །རང་སེམས་སྟོང་གསལ་མ་འགགས་པ། །སྐུ་གསུམ་རང་བཞིན་ཚང་བ་ཉིད། །ངོ་ཤེས་དྲན་རྫི་བརྟེན་པ་ལས། །སྟོང་ཉིད་ལོགས་སུ་ཚོལ་མི་དཀོས། །གནས་ལུགས་མ་རྟོགས་འཁྲུལ་པ་ཡི། །མ་རྒན་འགྲོ་ལ་སྙིང་རྗེ་བསྒོམ། །རྗེས་ཀྱི་བྱ་བ་མང་བཤད་ཀྱང་། །སྡིག་པ་བྱས་ན་འཕྲལ་དུ་བཤགས། །དགེ་བ་གང་འགྲུབ་སེམས་ཅན་རྣམས། །སངས་རྒྱས་ཐོབ་ཕྱིར་བསྔོ་བར་བྱ། །ཐེག་པ་ཆེན་པོའི་སྨོན་ལམ་གདབ། །དེ་སྐད་རི་ནང་མཁའ་འགྲོ་མའི། །བཞེད་ངོར་བློ་གྲོས་མཐའ་ཡས་པས། །ཤུ་དམར་སྨྲས་འདིས་གཞན་ཕན་ཤོག །མངྒ་ལཾ། ༈ན་མོ་གུ་ར་བེ། །ལུང་དང་རིག་པས་འཁོར་འདས་ཆོས་ཀུན་གྱི། །སྤྲོས་གཅོད་གནས་ལུགས་གཞལ་བ་མཁས་པའི་ལུགས། །ཤེས་རབ་ཆེ་ཞིང་གནད་དུ་སོང་བ་ན། །ལྟ་བའི་རླབས་ཀྱིས་སྒོམ་པའི་ལམ་ཆོད་ཀྱང་། །ཤེས་རབ་དམན་པས་གོ་བའི་གཏིང་མ་ཕྱིན། །འཛིན་སྟངས་ལོག་པས་བདག་འཛིན་ཁ་བསྣོན་བཏབ། །སྨན་ཉིད་དུག་ཏུ་སོང་བའི་སྐབས་ཀྱང་མང་། །བློ་དམན་སྤྲོས་པ་སེམས་ཐོག་གཅོད་པ་ཉིད། །བཤད་ཉན་དུས་སུ་རྣམ་དཔྱོད་མི་ཆེ་ཡང་། །ཉམས་ལེན་སྒོམ་པའི་གནད་ལ་འདི་ཀ་ཟབ། །གོ་བ་ཆུང་ཡང་གནས་ལུགས་རང་ཞལ་མཇལ། །ཤེས་རབ་དམན་ཀྱང་སྤྲོས་པ་


LT37_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ནར་ནས་ཆོད། །འོན་ཀྱང་ཉམས་ལེན་གནད་དུ་མ་ཁེལ་ན། །བྱ་སླ་འདོད་ཆེན་ཙམ་གྱིས་དོན་མི་འགྲུབ། །དེ་བས་སྲིད་བདེར་ཞེན་པ་གཏིང་ནས་ལོག །འཁོར་བའི་གནས་ལས་ངེས་འབྱུང་ཤུགས་དྲག་པོས། །ཉིན་མཚན་འདའ་བའི་སྐྱོ་ཤས་བརྩོན་འགྲུས་ཀྱིས། །མོས་གུས་བླ་མའི་རྣལ་འབྱོར་གནད་དུ་བསྣུན། །དག་སྣང་སེམས་བསྐྱེད་སྙིང་རྗེ་ལམ་དུ་ཁྱེར། །དྲན་དང་ཤེས་བཞིན་གཉིས་ཀྱི་སོ་བ་བཙུགས། །ཆོས་ཀུན་རང་གི་སེམས་སུ་ཐག་ཆོད་ནས། །སེམས་ཀྱང་གཟུང་འཛིན་འཁྲུལ་པའི་གཞན་དབང་ལས། །དམ་པའི་དོན་ཏུ་གདོད་ནས་ཡོད་མ་མྱོང་། །གནས་ལུགས་དབྱིངས་ཀྱི་རང་བཞིན་མཁའ་ལྟ་བུ། །རང་བྱུང་རིག་པ་གདོད་ནས་འཁྲུལ་མ་མྱོང་། །གཤིས་ཐོག་བཅོས་མེད་རྗེན་པར་འཇོག་པ་ལས། །སྒོམ་པས་བཅོས་པ་གནས་ལུགས་དོན་ལས་གོལ། །གཤིས་ལ་བསལ་བཞག་མེད་པ་ལྟ་བའི་མཆོག །རིག་སྟོང་ངར་སོ་ཟིན་པ་སྒོམ་པའི་གནད། །ཤར་གྲོལ་དུས་མཉམ་མ་བཅོས་སྤྱོད་པའི་རྩེ། །དྲན་རྟོགས་ཆོས་སྐུར་ཐིམ་པ་འབྲས་བུ་དངོས། །ཉམས་ལེན་མཁན་པོ་སྟན་ལ་འཕོང་ཟུག་ཅིང་། །དབྱིངས་རིག་འབྲལ་མེད་ཀློང་དུ་བསྲན་ཐུབ་པ། །མྱུར་དུ་གདོད་མའི་གྲོལ་སར་སྙོག་པར་འགྱུར། །བསླབ་གསུམ་དབང་ཕྱུག་དྷྭ་ཛའི་མཚན་ཅན་གྱིས། །བཞེད་ངོར་བློ་གྲོས་མཐའ་ཡས་སྤང་འཆལ་པོས། །རྫོང་སར་བཀྲ་ཤིས་ལྷ་རྩེའི་


