Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

6 occurrences of འབངས་མི་
[Clear Hits]


  
  
  
  
  
  
  
  
 
  
  
གཏེར་སྟོན་ཞིག་ལ་གནང་བ།
 
  
 
 
  
  
  
  
  


6 occurrences of འབངས་མི་
[Clear Hits]

 
previousགཏེར་སྟོན་ཞིག་ལ་གནང་བ།next

གཏེར་སྟོན་ཞིག་ལ་གནང་བ།


LT37_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་མ་ཧཱ་གུ་རུ་ར་འདུད། །དེང་སང་སྙིགས་དུས་མཐའ་ལ་ཐུང་། །བོད་ཁམས་བསྟན་འགྲོར་འཚེ་བ་མང་། །དེ་ལ་སྐྱོབ་བྱེད་སྐྱེས་བུ་ཡང་། །གསར་རྙིང་ཀུན་ལ་མང་དུ་བྱོན། །ཁྱད་པར་གཏེར་སྟོན་མང་འབྱུང་བ། །དྲི་མེད་ལྷུན་པོ་རཏྣ་གླིང་། །གཙོ་གྱུར་ཚད་མའི་ལུང་ལས་གསལ། །དེ་མཚུངས་ལྷ་མིན་ཆོ་འཕྲུལ་ཡང་། །བྱུང་དང་འབྱུང་འགྱུར་ཡོངས་སུ་གྲགས། །གང་ཟག་རྒྱུད་ཚོད་སངས་རྒྱས་ལས། །གཞན་གྱིས་རྟོགས་པར་མི་འགྱུར་ཕྱིར། །མཐའ་གཅིག་ཁ་ཚོན་གཅོད་དཀའ་ཡང་། །གཏེར་བདག་ཨི་འོང་གང་ཟག་ལ། །རགས་ལས་གུ་རུ་པདྨས་གསུངས། །བསྟན་འགྲོར་ཕན་ངེས་དམ་པ་ཡི། །རྣམ་ཐར་གཙང་ན་མིར་མ་ཟད། །མི་མིན་རྣམས་ཀྱང་བཀུར་བར་འགྱུར། །དེ་མིན་རྫུན་གྱི་འཁྲུལ་འཁོར་དང་། །ཕྱོགས་རིས་ཁེངས་པས་དྲེགས་ལ་སོགས། །ལྟར་སྣང་ཡོན་ཏན་ཅི་བཟང་ཡང་། །ནམ་ཕུག་བསྟན་འགྲོ་ཕུང་བའི་འདྲེ། །དེ་འདྲ་བྱུང་བའང་གྲངས་མང་ཕྱིར། །སོ་སྐྱེ་མངོན་ཤེས་མི་ལྡན་པ། །བདག་འདྲས་གང་ཟག་རིས་མེད་པ། །ཀུན་ལ་དག་སྣང་སྦྱོང་བ་ལས། །མཆོག་དམན་དབྱེ་བའི་ནུས་པས་དབེན། །འོན་ཀྱང་ཐོས་མང་ལེགས་བཤད་ནི། །གཏེར་ལ་རེ་དོགས་དོར་ནས་སུ། །རང་རྒྱུད་ལས་སུ་རུང་བར་འཚལ། །རེ་དོགས་བདུད་ཀྱི་གཡབ་མོ་ཡིན། །འབད་མེད་བྱུང་ན་དངོས་གྲུབ་སྟེ། །དེ་ཡང་གཟབ་ནས་འཚོ་ཤེས་དགོས། །


LT37_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

རང་དོན་མ་གྲུབ་གཞན་དོན་ནི། །ཇི་ལྟར་བརྩམས་ཀྱང་འབྲས་བུས་དབེན། །དེས་ན་རང་ཉིད་བརྟན་ཐོབ་ནས། །འགྲོ་དོན་ཤུགས་འབྱུང་སྨོན་ལམ་ཞུ། །ཅེས་པ་འདི་ཕྱིས་བྱོན་གཏེར་སྟོན་ཞིག་གིས་ཁོང་ལ་གཏེར་ཆོས་ཡོད་པ་ཚད་ལྡན་ཡིན་མིན་དང་ད་ཕྱིན་འདོར་ལེན་ཅི་བྱེད་དྲི་བ་བྱུང་བའི་ལན་ཏུ་བརྗོད་པའོ།། །།མངྒ་ལཾ། །


previousགཏེར་སྟོན་ཞིག་ལ་གནང་བ།next