LT37_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གྲྭར་སྨྲས། ཤུ་བྷཾ།། ༈ །།བཀའ་བརྒྱུད་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས། །ཆོས་ཀུན་སྙིང་པོ་སྒོམ་ལ་བརྩོན་འདོད་ན། །ཐོག་མར་གནས་ཉམས་གཏན་ལ་ཕེབ་པ་གཅེས། །བར་དུ་སེམས་ཀྱི་རྩད་གདར་ཆོད་པ་གཅེས། །ཐ་མ་ལྷག་མཐོང་རང་ངོ་རིག་པ་གཅེས། །དོན་ལ་ད་ལྟའི་རྣམ་རྟོག་སྐད་ཅིག་མ། །འདི་ལས་གཞན་པའི་ཆོས་སྐུ་མ་མཆིས་ཀྱང་། །རང་ངོ་མ་ཤེས་མཐའ་མེད་འཁོར་བར་འཁྱམས། །རང་ངོ་ཤེས་ན་སྐད་ཅིག་གཅིག་ལ་གྲོལ། །རང་སེམས་གདོད་ནས་སྤྲོས་བྲལ་ཆོས་ཀྱི་སྐུ། །མཁའ་ལྟར་ཀུན་ཁྱབ་མཚན་མས་གོས་མ་མྱོང་། །རྟོག་པའི་སྤྲིན་རིས་བཟང་ངན་ཅི་ཤར་ཡང་། །ཆོས་དབྱིངས་དེ་བཞིན་ཉིད་ལས་མི་འདའ་བས། །སྒོམ་འདོད་བློ་ཡི་ལྷན་པ་མི་གདབ་པར། །མ་བཅོས་ལྷུག་པར་འཇོག་པ་གནས་ལུགས་གཉིས། །གོལ་ཤོར་བྲལ་བའི་ཉམས་ལེན་བསྲན་ཚུགས་ན། །གོམས་འདྲིས་བརྟན་པ་ཐོབ་ཚེ་རྩོལ་མེད་དུ། །ནང་གིས་དང་ལམ་གྱི་རིམ་པ་རྣམས། །གཅིག་ཆོད་གདོད་མའི་རྒྱལ་ས་ཟིན་པར་ངེས། །ཞེས་པའང་སྒྲུབ་བླ་མ་དགེ་ལེགས་རབ་རྒྱས་ཀྱི་ཉམས་བཞེས་གསལ་འདེབས་སུ་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་ནས་སྤེལ་བ་དགེ།། ༈ །།རྗེ་བཀའ་བརྒྱུད་བླ་མའི་ཞབས་ལ་འདུད། །ཁྱེད་སྔོན་བསགས་ལས་ཀྱི་འཕྲོ་ལྡན་པ། །


LT37_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱུད་པ་རིན་ཆེན་ཆོས་སྒོར་ཞུགས། །ཆོས་སྙིང་པོ་སྒྲུབ་ལ་བློ་ཁ་ཕྱོགས། །རྗེ་མཚན་ལྡན་བླ་མ་རྣམས་དང་འཇལ། །དོན་བརྒྱུད་པ་མ་ཆད་བྱིན་རླབས་ཐོབ། །ཡིད་བསམ་ཚད་ལག་ཐོག་ཁེལ་བ་དེ། །དཔེ་ལོང་བས་ནོར་བུ་རྙེད་པ་འདྲ། །ད་ཆུད་ཟོས་བཏང་ན་རང་ཉིད་ཞན། །ལར་དང་པོའི་དད་པ་ན་བུན་འདྲ། །རྐྱེན་བསིར་བུ་ལངས་ན་ཡལ་ཉེན་ཡོད། །ལོ་ཉུང་ངུའི་བརྩོན་འགྲུས་ཤིང་སྐམ་མེ། །དེ་བསྣོན་ཁ་མ་བཏབ་རྒྱུན་མི་རྟག །ལས་དང་པོའི་ལྟ་སྒོམ་སོས་ཀའི་ཉི། །རེས་འཆར་བས་སེམས་རྩ་སྐྱིད་ན་ཡང་། །རྟག་མི་ཐུབ་སྒོམ་པ་བོར་སྙིང་འདོད། །དེ་ཀུན་ལ་མི་རྟག་ལྕག་འདེབས་ཟབ། །འཆི་ངེས་དང་ནམ་འཆི་ཆ་མེད་ལ། །ཡིད་གཏིང་ནས་ཆེས་པའི་བློ་སྐྱེས་ན། །ཆོས་བྱེད་པའི་སྐུལ་མ་གཞན་མི་དགོས། །མདོ་རྒྱུད་ཀྱི་ཆོས་ཟབ་གྲངས་མང་ཡང་། །དེ་ཀུན་གྱི་རྩ་བ་རང་སེམས་ཡིན། །སེམས་འདུལ་ལ་སངས་རྒྱས་ཆོས་རྣམས་འདུས། །དེ་འདུལ་ཐབས་ལུགས་སྲོལ་གྲངས་མང་ཡང་། ཁ་ནང་ལོག་ངོ་བོ་སྐྱོང་བ་འདི། །བཀའ་ཕྱག་རྒྱ་ཆེན་པོའི་མྱུར་ལམ་སྟེ། །དཔལ་གྲུབ་ཐོབ་རྒྱ་མཚོའི་གཤེགས་ཤུལ་ལགས། །སེམས་ད་ལྟའི་རྣམ་རྟོག་སྐད་ཅིག་མ། །སྟོང་བཞིན་ཏུ་སྣང་བ་སྣ་ཚོགས་ཤར། །སྣང་བཞིན་ཏུ་ངོ་བོ་མ་གྲུབ་སྟོང་། །དེ་རང་གིས་རང་ལ་རྩད་བཅད་ན། །གཟུགས་གང་ཡང་མ་གྲུབ་ཅིང་


LT37_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྣང་། །སྟོང་ཕྱ་ལེ་གསལ་ལ་འཛིན་རྟོག་མེད། །བརྗོད་མི་ཤེས་རང་གི་མྱོང་བ་ཅན། །འདི་ཁོ་ན་ཉིད་ལས་གཞན་ཏུ་མེད། །སེམས་ཐོག་མ་གནས་དགོས་སྙམ་པའི་ཚེ། །སྐད་ཅིག་ཀྱང་མི་སྡོད་རྣམ་རྟོག་འཚུབས། །དེ་སེམས་ལ་བྱ་ར་བྱས་པའི་རྟགས། །སེམས་རེ་འགའ་དལ་ལ་རེ་འགའ་བྲེལ། །དེ་གནས་ཉམས་ཅུང་ཟད་སྐྱེས་པའི་རྟགས། །སེམས་ནམ་བཞག་དུས་སུ་ཀྱི་ལེར་གནས། །དེ་ཞི་གནས་རྩ་བ་ཚུགས་པའི་རྟགས། །དེ་མ་བྱུང་བར་དུ་གནས་པ་ཚོལ། །ཡེངས་མ་ཡེངས་བྱ་ར་རྩེ་གཅིག་བསྒྲིམ། །ལས་དང་པོ་པ་ལ་གནས་ཉམས་གཅེས། །སེམས་མི་གནས་ངོ་བལྟ་བསྡས་པ་ན། །རྟོགས་པ་ལ་བོགས་བསྐྱེད་ཐོན་དུས་མེད། །རྒྱུ་ཞི་གནས་མེད་པའི་ལྷག་མཐོང་འབྲས། །རླུང་དྲག་པོའི་གསེབ་ཀྱི་མར་མེ་འདྲ། །ཉམས་བརྟན་ནས་གནས་འགྱུའི་ངོ་བོར་བལྟ། །ཅང་མེད་པའི་སྟོང་པར་མཐོང་བ་དེ། །རྐྱང་འདེད་ཀྱི་ངོ་ལྟ་ཤེས་པའི་རྟགས། །བལྟ་བྱ་ལ་ཙིར་ཟིན་མི་བྱེད་པར། །ལྟ་མཁན་ཉིད་རང་ལ་རང་གིས་ལྟོས། །དེ་གཞི་མེད་རྩ་བྲལ་ངོ་བོས་སྟོང་། །གནས་འགྱུ་གཉིས་དབྱེར་མེད་གཅིག་ཏུ་ཤེས། །ལྟ་མཁན་གྱི་རང་ངོར་ལྷག་གེར་གནས། །དེ་ལྷག་མཐོང་གི་མགོ་བོ་ཟིན་པའི་རྟགས། །དེ་ཙམ་ནས་དྲན་པའི་བྱ་ར་ལས། །གནས་འགྱུ་ཡི་རྗེས་འདེད་བྱེད་པ་དང་། །ལྟ་མཁན་དང་བལྟ་ཡུལ་གཉིས་འཛིན་སོགས། །རེ་དོགས་ཀྱི་འཕྲང་ལ་མི་


LT37_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གཤར་བར། །ནམ་དྲན་དྲན་མ་བཅོས་ལྷུག་པར་བཞག །དོན་རང་བབ་གཉུག་མ་མ་གཏོགས་པ། །བཟོ་བཅོས་དང་དགག་སྒྲུབ་མི་དགོས་ན། །ཕྱག་ཆེན་གྱི་སྒོམ་ལུགས་ཤེས་པའི་རྟགས། །སྒོམ་དེ་རྒྱུན་ཡུན་རིང་བསྐྱང་པ་ན། །རྟོགས་པ་དང་འདྲ་བའི་གོ་བ་ཤར། །དེ་རྗེས་སུ་འབྲངས་ན་སྒོམ་ཆེན་ལྡོག །བར་མང་བ་སྐྱེས་ནས་ཉམས་རྟགས་མང་། །དེར་འཛིན་ཞན་ཆེ་ན་བདུད་ཀྱིས་བསླུ། །མཐར་འགྱུར་མེད་རྟོགས་པ་བརྟན་པོ་ཐོབ། །དོན་རྟགས་མེད་རྟགས་ཀྱི་རྒྱལ་པོ་འགྲུབ། །སྒོམ་ཆེན་ལ་རྟག་ཏུ་གཅེས་པ་ནི། །མོས་གུས་ལ་ཐང་ལྷོད་མེད་པ་དང་། །བྱམས་སྙིང་རྗེའི་སེམས་དང་མི་འབྲལ་ཞིང་། །དག་སྣང་གི་བློ་རྒྱ་ཡངས་པོར་བསྐྱེད། །ཚོགས་བསགས་ཀྱི་རིམ་པ་རྒྱུན་ཏུ་བརྩོན། །རང་ཆེ་ཡི་ང་རྒྱལ་རྨངས་ནས་བཤིག །གཙོ་མཉམ་པར་བཞག་དང་མི་འབྲལ་བར། །སྒོམ་པའི་ཡུན་ཤི་དང་མཉམ་ནུས་པའི། །ཚེ་སྒྲུབ་པ་མཐར་ཕྱིན་གྱུར་པ་ན། །ཡིད་ཐེ་ཚོམ་མི་དགོས་ས་ལ་མཆོད། །དོན་རྟོགས་པའི་ཡེ་ཤེས་རང་ཞལ་འཇལ། །གཞན་འདྲི་བཤད་མི་དགོས་རང་ཡིད་ཆེས། །བློ་ཐེ་ཚོམ་མདུད་པ་རང་སར་ཞིག །ཐག་ཆོད་ཀྱི་ངེས་ཤེས་ནང་ནས་ཤར། །སྒོམ་ཆེན་གྱི་རྒྱལ་ས་ཟིན་པ་ལགས། །ཚིག་དེ་སྐད་སྐྱབས་ཆེའི་སྒྲུབ་པ་པོ། །རྣལ་འབྱོར་ལ་གཞོལ་བ་ཚེ་ཡི་མིང་། །ཡིད་རྩེ་གཅིག་མོས་པའི་གཡར་ངོ་རུ། །དཔལ་བཀའ་བརྒྱུད་རྒྱལ་བ་ཡབ་སྲས་ལས། །དོན་


LT37_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་ཀྱི་བྱིན་རླབས་ལེགས་ཐོབ་པ། །ཚུལ་འདུ་ཤེས་གསུམ་འཆང་སྤོང་བ་པ། །མིང་བློ་གྲོས་མཐའ་ཡས་གྲགས་པ་དེས། །གནས་ཙཱ་འདྲ་རིན་ཆེན་བྲག་ཁྲོད་དུ། །སྨྲས་པ་འདིས་ཁྱོད་ལ་སྨན་གྱུར་ཅིག །མངྒ་ལཾ། །


previousཞལ་གདམས།next